Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 058_མདོ་སྡེ།_ཕ

Văn bản gốc(Tây Tạng)

Trang 15 / 20 (50.000 ký tự/trang)
་བ་ཚོལ། །ལུས་དང་སྲོག་ལའང་དེ་ནི་མི་ལྟ་ཞིང་། །ཏིང་འཛིན་ཀུན་ལ་རིམ་གྱིས་བསམ་གཏན་བྱེད། །ཏིང་འཛིན་དབང་གིས་དེ་ནི་སྐྱེས་མ་ཡིན། །ཤེས་རབ་ཀྱིས་ནི་འདུས་མ་བྱས་ཤེས་ཀྱང་། །ཐབས་

ཀྱིས་འདུས་མ་བྱས་པར་དེ་མི་ལྟུང་། །མཁས་པ་སེམས་ཅན་ཀུན་དང་འཐུན་པར་འཇུག །ཉན་ཐོས་རྣམས་ལ་བདེན་པའི་གཏམ་བརྗོད་ཀྱང་། །རྣམ་པར་གྲོལ་ལ་མཁས་པ་དེ་མི་རེག །སེམས་ཅན་ཐམས་ཅད་ལ་ནི་སྙིང་
བརྩེ་ཞིང་། །དེ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་རེ། །གང་ལ་འདི་འདྲའི་ཕན་ཡོན་འདི་ཡོད་པ། །སངས་རྒྱས་བསྟན་འདིར་དེ་ནི་བག་ཡོད་ཡིན། །དེ་ནི་དེ་བཞིན་ཆོས་ཉིད་ལ་ཡང་གནས། །དེ་ཡི་སྤྱོད་པ་བདུད་ཀྱིས་ཤེས་མ་ཡིན། །བག་ཡོད་པ་
ལ་ཚད་ནི་ཡོད་མིན་ཏེ། །ཉོན་མོངས་མཚན་མ་དག་ལ་ཚད་ཡོད་དོ། །དེ་ནི་མཚན་མ་མེད་ཅིང་ཉོན་མོངས་བྲལ། །དེ་ཡི་ཡུལ་ནི་བདུད་ཀྱིས་ཤེས་མི་ནུས། །གང་རྣམས་གཡོ་ཞིང་རློམ་སེམས་རྟོགས་པ་དག །དེ་ནི་བདུད་ཀྱི་ལས་སུ་ངས་བཤད་དོ། །
དམིགས་པ་ཀུན་ལས་རྣམ་པར་རབ་གྲོལ་བ། །ཐམས་ཅད་བདུད་ཀྱིས་ཐུལ་བ་མ་ཡིན་ནོ། །བག་ཡོད་པ་ལ་དྲན་པ་བརྗེད་པ་མེད། །བག་ཡོད་པ་ལ་བློ་གྲོས་བརྗེད་པ་མེད། །བག་ཡོད་པ་ནི་རྟོགས་དང་མོས་པ་དང་། །ངོ་ཚ་ཤེས་དང་ཁྲེལ་ཡོད་མི་སྤྱོད་
མེད། །དེ་ཕྱིར་དེ་བཞིན་གཤེགས་པའི་བསོད་ནམས་དང་། །ཤེས་རབ་དང་ནི་བག་ཡོད་འདི་ཐོས་ནས། །གང་དག་ཆོས་དང་ཆོས་ཉིད་རབ་གནས་པ། །སངས་རྒྱས་ཐམས་ཅད་ཅི་འདྲར་དེ་འགྱུར་རོ། །ཕྱོགས་བཅུའི་སངས་རྒྱས་གང་རྣམས་ཇི་
སྙེད་དང་། །བྱང་ཆུབ་སེམས་དཔའ་མཆོད་པར་གང་འདོད་པ། །དེ་དག་གིས་ནི་བག་ཡོད་འདི་ཐོས་ན། །བསམ་པས་ནན་ཏན་སྙིང་པོར་བྱེད་པར་འགྱུར། །གང་དག་གིས་ནི་བག་ཡོད་འདི་ཐོས་ནས། །དགའ་ཞིང་དད་པ་རྒྱ་ཆེ་རྙེད་གྱུར་པ། །རྟག་ཏུ་
བག་ཡོད་པར་ནི་རབ་འགྱུར་ཞིང་། །དེ་དག་རང་བྱུང་སངས་རྒྱས་ཉིད་དུ་འགྱུར། །བཅོམ་ལྡན་འདས་ཀྱིས་བག་ཡོད་པའི་ལེའུ་འདི་བཤད་པའི་ཚེ་སྲོག་ཆགས་བཞི་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སྲོག་

ཆགས་ཁྲི་ཉིས་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །སྲོག་ཆགས་བརྒྱད་སྟོང་ནི་རྗེས་སུ་འཐུན་པའི་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །སྲོག་ཆགས་སུམ་ཁྲི་ཉིས་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་
དག་གོ། །དགེ་སློང་བརྒྱད་བརྒྱ་ནི་མ་ལུས་པར་ཀུན་ཤེས་པ་བརྡ་སྤྲོད་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་ནས་སྣང་བ་ཆེན་པོས་འཇིག་རྟེན་གྱི་ཁམས་འདི་ཁྱབ་པར་གྱུར་ཏོ། །གངས་རིའི་རྒྱལ་
པོ་དང་མཚོ་ཆེན་པོ་མ་དྲོས་པ་ཐམས་ཅད་དུ་ཡང་སྔོན་མ་མཐོང་མ་ཐོས་པའི་མེ་ཏོག་གིས་པུས་མོ་ནུབ་པ་ཙམ་དུ་གྱུར་ཏོ། །འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུ་དང་། ཀླུའི་རྒྱལ་པོ་མ་དྲོས་པའི་དད་པའི་རྒྱུས་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པའི་ལས་ཀྱི་ཕྱིར་མཚོ་
མ་དྲོས་པ་ཐམས་ཅད་རིན་པོ་ཆེའི་པད་མ་དྲི་རབ་ཏུ་ཞིམ་པ་ཁ་དོག་བརྒྱ་སྟོང་དུ་མ་ཚད་ཤིང་རྟའི་འཁོར་ལོ་ཙམ་བརྒྱ་སྟོང་ཕྲག་དུ་མ་མུ་མེད་པས་གང་བར་གྱུར་ཏོ། །དེ་ནས་ཀླུའི་རྒྱལ་པོའི་བུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱིས་
སོ་སོ་ནས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་རིན་པོ་ཆེའི་གདུགས་རྣམས་ཕུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་ནི་བདག་ཅག་གི་ཆེད་དུ་བྱུང་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བཅོམ་ལྡན་འདས་བདག་
ཅག་འཇིག་རྟེན་ཐམས་ཅད་དང་མི་འཐུན་པའི་ཆོས་འདི་ཐོས་ཀྱང་མ་དངངས་མ་སྐྲག་དངངས་པར་མ་གྱུར་གྱི། འདི་ལྟ་བུའི་ཆོས་ཉན་པ་ལ་སླར་ཞིང་ངོམས་མ་འཚལ་བའི་སླད་དུའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སངས་རྒྱས་འབྱུང་བ་ཅི་འདྲ། ཆོས་
ཀྱི་འཁོར་ལོ་སྐོར་བ་ཅི་འདྲ། དམ་པའི་ཆོས་ཡོངས་སུ་གཟུང་བ་ཅི་འདྲ་བ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟངས་དག་དེའི་ཕྱིར་ལེགས་པར་ཤིན་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དངངས་བཤད་དོ། །བཅོམ་ལྡན་

འདས་ལེགས་སོ་ཞེས་གསོལ་ཏེ་ཀླུའི་རྒྱལ་པོའི་བུ་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཞིན་བཟངས་དག་དད་པ་འབྱུང་བ་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་
འབྱུང་བའོ། །དད་པ་དད་པ་ཞེས་བྱ་བ་དེ་གང་ཞེ་ན། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་པའི་དད་པ་གང་ཞེ་ན། དད་པ་གང་གིས་དགེ་བའི་ཆོས་རྣམས་ཀྱི་སྔོན་དུ་འགྲོ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་དང་།
ལས་དང་མི་འགལ་བ་དང་། འཕགས་པ་རྣམས་ལ་སྟེན་པ་དང་། བསྟི་སྟང་དུ་བྱས་ཏེ་དད་པར་གནས་པས་གདུང་བ་མེད་པ་དང་། བསྟི་སྟང་དུ་བྱས་ཏེ་ཆོས་ཉན་པ་དང་། སྒྲིབ་པ་སེལ་བ་དང་། བྱང་ཆུབ་ཀྱི་ཡན་ལག་སྒོམ་པ་དང་། ཆོས་ཡོངས་སུ་
ཚོལ་བ་དང་། ལོངས་སྤྱོད་སྦྱིན་ཞིང་བགེད་པ་དང་། ངང་ཚུལ་ངན་པ་ཚུལ་ཁྲིམས་ལ་འགོད་པ་དང་། ཡང་དག་པ་ལ་སྦྱོར་བ་དང་། གཤེ་བ་དང་སྡང་བ་རྣམས་དང་བར་བྱེད་པ་དང་། ཐམས་ཅད་མཁྱེན་པའི་སེམས་ལས་མི་འགོང་བ་དང་། སངས་རྒྱས་
ལ་དད་པ་མི་ཕྱེད་པ་དང་། ཆོས་ལ་དད་ཅིང་མི་སྤོང་བ་དང་། དགེ་འདུན་ལ་ཡང་དག་པར་དད་པ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་རྣམ་པར་སྤངས་ནས་སེམས་མཚུངས་པ་དང་། ཡུལ་ལ་ཡེ་ཤེས་ཆགས་པ་མེད་པ་དང་། ལུས་དང་སྲོག་གི་ཕྱིར་ཡང་སྡིག་པའི་
ལས་མི་སྤྱོད་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། བདུད་ཀྱི་ཡུལ་ལས་ཤིན་ཏུ་འདས་པ་དང་། འཕགས་པས་གནང་བའི་ལུས་དང་། ངག་དང་། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་དང་། ཆོག་ཤེས་པས་འཚོ་བ་རྣམ་པར་དག་པ་དང་། ཤེས་
པས་ཡང་དག་པར་འཇུག་པས་ཤེས་རབ་ཀྱི་ཕུང་པོའི་རྩ་བ་ཡོངས་སུ་ཚོལ་བ་དང་། ནོར་བདུན་ཡང་དག་པར་འདུ་བ་དང་། སྟོབས་ཀྱི་སྔོན་དུ་དབང་པོ་འགྲོ་བ་དང་། ལོག་པར་ལྟ་བ་ལ་ཁ་ན་མ་ཐོ་བར་འདུ་ཤེས་པ་དང་། ཡང་དག་པར་ལྟ་བ་ལ་ཡང་དག་

པར་སྦྱོར་བ་དང་། རྗེས་སུ་བསྟན་པ་ལ་འཐུན་པར་འཛིན་པ་དང་། གསོ་སླ་ཞིང་དགང་སླ་བ་དང་། དམིགས་པ་མེད་པའི་སེམས་ཀྱིས་བསྟི་སྟང་དུ་བྱས་ཏེ། ཉེ་བར་འགྲོ་བ་དང་། འཁོར་བ་ལ་སྐྱོ་བའི་སེམས་དང་། མྱ་ངན་ལས་འདས་པ་ལ་ཡོན་ཏན་དང་
ཕན་ཡོན་དུ་ལྟ་བ་དང་། དམ་པའི་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་པ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་ཁྱིམ་ནས་འབྱུང་བའི་སེམས་དང་། ཚངས་པར་སྤྱོད་པར་གནས་པ་ལ་ཆོག་མི་ཤེས་པ་དང་། ཕ་རོལ་རྗེས་སུ་བཟུང་བར་བྱེད་པས་ངེས་པར་
སྦྱིན་པ་དང་། བྱས་པ་གཟོ་བ་དང་། བྱས་པ་ཤེས་པ་དང་། བྱས་པ་ལ་རེ་བ་མེད་པ་དང་། བདག་གི་འཐོབ་པས་རློམ་སེམས་སུ་མི་བྱེད་པ་དང་། ཕ་རོལ་གྱི་འཐོབ་པ་ལ་ཕྲག་དོག་མེད་པ་དང་། བཟོད་པ་དང་། དེས་པ་དང་། ཁ་ན་མ་ཐོ་བ་ལ་
ཉེས་པར་ལྟ་བ་དང་། ལྟུང་བ་བྱུང་བ་ལ་མི་གླེང་བ་དང་། དབང་པོའི་སྒོ་སྲུང་བ་དང་། མལ་ཆ་སྤོང་ཞིང་གཏོང་བ་དང་། དགོན་པ་ལ་ཕྱོགས་པ་ཡིད་ལ་བྱེད་པ་དང་མ་བྲལ་བས་རྟག་པར་རྒྱུན་དུ་དབེན་པ་ལ་གཞོལ་བ་དང་། ཡང་དག་པར་དགའ་བར་འགྱུར་
བའི་ཆོས་རྣམས་ལ་འཛིན་པ་མེད་པའི་སེམས་དང་། རྩོད་པ་མེད་པ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་རྣམ་པར་སྤོང་བ་དང་། བདག་གི་ཉེས་པ་ལ་ལྟ་བ་དང་། ཕ་རོལ་གྱི་ཉེས་པ་བཟོད་པར་བྱེད་པ་དང་། ཚུལ་ཁྲིམས་ཀྱི་ཚོགས་ཡོངས་སུ་ཚོལ་བ་དང་།
ཏིང་ངེ་འཛིན་གྱི་ཚོགས་སྒྲུབ་པ་དང་། ལམ་གྱི་ཚོགས་ལ་བརྩོན་པ་འདི་ནི་བཞིན་བཟངས་དག་འཇིག་རྟེན་པའི་དད་པ་ཞེས་བྱ་སྟེ། བཞིན་བཟངས་དག་གང་འཇིག་རྟེན་པའི་དད་པ་འབྱུང་བ་ནི་སངས་རྒྱས་འབྱུང་བ་ཞེས་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་དད་
པ་གང་ཞེ་ན། དད་པ་གང་གིས་ཆོས་ཐམས་ཅད་སྟོང་པར་ཡིད་ཆེས་པ་དང་། ལྟ་བར་སོང་བ་ཐམས་ཅད་དང་། བྲལ་བ་དང་། ཆོས་ཐམས་ཅད་མཚན་མ་མེད་པ་དང་། སྨོན་པ་མེད་པར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་མངོན་པར་འདུས་མ་བྱས་པ་སྟེ།

