Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 058_མདོ་སྡེ།_ཕ

Văn bản gốc(Tây Tạng)

Trang 1 / 20 (50.000 ký tự/trang)
༄༅། །མདོ་སྡེ་ཕ་བཞུགས་སོ། །

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སཱ་ག་ར་མ་ཏི་པ་རི་པྲྀཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་
པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་དེ་བཞིན་གཤེགས་
པའི་སྤྱོད་ཡུལ་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་དེ་བཞིན་གཤེགས་པའི་གནས། བསོད་ནམས་ཆེན་པོའི་རྒྱན་གྱི་ཚོགས་བསགས་པ། སྤྱོད་པ་ཆེན་པོའི་རྒྱུ་འཐུན་པ། སངས་རྒྱས་
ཀྱི་ཆོས་ཐམས་ཅད་ཀྱི་རྣམ་པར་སྨིན་པས་མངོན་པར་གྲུབ་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་གནས། བསྟན་པ་མཐའ་ཡས་པ། དེ་བཞིན་གཤེགས་པས་རྣམ་པར་སྤྲུལ་པས་བྱིན་
གྱིས་བརླབས་པ། ཆགས་པ་མེད་པའི་སྤྱོད་ཡུལ་གྱི་ཡེ་ཤེས་ལ་འཇུག་པ། དགའ་བ་རྒྱ་ཆེན་པོ་བསྐྱེད་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པས་འཇུག་པ། ཀུན་ནས་མ་སྨད་པ།

ཡེ་ཤེས་ཀྱིས་རྣམ་པར་དཔྱད་པ་དེ་ལ་མ་ཆགས་པར་རྟོགས་པས་འཇུག་པ། བསྐལ་པ་མུ་མེད་པར་མངོན་པར་བསྟོད་པ། ཡོན་ཏན་གྱི་ཚོགས་ཐམས་ཅད་དཔག་ཏུ་མེད་པ་ན་བཞུགས་ཏེ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མཉམ་པ་
ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས། ཆོས་ཀྱི་འཁོར་ལོ་ནི་ཤིན་ཏུ་བསྐོར། སློབ་མ་ཤིན་ཏུ་དུལ་བ་མཐའ་ཡས་པའི་ཚོགས་ནི་མངའ། ཆོས་ཐམས་ཅད་ལ་མངའ་དབང་ནི་བརྙེས། སེམས་ཅན་ཐམས་ཅད་ཀྱི་བསམ་པ་སྒྲུབ་པ་ནི་ལེགས་པར་མཁྱེན། དབང་
པོའི་དམ་པའི་ཕ་རོལ་ཏུ་ཕྱིན་པ་ནི་བརྙེས། བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པ་ལ་ནི་མཁས། སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ནི་རྒྱུན་མ་ཆད་ཅིང་། དགེ་སློང་འབུམ་ཕྲག་དྲུག་ཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་སྟེ།
ཐམས་ཅད་ཀྱང་ཅང་ཤེས་ཀྱི་སེམས་དང་ལྡན་པ། ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པ་ལ་བརྩོན་པ། ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པའི་སྲས། ཆོས་ཟབ་མོ་ལ་གནས་པ། དམིགས་པ་མེད་པའི་ཆོས་
ཀྱིས་ངེས་པར་བྱུང་བ། སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པ། སྦྱིན་གནས་ཆེན་པོར་གྱུར་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་གོ །བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་
པ་མེད་པའི་བྱང་ཆུབ་སེམས་དཔའི་བཟོད་པ་རབ་ཏུ་ཐོབ་པ། དབང་བསྐུར་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ས་ལ་ཞུགས་པ། མངོན་པར་འདུ་བྱེད་པ་མེད་པའི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པས་རྣམ་པར་རྩེན་པ། བྱང་ཆུབ་སེམས་དཔའི་གཟུངས་

མི་ཟད་པའི་ཟ་མ་ཏོག་རབ་ཏུ་ཐོབ་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་ལ་དབང་ཐོབ་པ། བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་རྗེས་སུ་ཐོབ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལྷུན་གྱིས་གྲུབ་
པས་ངེས་པར་བྱུང་བ་བཀོད་པའི་རྒྱན་གྱི་ལྷག་པའི་བསམ་པ་ལ་ཤིན་ཏུ་གནས་པ། ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། དཔག་ཏུ་མེད་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཛོད་མི་ཟད་
པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཚད་མེད་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་མཐའ་ཡས་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་པ་མེད་པའི་བསམ་གཏན་པ་ཞེས་
བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་གོང་ན་མེད་ཅེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བློ་གྲོས་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱུན་མི་འཆད་པ་ཞེས་བྱ་བ་དང་།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆགས་པ་མེད་པའི་མི་འཇིགས་པ་བརྩེགས་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ངེས་པར་བརྟགས་ཏེ་བལྟ་བ་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། དཔག་ཏུ་མེད་པ་དག་དང་ཡང་ཐབས་ཅིག་གོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པས་ངེས་པར་འབྱུང་བ་སྒྲིབ་པ་མེད་པའི་སྒོ་བྱང་ཆུབ་སེམས་
དཔའི་ལམ་བཀོད་པ་ལ་དམིགས་པ། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་འགྲུབ་པའི་ཡེ་ཤེས་ཀྱི་འབྱུང་གནས་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་གཟུངས་ཀྱི་ཕྱག་རྒྱའི་སྒོར་འཇུག་པ། སོ་སོ་ཡང་དག་པར་རིག་པས་རྣམ་པར་གདོན་

མི་ཟ་བ་ལ་འཇུག་པའི་སྒོ། མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་ལ་འབབ་པས་འཇུག་པ་ཕྱིར་མི་ལྡོག་པའི་འཁོར་ལོ་ཕྱིར་མི་ལྡོག་པ་སྟོན་པ། ཐེག་པ་ཐམས་ཅད་མཉམ་པ་ཉིད་དུ་ཡང་དག་པར་འདུ་བ། ཆོས་ཀྱི་དབྱིངས་འདྲེས་པ་མེད་དེ་ཚུལ་
གཅིག་པ་རབ་ཏུ་དབྱེ་བ་ལ་འཇུག་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་དབང་པོའི་ཚུལ་ལ་འཇུག་པ་སྟོན་པ། སྙིང་པོ་དང་ལྡན་པ། ཆོས་རྣམ་པར་གདོན་མི་ཟ་བ་དང་། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པ། ཚུལ་བཞིན་དུ་ཆོས་ཀྱི་ཚུལ་ལ་འབབ་
ཅིང་འཇུག་པ། ཉོན་མོངས་པ་དང་ལྟ་བར་གྱུར་པ་ཐམས་ཅད་འདུལ་བ། ཆགས་པ་མེད་པའི་ཡེ་ཤེས་ལ་འཇུག་པ། ཀུན་ཏུ་བསྔོ་བའི་ཐབས་ལ་མཁས་པ་ཤེས་པ་སྟོན་པ། སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་འཇུག་པ། ཆགས་པ་མེད་པའི་བྱིན་
གྱི་རླབས་ཀྱི་སྒོ་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྣམ་པར་གདོན་མི་ཟ་བ་སྟོན་པ། མི་རྟོག་ཅིང་རྣམ་པར་མི་རྟོག་སྟེ། མཉམ་པ་ཉིད་དུ་འཇུག་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་རྟོགས་པར་བྱེད་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་སོགས་པ། སངས་
རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་ཀྱི་རྒྱན་དང་ལྡན་པ། དྲན་པ་དང་། བློ་གྲོས་དང་། རྟོག་པ་དང་། མོས་པ་དང་། ཤེས་རབ་མི་ཟད་པ་མངོན་པར་སྒྲུབ་པ། ཉན་ཐོས་ཀྱི་ཐེག་པས་འདུལ་བའི་ཕྱིར་འཕགས་པའི་བདེན་པའི་ཚུལ་ལ་འཇུག་པ། རང་སངས་རྒྱས་
ཀྱི་ཐེག་པས་འདུལ་བའི་ཕྱིར་ལུས་དང་སེམས་རབ་ཏུ་དབེན་པར་ཤེས་པ། ཐེག་པ་ཆེན་པོས་འདུལ་བའི་ཕྱིར་ཐམས་ཅད་མཁྱེན་པར་དབང་བསྐུར་བ་རབ་ཏུ་ཐོབ་པ། ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཚུལ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པའི་ཡོན་ཏན་
བརྗོད་པའི་ཕྱིར་གསུང་ངོ་། །སྟོན་ཏོ། །རབ་ཏུ་འཆད་དོ། །འཛིན་དུ་འཇུག་གོ། །ཀློག་ཏུ་འཇུག་གོ། །ཤེས་པར་མཛད་དོ། །རྣམ་པར་ཤེས་པར་མཛད་དོ། །རབ་ཏུ་ཤེས་པར་མཛད་དོ། །རབ་ཏུ་འགོད་དོ། །རྣམ་པར་འབྱེད་དོ། །རྣམ་པར་འགྲེལ་ཏོ། །གསལ་བར་