འོང་བ་དང་འགྲོ་བ་ལས་ལོག་པར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་ལུས་དང་། ངག་དང་། སེམས་དང་བྲལ་ཞིང་འདོད་ཆགས་དང་བྲལ་བར་ཡིད་ཆེས་པ་དང་། བདག་དང་། སེམས་ཅན་དང་། སྲོག་དང་། གང་
ཟག་དང་། འདོད་ཆགས་དང་བྲལ་བ་དང་། ཆོས་ཐམས་ཅད་དེ་བཞིན་ཉིད་ལ་གནས་པར་ཡིད་ཆེས་པ་དང་། བགྲང་བ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་གསོག་དང་། ནམ་མཁའ་ལ་བཅངས་པ་དང་འདྲ་ཞིང་བྱིས་པ་བྲིད་པ་དང་མཚུངས་ལ། གསོབ་
དང་འདྲ་བར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་སྔོན་གྱི་མཐའ་དང་ཕྱི་མའི་མཐར་ངོ་བོ་ཉིད་མེད་དེ། ཡང་དག་པའི་མཐའ་མ་ཡིན་པ་ལ་གནས་པར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་ནམ་མཁའི་མཐའ་དང་འདྲ་ཞིང་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་ལ་
དུས་གསུམ་ལས་ཤིན་ཏུ་འདས་ཤིང་ཟག་པ་མེད་པར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་འདོད་པའི་སྲེད་པ་ལ་ལྟ་བ་དང་། མ་རིག་པ་དང་བྲལ་ཞིང་ཉེ་བར་ཉོན་མོངས་པ་མེད་པ་ལ་རང་བཞིན་གྱིས་ཡོངས་སུ་དག་ཅིང་རང་བཞིན་གྱིས་འོད་གསལ་བར་ཡིད་ཆེས་པ་དང་།
ཆོས་ཐམས་ཅད་གློ་བུར་གྱི་ཉོན་མོངས་པ་ལས་ཀུན་ཏུ་འབྱུང་བ་ལ་མི་ལྟོས་ཤིང་སྤྲོས་པ་ཐམས་ཅད་ཀྱི་སྤྱོད་པ་ཡང་དག་པར་ཆད་ལ་བཏང་སྙོམས་ཤིང་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་ཞིང་བླང་བ་མེད་པར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་སེམས་
ཀྱིས་སྒྲོ་བཏགས་པ་མེད་ཅིང་དོར་བ་མེད་པར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་དངོས་པོ་དང་དངོས་པོ་མེད་པ་ལ་མི་གནས་ཤིང་ཅི་ཡང་མ་ཡིན་ལ་ནུས་པ་ཅུང་ཟད་ཀྱང་མེད་པར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་སྟེ། དངོས་པོ་ཐམས་ཅད་
ལས་དབེན་ཞིང་གནས་པ་མེད་པར་ཡིད་ཆེས་པ་དང་། གདེག་པ་མེད་པ་དང་། གཞོག་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ཆུ་ཤིང་གི་ཕུང་པོ་ལྟར་སྙིང་པོ་མེད་པར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་འདུས་མ་བྱས་དང་འདྲ་བར་གྱུར་ལ་མྱ་ངན་ལས་འདས་པ་

དང་མཚུངས་ཤིང་རང་བཞིན་གྱིས་ཉེ་བར་ཞི་བར་ཡིད་ཆེས་པ་འདི་ནི་བཞིན་བཟངས་དག་འཇིག་རྟེན་ལས་འདས་པའི་དད་པ་ཞེས་བྱ་སྟེ། བཞིན་བཟངས་དག་གང་འཇིག་རྟེན་ལས་འདས་པའི་དད་པ་འབྱུང་བ་དེ་ནི་སངས་རྒྱས་འབྱུང་བ་ཞེས་བྱའོ། །བཞིན་བཟངས་དག་
སངས་རྒྱས་འབྱུང་བ་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་བྱའོ། །བཞིན་བཟངས་དག་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བ་དེ་ནི་མཉམ་པ་ཉིད་ཀྱི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་འབྱུང་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་
ནོ། །སངས་རྒྱས་འབྱུང་བ་ནི་གཟུགས་སྐྱེ་བ་མེད་པས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འབྱུང་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་ནི་རྣམ་པར་ཤེས་པ་སྐྱེ་
བ་མེད་པས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་འབྱུང་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་སྐྱེ་བ་མེད་པས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །རིག་པ་འབྱུང་
བ་དང་། མ་རིག་པ་འབྱུང་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་ནི་རིག་པ་དང་མ་རིག་པ་སྐྱེ་བ་མེད་པས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །རྒ་ཤིའི་བར་དུ་འབྱུང་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་ནི་རྒ་ཤི་སྐྱེ་བ་
མེད་པས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །སྐྱེ་བ་སྐྱེ་བ་དང་། མི་སྐྱེ་བ་སྐྱེ་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་ནི་སྐྱེ་བ་དང་མི་སྐྱེ་བས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་འབྱུང་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་ནོ། །
སངས་རྒྱས་འབྱུང་བ་ནི་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་བསྡུས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནས་ལམ་གྱི་བར་དུ་འབྱུང་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་ནི་

ལམ་སྐྱེ་བ་དང་མི་སྐྱེ་བས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །ཤེས་རབ་འབྱུང་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་ནི་ཤེས་རབ་འབྱུང་བ་མེད་པས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་སངས་རྒྱས་འབྱུང་བ་
འདི་བསྟན་པ་ན་ཀླུ་གཞོན་ནུ་ལྔ་བརྒྱ་པོ་དེ་དག་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དད་པ་འབྱུང་བ་རྒྱལ་བ་འབྱུང་། །འབྱུང་བ་མེད་པས་རབ་ཏུ་ཕྱེ། །གང་དག་དད་པ་
མེད་པ་ནི། །དེ་དག་སངས་རྒྱས་མི་འབྱུང་ངོ་། །དད་པ་དཀར་པོའི་ཆོས་རྣམས་ཀྱི། །སྔོན་དུ་འགྲོ་དང་སྐྱེད་པར་གསུངས། །དད་པ་ལས་ཀྱི་རྣམ་སྨིན་དང་། །ལས་དང་འགལ་བར་མི་འགྱུར་བའོ། །དད་ནི་འཕགས་པ་བསྟེན་པ་དང་། །བསྟི་སྟང་བྱས་ཏེ་
བསྙེན་བཀུར་བྱེད། །སེམས་ལ་གདུང་བ་མེད་པ་དང་། །དང་བ་སྐྱེད་པར་བྱེད་པའོ། །བསྟི་སྟང་བྱས་ཏེ་ཆོས་ཉན་ཅིང་། །སྒྲིབ་པ་རྣམ་པར་སེལ་བ་དང་། །བྱང་ཆུབ་ཡན་ལག་སྒོམ་པ་དང་། །ལམ་གྱི་རྗེས་འཐུན་དད་པའོ། །ཆོས་ཀྱིས་
ལོངས་སྤྱོད་ཚོལ་བ་དང་། །སྦྱིན་པའི་རྗེས་སུ་བསྔགས་པ་དང་། །ཚུལ་ཁྲིམས་ལྡན་དང་ངང་ཚུལ་ངན། །དེ་ལ་དད་པ་ཡང་དག་འཇུག །བྱང་ཆུབ་སེམས་ལས་མི་འགོང་ཞིང་། །གཤེ་དང་སྡང་བ་དང་བར་བྱེད། །སངས་རྒྱས་ཆོས་ལ་དད་པར་བྱེད། །
དགེ་འདུན་ལ་ཡང་དད་པའོ། །ང་རྒྱལ་ལས་ཀྱང་ང་རྒྱལ་སྤོང་། །ཁྱི་དང་འདྲ་བར་ང་རྒྱལ་མེད། །ཡུལ་ལ་ཆགས་པ་མ་ཡིན་པ། །དེ་ནི་དད་པའི་མཚན་ཉིད་དོ། །དད་དང་ལྡན་པ་བདག་ཤེས་ཏེ། །སྡིག་པའི་ལས་ནི་མི་བྱེད་ཅིང་། །བདེན་པའི་ཚིག་ཏུ་སྨྲ་
བྱེད་ལ། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །དད་ལྡན་ཆགས་ལས་རབ་ཏུ་འདས། །དད་ལྡན་ཡིད་ལ་རྙོག་པ་མེད། །དད་ལྡན་ལུས་དང་ངག་དང་ཡིད། །འཕགས་པ་རྣམས་དང་འཐུན་པར་འཇུག །དད་པས་འཚོ་བ་ཡོངས་སྦྱོང་ཞིང་། །རྟག་ཏུ་

ཡེ་ཤེས་ཚོལ་བར་བྱེད། །ཤེས་རབ་ཕུང་པོའི་རྩ་བ་གང་། །ཐོས་པ་དེ་ཚོལ་དད་པའོ། །སྟོབས་རྣམས་དང་ནི་དབང་པོ་དང་། །ནོར་བདུན་ཡང་དག་འདུ་བ་དང་། །ལོག་པར་ལྟ་བ་རྣམ་སྤོང་ཞིང་། །ཡང་དག་ལྟ་བ་ཚོལ་བར་བྱེད། །བླ་མ་རྣམས་ཀྱིས་
བསྟན་པ་ལ། །དད་དང་ལྡན་པ་འཐུན་པར་འཛིན། །གསོ་སླ་ཞིང་ནི་དགང་སླ་སྟེ། །སྡུག་བསྔལ་མེད་པས་ཚོལ་བར་བྱེད། །དམིགས་པ་མེད་པའི་སེམས་ཀྱིས་ནི། །བསྟི་སྟང་བྱས་ཏེ་ཆོས་འདྲི་ཞིང་། །འཁོར་བས་རྟག་ཏུ་སྐྱོ་བ་དང་། །མྱ་ངན་འདའ་
བའི་ཡོན་ཏན་དགའ། །བསྟན་ལ་ཁྱིམ་ནས་མྱུར་འབྱུང་དང་། །ཚངས་པའི་སྤྱོད་ལ་མི་ཆགས་དང་། །ཐར་པའི་ཚོགས་ནི་གང་ཡིན་པ། །དེ་དག་དད་དང་ལྡན་པས་ཚོལ། །སེམས་ཅན་མང་པོ་རྗེས་སུ་འཛིན། །ཕན་པ་བྱས་ཤེས་དྲིན་མི་བགྲང་། །དད་
དང་ལྡན་པ་བྱས་པ་ལ། །ཕྱིར་བྱ་བར་ནི་སྦྱོར་བ་མེད། །བདག་གིས་འཐོབ་པས་མི་སྙེམས་ཤིང་། །གཞན་གྱི་ཐོབ་ལ་ཕྲག་དོག་མེད། །བཟོད་དང་དེས་པ་ཕུན་སུམ་ཚོགས། །གཡོ་མེད་དྲང་ཞིང་མཉེན་པ་ཡིན། །དད་དང་ལྡན་ནི་མངོན་མཐོང་ཡང་། །
གཞན་གྱི་ཉེས་པ་མི་གླེང་ཞིང་། །དབང་པོ་དང་ནི་ཡིད་ཞི་ལ། །དགོན་པར་གནས་ལ་འདུན་པ་ཡིན། །དབེན་པར་གཞོལ་བའི་སེམས་ཀྱིས་ནི། །ཡང་དག་དགའ་བར་འགྱུར་ལ་འདུན། །འཐབ་པ་དང་ནི་རྩོད་མེད་ཅིང་། །བདག་གི་ཉེས་པ་ཡང་དག་མཐོང་། །
ཚུལ་ཁྲིམས་སྡོམ་པ་ཡོངས་སུ་ཚོལ། །ཏིང་ངེ་འཛིན་དང་ལམ་སྒོམ་ལ། །རྟག་ཏུ་བརྩོན་ཞིང་དད་ལྡན་པ། །དེ་ནི་དད་ལྡན་མཚན་ཉིད་དོ། །འཇིག་རྟེན་འདས་པ་ཇི་སྙེད་དང་། །དད་པ་དེ་ཡི་རྗེས་སུ་འགྲོ། །སངས་རྒྱས་གསུངས་པ་ཟབ་མོ་ཡི། །ཆོས་
ནི་རྣམ་པར་འཇིག་མི་བྱེད། །དད་ལྡན་སྟོང་པར་ཡིད་ཆེས་ཏེ། །དེ་ལ་ལྟ་བ་ཡོད་མ་ཡིན། །ཆོས་ཀུན་མཚན་མ་མེད་པར་ནི། །ཐེ་ཙོམ་མེད་ཅིང་རྣམ་རྟོག་མེད། །སྨོན་ལམ་རྣམ་པར་སྤོང་བྱེད་ཅིང་། །འོང་བ་དང་ནི་འགྲོ་བ་རྟོགས། །ཆོས་རྣམས་

མངོན་པར་འདུ་མི་བྱེད། །ལུས་དང་སེམས་ནི་གཡེལ་མི་གཏོང་། །བདག་དང་སེམས་ཅན་རྡུལ་སེལ་ཅིང་། །འདོད་ཆགས་མེད་པའི་ཆོས་ལ་དད། །དད་པ་དེ་བཞིན་ཉིད་ལ་གནས། །ལམ་གྱི་འགྲོ་བ་ཁོང་དུ་ཆུད། །ཡང་དག་མཐའ་ནི་མཐའ་
མིན་ཞིང་། །དེ་ནི་ནམ་མཁའི་མཐའ་འདྲ་བར། །ཆོས་རྣམས་ཀུན་ལ་ཡིད་ཆེས་ཏེ། །ཡེ་ཤེས་དབྱིངས་ལ་མཉམ་པར་གཞག །ཆོས་ཀུན་ཟག་པ་ཡོད་མིན་ཞིང་། །དུས་གསུམ་ལས་ནི་ཤིན་ཏུ་འདས། །སྲིད་དང་ལས་དང་མ་རིག་དང་། །ལྟ་བ་དད་ལྡན་
མི་འཛིན་ཏོ། །ཆོས་རྣམས་ཐམས་ཅད་འོད་གསལ་ཞིང་། །ཉོན་མོངས་ཅན་མིན་རང་བཞིན་དག །ཤེས་ནས་ཉོན་མོངས་གློ་བུར་གྱིས། །སེམས་ནི་འབྱུང་བར་བྱེད་མ་ཡིན། །ཆོས་རྣམས་ཐམས་ཅད་ལྟོས་མེད་ཅིང་། །དེ་དག་ལ་ནི་རྒྱུ་བ་མེད། །བཏང་
སྙོམས་གྱུར་ཅིང་གཡོ་བ་མེད། །དེ་ནི་ཉེས་པ་མི་འཛིན་ཏོ། །བླང་བ་མེད་ཅིང་དོར་བ་མེད། །གཟུང་བ་མེད་ཅིང་གྲོལ་བ་མེད། །བཅངས་པས་བྱིས་པ་བྲིད་འདྲ་བས། །ཆོས་རྣམས་གསོག་ཏུ་ཡིད་ཀྱང་ཆེས། །གསོབ་དང་གདེག་པ་མེད་པ་དང་། །སྙིང་པོ་
མེད་དེ་ཆུ་ཤིང་འདྲ། །རང་བཞིན་གྱིས་ནི་སླུ་བ་སྟེ། །གནས་མེད་ཅིང་ནི་དངོས་པོ་མེད། །ཆོས་ཀུན་ཅི་ཡང་མེད་པ་སྟེ། །དོན་ནི་ཅུང་ཟད་མེད་པར་ཤེས། །ཆོས་རྣམས་ནམ་མཁའ་མཚུངས་པ་དང་། །འདྲ་བར་གྱུར་པས་འདུས་མ་བྱས། །ཆོས་རྣམས་མྱ་ངན་
འདས་འདྲ་ཞིང་། །རང་བཞིན་གྱིས་ནི་ཞི་བར་དད། །དད་པར་དེ་ལའང་དད་བྱེད་དེ། །ནམ་མཁར་འཕངས་པའི་རྡོ་བ་བཞིན། །བྱང་ཆུབ་སེམས་དཔའ་གང་ཞིག་ལ། །དད་པ་འདི་འདྲ་འདི་ཡོད་པ། །དེ་ལ་སངས་རྒྱས་རྣམས་འབྱུང་སྟེ། །བསྙེན་བཀུར་བྱ་བའང་དེ་བཞིན་
ནོ། །གཟུགས་འབྱུང་བ་ནི་སངས་རྒྱས་དག །འབྱུང་བར་བསྟན་པ་མ་ཡིན་ནོ། །འགོག་པས་མ་ཡིན་ལྡང་བས་མིན། །འགྲོ་བས་མ་ཡིན་འོང་བས་མིན། །གཟུགས་ཀྱི་སྐྱེ་མེད་གང་ཡིན་དང་། །འགོག་པ་མིན་དང་གནས་མིན་དང་། །འོང་བ་མེད་ཅིང་འགྲོ་

མེད་པ། །འདི་ནི་སངས་རྒྱས་འབྱུང་བར་འདོད། །བྱང་ཆུབ་སེམས་དཔའ་ཤེས་ལྡན་ལ། །དེ་བཞིན་ཕུང་པོ་ལྔ་རྣམས་ཀྱི། །སྐྱེ་བ་མེད་པས་རབ་ཕྱེ་བ། །སངས་རྒྱས་འབྱུང་ཞེས་ངས་བསྟན་ཏོ། །གནས་མེད་པ་ལ་གནས་བཅས་ནས། །ཁམས་དང་
སྐྱེ་མཆེད་ཕུང་པོ་ཡི། །སྐྱེ་བ་མེད་པས་རབ་ཕྱེ་བ། །སངས་རྒྱས་འབྱུང་བར་དེ་བསྟན་ཏོ། །རིག་པ་སྐྱེ་བར་གྱུར་ན་ནི། །དེ་ལྟར་འཁོར་བ་འབྲི་འགྱུར་ཏེ། །རྐྱེན་འདི་རབ་ཏུ་བསྟན་པས་ན། །དེས་ནི་སངས་རྒྱས་རབ་ཏུ་ཕྱེ། །མི་སྐྱེ་བ་དང་སྐྱེ་བ་དང་། །
འགོག་པ་མེད་ལ་གང་གནས་པ། །དངོས་པོའི་འདུ་ཤེས་ཅན་དེས་ནི། །ང་ལ་བསྙེན་བཀུར་བྱེད་མི་ནུས། །དྲན་པ་འབྱུང་བ་འདི་ཡིས་ནི། །སངས་རྒྱས་འབྱུང་བར་བསྟན་མ་ཡིན། །དྲན་མེད་ཡིད་ལ་བྱེད་མེད་པ། །དེ་ནི་སངས་རྒྱས་ཡིན་པར་
བསྟན། །བྱང་ཆུབ་ཕྱོགས་ཀྱི་ཆོས་ཉིད་ཀྱི། །ཕྱོགས་རྣམས་ཀུན་ཀྱང་དེ་བཞིན་ཏེ། །དེ་ཡི་སྐྱེ་མེད་གང་ཡིན་པ། །དེ་ནི་སངས་རྒྱས་འབྱུང་བར་འདོད། །ང་ཡི་སངས་རྒྱས་འབྱུང་འདི་འདྲ། །འདི་ནི་གང་དག་རྟོགས་གྱུར་པ། །དེ་དག་ང་ཡི་བསྟན་ལ་དད། །
དེ་དག་ལ་ནི་ཆགས་པ་མེད། །བཞིན་བཟངས་དག་དེ་ལ་བྱང་ཆུབ་སེམས་དཔའི་ཆོས་ཀྱི་འཁོར་ལོ་བསྐོར་བ་གང་ཞེ་ན། བཞིན་བཟངས་དག་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ནི་གང་འདི་ལྟ་བུའི་ཆོས་འདི་ཁོང་དུ་ཆུད་པ་དང་། དགའ་བ་དང་། མོས་
པ་དང་། དད་པ་དང་། འཛིན་པ་དང་། ཀུན་འཛིན་པ་དང་། ལེན་པ་དང་། དྲན་པ་མ་བརྗེད་པ་དང་། ཚུལ་བཞིན་ཡོངས་སུ་རྟོག་པ་དང་། སྙིང་རྗེ་ཆེན་པོ་མི་ཉམས་པ་དང་། ཐམས་ཅད་མཁྱེན་པའི་སེམས་ཀྱིས་གཞན་དག་ལ་འཆད་པ་དང་།
སྟོན་པ་དང་། ཡང་དག་པར་རབ་ཏུ་སྟོན་པ་དང་། སྐྱོ་བ་ལ་མི་བརྗེད་པ་དང་། འཐོབ་པ་དང་། བཀུར་སྟི་ལ་མ་ཆགས་པ་དང་། དུས་དུས་སུ་སྐུལ་བ་དང་། དྲན་པར་བྱེད་པ་དང་། ཡོངས་སུ་འཛིན་པ་དང་། རྗེས་སུ་འཛིན་པ་འདི་ནི་ཆོས་ཀྱི་འཁོར་

ལོ་བསྐོར་བ་ཞེས་བྱའོ། །བཞིན་བཟངས་དག་གཞན་ཡང་ཇི་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོས་ཀྱི་འཁོར་ལོ་དེའི་རྣམ་པ་ལ་འཇུག་པ་ཅུང་ཟད་ཙམ་ཞིག་བཤད་པར་བྱའོ། །དེ་བཞིན་གཤེགས་པས་ཆོས་སྐྱེ་བ་དང་།
ཆོས་མ་ཡིན་པ་སྐྱེ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་མ་བསྐོར་ཏོ། །ཆོས་གཞིག་པ་དང་། ཆོས་མ་ཡིན་པ་གཞིག་པའི་ཕྱིར་ཆོས་ཀྱི་འཁོར་ལོ་མ་བསྐོར་ཏོ། །དེ་བཞིན་གཤེགས་པས་སོ་སོའི་སྐྱེ་བོའི་ཆོས་ནི་དམན་པ་དང་། འཕགས་པའི་ཆོས་ནི་རྒྱ་ཆེ་བའི་ཕྱིར་
ཆོས་ཀྱི་འཁོར་ལོ་མ་བསྐོར་གྱི། བཞིན་བཟངས་དག་དེ་བཞིན་གཤེགས་པས་སོ་སོའི་སྐྱེ་བོའི་ཆོས་དང་། འཕགས་པའི་ཆོས་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །ཆོས་ཀྱི་འཁོར་ལོ་དེ་ནི་ཡང་དག་པར་ཡོངས་སུ་མ་ཆད་པར་བསྐོར་
བས་དེའི་ཕྱིར་དེ་མ་ཆད་པའི་འཁོར་ལོའོ། །ཆོས་ཀྱི་འཁོར་ལོ་དེ་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་འཐུན་པར་བསྐོར་བས་དེའི་ཕྱིར་དེ་ནི་མི་སྐྱེ་བའི་འཁོར་ལོའོ། །འཁོར་ལོ་དེ་གཉིས་ཀྱིས་མི་སྐོར་ཏེ། མིག་དང་གཟུགས་ཀྱིས་བསྐོར་བས་མི་སྐོར་བ་ནས་ཡིད་
དང་ཆོས་ཀྱི་བར་གྱིས་བསྐོར་བས་མི་སྐོར་བའི་བར་དུ་སྟེ། དེའི་ཕྱིར་དེ་མི་གཉིས་པའི་འཁོར་ལོའོ། །འཁོར་ལོ་དེ་འདས་པའི་ཆོས་ལ་དམིགས་པའི་རྣམ་པས་མི་སྐོར། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་ལ་དམིགས་པའི་རྣམ་པས་མི་སྐོར་ཏེ། དེའི་ཕྱིར་དེ་
མི་དམིགས་པའི་འཁོར་ལོའོ། །འཁོར་ལོ་དེ་བདག་ཏུ་ལྟ་བ་ཀུན་ནས་ལྡང་བས་མི་སྐོར། སེམས་ཅན་དང་། སྲོག་དང་། གསོ་བ་དང་། གང་ཟག་ཏུ་ལྟ་བ་ཀུན་ནས་ལྡང་བས་མི་སྐོར་ཏེ། དེའི་ཕྱིར་དེ་སྟོང་པ་ཉིད་ཀྱི་འཁོར་ལོའོ། །འཁོར་ལོ་དེ་མཚན་མ་ལ་
དམིགས་པའི་འདུ་ཤེས་དང་། སྤྲོས་པ་ཡིད་ལ་བྱེད་པས་མི་སྐོར་ཏེ། དེའི་ཕྱིར་དེ་མཚན་མ་མེད་པའི་འཁོར་ལོའོ། །འཁོར་ལོ་དེ་འདོད་པའི་ཁམས་ཐོབ་པར་བྱ་བའི་ཕྱིར་མི་སྐོར། གཟུགས་དང་གཟུགས་མེད་པའི་ཁམས་ཐོབ་པར་བྱ་བའི་ཕྱིར་མི་སྐོར་ཏེ།

དེའི་ཕྱིར་དེ་སྨོན་པ་མེད་པའི་འཁོར་ལོའོ། །འཁོར་ལོ་དེ་འདི་དག་ནི་སོ་སོའི་སྐྱེ་བོའི་ཆོས། འདི་དག་ནི་སློབ་པའི་ཆོས། འདི་དག་ནི་མི་སློབ་པའི་ཆོས། རྣམ་པ་འདི་ལྟ་བུ་འདི་དག་ནི་སངས་རྒྱས་ཀྱི་ཆོས་སོ་ཞེས་ཆོས་ཐ་དད་པའི་ཕྱིར་མི་སྐོར་ཏེ། དེའི་ཕྱིར་ཐ་དད་པ་
མེད་པའི་འཁོར་ལོའོ། །འཁོར་ལོ་དེ་ཆོས་ཀྱི་བརྡ་ལ་མི་འཇུག་སྟེ། དེའི་ཕྱིར་དེ་གནས་པ་མེད་པའི་འཁོར་ལོའོ། །བཞིན་བཟངས་དག་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་དོན་དམ་པའི་འཁོར་ལོ་སྟེ། བདེན་པ་མི་ཕྱེད་པའི་རྣམ་པས་བསྐོར་བའོ། །དུས་
གསུམ་མཉམ་པས་ཇི་ལྟ་བ་བཞིན་གྱི་འཁོར་ལོའོ། །དངོས་པོར་ལྟ་བ་ལས་རབ་ཏུ་འདས་པའི་ཕྱིར་དངོས་པོ་མེད་པའི་འཁོར་ལོའོ། །ལུས་དང་སེམས་མ་འདྲེས་ཤིང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བས་དབེན་པའི་འཁོར་ལོའོ། །འགྲོ་བ་ལྔ་དང་ཕྲད་
པ་མ་ཡིན་པས་ཀུན་གཞི་མེད་པའི་འཁོར་ལོའོ། །འབྱུང་བ་ཆེན་པོ་ངོ་བོ་ཉིད་ཀྱིས་དངོས་པོ་མེད་པས་ཡང་དག་པའི་འཁོར་ལོའོ། །ཡང་དག་པར་སྦྱོར་ཞིང་སླུ་བ་མ་ཡིན་པས་མཉམ་པའི་འཁོར་ལོའོ། །ཡི་གེ་མི་ཟད་པས་མི་ཟད་པའི་འཁོར་ལོའོ། །ཆོས་
ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བས། ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའོ། །སྔོན་གྱི་མཐའ་མ་ཡིན་པར་སྐོར་བས་ཡང་དག་པའི་མཐའི་འཁོར་ལོའོ། །ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པས་དེ་བཞིན་ཉིད་ཀྱི་འཁོར་ལོའོ། །རང་གི་ཡིད་ལ་བྱེད་
པ་རྒྱུན་བཅད་པས་མངོན་པར་འདུ་མི་བྱེད་པའི་འཁོར་ལོའོ། །འཕགས་པའི་སྤྱོད་ཡུལ་ཐོབ་པར་བྱེད་པའི་ཕྱིར་འདུས་མ་བྱས་པའི་འཁོར་ལོའོ། །ནང་ཀུན་ཏུ་སྟོན་པས་སྟོང་པ་ཉིད་ཀྱི་འཁོར་ལོའོ། །ཕྱི་རོལ་ལ་མི་འཇུག་པས་མཚན་མ་མེད་པའི་འཁོར་ལོའོ། །ཕྱི་ནང་
གི་དང་མ་འདྲེས་པས་སྨོན་པ་མེད་པའི་འཁོར་ལོའོ། །བརྗོད་པ་མེད་པའི་ཚུལ་གྱིས་བརྗོད་དུ་མེད་པའི་འཁོར་ལོའོ། །བཞིན་བཟངས་དག་ཆོས་ཀྱི་འཁོར་ལོ་དེ་དེ་བཞིན་གཤེགས་པས་སེམས་ཅན་གྱི་དབང་པོ་ལ་བསྐོར་ཀྱང་རུང་། མ་བསྐོར་ཀྱང་རུང་བརྗོད་དུ་མེད་