མཛད་དོ། །ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་ཤིན་ཏུ་རྣམ་པར་ངེས་པ་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འོག་ཏུ་སའི་
སྟེང་ནས་བཟུང་བ་ཡན་ཅད་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཀྱི་གཞི་ལ་ཐུག་པའི་བར་དག་ཏུ་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟར་ཀུན་ཏུ་སྣང་སྟེ། འདི་ལྟ་སྟེ་དཔེར་ན། བསྲེག་པའི་བསྐལ་པ་འདས་ནས་ཆགས་པ་འབྱུང་བའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་
ཐམས་ཅད་ཆུས་ཡོངས་སུ་གང་བར་འགྱུར་ཏེ། ཆུའི་དཀྱིལ་འཁོར་གྱིས་ཡོངས་སུ་འཁོར་བ་དེ་བཞིན་དུ། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟ་བུར་གནས་པར་ཀུན་ཏུ་སྣང་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་
འཇིག་རྟེན་གྱི་ཁམས་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ལ་ཡང་སྒྲིབ་པ་མེད་པར་ཀུན་ཏུ་སྣང་ངོ་། །འཛམ་བུའི་གླིང་རྣམས་དང་། གླིང་བཞི་པ་ཆེན་པོ་རྣམས་དང་། རྒྱ་མཚོ་ཆེན་པོ་རྣམས་དང་།
རི་རབ་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལ་ཡང་སྔོན་ཇི་ལྟར་ཕྱིས་ཀྱང་དེ་བཞིན་དུ་སྒྲིབ་པ་ཅི་ཡང་མེད་པར་དེ་ཁོ་ན་བཞིན་དུ་ཀུན་དུ་སྣང་ངོ་། །ཆུའི་ཕུང་པོ་དེ་ལས་ཀྱང་པད་མ་ཆུ་བ་ནི་བཻ་དཱུརྱ། སྡོང་བུ་ནི་ཨན་ད་རྙིལ། ལོ་མ་ནི་འཛམ་བུའི་ཆུ་བོའི་གསེར། ཟེ་བ་ནི་དཔལ་
གྱི་སྙིང་པོ། སྙིང་པོ་ནི་རྡོའི་སྙིང་པོ་ལས་གྲུབ་པ། མུ་ཏིག་གི་དྲ་བས་ནི་ཁེབས་པར་བྱས་པ། འདབ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྡན་པ། ཚད་ནི་རྒྱང་གྲགས་ཀྱི་ཁྱོན་ཙམ་ཡོད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་བྱུང་སྟེ། དེ་དག་རིན་པོ་ཆེའི་བཀོད་པའི་འཁོར་གྱི་ཁྱམས་ཀྱི་གཞི་
ལས་ཐལ་ནས་ཤིང་ཏ་ལའི་སྲིད་དུ་འཕགས་ཏེ། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡང་དེའི་ཚེ་པད་མ་ལ་འཁོད་པར་ཀུན་ཏུ་སྣང་ངོ་། །པད་མ་དེ་དག་ལས་ཀྱང་འོད་གང་དག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་དག་སྣང་བ་ཆེན་པོས་ཁྱབ་པར་གྱུར་པའི་འོད་

དེ་ལྟ་བུ་དག་བྱུང་ངོ་། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས་ཇི་ལྟར་སྔ་ལྟས་འདི་དག་ཀུན་ཏུ་སྣང་བ་ལས་ན། ཀྱེ་མའོ་འདི་ནི་ཆོས་བསྟན་པ་ཆེན་པོར་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
བྱམས་པས་ཆོ་འཕྲུལ་ཆེན་པོ་དེ་མཐོང་ནས་པད་མའི་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་པད་མའི་སྙིང་པོ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆབ་ཀྱིས་ཡོངས་སུ་གཏམས་པའི་རྒྱ་མཚོ་གཅིག་ལྟ་བུར་ཀུན་ཏུ་གདའ་བ་དང་། པད་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་མངོན་པར་བྱུང་བ་འདི་དག་དང་། བཅོམ་ལྡན་འདས་སྔོན་མ་མཐོང་མ་ཐོས་
པའི་ཆོ་འཕྲུལ་རྒྱ་ཆེན་པོ་འདི་དག་ཀུན་ཏུ་གདའ་བ་འདི་དག་སུའི་སྔ་ལྟས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་འོག་གི་ཕྱོགས་ལོགས་སུ་སངས་རྒྱས་
ཀྱི་ཞིང་འདི་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེ་དྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་རྒྱ་མཚོའི་མཆོག་མངའ་བའི་བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ཡོད་དེ། །སངས་རྒྱས་ཀྱི་ཞིང་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་
ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དག་དང་ལྷན་ཅིག་ཏུ་ང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་བསྟན་པ་འདི་ལས་གཏམ་གྱི་རྒྱུད་འགའ་ཞིག་དྲི་བའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོང་བར་འགྱུར་ཏེ།

འདི་ནི་དེའི་སྔ་ལྟས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ཐག་རིང་པོ་དེ་སྲིད་ཅིག་ན་མཆིས་ཤིང་ཆོས་ཀྱི་རྣམ་གྲངས་འདི་ཉན་ལགས་སམ།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཇི་ལྟར་ངའི་མདུན་ན་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ཡང་འཇིག་རྟེན་གྱི་ཁམས་དེ་ན་འདུག་ཅིང་ཆོས་ཀྱི་རྣམ་གྲངས་འདི་ཉན་ཏོ། །ཤཱ་རིའི་བུ་ཁྱོད་ཀྱིས་ཇི་
ལྟར་ང་དང་ཐམས་ཅད་དང་ལྡན་པའི་འཁོར་འདི་མཐོང་བདེ་བཞིན་དུ། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་ཀྱང་ང་དང་ཐམས་ཅད་དང་ལྡན་པའི་འཁོར་འདི་མཐོང་ངོ་། །གསོལ་པ། བཅོམ་ལྡན་འདས་ཀྱེ་མའོ་ཅི་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་རྣམས་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་སྟོབས་འདི་བསམ་གྱིས་མི་ཁྱབ་སྟེ། འདི་ལྟར་ཐག་རིང་པོ་དེ་སྲིད་ན་མཆིས་ཀྱང་མིག་གིས་གཟུགས་མཐོང་བ་ལ་སྒྲིབ་པ་མ་མཆིས་ཤིང་རྣ་བས་སྒྲ་ཐོས་པ་ལ་སྒྲིབ་པ་མ་མཆིས་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་བསམ་གྱིས་མི་ཁྱབ་པ་འདི་ཐོས་ནས་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་བསྐྱེད། གནས་བརྟན་ཤཱ་རིའི་བུས་བསྟན་པ་འདི་བཤད་པའི་ཚེ་ལྷའི་བུ་ཉི་ཁྲི་བཞི་སྟོང་
གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དག་གིས་ཀུན་ནས་བསྐོར་ཏེ་མདུན་དུ་བདར་ནས་ལྷན་ཅིག་ཏུ།
བཅོམ་ལྡན་འདས་རྒྱ་མཚོའི་མཆོག་མངའ་བའི་བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པའི་དེ་བཞིན་གཤེགས་པ་དེ་ལ་གསོལ་ནས། བཅོམ་ལྡན་འདས་དེས་གནང་སྟེ། སངས་རྒྱས་རྣམ་པར་རོལ་པའི་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། མངོན་པར་འདུ་