པའི་ཆོས་ཉིད་འདི་མི་འདོར་ཏེ། བཞིན་བཟངས་དག་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་བསྟན་པའི་ཚེ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་།
ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་གིས་ཅ་ཅོ་དང་ག་ཞའི་སྒྲ་ཕྱུང་སྟེ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པས་འདི་འདྲ་བའི་ཆོས་ཀྱི་འཁོར་ལོ་འདི་བསྐོར་ཅིང་ཕ་རོལ་ཤེས་པར་མཛད་པ་ནི་མཛད་དཀའ་བ་མཛད་པའོ། །
བཅོམ་ལྡན་འདས་ནམ་མཁའི་འཁོར་ལོ་བསྐོར་བ་དེ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །གང་དག་གིས་འཚལ་བ་དེ་དག་གིས་ཀྱང་དེ་དང་མཉམ་པ་ཉིད་དུ་འཚལ་བ་དང་། བཅོམ་ལྡན་འདས་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་ངོ་། །གང་དག་ཆོས་
ཀྱི་འཁོར་ལོ་བསྐོར་བ་འདི་ཐོས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དེ་དག་ཀྱང་ཆོས་ཀྱི་འཁོར་ལོ་འདི་ལྟ་བུ་བསྐོར་བར་འགྱུར་རོ། །དེ་ལྟར་བསྟན་པ་འདི་ཐོས་ནས་འཁོར་དེ་ལས་སྲོག་ཆགས་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་
བསྐྱེད་དོ། །བཞིན་བཟངས་དག་དེ་ལ་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡོངས་སུ་འཛིན་པ་གང་ཞེ་ན། བཞིན་བཟངས་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་སྟེ། ཆོས་ཐམས་ཅད་ཡང་དག་པར་སྡུད་པ་
འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། །བཞིན་བཟངས་དག་གཞན་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་གང་དེ་བཞིན་གཤེགས་པས་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་
དེ་དག་སྡུད་པ་དེ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། །བཞིན་བཟངས་དག་ཇི་ལྟར་དེ་བཞིན་གཤེགས་པས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་བཞིན་

ཉིད་ཇི་ལྟ་བ་དང་། དེ་བཞིན་ཉིད་གང་ཡིན་པ་དེ་ལ་ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད། འགག་པ་མེད་དོ། །གང་མི་སྐྱེ་མི་འགག་པ་དེ་ལ་འཛིན་པ་མེད། འཐབ་པ་མེད། རྩོད་པ་མེད། བསྟན་པ་མེད། ཤིན་ཏུ་བརྗོད་པ་མེད་དོ། །གང་བརྗོད་དུ་མེད་པ་དེ་ལ་དམ་པའི་
ཆོས་བསྡུ་བ་གང་ཡང་མེད་དོ། །དེའི་ཕྱིར་བསྡུ་བ་མེད། ཡོངས་སུ་འཛིན་པ་མེད་པ་ནི་དམ་པའི་ཆོས་ཞེས་བྱའོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པའི་བུ་མྱ་ངན་མེད་པ་ཞེས་བྱ་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་དམ་པའི་
ཆོས་ཡོངས་སུ་འཛིན་པ་ལ་སྤོབས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མྱ་ངན་མེད་པ་ཁྱོད་སྤོབས་པར་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོ་ན་རིན་པོ་ཆེ་བདག་གི་མ་མཆིས་པ། ཡོངས་སུ་
འཛིན་པ་མ་མཆིས་པ། ཡོངས་སུ་གཟུང་བ་མ་མཆིས་པ་གང་དག་མཆིས་པ་དེ་དག་བསྲུང་བར་བགྱི་བ་མ་ལགས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་དེད་དཔོན་དང་། དེད་དཔོན་ཆེན་པོ་གང་དག་ལུས་དང་སྲོག་ལ་མི་ལྟ་བར་རིན་པོ་ཆེ་ཆེན་པོ་དེ་དག་
འཚལ་བའི་སླད་དུ་རྒྱ་མཚོ་ཆེན་པོར་ཞུགས་པ་དེ་དག་འཛམ་བུའི་གླིང་དུ་མ་ཕྱིན་པར་བར་མ་དོར་རྒྱ་མཚོའི་ནང་དུ་འཁྱམས་པར་མི་འགྱུར་བར་ཤིན་ཏུ་བསྲུང་བ་བགྱིས་ཏེ། དེ་དག་རྒྱ་མཚོར་ཞུགས་ཤིང་འོང་བ་དང་འགྲོ་བའི་ཚེ་བསྲུང་བ་ཆེན་པོ་བགྱིས་ནས། དེ་
ལྟར་རིན་པོ་ཆེ་དེ་དག་འཛམ་བུའི་གླིང་དུ་ཕྱིན་པ་དང་། སྐྱེ་བོ་མང་པོ་འཚོ་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་དེ་བཞིན་གཤེགས་པས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཤིན་ཏུ་མངོན་པར་གྲུབ་པ་མ་མཆིས་ཏེ། དེ་ནི་ལྷ་དང་བཅས་
པའི་འཇིག་རྟེན་གང་གིས་ཀྱང་ཡོངས་སུ་གཟུང་བར་མི་ནུས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འདི་འདྲ་བའི་ཆོས་དཀོན་མཆོག་དེ་བཞིན་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་མངོན་པར་རྫོགས་

པར་བྱང་ཆུབ་པར་བགྱི་བའི་སླད་དུ་གོ་ཆ་འཚལ་བ་དེ་དག་ཤིན་ཏུ་ཡོངས་སུ་བསྲུང་བར་བགྱིས་ཏེ། སྐྱེས་བུ་དམ་པ་དེ་དག་ཤིན་ཏུ་ཡོངས་སུ་བཟུང་ན་ཐེག་པ་ཆེན་པོ་འདིར་ངེས་པར་འབྱུང་བར་འགྱུར་རོ། །དེ་དག་བྱུང་བར་གྱུར་ན་ཆོས་ཀྱི་འཁོར་ལོ་
སྐོར་བར་འགྱུར་ཏེ། དམ་པའི་ཆོས་ཡོངས་སུ་འབར་བར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་བས་ན་གང་འདི་ཆོས་སྨྲ་བ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཡོངས་སུ་འཛིན་པ་དང་། སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་དང་། རིམ་གྲོ་བགྱིད་
པ་དང་། བླ་མའི་ཡོངས་སུ་སྤྱད་པ་བགྱིད་པ་དེ་ནི་དམ་པའི་ཆོས་ཡང་དག་ཕུལ་ཡོངས་སུ་འཛིན་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་མ་དྲོས་པའི་བུ་མྱ་ངན་མེད་པ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། མྱ་ངན་མེད་པ་ལེགས་སོ་ལེགས་
སོ། །གང་འདི་ཆོས་སྨྲ་བ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཡོངས་སུ་འཛིན་པ་དང་། ཀུན་ཏུ་སྲུང་བ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཡིན་ནོ། །ཆོས་སྨྲ་བ་ཡོངས་སུ་བཟུང་བས་དམ་པའི་ཆོས་ཡོངས་སུ་བཟུང་བ་ཡིན་ཀྱི། འོན་ཀྱང་
མྱ་ངན་མེད་པ་དམ་པའི་ཆོས་ཡོངས་སུ་འཛིན་པ་བཅུ་སྟེ། བཅུ་གང་ཞེ་ན། ཁེངས་པ་མེད་པ་དང་། ལྷག་པའི་ང་རྒྱལ་མེད་པ་དང་། གཡོ་བ་མེད་པ་དང་། ཆོས་དོན་དུ་གཉེར་བ་དང་། ཆོས་འདོད་པ་དང་། ཆོས་ཡོངས་སུ་ཚོལ་བ་དང་། ཆོས་ལ་སོ་
སོར་རྟོག་པ་དང་། ཆོས་སྟོན་པ་དང་། ཆོས་ལ་ནན་ཏན་བྱེད་པ་དང་། ཆོས་སྒྲུབ་པར་གནས་ཤིང་མོས་ལ་རྣམ་པར་གྲོལ་བ་སྟེ། བཅུ་པོ་དེ་དག་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །གཞན་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པ་བཅུ་སྟེ། བཅུ་གང་ཞེ་
ན། མྱ་ངན་མེད་པ་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཆོས་སྨྲ་བ་ཞིག་ཡོད་པར་ཐོས་ན་ཕྱོགས་དེར་ཕྱག་འཚལ་བ་དང་། མཐོང་བར་དགའ་བ་དང་། འོངས་ནས་མགུ་བར་བྱེད་པ་དང་། སྟན་འདིང་ཞིང་གོས་དང་ཟས་སྦྱོར་བ་དང་། ཀུན་ཏུ་སྲུང་བར་བྱེད་

པ་དང་། བསྟི་སྟང་བྱས་ཏེ་བསྙེན་བཀུར་བྱེད་པ་དང་། དེས་བཤད་པ་ཉན་པ་དང་། ཇི་ལྟར་ཐོས་པ་ལྟར་གཞན་དག་ལ་ཡང་སྟོན་པ་དང་། དེའི་མི་སྙན་པ་འགོག་པ་དང་། དེའི་བསྔགས་པ་བརྗོད་པ་སྟེ། མྱ་ངན་མེད་པ་བཅུ་པོ་དེ་དག་ནི་དམ་པའི་ཆོས་ཡོངས་སུ་
འཛིན་པའོ། །མྱ་ངན་མེད་པ་གཞན་ཡང་སྦྱིན་པ་བཞི་པོ་འདི་དག་ནི། དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བ་སྟེ། བཞི་གང་ཞེ་ན། གྲོ་ག་དང་། སྣག་ཚ་དང་། སྨྱུག་གུ་དང་། གླེགས་བམ་སྦྱིན་པ་དང་། ཆོས་སྨྲ་བ་རྣམས་ལ་གོས་དང་། ཟས་དང་།
མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་སྦྱིན་པ་དང་། ཆོས་ཐོས་ནས་ཆོས་སྨྲ་བ་རྣམས་ལ་གཡོ་མེད་པར་ལེགས་སོ་ཞེས་བྱ་བ་སྦྱིན་པ་དང་། ཆོས་སྦྱིན་པ་ནི་བཞི་པ་སྟེ། སྦྱིན་པ་བཞི་པོ་དེ་དག་ནི་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བའོ། །མྱ་
ངན་མེད་པ་བརྩོན་འགྲུས་བཞི་པོ་འདི་དག་ནི་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བ་སྟེ། བཞི་གང་ཞེ་ན། ཆོས་སྟོན་པའི་བརྩོན་འགྲུས་དང་། ཆོས་ཀུན་ཏུ་ཚོལ་བའི་བརྩོན་འགྲུས་དང་། ཆོས་སྨྲ་བ་ལ་བསྙེན་བཀུར་བྱ་བའི་བརྩོན་འགྲུས་དང་། དམ་པའི་ཆོས་
སྤོང་བའི་སེམས་ཅན་རྣམས་ཆོས་དང་འཐུན་པས་ཚར་གཅད་པའི་བརྩོན་འགྲུས་ཏེ། མྱ་ངན་མེད་པ་བརྩོན་འགྲུས་བཞི་པོ་དེ་དག་ནི་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞུས་པ་ལུང་བསྟན་པས་ཀླུ་གཞོན་ནུ་ལྔ་བརྒྱ་པོ་དེ་དག་ཚིམ་
ཞིང་མགུ་ལ་ཡི་རངས་ཏེ། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བ་དང་། ཀུན་ཏུ་སྤྱད་པའི་ཕྱིར་གཉེན་དང་འཁོར་དུ་བཅས་པ་དང་། རང་རང་གི་ལུས་ཕུལ་ནས་འདི་སྐད་ཅེས་གསོལ་ཏོ། །དེང་སླན་ཆད་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་བདག་ཅག་བཅོམ་
ལྡན་འདས་ཀྱི་ཞབས་འབྲིང་ན་རྟག་པར་རྒྱུན་དུ་མཆིས་ལ་འདི་ལྟ་བུའི་དམ་པའི་ཆོས་ཀུན་ཏུ་བསྲུང་ཞིང་སྦ་བའི་སླད་དུ་སྤྲོ་བར་བགྱིའོ། །བཅོམ་ལྡན་འདས་བདག་ཅག་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་སྐུ་མ་གྱེས་ཤིང་གཅིག་ཏུ་མཁྲེགས་པ་

ལ་མཆོད་པ་བགྱིད་པ་དང་། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བགྱི་བར་འཚལ་ལོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཀླུ་གཞོན་ནུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་ཆེར་ཐུགས་རྗེ་ཆེ་
བས་རིང་བསྲེལ་ཡུངས་འབྲུ་ཙམ་བྱིན་གྱིས་བརླབ་པ་མཛད་ན། རིགས་ཀྱི་བུ་དག་ཁྱེད་དེ་བཞིན་གཤེགས་པའི་སྐུ་མ་གྱེས་ཤིང་གཅིག་ཏུ་མཁྲེགས་པ་ལ་མཆོད་པ་བྱའོ། །ཞེས་དེ་སྐད་ཅེས་ཟེར་བ་ནི་སྐྱེ་བོ་ཕལ་པོ་ཆེའི་དགེ་བའི་ཆོས་ཀྱི་བར་ཆད་བྱེད་པར་འདོད་པ་ཡིན་ནོ། །
དེ་ནས་ཀླུ་གཞོན་ནུ་ལྔ་བརྒྱ་པོ་དེ་དག་གིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་འོད་སྲུང་ཁྱོད་དེ་སྐད་མ་གསུང་ཤིག །རང་གི་ཤེས་རབ་དང་། དེ་བཞིན་གཤེགས་པའི་ཤེས་རབ་དང་། ཡེ་ཤེས་མཚུངས་པ་མཉམ་དུ་མ་བསྒྲུན་
ཅིག །དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་སྟེ། བྱིན་གྱི་རླབས་དང་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཡེ་ཤེས་ཀྱི་སྟོབས་ཅན་ཏེ། དེ་བཞེད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་དང་། ཀླུ་དང་།
གནོད་སྦྱིན་གྱི་གནས་ཐམས་ཅད་དུ་མ་གྱེས་ཤིང་གཅིག་ཏུ་མཁྲེགས་པའི་སྐུ་བྱིན་གྱིས་རློབ་སྟེ། དེ་དག་ཐམས་ཅད་ཀྱིས་ཀྱང་གཞན་ནི་མ་ཡིན་གྱི། དེ་བཞིན་གཤེགས་པ་ལ་བདག་ཅག་མཆོད་པ་བྱེད་པར་ཤེས་སོ། །བཙུན་པ་འོད་སྲུང་ཆེན་པོ་ཡང་གང་གི་ཚེ་དེ་
བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་དེའི་ཚེ་སེམས་ཅན་ཐམས་ཅད་ཀྱི་སེམས་མོས་པས་སྐུ་གདུང་བྱིན་གྱིས་རླབ་བོ། །བཙུན་པ་འོད་སྲུང་ཆེན་པོ་གལ་ཏེ་དེ་བཞིན་གཤེགས་པ་འོག་མིན་གྱི་གནས་སུ་ཡུངས་འབྲུ་ཙམ་གྱི་སྐུ་གདུང་གཅིག་བྱིན་གྱིས་
བརླབས་ནས། དེས་འཛམ་བུའི་གླིང་ཐམས་ཅད་དུ་ཁྱབ་པར་སྣང་བ་དེ་ཡང་སངས་རྒྱས་ཀྱི་རྣམ་པར་སྤྲུལ་བའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཀླུའི་རྒྱལ་པོའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ཡོངས་སུ་