བྱ་བ་མེད་པའི་རྫུ་འཕྲུལ་དང་། སེམས་གཅིག་གིས་ཐོབ་པའི་དྲན་པས་མིག་ཕྱེ་བ་ཙམ་གྱིས་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེའི་དྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་དེ་ནས་མི་སྣང་བར་གྱུར་ནས། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་
ཏེ། རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཀྱི་གཞི་ལས་ཐལ་ནས་ཤིང་ཏ་ལ་བདུན་ཙམ་དུ་མངོན་པར་འཕགས་ཏེ་པད་མའི་སྙིང་པོ་ལ་འདུག་པར་ཀུན་ཏུ་སྣང་ངོ་། །དེ་ལས་གཞན་པའི་པད་མའི་སྙིང་པོ་རྣམས་ལ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འཁོད་པར་ཀུན་
ཏུ་སྣང་ངོ་། །འོག་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་དག་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་གྲངས་མེད་དཔག་ཏུ་མེད་པ་དག་ཆོས་ཉན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོའི་ཕྱི་བཞིན་དུ་འབྲང་བར་གྱུར་ཏོ། །
དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མ་ལ་འཁོད་པ་དག་གིས་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཤིན་ཏུ་རྒྱས་པས་མཛེས་ཏེ། ལྷམ་མེ། ལྷན་ནེ། ལྷང་ངེའོ། །དེ་ན་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་
མཚར་དུ་གྱུར་ཏེ། དགའ་བ་དང་། དང་བ་དང་། རབ་ཏུ་དགའ་བ་ཐོབ་ནས་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ལ་ཕྱག་འཚལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེ་དྲི་མ་དང་བྲལ་བ་དཔག་
ཏུ་མེད་པ་བཀོད་པས་བརྒྱན་པ་ན་ཡོད་པའི་མེ་ཏོག་མྱ་ངན་མེད་ཅིང་ཡིད་དུ་འོང་བ་མཐོང་ན་དགའ་བ་ཞེས་བྱ་བ་འདབ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྡན་པ། ཚད་རྒྱང་གྲགས་ཀྱི་ཁྱོན་ཙམ་ཡོད་པ་དེ་བཞིན་གཤེགས་པ་ལ་མཆོད་པར་འོས་པ། བྱང་ཆུབ་སེམས་དཔའི་
བསམ་པས་རྣམ་པར་དག་པ་སྔོན་གྱི་དགེ་བའི་རྩ་བས་ཡོངས་སུ་སྦྱངས་པ། རྣམ་པར་བཀྲ་བ། མིག་ཏུ་སྡུག་པ། འཁོར་ཐམས་ཅད་ཚིམ་པར་བྱེད་པ་ཀུན་ནས་འོད་དང་ལྡན་པ་ཀུན་ནས་ཤིན་ཏུ་ཡིད་དུ་འོང་བའི་དྲི་དང་ལྡན་པའི་མེ་ཏོག་དེ་འདྲ་བ་དག་མཆོད་པའི་ལས་ཀྱི་ཕྱིར་

བཅོམ་ལྡན་འདས་ཀྱི་སྤྱན་སྔར་མེ་ཏོག་གི་ཆར་ཆེན་པོ་མངོན་པར་ཕབ་སྟེ། མེ་ཏོག་གི་ཆར་དེས་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་སུ་མི་བདུན་གྱི་འཕང་ཙམ་གྱི་མེ་ཏོག་དགྲམ་པ་བཀྲམ་པར་གྱུར་ཏོ། །རབ་ཏུ་དབེན་པའི་བསམ་གཏན་གྱི་ཟས་ཞེས་བྱ་བའི་སིལ་སྙན་
ཡང་བསྒྲགས་ཏེ། སིལ་སྙན་གྱི་སྒྲ་དེས་ཐམས་ཅད་དང་ལྡན་པའི་འཁོར་དེ་བསམ་གཏན་ལ་སྙོམས་པར་ཞུགས་པ་བཞིན་དུ་བདག་བདེ་བས་ཚིམ་པར་ཤེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་བཅོམ་ལྡན་འདས་ལ་མཆོད་པ་འདི་ལྟ་བུ་འདི་
བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་འདུག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
རྒྱ་མཚོའི་མཆོག་མངའ་བའི་བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པ་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཏོ། །བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་སླར་རང་རང་གི་སྟན་ལ་འཁོད་དོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ་ཞེས་བྱ་བ་མྱ་
ངན་མེད་པའི་གླིང་བཞི་པ་ཆེན་པོ་ན་གནས་པ། ཚངས་པའི་འཇིག་རྟེན་ན་འདུག་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟ་བུ་ཡང་མཐོང་། པད་མ་རྣམ་པར་བཀྲ་བ། བལྟ་ན་སྡུག་པ། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་མངོན་
པར་བྱུང་བ་ཡང་མཐོང་། རིན་པོ་ཆེ་བཀོད་པ་འཁོར་གྱི་ཁྱམས་བྱང་ཆུབ་སེམས་དཔས་གང་བ་ཡང་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། བསྲེག་པའི་བསྐལ་པ་ནི་མ་བྱུང་ན་ཆུས་འཇིག་པ་འདི་བྱུང་སྟེ། འདི་ལྟ་བུའི་ཆོ་འཕྲུལ་འདི་དག་ཀུན་ཏུ་སྣང་བ་འདི་ལ་རྒྱུ་

ཅི་ཡོད། བདག་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཆེན་པོ་འཇིག་རྟེན་དུ་བྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས་ཞེས་ཞུའོ་སྙམ་མོ། །དེ་ནས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ།
ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱིས་ཡོངས་སུ་བསྐོར་ཏེ། མདུན་དུ་བདར་ནས་ལྷན་ཅིག་ཏུ་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཏེ། རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྟེང་གི་བར་སྣང་ལ་འདུག་སྟེ། ལུས་
བཏུད་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ཅི་ལགས། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
འདི་ཆབ་ཀྱིས་ཡོངས་སུ་གཏམས་པའི་རྒྱ་མཚོ་གཅིག་ལྟ་བུར་ཀུན་ཏུ་གདའ་བ་དང་། པད་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འདི་སྙེད་ཅིག་བྱུང་བ་འདི་དང་། དེ་དག་ལ་ཡང་སྐྱེས་བུ་དམ་པ་དག་མཆིས་པ་འདི་ལྟ་བུ་ཀུན་ཏུ་གདའ་ཡང་བཅོམ་ལྡན་
འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ལ་ཡང་སྒྲིབ་པ་མ་མཆིས་པར་ཀུན་ཏུ་གདའ་བ་དང་། འཛམ་བུའི་གླིང་རྣམས་དང་། གླིང་བཞི་པ་ཆེན་པོ་རྣམས་
དང་། རྒྱ་མཚོ་རྣམས་དང་། རི་རབ་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལ་ཡང་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་དུ་སྒྲིབ་པ་ཅི་ཡང་མ་མཆིས་པར་དེ་ཁོ་ན་བཞིན་དུ་ཀུན་ཏུ་གདའ་བ་དེ་ལ། བཅོམ་ལྡན་འདས་འདི་སུའི་བྱིན་གྱི་རླབས་ཀྱིས་གྱུར་སྙམ་དུ་བདག་
ངོ་མཚར་ཆེར་གྱུར་ན་འདི་སུའི་སྔ་ལྟས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་འདི་ནི་བཅོམ་ལྡན་འདས། དེ་བཞིན་གཤེགས་པ་རྒྱ་མཚོ་མཆོག་མངའ་བའི་

བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེ་དྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དག་དང་ལྷན་ཅིག་ཏུ་ང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་ལས་གཏམ་གྱི་རྒྱུད་འགའ་ཞིག་ཡོངས་སུ་དྲི་བའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་
འོང་བ་ཡིན་ཏེ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆུས་ཡོངས་སུ་གང་བར་ཀུན་ཏུ་སྣང་བ་འདི་ལྟ་བུ་འདི་ནི་དེའི་རྣམ་པར་སྤྲུལ་པའི་བྱིན་གྱིས་རླབས་སོ། །གསོལ་པ། བཅོམ་ལྡན་འདས་ད་དུང་ཡང་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་
འཆང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་དེ་བཞིན་གཤེགས་པའི་སྤོབས་པ་ལ་ནི། རྒྱུན་ཆད་པ་ཆུང་ཟད་ཀྱང་མེད་དེ། གང་གི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཅང་མི་གསུང་བར་གྱུར་པ་མཐོང་བ་དེའི་ཚེ་ན་ཡང་། ད་ནི་ཕྱོགས་བཅུའི་འཇིག་རྟེན་
གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་རྣམ་པར་ངེས་པའི་གཏམ་ཡང་དག་པར་རབ་ཏུ་སྟོན་ཏེ། ཚངས་པ་སངས་རྒྱས་ཀྱི་ཡུལ་ནི་དེ་ལྟར་བསམ་གྱིས་མི་ཁྱབ་བོ། །གསོལ་པ། བཅོམ་ལྡན་འདས་གང་འདི་ལྟ་བུ་འདི་རྣམ་པར་སྤྲུལ་པའི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བགྱི་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཁྱོད་ཀྱིས་པད་མ་དཔག་ཚད་བཅུའི་ཁྱོན་ཙམ་ཡོད་པ་དེའི་དཀྱིལ་ན་པད་མའི་སྙིང་པོ་ལ་རིན་པོ་ཆེ་བཀོད་པའི་སེང་གེའི་ཁྲི་འཕང་དུ་
ཤིང་ཏ་ལ་བདུན་ཙམ་པ་སྲོག་ཆགས་བྱེ་བ་ཕྲག་མང་པོས་ཕྱག་བྱས་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཁྱོད་ཀྱིས་སེང་གེའི་ཁྲི་དེ་ལ་བྱང་ཆུབ་སེམས་དཔའ་ལུས་གསེར་གྱི་ཁ་དོག་ཏུ་

འདུག་པ། ལུས་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ་འདུག་སྟེ། གང་དེ་བཞིན་གཤེགས་པའི་སྐུ་མ་གཏོགས་པར་གཞན་བྱང་ཆུབ་སེམས་དཔའི་ལུས་ཟིལ་གྱིས་མནན་ནས་འདུག་པ། བྱང་ཆུབ་སེམས་དཔའ་མང་པོས་ཕྱག་བྱས་
པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བྱ་བ་སྟེ། འདི་ནི་དེའི་རྣམ་པར་སྤྲུལ་པའོ། །དེ་ནས་ཚངས་པ་སྙིང་རྗེ་ཆེན་
པོ་སེམས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་ཕྱག་འཚལ་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱང་རྫུ་འཕྲུལ་གྱི་ཆོ་འཕྲུལ་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག །གང་དག་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོའི་
མིང་ཐོས་པའི་སེམས་ཅན་དེ་དག་ནི་རྙེད་པ་ལེགས་པར་རྙེད་པ་ལགས་སོ། །བཅོམ་ལྡན་འདས་བདག་གིས་ཀྱང་སྐྱེས་བུ་དམ་པ་འདིའི་མིང་ཐོས་ཤིང་གཟུགས་ཀྱི་ལུས་ཀྱང་མཐོང་བས་བདག་གིས་ཀྱང་རྙེད་པ་ལེགས་པར་རྙེད་དོ། །བཅོམ་ལྡན་འདས་འདུས་པ་ཆེན་པོའི་ལེའུའི་
ཆོས་ཀྱི་རྣམ་གྲངས་འདི་ཡུན་ཇི་སྲིད་ཅིག་ཏུ་འཆད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཇི་སྲིད་དུ་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་གནས་པ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བྱང་ཆུབ་སེམས་དཔའ་འདི་དག་ཆོས་ཀྱི་
རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། ཡང་དག་པར་རབ་ཏུ་སྟོན་པ་དང་། རྒྱས་པར་བྱེད་ཀྱི་བར་དུའོ། །དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་འདིའི་ནང་དུ་འདུས་པའི་
ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་འཁོར་ཐམས་ཅད་རྒྱ་ཆེར་ཡང་དག་པར་རབ་ཏུ་དགའ་བར་བྱ་བ་དང་། ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ་འདུན་པར་བྱ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་བརྒྱན་པར་བྱ་བ་དང་། བདག

ཉིད་ཀྱི་ཤེས་རབ་ཀྱི་དང་། སྤོབས་པའི་སྟོབས་ཉེ་བར་བསྟན་པའི་ཕྱིར་པད་མ་དང་ལྷན་ཅིག་སེང་གེའི་ཁྲི་དང་ལྷན་ཅིག་ཏུ་སྟེང་གི་བར་སྣང་ལ་ཤིང་ཏ་ལ་བདུན་སྲིད་ཙམ་ན་འདུག་སྟེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཁྲག་ཁྲིག་སངས་རྒྱས་ཞིང་རྡུལ་སྙེད་ཀྱི་ཞིང་
རྣམས་འདས་པའི་འོག་ལོགས་ན། །རྫོགས་པའི་བྱང་ཆུབ་སེམས་དཔའ་གནས་ཞིང་ཡོན་ཏན་ཀུན་ལྡན་རབ་མཛེས་པ། །དེ་ན་འདྲེན་པའི་བསྟན་པ་རྒྱ་མཚོས་བློ་ཐུགས་མཚུངས་པ་མེད་བཞུགས་ཏེ། །དེར་ནི་བདག་གིས་ཐུབ་པའི་ཆོས་ཐོས་གྱུར་ཏེ་ཐོས་ནས་དེ་བཞིན་
བཟུང་། །བདག་ནི་སྟོབས་བཅུ་ལྡན་ལ་བལྟ་བར་བགྱི་དང་དེ་བཞིན་ཕྱག་བགྱི་དང་། །བྱང་ཆུབ་སེམས་དཔའ་ཁྱུ་མཆོག་འདི་རྣམས་ཕན་ཚུན་དྲི་སླད་འདིར་མཆིས་ཏེ། །སྐྱོབ་ལ་ཕྱག་བགྱི་བས་ནི་ཆོས་རྒྱལ་མཚུངས་མེད་ཁྱོད་ལ་འདིར་ཕྱག་འཚལ། །སངས་རྒྱས་མཆོད་པ་
གང་ལགས་རྒྱ་ཆེན་ཤིན་ཏུ་རྒྱས་པས་མཆོད་པ་འཚལ། །གང་གིས་གཟུགས་ལ་གཟུགས་སུ་མི་རྟོག་ཚོར་བ་འདུས་བགྱིས་མ་ལགས་ཤིང་། །རྣམ་པར་ཤེས་པའང་ཚོར་གསུམ་བཞིན་དུ་རྟག་པར་ཤིན་ཏུ་རྣམ་དག་སྟེ། །གང་ཞིག་འདྲེན་ལ་མཚན་དུ་མ་ལགས་སྐྱེས་དང་རིགས་
སུ་མ་ལགས་རྟོགས། །མིག་ལྡན་དེས་ནི་ཆོས་ཀྱི་རྒྱལ་པོ་དྲི་མེད་ཡང་དག་དོན་དུ་མཐོང་། །བདག་གམ་བདག་མེད་ཅེས་བྱའི་མཐའ་དེ་གཉི་ག་མི་ལེན་མི་འདོར་ཏེ། །ནང་དུ་གྱུར་པ་ཞི་ཞིང་ཐུགས་ཀྱང་ཞི་སྟེ་ཕྱི་རོལ་རྒྱུ་མི་མངའ། །མི་རྟོག་རྣམ་མི་རྟོག་ཅིང་རྟོག་བྲལ་ཐུབ་
པའི་ཐུགས་ནི་ནམ་མཁའ་འདྲ། །དེས་ནི་ཕྱོགས་བཅུའི་བདེ་གཤེགས་ཆོས་ཀྱི་རྒྱལ་མཚན་གསལ་མཛད་རྣམས་ལ་མཆོད། །གང་བློ་སྦྱིན་པ་རྣམས་ལ་འདི་ནི་སྒྱུ་མ་ལེན་པ་སྟོང་པ་ཉིད། །གཡོ་བ་མེད་པའི་ཡིད་ཀྱིས་ནོར་རྣམས་དེ་དག་རེ་བ་མེད་པར་གཏོང་། །བྱང་ཆུབ་དོན་དུ་
ངེས་ཀྱི་ལྟ་བར་ངེས་མིན་སྤྲོས་ལ་གནས་མ་ཡིན། །གང་བློ་སེམས་ཅན་ཉེས་པ་མཐར་འབྱིན་དེ་ནི་སྦྱིན་བདག་སེར་སྣ་མེད། །དེ་ནི་རབ་ཏུ་ཞི་བས་ཞི་སྟེ་ངག་མེད་ཡིད་མེད་ལུས་གདུང་མེད། །གདུང་བ་མེད་པས་བཅིང་བ་རྒྱ་ཆེན་བྲལ་ཏེ་དེས་པ་དབང་པོ་ཞི། །བདག་མེད་ཐེག་པར་གནས་