མྱ་ངན་ལས་འདའ་འམ། སྨྲས་པ། བཙུན་པ་རབ་འབྱོར་གང་དག་སྐྱེས་པ་དེ་དག་ཡོངས་སུ་མྱ་ངན་ལས་འདའོ། །སྨྲས་པ། རིགས་ཀྱི་བུ་དག་ཁྱོད་དེ་བཞིན་གཤེགས་པ་སྐྱེས་སོ་སྙམའམ། སྨྲས་པ། དེ་བཞིན་ཉིད་ཇི་ལྟར་བྱུང་བ་དེ་ལྟར་སྐྱེས་སོ། །
སྨྲས་པ། གལ་ཏེ་དེ་བཞིན་ཉིད་ཇི་ལྟར་སྐྱེ་བ་དེ་ལྟར་སྐྱེས་ན་དེ་ལ་ནི་ཆོས་གང་གི་སྐྱེ་བ་ཡང་མེད་དོ། །སྨྲས་པ། བཙུན་པ་རབ་འབྱོར་གང་དེ་བཞིན་ཉིད་སྐྱེ་བ་དེ་སངས་རྒྱས་སྐྱེ་བའོ། །སྨྲས་པ། གང་སངས་རྒྱས་སྐྱེ་བ་འདི་འདྲ་ན་ཡོངས་སུ་མྱ་ངན་ལས་
འདའ་བ་ཅི་འདྲ། སྨྲས་པ། བཙུན་པ་རབ་འབྱོར་ཇི་ལྟར་སྐྱེ་བ་མེད་པ་དེ་ལྟར་འགག་པ་མེད་དོ། །དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་ལྟར་ཡོངས་སུ་མྱ་ངན་ལས་འདའོ། །བཅོམ་ལྡན་འདས་ཀྱིས་གཏམ་འདི་བཀའ་སྩལ་ཅིང་བཤད་པའི་ཚེ་མཚོ་
ཆེན་པོ་མ་དྲོས་པ་རིན་པོ་ཆེའི་པད་མ་ཚད་ཤིང་རྟའི་འཁོར་ལོ་ཙམ་དྲི་རབ་ཏུ་ཞིམ་པ་འདབ་མ་བརྒྱ་སྟོང་དུ་མ་དང་ལྡན་པ་རིན་པོ་ཆེའི་དྲ་བས་གཡོགས་པས་གང་བར་གྱུར་ཏོ། །དེ་དག་གི་ནང་ནས་རིན་པོ་ཆེའི་པད་མ་གཅིག་ཤིན་ཏུ་མཛེས་ཤིང་བལྟ་ན་རབ་ཏུ་སྡུག་ལ་
མཆོག་ཏུ་འབར་བར་གྱུར་ཏོ། །ཚེ་དང་ལྡན་པ་ཀུན་དགའ་བོས་པད་མ་བཀོད་པ་དེ་དག་མཐོང་ངོ་། །མཐོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་སུའི་ལྟས་སྔོན་དུ་བྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་
དགའ་བོ་ཅུང་ཞིག་སྡོད་ཅིག་དང་མཐོང་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས་རིང་པོར་མ་ལོན་པར་འོག་གི་འཇིག་རྟེན་གྱི་ཁམས་བཅོམ་ལྡན་འདས་རིན་ཆེན་ཏོག་གི་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་བཀོད་པའི་འཇིག་རྟེན་གྱི་ཁམས་ནས་བྱང་ཆུབ་
སེམས་དཔའ་དྲུག་ཁྲི་བྱུང་སྟེ། དེ་དག་རིན་པོ་ཆེའི་པད་མ་དེ་དག་ལ་སྐྱིལ་མོ་ཀྲུང་བཅས་ནས་འཁོད་པར་ཀུན་དུ་སྣང་ངོ་། །པད་མ་དེ་ལ་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་འདུག་པར་ཀུན་དུ་སྣང་ངོ་། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས་

ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ལ་ཕྱག་འཚལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་བར་སྣང་ལ་འཕགས་པ་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷ་རྣམས་དེའི་སྟེང་ན་རིན་པོ་ཆེའི་གདུགས་འཛིན་ཅིང་ཕྱག་འཚལ་ཏོ། །
དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་ལྷགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཤིང་ཏ་ལ་བདུན་ཙམ་དུ་ནམ་མཁའ་ལ་འཕགས་ནས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་སྔོན་མ་མཐོང་མ་ཐོས་པའི་མེ་ཏོག་གི་ཆར་ནམ་མཁའི་ངོས་ལས་རབ་ཏུ་
ཕབ་པོ། །མེ་ཏོག་དེ་དག་ལས་འདི་ལྟ་བུའི་སྒྲ་བྱུང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཏོག་བཅོམ་ལྡན་འདས་དེ་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་
པ་ཡང་ངམ། འཚོ་བ་དང་། སྟོབས་དང་། བདེ་བ་ལ་རེག་པར་གནས་སམ་ཞེས་སྙུན་གསོལ་ཏོ་ཞེས་དེ་སྐད་གསུང་ངོ་། །འཇམ་དཔལ་གཞོན་ནུར་གྱུར་པ་འདི་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་དང་ལྷན་ཅིག་ཏུ་ཀླུའི་རྒྱལ་པོ་མ་དྲོས་པའི་རྣམ་པར་དག་པའི་ལམ་གྱི་
ཆོས་ཀྱི་སྒོའི་ལེའུ་ཉན་དུ་མཆིས་པ་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་བཀའ་མཆིད་ཀྱིས་ཡང་དག་པར་དགའ་བར་མཛོད་ཅིག་ཅེས་སྒྲ་ཕྱུང་ངོ་། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་བར་སྣང་དེ་ལས་བབས་ནས་བཅོམ་ལྡན་འདས་
ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། རིན་པོ་ཆེའི་པད་མ་དེ་དག་ལ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་ཅི་སེམས་ན་བྱང་ཆུབ་སེམས་དཔའ་རྣམས་
དང་ལྷན་ཅིག་ཏུ་འདིར་འོངས། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ན་ཆོས་སྟོན་པ་བདག་ཅག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་བཀོད་པའི་འཇིག་རྟེན་གྱི་ཁམས་ན་མཆིས་པས་ཐོས་ནས་

བདག་ཅག་བཅོམ་ལྡན་འདས་ལ་བལྟ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ཉན་པར་འཚལ་བའི་སླད་དུ་འདིར་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་རིན་ཆེན་ཏོག་གི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་བཀོད་པ་དེ་འདི་ནས་ཐག་ཇི་སྲིད་མཆིས་ན། སྐྱེས་བུ་དམ་པ་འདི་དག་འདི་ལྟར་མྱུར་བར་འདིར་མཆིས། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་
པོ། གལ་ཏེ་རྫུ་འཕྲུལ་གྱི་སྟོབས་ཕུན་སུམ་ཚོགས་པ་ཁྱོད་འཇིག་རྟེན་གྱི་ཁམས་དེར་འགྲོ་ན། ཚེའི་ཚད་ཟད་ཅིང་ཡོངས་སུ་མྱ་ངན་ལས་འདས་ཀྱང་སངས་རྒྱས་ཀྱི་ཞིང་དེར་མི་ཕྱིན་ཏེ། འཇིག་རྟེན་གྱི་ཁམས་དེ་འདི་ནས་དེ་སྲིད་དོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། འོད་སྲུང་ཆུ་བོ་གང་གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་བཀོད་པ་ཞེས་བྱ་བ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ལྷགས་སོ། །གནས་བརྟན་གྱིས་གསོལ་པ།
བཅོམ་ལྡན་འདས་དེ་དག་ཇི་སྲིད་ཀྱི་འདིར་མཆིས། འཇམ་དཔལ་གྱིས་སྨྲས་པ། གནས་བརྟན་གྱིས་སེམས་ལེན་པ་མེད་པར་ཟག་པ་ལས་ཇི་སྲིད་ཀྱིས་སེམས་རྣམ་པར་གྲོལ་བ་དེ་སྲིད་ཀྱིས་སོ། །གནས་བརྟན་གྱིས་སྨྲས་པ། སྐྱེས་བུ་དམ་པ་དེ་དག་འདི་འདྲ་
བར་མགྱོགས་པར་ལྷགས་པ་ནི་ངོ་མཚར་ཏོ། །འཇམ་དཔལ་གྱིས་སྨྲས་པ། གནས་བརྟན་འོད་སྲུང་ཆེན་པོའི་སེམས་ཇི་སྲིད་ཀྱིས་རྣམ་པར་གྲོལ། སྨྲས་པ། སྐད་ཅིག་པ་འགྱུར་བ་སྲིད་ཀྱིས་སོ། །འཇམ་དཔལ་གྱིས་སྨྲས་པ། གནས་བརྟན་གྱི་སེམས་རྣམ་
པར་གྲོལ་ལམ། སྨྲས་པ། འཇམ་དཔལ་རྣམ་པར་གྲོལ་ལོ། །འཇམ་དཔལ་གྱིས་སྨྲས་པ། སེམས་དེ་གང་གིས་བཅིངས་ནས་གང་ལས་རྣམ་པར་གྲོལ། གནས་བརྟན་གྱིས་སྨྲས་པ། འཇམ་དཔལ་གལ་ཏེ་སེམས་བཅིངས་པར་གྱུར་ན་ནི་རྣམ་པར་མི་གྲོལ་ཏེ། རྣམ་

པར་གྲོལ་བའི་ཡེ་ཤེས་མཐོང་བར་མི་འགྱུར་རོ། །སྨྲས་པ། བཙུན་པ་འོད་སྲུང་ཆེན་པོའི་སེམས་བཅིངས་པ་མེད་ན་རྣམ་པར་གྲོལ་བ་གང་ཡིན། སྨྲས་པ། གང་བཅིངས་པ་མེད་པར་ཡོངས་སུ་ཤེས་པ་དེ་རྣམ་པར་གྲོལ་བའོ། །སྨྲས་པ།
བཙུན་པ་འོད་སྲུང་ཆེན་པོའི་སེམས་གང་གིས་སེམས་གང་ཡོངས་སུ་ཤེས། འདས་པས་སམ། འོན་ཏེ་མ་འོངས་པས་སམ། འོན་ཏེ་ད་ལྟར་བྱུང་བས་སམ། གང་འདས་པ་དེ་ནི་ཟད་པ། གང་མ་འོངས་པ་དེ་ནི་མ་ཕྱིན་པ། གང་ད་ལྟར་བྱུང་བ་ནི་གནས་པ་
མེད་པ་ཡིན་ན་སེམས་གང་གིས་སེམས་གང་ཡོངས་སུ་ཤེས། སྨྲས་པ། འཇམ་དཔལ་འདི་ནི་འགོག་པ་སྟེ། དེ་ལ་སེམས་ཀྱི་བགྲང་བ་གང་ཡང་མེད་དོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་སེམས་འགོག་པ་ཡོངས་སུ་ཤེས་སམ། སྨྲས་
པ། སེམས་འགོག་པ་ནི་ཡོངས་སུ་ཤེས་པར་མི་ནུས་སོ། །སྨྲས་པ། སེམས་དེ་ཐམས་ཅད་འགོག་པར་ལྟུང་བ་སྟེ། དེའི་ཕྱིར་ཅུང་ཟད་ཀྱང་ཡོངས་སུ་ཤེས་པར་འགྱུར་བ་མེད་དོ། །སྨྲས་པ། འཇམ་དཔལ་ཁྱོད་སྤོབས་པར་གྱིས་ཤིག །ཁོ་བོ་ལ་ནི་ཁྱོད་ལ་
ལན་གདབ་པའི་ནུས་པ་མེད་དོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས། བྲག་ཅ་ལ་སྤོབས་པ་ཡོད་དམ། སྨྲས་པ། མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྲག་ཅ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ། །སྨྲས་པ། བཙུན་པ་
འོད་སྲུང་ཆེན་པོ་ཆོས་ཐམས་ཅད་ཀྱང་བྲག་ཅ་ལྟ་བུ་མ་ཡིན་ནམ། སྨྲས་པ། འཇམ་དཔལ་དེ་དེ་བཞིན་ནོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས། བྲག་ཅའི་སྤོབས་པ་བཅད་ནུས་སམ། སྨྲས་པ། མི་བརྗོད་པས་
དེ་བཅད་དོ། །སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་དེ་དེ་བཞིན་ཏེ། ཀུན་མི་འདྲི་བས་བྱང་ཆུབ་སེམས་དཔའི་སྤོབས་པ་ཆད་དོ། །བཙུན་པ་འོད་སྲུང་ཆེན་པོ་གལ་ཏེ་བསྐལ་པར་ཡོངས་སུ་འདྲི་ན་ཡང་ཁོ་བོ་ཡང་བསྐལ་པར་སྤོབས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་

ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་དེས་བསྟན་པས་འཁོར་འདི་དག་གི་ཡུན་རིང་པོའི་དོན་དང་། ཕན་པ་དང་བདེ་བར་འགྱུར་བ་དང་། ཆོས་ཉིད་འདི་མངོན་སུམ་དུ་འགྱུར་བར་བགྱི་བའི་སླད་དུ་འཇམ་དཔལ་གཞོན་
ནུར་གྱུར་པ་ལ་བསྐུལ་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་བརྩེགས་ཞེས་བྱ་བ་འདུས་པར་གྱུར་ཏེ་འདུག་པ་དེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་
གནས་བརྟན་འོད་སྲུང་ཆེན་པོ་འདི་ཅིའི་ཕྱིར་སེམས་ཞིང་དམན་པ་དམན་པ་ལྟ་བུས་སྟོན། འདི་ཅིའི་ཕྱིར་གནས་བརྟན་ཞེས་བྱ། འཇམ་དཔལ་གྱིས་སྨྲས་པ། འདི་ནི་ཉན་ཐོས་ཏེ་འཇིགས་པ་མེད་པ་མ་ཡིན་ནོ། །ཤེས་རབ་བརྩེགས་ཀྱིས་སྨྲས་པ། ཅི་འདི་
ཐེག་པ་ཆེན་པོ་ལ་མ་ཞུགས་སམ། སྨྲས་པ། རིགས་ཀྱི་བུ་དེ་ནི་མ་ཡིན་ཏེ། འདི་ནི་ཉན་ཐོས་ཀྱི་ཐེག་པས་རྣམ་པར་གྲོལ་བའོ། །སྨྲས་པ། འཇམ་དཔལ་ཉན་ཐོས་ཀྱི་ཐེག་པ་ཞེས་བྱ་བ་འདི་ཇི་ལྟ་བུ། སྨྲས་པ། རིགས་ཀྱི་བུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་
དེ་བཞིན་གཤེགས་པ་ཐེག་པ་གསུམ་ལས་བརྩམས་ཏེ་ཆོས་སྟོན་ཏོ། །གསུམ་གང་ཞེ་ན། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་སྟེ། ཐེག་པ་གསུམ་པོ་དེ་དག་གོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་འདི་དག་ནི་དམན་པ་ལ་མོས་
པའི་ཕྱིར་རོ། །སྨྲས་པ། འཇམ་དཔལ་སྟོང་པ་ཉིད་ཚད་མེད། མཚན་མ་མེད་པ་ཚད་མེད། སྨོན་པ་མེད་པ་ཚད་མེད་ན་ཅིའི་ཕྱིར་ཉི་ཚེ་བའི་འདུ་ཤེས་སུ་མཛད། སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཐབས་ལ་མཁས་པ་སྟེ། གང་གི་ཕྱིར་སྟོང་པ་ཉིད་
ཚད་མེད། མཚན་མ་མེད་པ་ཚད་མེད། སྨོན་པ་མེད་པ་ཚད་མེད་ཀྱང་ཉི་ཚེ་བའི་འདུ་ཤེས་ཀྱིས་མོས་པར་མཛད་དོ། །སྨྲས་པ། འཇམ་དཔལ་བདག་ཕྱིར་ཞིང་དམན་པ་ལ་མོས་པའི་སེམས་ཅན་རྣམས་དང་ཕྲད་པར་འགྱུར་དུ་འོང་གིས་འགྲོའོ། །འཇམ་དཔལ་གྱིས་

སྨྲས་པ། རིགས་ཀྱི་བུ་རེ་ཞིག་སྡོད་ལ་ཀླུའི་རྒྱལ་པོ་མ་དྲོས་པའི་སྤོབས་པ་ཇི་ཙམ་པ་དང་། ཆོས་ཉིད་ཚད་མེད་པ་ཡང་ཉོན་ཅིག། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་ལ་འདི་སྐད་ཅེས་
སྨྲས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རིན་ཆེན་ཏོག་དེ་ཅི་འདྲ་བའི་ཆོས་སྟོན། སྨྲས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏམ་སྟེ། རོ་གཅིག་པ་དང་། ཚད་མེད་པའི་ཆོས་ལས་བྱུང་བ་དང་། ཕྱིར་མི་ལྡོག་པ་དང་། སངས་
རྒྱས་ཉིད་དུ་འགྱུར་བ་དང་། གཞན་ལ་མོས་པ་མ་ཡིན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ཡང་དག་པར་འདུ་བའོ། །འཇིགས་པ་མེད་པ་མ་ཡིན་པའི་སེམས་ཅན་རྣམས་ནི་དེར་མི་སྐྱེ་སྟེ། བཅོམ་ལྡན་འདས་དེའི་ཆོས་བསྟན་པ་ནི་དེ་འདྲའོ། །
དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་གང་ལ་བལྟ་བར་འདོད་དེ་འདིར་འོངས། ཅི་གཟུགས་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །
སྨྲས་པ། ཅི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་གཟུགས་ཀྱི་མི་རྟག་པ་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །
སྨྲས་པ། ཅི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་མི་རྟག་པ་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་གཟུགས་ཀྱི་སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། སྟོང་
པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་སྡུག་བསྔལ་བ་དང་།

བདག་མེད་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་གཟུགས་ཀྱི་མཚན་ཉིད་དེ་བཞིན་གཤེགས་པར་བལྟའམ།
རྣམ་པར་ཤེས་པའི་མཚན་ཉིད་ཀྱི་བར་དུ་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་ཤའི་མིག་གིས་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་ལྷའི་མིག་གིས་དེ་བཞིན་གཤེགས་པར་
བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་ཤེས་རབ་ཀྱི་མིག་གིས་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པ་ལ་བལྟ་བ་ཇི་ལྟ་བུ་ཡིན། འཇམ་དཔལ་གྱིས་སྨྲས་པ། ཀླུའི་
བདག་པོ་དེ་བཞིན་གཤེགས་པ་ཅི་འདྲ་བ་དེ་འདྲ་བར་དེ་ལ་བལྟའོ། །སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པ་ཅི་འདྲ། སྨྲས་པ། ཀླུའི་བདག་པོ་དེ་བཞིན་གཤེགས་པ་ནི་མི་མཉམ་པ་དང་མཉམ་པ། མཚུངས་པ་མེད་པ། རབ་ཏུ་འདྲ་བ་མེད་པའོ། །མི་མཉམ་པ་
ཞེས་བྱ་བ་ནི། དེ་ལ་གཉེན་པོ་མེད་པའོ། །མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་ནི་དེ་ལ་གཉེན་པོ་མཉམ་པ་ཡང་མེད་པའོ། །མཚུངས་པ་མེད་ཅེས་བྱ་བ་ནི་གཟུགས་ཀྱི་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །རབ་ཏུ་འདྲ་བ་མེད་ཅེས་བྱ་བ་ནི་རྟགས་མེད་ཅིང་མཚན་མ་མེད་པའི་
ཕྱིར་རོ། །ཀླུའི་བདག་པོ་དེ་བཞིན་གཤེགས་པ་ནི་དེ་འདྲ་སྟེ་དེ་ལྟར་བལྟ་བར་བྱའི། ཤའི་མིག་དང་། ལྷའི་མིག་དང་། ཤེས་རབ་ཀྱི་མིག་གིས་བལྟ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤའི་མིག་ནི་སྣང་བ་མཐོང་བ་ཡིན་ལ། དེ་བཞིན་གཤེགས་པ་ནི་མུན་པ་དང་སྣང་བ་
མ་ཡིན་པས་ཤའི་མིག་གིས་དེ་བལྟ་བར་མི་ནུས་སོ། །ལྷའི་མིག་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་ཡིན་ལ། དེ་བཞིན་གཤེགས་པ་ནི་ཤིན་ཏུ་མངོན་པར་འདུས་མ་བྱས་པས་ལྷའི་མིག་གིས་དེ་བལྟ་བར་མི་ནུས་སོ། །ཤེས་རབ་ཀྱི་མིག་གིས་ནི་འབྱུང་བ་ཡོངས་སུ་ཤེས་

པའི་མཚན་ཉིད་ཡིན་ལ། དེ་བཞིན་གཤེགས་པ་ནི་ཤིན་ཏུ་མི་འབྱུང་བས་ཤེས་རབ་ཀྱི་མིག་གིས་དེ་བལྟ་བར་མི་ནུས་སོ། །སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པ་མཐོང་བ་ཤིན་ཏུ་རྣམ་པར་དག་པ་ཇི་ལྟ་བུ་ཡིན། སྨྲས་པ། ཀླུའི་བདག་པོ་
གང་གི་ཚེ་མིག་གི་རྣམ་པར་ཤེས་པའི་རྣམ་པར་ཤེས་པ་དང་། སེམས་ཀྱང་མི་སྐྱེ་ལ་གཟུགས་ཀྱི་རྣམ་པར་ཤེས་པའི་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པ་ཡང་མི་འགོག་པ་དེ་ཙམ་གྱིས་ན་དེ་བཞིན་གཤེགས་པ་མཐོང་བ་ཤིན་ཏུ་རྣམ་པར་དག་པ་ཡིན་
ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་སངས་རྒྱས་ཀྱི་ཞིང་ནས་ལྷགས་པ་དེ་དག་ངོ་མཚར་དུ་གྱུར་ནས་འདི་སྐད་ཅེས་སྨྲས་སོ། །གང་དག་གིས་ཀླུའི་རྒྱལ་པོས་ཞུས་པ་འདི་ཐོས་པ་དང་།
ཐོས་ནས་མོས་པ་དང་། མི་དངང་མི་སྐྲག་ལ་འཛིན་པ་དང་། སྟོན་པའི་སྐྱེས་བུ་དམ་པ་དེ་དག་ནི་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །བདག་ཅག་ཀྱང་འདིར་ལྷགས་ཤིང་ཚུལ་འདི་ཐོས་པས་བདག་ཅག་དོན་མེད་པར་མ་གྱུར་ཏོ། །གང་ན་
ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པའི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དེ་དག་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བ་དང་། དམ་པའི་ཆོས་ཀྱང་ནུབ་པར་མི་འགྱུར་བར་
རིག་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདིས་བདུད་ཀྱི་དཀྱིལ་འཁོར་ཚར་གཅད་དོ། །མུ་སྟེགས་ཅན་གྱི་གནས་ཐམས་ཅད་ཕམ་པར་བྱས་སོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་མི་
སྤྱོད་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་རྙེད་དཀའ་བ་མ་ཡིན་ནོ་ཞེས་བྱ་ན། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མི་སྤྱོད་པ་ལ་སྤྱོད་པ་ཞེས་བྱ། འཇམ་དཔལ་གྱིས་སྨྲས་པ། ཀླུའི་བདག་པོ་གཏོང་བ་ཕུན་སུམ་ཚོགས་པ་རྣམས་ཀྱི་སྤྱོད་

པའི་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་སེར་སྣ་ཅན་རྣམས་ཀྱི་སྤྱོད་པའི་སྟོང་པ་ཉིད་དེ། སྤྱོད་པ་མཉམ་པ་དེ་ནི་མི་སྤྱོད་པ་ལ་སྤྱོད་པ་ཞེས་བྱའོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་ཡང་དེ་བཞིན་ནོ། །ཤེས་རབ་དང་ལྡན་པ་
རྣམས་ཀྱི་སྤྱོད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་ཤེས་རབ་འཆལ་པ་རྣམས་ཀྱི་སྤྱོད་པའི་སྟོང་པ་ཉིད་དེ། སྤྱོད་པ་མཉམ་པ་དེ་ནི་མི་སྤྱོད་པ་ལ་སྤྱོད་པ་ཞེས་བྱའོ། །ཀླུའི་བདག་པོ་གཞན་ཡང་འདོད་ཆགས་ལ་སྤྱོད་པ་རྣམས་ཀྱི་སྤྱོད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་འདོད་
ཆགས་དང་བྲལ་བ་རྣམས་ཀྱི་སྤྱོད་པའི་སྟོང་པ་ཉིད་དེ། སྤྱོད་པ་མཉམ་པ་དེ་ནི་མི་སྤྱོད་པ་ལ་སྤྱོད་པ་ཞེས་བྱའོ། །ཞེ་སྡང་ལ་སྤྱོད་པ་རྣམས་དང་། གཏི་མུག་ལ་སྤྱོད་པ་རྣམས་ཀྱང་དེ་བཞིན་ནོ། །ཆ་མཉམ་པ་ལ་སྤྱོད་པ་རྣམས་ཀྱི་སྤྱོད་པའི་སྟོང་པ་ཉིད་གང་ཡིན་
པ་དེ་ཉིད་ཉོན་མོངས་པ་མེད་པ་རྣམས་ཀྱི་སྤྱོད་པའི་སྟོང་པ་ཉིད་དེ། སྤྱོད་པ་མཉམ་པ་དེ་ནི་མི་སྤྱོད་པ་ལ་སྤྱོད་པ་ཞེས་བྱའོ། །ཀླུའི་བདག་པོ་གཞན་ཡང་དེ་བཞིན་གཤེགས་པས་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གང་དག་
གསུངས་པ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གི་སྤྱོད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་འཕགས་པ་རྣམ་པར་གྲོལ་བའི་སྤྱོད་པའི་སྟོང་པ་ཉིད་དེ། སྤྱོད་པ་མཉམ་པ་དེ་ནི་མི་སྤྱོད་པ་ལ་སྤྱོད་པ་ཞེས་བྱའོ། །ཀླུའི་བདག་པོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སྤྱད་
པ་སྤྱོད་པ་ན་སྤྱོད་པ་དེ་ལ་མི་སྤྱོད་པས་སྤྱོད་དེ། སྤྱད་པ་སྤྱོད་པ་ན་སྤྱོད་པ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ཞིང་མངོན་པར་ཞེན་པ་མེད་པ་ལ་མི་རྟོག་ཅིང་རློམ་སེམས་སུ་མི་བྱེད་དེ། དེའི་ཕྱིར་མི་སྤྱོད་པ་ལ་སྤྱོད་པ་ཞེས་བྱའོ། །སྨྲས་པ། འཇམ་དཔལ་ཅིའི་
ཕྱིར་བྱང་ཆུབ་སེམས་དཔའ་མི་སྤྱོད་པ་ལ་སྤྱོད་པ་ཞེས་བྱ། སྨྲས་པ། ཀླུའི་བདག་པོ་གང་བྱང་ཆུབ་སེམས་དཔའི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་དགེ་བའི་སྤྱོད་པ་དང་། མི་སྐྱེ་བའི་སྤྱོད་པ་དང་། དངོས་པོ་མེད་པའི་སྤྱོད་པ་དང་།