ནས་བྱང་ཆུབ་དམིགས་པ་མེད་ཅིང་དེ་མི་འདོར། །ཁྲིམས་གནས་བློ་ལྡན་ཁྲིམས་འཆལ་མཐར་བྱེད་འདོད་པ་ཚུལ་ཁྲིམས་དྲི་མ་མེད། །ཆོས་རྣམས་སྐད་ཅིག་པར་ནི་རྟོགས་པར་ཤེས་བྱ་རྣམས་ལ་སྨྲས་པ་མེད། །ནམ་མཁའ་མཚུངས་པའི་ཡིད་ཀྱིས་འགྲོ་
བ་འདི་དག་སྒྱུ་མ་ཇི་བཞིན་མཐོང་། །གང་ཞིག་ལུས་ནི་དུམ་བུ་དུམ་བུར་བཅད་ཀྱང་ཡིད་ནི་ཁྲོ་མི་འགྱུར། །གང་ཞིག་བྱང་ཆུབ་བརྟུལ་ཞུགས་གནས་པའི་བློ་ལྡན་མཁས་དེ་བཟོད་པ་སྨྲ། །གང་ཞིག་ཆོས་རྣམས་ཆུ་ཟླ་ཆུ་བུར་མཉམ་ཞིང་སྒྱུ་མ་སྨིག་རྒྱུ་འདྲ། །རྟོགས་ནས་
མི་མིན་སྲོག་མ་ཡིན་ཞིང་ཤེད་བུ་ལྡན་པ་མ་ཡིན་མཐོང་། །བྱང་ཆུབ་དང་ནི་སེམས་ཅན་ཚོགས་མི་དམིགས་ཀྱང་བྱང་ཆུབ་གཞན་དོན་བརྩོན། །ཚུལ་འདིར་གང་ཞིག་སྐྲག་པ་མེད་པ་དེ་ནི་བརྩོན་འགྲུས་ཐ་མར་ཕྱིན། །གང་གི་སེམས་ནི་ཡུལ་ལ་ཆགས་པ་མེད་ཅིང་ཐེ་ཚོམ་ཡོད་
མིན་ལ། །སེམས་ཅན་གཞན་གྱི་སེམས་ཀྱི་སྤྱོད་པ་དུས་གསུམ་གྱུར་པའང་ཤེས་པ་དང་། །གང་སེམས་སྤྱོད་པར་གྱུར་པ་གང་ཡིན་དེ་ཡི་བདུད་ཀྱིས་མི་ཤེས་པ། །ཕ་རོལ་ཕྱིན་ཐོབ་བསམ་གཏན་དང་ནི་མངོན་པར་ཤེས་ལ་བློ་གྲོས་གནས། །གང་ཞིག་སངས་རྒྱས་རྣམས་ཀྱི་གསུང་
ཀུན་ཉན་ཅིང་དེ་བཞིན་འཛིན་བྱེད་པ། །བསྐལ་པ་དཔག་ཏུ་མེད་པར་སྨྲས་ཀྱང་སྤོབས་པ་རྒྱུན་ཆད་མི་འགྱུར་ཏེ། །སངས་རྒྱས་ཆོས་རྟོགས་སེམས་ཅན་མི་ལྟུང་དེ་ནི་གང་དུའང་གནས་མེད་པ། །བཅོམ་ལྡན་ཐུབ་ཉིད་མཁྱེན་གཏེར་ཤེས་རབ་ལྡན་ཞིང་འཇིག་རྟེན་གསུམ་ན་དཔའ། །གང་
ཞིག་ཕ་རོལ་ཕྱིན་པའི་ཕ་རོལ་གཤེགས་ཀྱང་གཤེགས་མིན་མ་གཤེགས་མིན། །གང་ཞིག་སེམས་ཅན་སྤྱོད་པ་མཐར་ཕྱིན་མི་གནས་གཡོ་བ་མི་མངའ་ཞིང་། །ཡོན་ཏན་ཀུན་མཐར་གང་ཕྱིན་ཡོན་ཏན་རྣམས་ལ་རློམ་སེམས་མི་མངའ་བ། །ཐུབ་པའི་དབང་པོ་ཤཱཀྱ་སངས་རྒྱས་
ཁྱུ་མཆོག་དེ་ལ་མགོ་བོས་འཐུག །འོད་ཟེར་རྣམ་དག་ཉི་མས་སྲིན་བུ་མེ་ཁྱེར་འོད་རྣམས་ཟིལ་གྱིས་མནན། །མེ་ལྕེ་རྩེ་མཐོན་བསྐལ་མཐའི་མེ་ཡིས་ས་ལ་ཇི་སྙེད་ཡོད་པ་སྲེག །རི་མཆོག་རི་རབ་ཀྱིས་ནི་ས་ལ་ཡོད་པའི་རི་ཀུན་ཟིལ་གྱིས་མནན། །ཤཱཀྱ་ཁྱུ་མཆོག་སྤུ་འདིས་

འཇིག་རྟེན་གསུམ་གྱི་འོད་གཞན་ཟིལ་དུ་རླག །ཞིང་བརྒྱ་དག་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་ཁྱུ་མཆོག་ཇི་སྙེད་པ། །དེ་དག་གཙོ་བོ་ཁྱོད་ཀྱི་མདོག་དང་གཟི་བརྗིད་ཀྱིས་ནི་ཚིམ་པར་གྱུར། །གང་དག་སྨོན་ལམ་ཇི་ལྟར་བཏབ་པ་དེ་ལྟར་ཀུན་གྱིས་འཐུན་པར་མཐོང་། །
བདག་ཅག་གང་ནས་མ་འོངས་རང་གི་ཞིང་ཉིད་ན་ནི་འདུག་པར་ཤེས། །ཇི་ལྟར་གང་གིས་རང་རིག་དེ་ལྟར་ཁྱོད་ཀྱི་གསུང་ནི་ཤིན་ཏུ་འཇུག །སྲིད་པ་གསུམ་ན་སྐད་རྣམས་ཇི་སྙེད་ཅི་མཆིས་དེ་དང་འཐུན་པར་འཇུག །རྡུལ་གྱི་རྡུལ་དང་མི་རྣམས་ཀྱི་ནི་སེམས་ཀྱི་བསམ་པ་
བགྲང་ནུས་སྲིད། །ཐུབ་པའི་གསུང་དབྱངས་ཚད་མེད་ནམ་མཁའ་འདྲ་འདི་བགྲང་བར་ནུས་མ་ལགས། །ནམ་མཁའི་མཐའ་དང་མི་རྣམས་ཀྱི་ནི་མཐའ་མ་བགྲང་བར་མི་ནུས་ཏེ། །འཁོར་བའི་སྔོན་གྱི་མཐའ་མ་ཉིད་ནི་རྣམ་པ་ཀུན་ཏུ་བགྲང་མི་ནུས། །ནམ་མཁའི་
མཐའ་དང་འཁོར་བའི་མཐའ་ནི་མི་ཡིས་བགྲང་བར་ནུས་ཀྱང་སྲིད། །སངས་རྒྱས་མཁྱེན་དང་ཏིང་འཛིན་ཚུལ་ཁྲིམས་ཡུལ་ནི་གང་དུའང་ཤེས་མི་ནུས། །གཞལ་ཡས་བསྐལ་པར་གང་གི་བསྔགས་པ་བརྗོད་པར་སླ་བ་མ་ལགས་པ། །ཁྱུ་མཆོག་དཔག་ཡས་ཆོས་
ཀྱི་དབང་ཕྱུག་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ། །སྐྱེ་བོ་གང་དག་ཤེས་དང་མོས་པས་སངས་རྒྱས་ཆེ་བ་རྗེས་རྟོགས་པ། །དེ་དག་གིས་ནི་བློ་གྲོས་བསམ་ཡས་རྨད་བྱུང་ཀུན་ལྷག་འདྲེན་པ་མཐོང་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་
ཚིགས་སུ་བཅད་པ་འདི་དག་སྨྲས་ནས་བར་སྣང་དེ་ལས་བབས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་
ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེ་ངས་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །
དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་
རྒྱ་ཞེས་བགྱི་བ་མཆིས་ཏེ། ཏིང་ངེ་འཛིན་དེ་ལ་རབ་ཏུ་གནས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བདག་གིས་ཐོས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་
ཀྱི་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་ཇི་ལྟར་འཐོབ་པ་དང་། ཅིའི་སླད་དུ་ཤིན་ཏུ་དཀར་བ་དྲི་མ་མེད་པ་ཞེས་བགྱི་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་ལེགས་པར་བཤད་དུ་གསོལ། ཏིང་ངེ་འཛིན་དེ་ལ་འཇུག་པའི་སྒོར་འཇུག་པ་གང་ཐོས་
ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཏིང་ངེ་འཛིན་འདི་འཐོབ་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ལེགས་པར་བཤད་དུ་གསོལ།
དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །ཀྱེ་མ་དྲི་བ་འདི་བཟང་ཞིང་དཔྱོད་པ་དེ་ཚུལ་བཞིན་ཡིན་ཏེ། དེའི་ཕྱིར་རིགས་ཀྱི་
བུ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཇི་ལྟར་འཐོབ་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་