གཟུང་བ་མེད་པའི་སྤྱོད་པ་དང་། ཀུན་གཞི་མེད་པའི་སྤྱོད་པ་དང་། ཉོན་མོངས་པ་མེད་པའི་སྤྱོད་པ་དང་། ངོ་བོ་ཉིད་མེད་པའི་སྤྱོད་པ་དང་། འབྱུང་བ་མེད་པའི་སྤྱོད་པ་དང་། རྒྱུ་བ་མེད་པའི་སྤྱོད་པ་དང་། གནས་པ་མེད་པའི་སྤྱོད་པ་དང་། ཡང་དག་པའི་སྤྱོད་
པ་དང་། ཆོ་གའི་སྤྱོད་པ་དང་། སྤྱོད་པ་དེ་ལྟ་བུ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་མི་སྤྱོད་པའི་སྤྱོད་པ་ལ་སྤྱོད་པའོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་སྤྱད་པ་ལ་སྤྱོད་པར་གྱུར་པ་ན་མཚན་ཉིད་མེད་པའི་རྗེས་སུ་སོང་ཞིང་རྒྱུ་བ་མེད་ལ་ཤེས་རབ་ལ་མོས་པས་རྣམ་
པར་གྲོལ་ཏེ། རྣམ་པར་གྲོལ་ནས་ཀྱང་གཉིས་སུ་མེད་པའི་མཐའ་ལས་ཀྱང་མི་འདའ་ལ་ཡང་དག་པའི་མཐའ་ཡང་མངོན་སུམ་དུ་འགྱུར་ཞིང་ཡང་དག་པའི་མཐའ་དེ་མངོན་དུ་བྱེད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་འཐོབ་བོ། །
དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཇི་ལྟ་བུ། སྨྲས་པ། གཟུགས་མི་སྐྱེ་བར་བཟོད་པ་རབ་ཏུ་ཐོབ་པ་ནི་མི་སྐྱེ་བ་ལ་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱའོ། །དེ་བཞིན་
དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མི་སྐྱེ་བར་བཟོད་པ་རབ་ཏུ་ཐོབ་པ་ནི་མི་སྐྱེ་བ་ལ་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་བར་དུ་མི་སྐྱེ་བར་བཟོད་པ་རབ་ཏུ་ཐོབ་པ་ནི་མི་སྐྱེ་བ་ལ་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱའོ། །ཀླུའི་བདག་
པོ་གཞན་ཡང་བྱང་ཆུབ་སེམས་དཔའ་མི་སྐྱེ་བ་ལ་བཟོད་པ་རབ་ཏུ་ཐོབ་པ་དེས་བཟོད་པ་རབ་ཏུ་འཐོབ་སྟེ། དེ་ནི་ཀུན་ཏུ་འགྲོ་བ་ཞེས་བྱའོ། །དེ་རབ་ཏུ་ཐོབ་པས་སེམས་ཅན་ཐམས་ཅད་བཟོད་པ་རབ་ཏུ་ཐོབ་པ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །ཀུན་ཏུ་འགྲོ་བ་ཡང་མི་
སྐྱེ་བ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །སེམས་ཅན་ཐམས་ཅད་ཀྱང་ངོ་བོ་ཉིད་དུ་མེད་པ་ཡང་དག་པར་རྗེས་སུ་མཐོང་ངོ་། །སེམས་ཅན་ཐམས་ཅད་མ་སྐྱེས་པ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །སེམས་ཅན་ཐམས་ཅད་དེའི་མཚན་ཉིད་དུ་ཡང་དག་པར་

རྗེས་སུ་མཐོང་ངོ་། །མཉམ་པ་ཉིད་ལས་གཞན་ཆོས་ཕྲ་རབ་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བཟོད་པ་དེ་ཡང་སྐད་ཅིག་པའོ། །ཅིས་སྐད་ཅིག་པ་ཞེ་ན། མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་ནས་ཡིད་དང་། ཆོས་དང་། ཡིད་ཀྱི་
རྣམ་པར་ཤེས་པའི་བར་གྱིས་སོ། །ཇི་ལྟར་མིག་ལ་སོགས་པ་སྐད་ཅིག་པ་དེ་བཞིན་དུ་སྔོན་གྱི་མཐའི་བཟོད་པ་ཡང་སྐད་ཅིག་པ། ཕྱི་མའི་མཐའ་དང་ད་ལྟར་བྱུང་བའི་བཟོད་པ་ཡང་སྐད་ཅིག་པའོ། །ཇི་ལྟར་དུས་གསུམ་གྱིས་བཟོད་པ་སྐད་ཅིག་པ་དེ་བཞིན་དུ་སེམས་ཅན་
ཐམས་ཅད་ཀྱང་སྐད་ཅིག་པའོ། །ཅིས་སྐད་ཅིག་པ་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་རྣམས་ཀྱིས་སྐད་ཅིག་པའོ། །ཇི་ལྟར་སེམས་ཅན་ཐམས་ཅད་སྐད་ཅིག་པ་དེ་ལྟར་ཕྱིན་ཅི་ལོག་གིས་ཉོན་མོངས་པ་སྐྱེ་བ་གང་ཡིན་པ་དེ་དག་ཀྱང་སྐད་
ཅིག་པའོ། །དེ་ལྟར་ཡེ་ཤེས་དང་ལྡན་པ་མི་སྐྱེ་བ་ལ་བཟོད་པ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་ལ་ཉེ་བར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ།
བདག་གི་ཉོན་མོངས་པ་ཇི་ལྟར་སྐད་ཅིག་པ་དང་། ཇི་ལྟར་གསོག་ཡིན་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡང་དེ་ལྟར་སྐད་ཅིག་པའོ། །དེ་ལྟར་གསོག་གོ། །རྣམ་པར་གྲོལ་བ་ལ་ནི་ཉོན་མོངས་པ་དེ་དག་གི་རྩ་བ་མེད་དོ། །སྟོབས་མེད་དོ། །གལ་
ཏེ་དེ་དག་ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་ན་ནི་སུ་ཡང་མྱ་ངན་ལས་འདའ་བར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་དེ་དག་ཤིན་ཏུ་རྣམ་པར་གྲོལ་བ་དེའི་ཕྱིར་དེ་དག་རྣམ་པར་གྲོལ་བའི་ངོ་བོ་ཉིད་དུ་གནས་སོ། །དེ་ལྟར་ཡེ་ཤེས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་སེམས་
ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་སྐྱོ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་བཅིངས་པ་མེད་པས་རང་བཞིན་གྱིས་རྣམ་པར་གྲོལ་བར་ཡང་དག་པར་རྗེས་སུ་མཐོང་བའི་ཕྱིར་རོ། །དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ནི་རང་བཞིན་གྱིས་ཤིན་ཏུ་

ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ལ། རང་བཞིན་གྱིས་རྣམ་པར་གྲོལ་བ་མ་ཡིན་ན་སྒྲོ་བཏགས་པའི་ཉོན་མོངས་པས་ཀུན་ནས་ཉོན་མོངས་སོ། །སེམས་ཅན་འདི་དག་ནི་རང་བཞིན་གྱིས་ཤིན་ཏུ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ལ་རང་བཞིན་གྱིས་རྣམ་
པར་གྲོལ་བ་ཡིན་ན་ཡང་དག་པ་མ་ཡིན་པ་ཡོངས་སུ་རྟོག་པས་ཀུན་ནས་ཉོན་མོངས་སོ། །སེམས་ཅན་འདི་དག་ནི་རང་བཞིན་གྱིས་ཤིན་ཏུ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ལ་རང་བཞིན་གྱིས་རྣམ་པར་གྲོལ་བ་ཡིན་ན། འདུ་ཤེས་དང་། སེམས་དང་། ཡིད་ལ་བྱེད་པས་
ཀུན་ནས་ཉོན་མོངས་སོ། །ཀླུའི་བདག་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཡུལ་ཡང་མཐོབ། སོ་སོའི་སྐྱེ་བོ་དང་། སློབ་པ་དང་། མི་སློབ་པ་དང་། རང་སངས་རྒྱས་ཀྱི་ཡུལ་ལ་ཡང་མི་གནས། ཡུལ་ཐམས་ཅད་ཀྱང་
སྤོང་། ཡུལ་ལ་འདོད་ཆགས་ཀྱིས་ཆགས་པའང་མེད། ཡུལ་ལ་ཞེ་སྡང་གིས་སྡང་བ་ཡང་མེད། ཡུལ་ལ་གཏི་མུག་གིས་རྨོངས་པ་ཡང་མེད་དོ། །ཡུལ་ལ་འདོད་ཆགས་དང་བྲལ་བ་ཐོབ་པ་ཡང་མ་ཡིན་ལ། འདོད་ཆགས་དང་བྲལ་བའི་མཐའ་ལ་ཡང་གནས་ཤིང་སེམས་
ཅན་ཡོངས་སུ་སྨིན་པར་བྱ་བ་དང་། རང་གི་ཡུལ་ལ་ཉོན་མོངས་པ་མེད་པར་ལོངས་སྤྱོད་པའི་ཕྱིར་ཡུལ་ཐམས་ཅད་ཀྱང་མི་སྤོང་ངོ་། །དེ་བདུད་ཀྱི་ཡུལ་ལ་ཡང་རྒྱུ་ཞིང་སངས་རྒྱས་ཀྱི་ཡུལ་གྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱང་མི་འདོར་རོ། །ཆོས་ཀྱི་དབྱིངས་ཀྱི་ཡུལ་ཡང་རྣམ་
པར་འཁྲུག་པར་མི་བྱེད་ལ་སེམས་ཅན་གྱི་ཁམས་ཀྱི་ཡུལ་ལ་ཡང་གནས་སོ། །ཆོས་ཐམས་ཅད་ཡུལ་མེད་ཅིང་ཡུལ་དང་བྲལ་བར་ཡང་རབ་ཏུ་ཤེས་ཤིང་ལས་ཀྱི་ཡུལ་ལ་ཡང་འཇུག་གོ། །ཤེས་རབ་ཀྱིས་ལས་མེད་ཅིང་ལས་ཀྱི་རྣམ་པར་སྨིན་པ་མེད་པར་ཡང་སོ་སོར་རྟོག་ལ་མངོན་
པར་འདུ་བྱེད་པའི་ཡུལ་ལ་ཡང་མངོན་པར་འདུ་བྱེད་དོ། །མངོན་པར་འདུ་མི་བྱེད་པའི་ཡུལ་ལ་ཡང་མི་འཇུག་ལ་བཏང་སྙོམས་པ་ཡང་མ་ཡིན་ནོ། །དགེ་བ་མངོན་པར་འདུ་བྱེད་པ་དང་། ཆོས་ཐམས་ཅད་མ་སྐྱེས་པར་ཡང་ཡང་དག་པར་རྗེས་སུ་མཐོང་ལ། འཕགས་པའི་སྐྱོན་

མེད་པ་ལ་འཇུག་པ་ཡང་མ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། ཀླུའི་རྒྱལ་པོ་མ་དྲོས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་འཕགས་པའི་སྐྱོན་མེད་པ་ལ་མི་འཇུག་ཅེས་དེ་སྐད་སྨྲ་ན། བྱང་ཆུབ་སེམས་
དཔའ་སྐྱོན་མེད་པ་ལ་འཇུག་པ་གང་ཡིན། སྨྲས་པ། ཀླུའི་བདག་པོ་ཕྱིར་མི་ལྡོག་པ་ལ་འཇུག་པའི་བྱང་ཆུབ་སེམས་དཔའ་ནི་སྐྱོན་མེད་པ་ལ་འཇུག་པའོ། །ཀླུའི་བདག་པོ་ཡིད་ལ་བྱེད་པ་ཐམས་ཅད་ལ་ངའི་བ་མེད་པར་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་ཀྱང་ངར་འཛིན་
པ་དང་། ང་ཡིར་འཛིན་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་བརྩོན་འགྲུས་རྩོམ་མོ། །སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ངར་འཛིན་པ་དང་། ང་ཡིར་འཛིན་པ་གང་ལས་རྣམ་པར་གྲོལ་ཏེ། ངར་འཛིན་པ་དང་། ང་ཡིར་འཛིན་པས་བཅིངས་པའི་
སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེད་པ་གང་ཡིན། སྨྲས་པ། ཕུང་པོ་ལྔར་སྒྲོ་བཏགས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ངར་འཛིན་པ་དང་། ང་ཡིར་འཛིན་པ་རབ་ཏུ་ཤེས་ཤིང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱིས་རློམ་སེམས་སུ་ཡང་མི་བྱེད་ལ། ཕུང་
པོ་དང་། ཁམས་དང་། སྐྱེ་མཆེད་ལ་གནས་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་བསམས་བཞིན་དུ་སྲིད་པའང་ལེན་ཏེ། དེ་སྐྱེ་ལ་འདུ་བྱེད་ཐམས་ཅད་མི་སྐྱེ་བར་ཡང་ཡང་དག་པར་རྗེས་སུ་མཐོང་། སྐྱེ་བ་དང་། མི་སྐྱེ་བའི་ཕྱིར་སྐྱེ་བ་དང་། མི་སྐྱེ་བ་ཐམས་ཅད་ཀྱང་ཡང་
དག་པར་རྗེས་སུ་མཐོང་ངོ་། །ཀླུའི་བདག་པོ་ཤེས་རབ་ཀྱིས་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་སྟེ། ཐབས་ཀྱིས་ཀྱང་ཞུགས་པས་སྲིད་པར་འགྲོ་བ་རྣམས་སུ་ཀུན་ཏུ་སྣང་ངོ་། །ཀླུའི་བདག་པོ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་
སྟེ། ཐབས་ཀྱིས་ཀྱང་ཞུགས་པས་ལྟ་བར་ལྷུང་བའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེད་དོ། །མཚན་མ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་སྟེ། ཐབས་ཀྱིས་ཀྱང་ཞུགས་པས་རྣམ་པར་རྟོག་པ་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་