འཚང་རྒྱ་བར་འགྱུར་བ་ངས་བཤད་པར་བྱའོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་རྒྱ་མཚོ་འདི་
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བས་བསྟན་པ་ཡིན་ཏེ། དགེ་བའི་བསམ་པ་དང་ལྡན་པ། ངེས་པའི་ཕུང་པོ་ལ་རབ་ཏུ་གནས་པ། ཚོགས་བསགས་པ། དབང་པོ་རྣོ་བ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། སངས་
རྒྱས་ཀྱིས་བྱིན་གྱིས་བརླབས་པ། རྒྱུའི་སྟོབས་ཅན་ཡིན་ཏེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད། བསྟི་སྟང་དུ་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་གཟུགས་ཕུན་སུམ་ཚོགས་
པ་མཐོང་ཞིང་གསུང་སྙན་པ་ཐོས་ཏེ། འཁོར་ཕུན་སུམ་ཚོགས་པ་ཡང་མཐོང་ཞིང་ཆགས་པ་མེད་པའི་མཁྱེན་པ་ཡང་ཐོས་ལ། རྫུ་འཕྲུལ་གྱི་ཆོ་འཕྲུལ་ལམ། ཀུན་བརྗོད་པའི་ཆོ་འཕྲུལ་ལམ། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་སེམས་ཅན་འདུལ་བ་མཛད་པ་ཡང་མཐོང་ནས་
སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བརྩོན་འགྲུས་བརྩམས་པ་ཡིན་ཏེ། དགེ་བའི་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་ཞིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྗེད་པ་མེད་པས་སེམས་ཡོངས་སུ་
དག་པར་རྣལ་འབྱོར་དུ་བྱེད་དོ། །དེ་སེམས་ཡོངས་སུ་དག་པས་ཏིང་ངེ་འཛིན་ཡོངས་སུ་དག་པ་རབ་ཏུ་འཐོབ་བོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན་རིགས་འཕགས་པའི་ནོར་བུ་རིན་པོ་ཆེ་ནོར་བུ་མཁན་མཁས་པའི་ལག་ཏུ་སོན་པ། ཇི་ཙམ་ན་ཡོངས་སུ་དག་པ་དང་།
ཤིན་ཏུ་དཀར་བ་དང་། མཐིང་བུ་དང་བྲལ་བ་དང་། སྐྱོན་མེད་པར་གྱུར་པ་དེ་སྲིད་དུ་ཡོངས་སུ་སྦྱངས་ན། སྐྱེས་བུ་མཁས་པ་ནོར་བུ་རིན་པོ་ཆེ་ལ་མཁས་པ་རྣམས་འདུ་བར་འགྱུར་རོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རིགས་འཕགས་པས་ཐམས་ཅད་མཁྱེན་

པར་སེམས་བསྐྱེད་པ་རིན་པོ་ཆེ་བསྐྱེད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཇི་ཙམ་ན་མཐིང་བུ་དང་བྲལ་ཞིང་རློམ་སེམས་ཀྱི་མཐིང་བུ་དང་བྲལ་བར་འགྱུར་བ་དེ་སྲིད་དུ། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་དགེ་བའི་རྩ་བ་ཡོངས་སུ་སྦྱང་བ་བྱ་བ་དང་། ཐོས་པ་ལ་མཁས་པ་ཡོངས་སུ་སྦྱང་བ་བྱ་བས་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པའི་རིན་པོ་ཆེ་དེ་ཡོངས་སུ་སྦྱངས་ན་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་འདུ་ཞིང་ཤིན་ཏུ་དཀར་བ་དྲི་
མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཡང་འཐོབ་བོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། རིགས་འཕགས་པའི་ནོར་བུ་རིན་པོ་ཆེ་དེ་ནི་རིན་པོ་ཆེའི་རིགས་དགུ་ལས་ཤིན་ཏུ་འདས་པར་འབྱུང་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། གསེར་གྱི་རིགས་དང་། དངུལ་གྱི་རིགས་དང་།
ཤེལ་གྱི་རིགས་དང་། བཻ་དཱུརྱའི་རིགས་དང་། རྡོའི་སྙིང་པོའི་རིགས་དང་། སྤུག་གི་རིགས་དང་། མུ་ཏིག་དམར་པོའི་རིགས་དང་། ཀེ་ས་རའི་རིགས་དང་། དཔལ་གྱི་སྙིང་པོའི་རིགས་ཏེ། ནོར་བུ་རིན་པོ་ཆེའི་རིགས་དགུ་པོ་འདི་དག་ལས་ཤིན་ཏུ་འདས་ནས། དྲི་མ་མེད་ཅིང་
རྣམ་པར་དག་པའི་འོད་ཅེས་བྱ་བའི་ནོར་བུ་རིན་པོ་ཆེ་ཆེན་པོའི་རིགས་དེ་ལས་དེ་རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེར་འགྱུར་ཏེ། དེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡོངས་སུ་སྤྱད་པར་འགྱུར་གྱི། དེ་མ་ཡིན་པའི་སེམས་ཅན་ཕལ་པ་གཞན་རྣམས་ཀྱི་ནི་མ་ཡིན་ཏེ། ནོར་བུ་རིན་པོ་ཆེ་
དེའི་འོད་གང་ཡིན་པ་དེས་ནི་དེ་མ་ཡིན་པའི་ནོར་བུ་རིན་པོ་ཆེ་གཞན་རྣམས་ཀྱི་འོད་མོག་མོག་པོར་བྱེད་དོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རིན་པོ་ཆེ་དེ་ཡང་རིན་པོ་ཆེའི་རིགས་དགུ་ལས་ཤིན་ཏུ་འདས་པར་བྱུང་སྟེ། དགུ་གང་ཞེ་ན། འདི་ལྟ་
སྟེ། སོ་སོའི་སྐྱེ་བོ་དགེ་བའི་རིན་པོ་ཆེའི་རིགས་དང་། དད་པའི་རྗེས་སུ་འབྲང་བའི་རིན་པོ་ཆེའི་རིགས་དང་། ཆོས་ཀྱི་རྗེས་སུ་འབྲང་བའི་རིན་པོ་ཆེའི་རིགས་དང་། མཚན་མ་མེད་པ་ལ་གནས་པ་རིན་པོ་ཆེའི་རིགས་དང་། རྒྱུན་ཏུ་ཞུགས་པ་རིན་པོ་ཆེའི་རིགས་དང་། །ལན་

ཅིག་ཕྱིར་འོང་བ་རིན་པོ་ཆེའི་རིགས་དང་། ཕྱིར་མི་འོང་བ་རིན་པོ་ཆེའི་རིགས་དང་། དགྲ་བཅོམ་པ་རིན་པོ་ཆེའི་རིགས་དང་། རང་སངས་རྒྱས་རིན་པོ་ཆེའི་རིགས་དང་། རིན་པོ་ཆེའི་རིགས་དགུ་པོ་འདི་དག་ལས་ཤིན་ཏུ་འདས་ནས་བཅུ་པ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་
པའི་ལྷག་པའི་བསམ་པ་སྙིང་རྗེ་ཆེན་པོའི་རིན་པོ་ཆེའི་རིགས་ལས་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་དེ་རིན་པོ་ཆེ་འབྱུང་སྟེ། དེ་ཡོངས་སུ་སྦྱངས་ན་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་ནོན་ཅིང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་རྣམས་ལ་ཡང་
སྣང་བར་བྱེད་དོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གང་གི་ཚེ། སྦྱང་བཟོད་ཅིང་གནོད་པ་བཟོད་ལ། ཕུགས་ནས་ཀྱང་ཉེས་པར་མ་གྱུར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི་འདི་ལྟར་སེམས་ཅན་བསོད་ནམས་བྱས་པ། དགེ་བའི་རྩ་བ་
བསྐྱེད་པ་རྣམས་ལ་ཕན་པ་བྱེད་པར་འགྱུར་རོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་ཡང་གང་གི་ཚེ་སྦྱང་བཟོད་ཅིང་གནོད་པ་བཟོད་ལ། ཕུགས་ནས་ཀྱང་ཉེས་པར་མ་གྱུར་ན་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་སྐྱོན་ཐམས་
ཅད་དང་བྲལ་བ་དེ་འདི་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པ་བྱེད་པར་འགྱུར་རོ། །བློ་གྲོས་རྒྱ་མཚོ་དེ་ལ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་སྦྱང་བ་གང་ཞེ་ན། འདི་ལྟ་སྟེ། སྡོམ་པ་གསུམ་གྱིས་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་དག་པ་དང་། བྱམས་
པའི་རྗེས་སུ་འཇུག་པས་སེམས་ཅན་ཐམས་ཅད་ལ་བྱམས་ཤིང་དང་བ་དང་། སྙིང་རྗེའི་རྗེས་སུ་འཇུག་པས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་སྙམ་པ་ལ་བརྩོན་པ་དང་། དགའ་བའི་རྗེས་སུ་འཇུག་པས་སེམས་ཅན་ཐམས་ཅད་ཆོས་ལ་སྦྱོར་བ་དང་། བཏང་སྙོམས་ཀྱི་རྗེས་
སུ་འཇུག་པས་སེམས་ཅན་ཐམས་ཅད་ལ་མི་འཚེ་ཞིང་རྟག་ཏུ་སེམས་དྲང་བ་དང་། གཡོ་དང་སྒྱུ་མེད་པས་ཕན་པའི་དངོས་པོའི་བསམ་པར་གྱུར་པ་དང་། དགེ་བའི་རྩ་བ་ཐམས་ཅད་བརྩམ་པ་ལ་ལྷག་པའི་བསམ་པ་སྦྱོར་བ་དང་། ཅང་ཤེས་ཀྱི་སེམས་ཀྱིས་དྲན་པ་དང་ཤེས་