སྐྱེད་དོ། །སྨོན་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་སྟེ། ཐབས་ཀྱིས་ཀྱང་ཞུགས་པས་སྨོན་ལམ་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེད་དོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་བདག་མེད་པའི་ཆོས་ལ་
ཡང་འཇུག་ལ་སེམས་ཅན་ཐམས་ཅད་ཀྱང་མི་རྟག་པ་ཉིད་དང་། སྲོག་མེད་པ་དང་། གང་ཟག་མེད་པ་ལ་ཡང་འཇུག་ལ་བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད་པ་དང་། འདུས་མ་བྱས་པའི་ཆོས་ལ་ཡང་འཇུག་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་
དགེ་བའི་རྩ་བ་ཡང་སོགས་པ་དང་། ཤིན་ཏུ་ཞི་ཞིང་ཉེ་བར་ཡང་ཞི་ལ་མ་རིག་པ་ཤིན་ཏུ་མ་ཞི་ཞིང་ཉེ་བར་ཞི་བ་ཡང་མ་ཞི་བ་དང་། བག་ལ་ཉལ་ཡང་དག་པར་འཇོམས་ལ་སྔོན་གྱི་དམ་བཅས་པ་ཡང་མི་འདོར་བ་དང་། སེམས་དང་། ཡིད་དང་། རྣམ་པར་ཤེས་
པ་དང་ཡང་བྲལ་ལ་ཐམས་ཅད་མཁྱེན་པའི་སེམས་ལ་ཡང་མཉམ་པར་གཞག་པ་དང་། ང་རྒྱལ་ཐམས་ཅད་ཀྱང་ཡང་དག་པར་འཇོམས་ལ་སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྟོགས་པ་ལ་ཡང་མཁས་པ་དང་། འཕགས་པའི་ཡོན་ཏན་ཡང་བརྗོད་ལ་འཕགས་པ་མ་
ཡིན་པའི་ཆོས་ལ་གནས་པར་ཡང་བརྩོན་པ་དང་། སྤྲོས་པ་ཡང་མེད་ལ་སྤྲོས་པ་ལ་ཡང་འཇུག་པ་དང་། ཉེ་བར་ཡང་ཞི་ལ་ཉེ་བར་མ་ཞི་བ་ཡང་ཡོངས་སུ་འཛིན་པ་དང་། མི་གཡོ་ཞིང་རྣམ་པར་མི་གཡོ་བ་ཡང་རྒྱུན་མི་གཅོད་ལ་སངས་རྒྱས་ཀྱི་ཞིང་གི་རྒྱན་རྣམ་པར་
བསྒྲུབ་པར་ཡང་ཉེ་བར་གནས་པ་ནི་ཀླུའི་བདག་པོ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་འཇིག་རྟེན་ལས་འདས་པ་སྟེ། འཇིག་རྟེན་ལས་ལྡོག་པ་ཡང་མ་ཡིན་པའོ། །ཀླུའི་བདག་པོ་དེ་ལྟར་གང་ཤེས་རབ་དང་། ཐབས་དང་ལྡན་པ་དང་འཕགས་པའི་ཏིང་ངེ་འཛིན་འདི་
ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའོ། །ཀླུའི་བདག་པོ་འདི་ལྟ་སྟེ། དཔེར་ན་ཉན་ཐོས་ཀྱི་སྐྱོན་མེད་པ་ལ་འཇུག་པ་ནི་ལོག་པར་མི་ལྟུང་བའི་ཆོས་ཏེ་རྒྱུན་དུ་ཞུགས་པ་ཞེས་བྱའོ། །ཀླུའི་བདག་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་

ནི་ལོག་པར་མི་ལྟུང་བའི་ཆོས་ཏེ་ཕྱིར་མི་ལྡོག་པ་ཞེས་བྱའོ། །ཀླུའི་བདག་པོ་ཉན་ཐོས་ཀྱི་སྐྱོན་མེད་པ་ལ་འཇུག་པ་ནི་མི་འདའ་བ་སྟེ། གདོན་མི་ཟ་བར་འབྲས་བུ་ཐོབ་པར་བྱེད་པའོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་ནི་འདའ་བ་སྟེ། ཉན་ཐོས་ཀྱི་
འབྲས་བུ་ཐོབ་པར་མི་བྱེད་ཀྱི་བྱང་ཆུབ་ཀྱི་སྙིང་པོའི་འབྲས་བུ་དང་ཉེ་བར་བྱེད་པའོ། །དེའི་ཕྱིར་ཉན་ཐོས་ཀྱི་སྐྱོན་མེད་པ་ནི་ཚད་དུ་བྱ་བའོ། །བྱང་ཆུབ་སེམས་དཔའི་ནི་ཚད་དུ་བྱ་བ་མ་ཡིན་པའོ། །ཀླུའི་བདག་པོ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་གཉིས་ཤིག་གཡང་ས་ཆེན་
པོར་ལྟུང་བ་ལས་དེ་ལ་སྐྱེས་བུ་གཅིག་ནི་འདི་འདྲ་བའི་སྟོབས་དང་། བརྩོན་འགྲུས་དང་། བརྟུལ་བ་དང་། ཐབས་དང་། སྔོན་གྱི་སྦྱོར་བ་དང་། རིགས་པ་དང་ལྡན་པར་གྱུར་པ་ཞིག་པས་ལྟུང་ཡང་བརྩོན་འགྲུས་ཆེན་པོའི་སྟོབས་ཀྱིས་གཡང་ས་ཆེན་པོ་དེ་ནས་དྲངས་
ནས་སླར་གཡང་ས་ཆེན་པོ་དེའི་ཁར་ཕྱིན་ཏེ་གནས་སོ། །ཅིག་ཤོས་ནི་སྟོབས་བསྐྱེད་པ་ཆུང་ལ་ཐབས་ལ་མི་མཁས་པས་ལྟུང་བ་དེ་བཞིན་དུ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ཡང་ཤེས་རབ་ཀྱི་སྟོབས་བསྐྱེད་པས་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་
མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པར་རྣམ་པར་ལྟ་ཞིང་ཉེ་བར་རྟོག་ལ་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ཆེན་པོས་ཡང་དག་པར་བཏང་བའི་ཐབས་ལ་མཁས་པས་ཡང་ཐམས་ཅད་མཁྱེན་པའི་སེམས་ལ་གནས་སོ། །ཉན་
ཐོས་ཀྱི་ཐེག་པ་ཅན་ནི་ཆོས་ལ་སོ་སོར་བརྟགས་ནས་འབྲས་བུ་མངོན་དུ་བྱེད་དོ། །ཀླུའི་བདག་པོ་གཡང་ས་ཆེན་པོ་ཞེས་བྱ་བ་དེ་ནི་འདུས་མ་བྱས་ཀྱི་ཆོས་ཀྱི་ཚིག་བླ་དགས་སོ། །བརྩོན་འགྲུས་ཀྱི་སྟོབས་དང་ལྡན་པའི་སྐྱེས་བུ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའི་ཚིག་བླ་དགས་
སོ། །གཡང་དུ་ལྷུང་ནས་སླར་བཟློག་མ་ནུས་པ་ཞེས་བྱ་བ་དེ་ནི་ཉན་ཐོས་ཀྱི་ཐེག་པ་ཅན་གྱི་ཚིག་བླ་དགས་སོ། །ཀླུའི་བདག་པོ་གང་དག་སྐྱོན་མེད་པ་འདི་ཐོས་པ་དེ་དག་ནི་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་ཞིང་བྱང་ཆུབ་སེམས་དཔའི་

སྐྱོན་མེད་པ་དང་ཡང་ཉེ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོའི་བུ་རྣམ་པར་འཕྲུལ་པ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཟང་ཟིང་མ་མཆིས་པའི་སེམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་རིང་དུ་གནས་པར་
བགྱི་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བའི་སླད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སེམས་ཀྱི་རང་བཞིན་གྱིས་བྱང་ཆུབ་ཀྱི་རང་བཞིན་དང་། བྱང་ཆུབ་ཀྱི་
རང་བཞིན་གྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་མངོན་པར་ཡང་དག་པར་ཁོང་དུ་ཆུད་པར་བགྱིས་ཏེ་རབ་ཏུ་བཤད་པར་བགྱིའོ། །བཅོམ་ལྡན་འདས་གང་དག་རྣམ་པར་དག་པའི་ལམ་གྱི་ཆོས་ཀྱི་སྒོའི་ལེའུ་འདི་མི་ཉན་པ་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ། །
དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ལ་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་ནི་འབྱུང་བའི་ལམ་ཐམས་ཅད་དུ་ངེས་པར་འབྱུང་བ་ལགས་པའི་སླད་དུའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཀླུའི་རྒྱལ་པོའི་བུ་རྣམ་པར་འཕྲུལ་པ་ལ་འདི་སྐད་
ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་གང་སེམས་ཀྱི་རང་བཞིན་གྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བྱ་བ་དེ་ལ་སེམས་ཀྱི་རང་བཞིན་དེ་གང་ཡིན། སྨྲས་པ། བཙུན་པ་རབ་འབྱོར་གྱི་རང་བཞིན་གང་ཡིན་པའི་རང་བཞིན་དེ་སེམས་ཀྱི་རང་བཞིན་ནོ། །སྨྲས་
པ། རབ་འབྱོར་གྱི་རང་བཞིན་ཇི་ལྟ་བུ། སྨྲས་པ། གང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རང་བཞིན་ནོ། །སྨྲས་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རང་བཞིན་ཇི་ལྟ་བུ། སྨྲས་པ། རྟོག་པ་དང་། རྣམ་པར་རྟོག་པའི་རང་བཞིན་ནོ། །
དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལ་ཇི་སྙམ་དུ་སེམས། རྟོག་པ་མེད་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེ་བར་འགྱུར་རམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། གང་མི་རྟོག་ཅིང་རྣམ་པར་མི་རྟོག་པ་དེ་མི་སྐྱེ་བའོ། །གང་མི་སྐྱེ་བ་དེ་རང་བཞིན་

ཏེ། འདི་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱི་རང་བཞིན་ནོ། །བཙུན་པ་རབ་འབྱོར་གྱིས་སེམས་ཀྱི་རང་བཞིན་ཞེས་བྱ་བ་དེ་གང་ཡིན་ཞེས་སྨྲས་པ་ལ་འོད་གསལ་བ་དེ་ནི་སེམས་ཀྱི་རང་བཞིན་ནོ། །གང་སེམས་ཀྱི་འོད་གསལ་བ་དེ་ལ་འདོད་ཆགས་
དང་། ཞེ་སྡང་དང་། གཏི་མུག་མེད་དོ། །སྨྲས་པ། རིགས་ཀྱི་བུ་ཉོན་མོངས་པ་གང་དག་སྐྱེ་བ་དེ་དག་སྐྱེ་བ་ན་གང་ལས་སྐྱེ། སྨྲས་པ། བཙུན་པ་རབ་འབྱོར་ཕྱིན་ཅི་ལོག་ལས་ཉོན་མོངས་པ་རྣམས་སྐྱེ་མོད་ཀྱི །སེམས་ཀྱི་རང་བཞིན་ནི་ནམ་ཡང་ཀུན་ནས་ཉོན་མོངས་
པ་མ་ཡིན་ནོ། །བཙུན་པ་རབ་འབྱོར་གལ་ཏེ་སེམས་ཀྱི་རང་བཞིན་ཀུན་ནས་ཉོན་མོངས་པ་ཅན་ཡིན་དུ་ཟིན་ན་ནི་གང་ཡང་ཤིན་ཏུ་རྣམ་པར་དག་པར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་སེམས་ཀྱི་རང་བཞིན་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དེའི་ཕྱིར་ཉོན་མོངས་པ་ཡོངས་
སུ་ཤེས་པས་རྣམ་པར་དག་པ་ཞེས་བྱའོ། །རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་ཇི་ལྟར་ན་ཉོན་མོངས་པ་རྣམས་ཡོངས་སུ་ཤེས་པ་གང་ཡིན། སྨྲས་པ། བཙུན་པ་རབ་འབྱོར་རྐྱེན་ཡོད་པར་གྱུར་ན་སྐྱེའི་རྐྱེན་མེད་ན་མི་སྐྱེ་བར་ཚུལ་བཞིན་ཡིད་ལ་བྱེད་པ་ནི་ཉོན་
མོངས་པ་རྣམས་ཡོངས་སུ་ཤེས་པའོ། །སྨྲས་པ། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་ལ་རབ་ཏུ་བརྩོན་པ་ཡིན། སྨྲས་པ། བཙུན་པ་རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སྦྱོར་བ་ཐམས་ཅད་དང་མི་ལྡན་པར་གནས་པ་དེའི་ཚེ་ཚུལ་བཞིན་ལ་
བརྩོན་པ་ཡིན་ནོ། །བཙུན་པ་རབ་འབྱོར་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་རྣམ་པར་གྲོལ་བའི་ཆོས་སྟོན་ཀྱང་རྣམ་པར་གྲོལ་བ་དེར་མི་ལྟུང་བ་འདི་ཡང་བྱང་ཆུབ་སེམས་དཔའི་ཚུལ་བཞིན་ལ་སྦྱོར་བའོ། །
བཙུན་པ་རབ་འབྱོར་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ཉོན་མོངས་པ་དབེན་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དབེན་པར་ཁོང་དུ་ཆུད་པ་དེ་ཡང་དེའི་ཚུལ་བཞིན་ལ་སྦྱོར་བའོ། །གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་

དཔའ་སྦྱོར་བ་ལ་སྦྱོར་བ་མ་ཡིན་པ་དང་། སྦྱོར་བ་མ་ཡིན་པ་ལ་སྦྱོར་བར་མཐོང་བ་དེ་ཡང་བྱང་ཆུབ་སེམས་དཔའི་ཚུལ་བཞིན་ལ་སྦྱོར་བའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཀླུའི་རྒྱལ་པོའི་བུ་རྣམ་པར་འཕྲུལ་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་
ཀྱི་བུ་བྱང་ཆུབ་སེམས་དཔའི་སྦྱོར་བ་ལ་སྦྱོར་བ་མ་ཡིན་པ་དང་། སྦྱོར་བ་མ་ཡིན་པ་ལ་སྦྱོར་བར་མཐོང་བ་ཇི་ལྟ་བུ། སྨྲས་པ། བཙུན་པ་རབ་འབྱོར་ཆོས་ཀྱི་དབྱིངས་གཉིས་སུ་མེད་པའི་ཚུལ་གྱིས་གང་མིག་དང་། གཟུགས་ནས་ཡིད་དང་ཆོས་ཀྱི་བར་དེ་དག་ནི་སྦྱོར་བ་
མ་ཡིན་པར་བལྟའོ། །སྦྱོར་བ་མ་ཡིན་པ་ཞེས་བྱ་བ་ནི་ཁམས་གསུམ་དུ་ཉིང་མཚམས་མི་སྦྱོར་བ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཐབས་ཀྱིས་ཉིང་མཚམས་སྦྱོར་བ་དེ་ནི་སྦྱོར་བ་ཞེས་བྱའོ། །བཙུན་པ་རབ་འབྱོར་དེ་ལྟར་རབ་ཏུ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི་ཚུལ་
བཞིན་ལ་རབ་ཏུ་བརྩོན་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོའི་བུ་དེ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། སྐྱེས་བུ་དམ་པ་ཁྱོད་ཀྱིས་ཇི་ལྟར་ས