བཞིན་དང་ལྡན་པ་དང་། སེམས་ཤིན་ཏུ་དུལ་བས་སེམས་ལས་སུ་རུང་བ་དང་། དགང་སླ་བས་སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པའི་ཆོ་ག་དང་ལྡན་པ་དང་། གསོ་སླ་བས་འཕགས་པའི་རིགས་ཆོག་ཤེས་པ་དང་། བླ་མ་དང་སྦྱིན་གནས་རྣམས་
ལ་འདུད་ཅིང་རབ་ཏུ་འདུད་པ་དང་། ང་རྒྱལ་མེད་པས་ཁེངས་པ་དང་རྩོད་པ་རྣམ་པར་སྤོང་བ་དང་། སེམས་ངེས་པར་སེམས་པས་ང་རྒྱལ་ལས་ཀྱང་ང་རྒྱལ་རྣམ་པར་སྤོང་བ་དང་། རྙོག་པ་མེད་པས་སེམས་གསལ་བ་དང་། བདག་ལ་མི་སྟོད་པས་བདག་ཤེས་པ་ལ་འཇུག་
པ་དང་། གཞན་ལ་མི་སྨོད་པས་སེམས་ཅན་རྗེས་སུ་སྲུང་བ་དང་། སྨན་གྱི་སེམས་ཀྱིས་ཆོས་ལ་གུས་པ་དང་། དེའི་དོན་སོ་སོར་མྱོང་བས་ཆོས་དོན་དུ་གཉེར་བ་དང་། དེ་ལ་གཞོལ་འབབ་བབ་པས་ཆོས་འདོད་པ་དང་། ཉོན་མོངས་པ་མེད་པ་ལ་གནས་པས་ཆོས་ལ་
དགའ་བ་དང་། ཆོས་མ་ཡིན་པ་རྣམ་པར་སྤོང་བས་ཆོས་ཡོངས་སུ་ཚོལ་བ་དང་། རྟག་ཏུ་ངོ་ཚ་ཤེས་པས་དཀོན་མཆོག་གསུམ་ལ་དད་པ་རྒྱུན་མི་འཆད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་དགེ་བ་ཐམས་ཅད་ཡིད་ལ་བྱེད་པའི་བྱ་བ་ལ་འཇུག་པ་དང་།
དྲང་བས་སྤྱོད་ལམ་སྦས་པ་དང་། ཁེངས་པ་མེད་པས་མཉེན་པ་དང་། ཞི་གནས་ཡོངས་སུ་ཚོལ་བས་རྒོད་པ་དང་བྲལ་བ་དང་། བློ་བརྟན་པས་སྙོམ་ལས་མེད་པ་དང་། རབ་ཏུ་མི་གཡོ་བས་སེམས་རི་དང་མཚུངས་པ་དང་། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་
བས་སེམས་ས་དང་མཚུངས་པ་དང་། བསམ་པ་དག་པས་སེམས་ཆུ་དང་མཚུངས་པ་དང་། རློམ་སེམས་མེད་པས་སེམས་མེ་དང་མཚུངས་པ་དང་། གནས་མེད་པས་སེམས་རླུང་དང་མཚུངས་པ་དང་། ཤིན་ཏུ་དྲི་མ་མེད་པས་སེམས་ནམ་མཁའ་དང་མཚུངས་པ་
དང་། སངས་རྒྱས་ཀྱི་ཚུལ་འཁྲུགས་པ་མེད་པའི་ཕྱིར་རབ་ཏུ་འབྱུང་བ་ལ་གཞོལ་བ་དང་། ལུས་དབེན་པའི་ཕྱིར་དགོན་པ་ལ་དགའ་བ་དང་། སེམས་དབེན་པའི་ཕྱིར་ཆོས་ལ་སྤྱོད་པ་དང་། དེ་བྱེད་ཅིང་ཡང་དག་པར་སྒྲུབ་པའི་ཕྱིར་ཚིག་བདེན་པ་དང་། ཁ་འོག་ཏུ་

ལུས་འཁྲུས་པར་བྱེད་པའི་ཕྱིར་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། ཉོན་མོངས་པས་མི་རྫི་བའི་ཕྱིར་སེམས་དཔའ་བ་དང་། ཤིན་ཏུ་ཉམས་པ་མེད་པའི་ཕྱིར་བསླབ་པ་ཡང་དག་པར་འཛིན་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ལ་ཡང་འཇིགས་པར་ལྟ་བའི་ཕྱིར་ཚུལ་ཁྲིམས་ལྷོད་པ་
མེད་པ་དང་། སྐྱེ་བར་སྨོན་པ་མེད་པའི་ཕྱིར་ཚུལ་ཁྲིམས་སྐྱོན་མེད་པ་དང་། གཅིག་ཏུ་དཀར་པོ་སྤྱོད་པའི་ཕྱིར་ཚུལ་ཁྲིམས་ཐུན་ཚགས་མ་ཡིན་པ་དང་། བྱང་ཆུབ་ཀྱི་ཡན་ལག་སྦྱང་བའི་ཕྱིར་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། མིག་ཡོངས་སུ་དག་པའི་ཕྱིར་འོད་ཟེར་
ཐོགས་པ་མེད་པ་དང་། རྣ་བ་ཡོངས་སུ་དག་པའི་ཕྱིར་སྒྲ་ལ་ཐོགས་པ་མེད་པ་དང་། སྣ་ཡོངས་སུ་དག་པའི་ཕྱིར་དྲི་ལ་ཐོགས་པ་མེད་པ་དང་། ལྕེ་ཡོངས་སུ་དག་པའི་ཕྱིར་རོ་ལ་ཐོགས་པ་མེད་པ་དང་། ལུས་ཡོངས་སུ་དག་པའི་ཕྱིར་རེག་བྱ་ལ་ཐོགས་པ་མེད་པ་དང་། ཡིད་
ཡོངས་སུ་དག་པའི་ཕྱིར་ཆོས་ལ་ཐོགས་པ་མེད་པའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་མི་སྡུག་པ་ཤིན་ཏུ་བསྒོམས་པའི་ཕྱིར་འདོད་ཆགས་ཀྱི་གདུང་བ་དང་བྲལ་བ་ཡིན། བྱམས་པ་ཤིན་ཏུ་བསྒོམས་པའི་ཕྱིར་ཞེ་སྡང་གི་གདུང་བ་དང་བྲལ་བ་ཡིན། རྟེན་ཅིང་
འབྲེལ་པར་འབྱུང་བ་ལ་ཤིན་ཏུ་བརྟགས་པའི་ཕྱིར་གཏི་མུག་གི་གདུང་བ་དང་བྲལ་བ་ཡིན། དབང་པོ་རྣམས་ལ་ཤིན་ཏུ་བརྟགས་པའི་ཕྱིར་སྒྲིབ་པ་དང་བྲལ་བ་ཡིན། སྟོབས་ཡོངས་སུ་དག་པའི་ཕྱིར་སྒྲིབ་པ་ཡང་དག་པར་བསལ་བ་ཡིན། འབྱུང་བར་བྱ་བའི་ཁམས་ཡོངས་སུ་
དག་པའི་ཕྱིར་ཀུན་ནས་ལྡང་བ་བསལ་བ་ཡིན། ཡང་དག་པར་བསྒྲུབས་པའི་ཕྱིར་འདོད་པ་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པ་དང་། ང་རྒྱལ་དང་བྲལ་བ་ཡིན། ཆོས་ཀྱི་སྦྱིན་པ་ལ་སེར་སྣ་མེད་པ་ཡིན། ཟང་ཟིང་གི་སྦྱིན་པ་ལ་ཀུན་འཛིན་པའི་སེམས་
མེད་པ་ཡིན། ཐེག་པ་དམན་པ་ལ་འདོད་པ་མེད་པའི་ཕྱིར་བྱང་ཆུབ་ཀྱི་བསམ་པ་ཡིན། དབང་པོ་སྦས་པའི་ཕྱིར་ནང་ཉེ་བར་ཞི་བ་ཡིན། སྐྱོན་ཤིན་ཏུ་མཐོང་བའི་ཕྱིར་ཕྱི་རོལ་ཉེ་བར་ཞི་བ་ཡིན། སྡིག་པ་ཐམས་ཅད་མི་བྱེད་པའི་ཕྱིར་འཁོར་བས་སྐྲག་པ་ཡིན། དགེ་

བའི་རྩ་བ་སོགས་པས་མི་ངོམས་པའི་ཕྱིར་ཡིད་ཡོངས་སུ་མི་སྐྱོ་བ་ཡིན། ཆུ་བོ་བཞི་ལས་བསྒྲལ་བའི་ཕྱིར་ཆོས་ཀྱི་གྲུ་ཆེན་པོ་ཡང་དག་པར་སྦྱར་བ་ཡིན། ཕ་རོལ་དུ་འགྲོ་བའི་ཕྱིར་སྟེགས་དང་ཟམ་པ་ཤིན་ཏུ་བཅས་པ་ཡིན། ཐང་ལ་ཤིན་ཏུ་གནས་
པའི་ཕྱིར་འདམ་དང་འོབས་ལས་བརྒལ་བ་ཡིན་ཏེ། བློ་གྲོས་རྒྱ་མཚོ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ་ཆོས་འདི་ལྟ་བུ་དེ་དག་གིས་དག་པ་དང་། ཡོངས་སུ་དག་པ་དང་། སྦྱིན་པ་འཕགས་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པ་དེ་ནི་ཐམས་ཅད་
མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་སྦྱོང་བའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ལུས་དང་ངག་རྣམས་དང་ནི་ཡིད་བསྡམས་ཤིང་། །རྣམ་པར་དག་པའི་ལས་ལམ་བཅུ་ལ་སློབ། །བྱམས་པས་སེམས་ཅན་ཀུན་
ལ་ཡང་དག་ལྟ། །འདི་ནི་ཐམས་ཅད་མཁྱེན་པར་སེམས་སྦྱོང་ཡིན། །སྙིང་རྗེ་ལྡན་པས་གཞན་གྱི་བྱ་བར་བརྩོན། །དགའ་དང་ལྡན་པས་ཆོས་ལ་ཕ་རོལ་སྦྱོར། །བཏང་སྙོམས་ལྡན་པས་ཆོས་མཆོག་འཚེ་བ་མེད། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །རྟག་ཏུ་
དྲང་ཞིང་གཡོ་ནི་རྣམ་པར་སྤངས། །གཞན་ལ་ཕན་བྱེད་སྡིག་པ་རྣམ་པར་སྤངས། །ལྷག་བསམ་དགེ་བ་ཅི་ཡོད་རྗེས་སུ་འཇུག །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །ཤེས་རབ་རབ་འཇུག་དྲན་དང་ཤེས་བཞིན་ཅན། །སེམས་རབ་དུལ་བས་སེམས་ནི་ལས་
སུ་རུང་། །སྦྱངས་པའི་ཡོན་ཏན་རྣམས་དང་གསོ་སླ་བ། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །འཕགས་རིགས་ཆོག་ཤེས་པ་དང་ཚིག་མཉེན་དང་། །བླ་མ་རྣམས་ལ་རྟག་ཏུ་འདུད་བྱེད་དང་། །རྩོད་བརྫུན་ང་རྒྱལ་སྤངས་དང་སྟོབས་ལྡན་དང་། །བརྙས་དང་
ལོག་པ་ནམ་ཡང་བྱེད་མ་ཡིན། །སེམས་ནི་ངེས་སེམས་མངོན་པའི་ང་རྒྱལ་བྲལ། །རྙོག་པ་མེད་ཅིང་རབ་ཏུ་དང་ལགས་ལ། །བདག་ཤེས་པ་ལ་རིམ་གྱིས་འཇུག་པར་བྱེད། །གཞན་ལ་མི་བརྙས་སེམས་ཅན་རྗེས་སུ་སྲུང་། །ཆོས་ལ་གུས་པར་དགའ་ཞིང་གུས་དང་བཅས།

བསྒྲིམས་ཏེ་ཉོན་མོངས་རྣམས་ནི་སྤོང་བར་བྱེད། །ཆོས་དོན་གཉེར་ཞིང་ཆོས་ལ་རྟོན་པར་བྱེད། །རྟག་ཏུ་ཆོས་དོན་གཞོལ་ཞིང་འབབ་པར་བྱེད། །ཆོས་ལ་བརྩོན་ཞིང་ཉོན་མོངས་མེད་པ་བསྒོམས། །ཆོས་མིན་སྤངས་ཤིང་ཆོས་རྣམས་ཡོངས་སུ་ཚོལ། །དཀོན་མཆོག་
གསུམ་ལ་དད་པ་མི་ཕྱེད་ལྡན། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །རྟག་ཏུ་འཛེམ་དང་ལྡན་ཞིང་ཉེས་སྤྱོད་ལྡོག །དེ་བཞིན་གཤེགས་པ་ཀུན་ལ་ངོ་ཚས་སྡོམ། །ཁྲེལ་ཡོད་ལྡན་ཞིང་འདིར་ནི་དབང་པོ་བསྡམས། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་
སྦྱོང་ཡིན། །རབ་ཏུ་སྦྱོར་བས་ལས་ཀྱི་བྱ་བར་འཇུག །བག་ཡོད་པས་ན་མཐའ་གཉིས་འཛིན་མི་བྱེད། །མཁས་པ་སྟེན་པའི་ཆོས་རྣམས་རྗེས་རྟོགས་པ། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །སྤྱོད་ལམ་གྱིས་ནི་དྲང་བའི་དངོས་དང་ལྡན། །ཁེངས་པ་
མེད་པས་རྟག་ཏུ་མཉེན་པ་ཉིད། །ཞི་གནས་ཆོ་ག་ལྡན་པས་རྒོད་པ་མེད། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །བློ་ནི་རབ་ཏུ་བརྟན་པས་ཉམས་པ་མེད། །ལྷག་མཐོང་ལ་ནི་རི་རྒྱལ་ཇི་བཞིན་ཏེ། །དམ་བཅས་བརྟན་ཞིང་བར་སྐབས་ཉམས་པ་མེད། །འདི་
ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །སྡུག་བསྔལ་བདེ་བས་མི་གཡོས་ས་དང་མཚུངས། །བསམ་པ་དག་པས་ཆུ་ལྟར་དྲི་མ་འཁྲུ། །རྟག་ཏུ་རློམ་སེམས་མེད་པས་མེ་དང་མཚུངས། །གནས་མེད་རྒྱུ་བས་རྟག་ཏུ་རླུང་དང་འདྲ། །ཤིན་ཏུ་དྲི་མ་མེད་པས་མཁའ་
མཉམ་སེམས། །རབ་ཏུ་བྱུང་བས་སངས་རྒྱས་བསྟན་པ་རྙེད། །ལུས་ནི་དབེན་ཞིང་ཞི་བས་དགོན་པར་དགའ། །སེམས་དབེན་པས་ནི་ཆོས་ཀྱི་མཆོག་ལ་སྤྱོད། །དགེ་བ་བདེན་པར་སྨྲ་དང་ཡང་དག་སྨྲ། །ཇི་སྐད་སྨྲས་པ་དེ་ནི་དེ་བཞིན་བྱེད། །ཉོན་མོངས་མི་རྫི་དགེ་
ལ་དཔའ་བོ་མཆོག །ཤིན་ཏུ་བསླབས་པས་བསླབ་པ་ཡང་དག་འཛིན། །དེ་ལ་ལྷོད་པ་ནམ་ཡང་ཡོད་མ་ཡིན། །ཁ་ན་མ་ཐོ་ཆུང་ལའང་རྟག་ཏུ་འཇིགས། །བྱང་ཆུབ་མཆོག་རྒྱུའི་ཚུལ་ཁྲིམས་ཉམས་པ་མེད། །ཡོན་ཏན་དཀར་སྤྱོད་ཚུལ་ཁྲིམས་འདྲེས་པ་མེད། །དགེ་བའི་

བཤེས་གཉེན་བསྟེན་ཅིང་སྡིག་པ་མིན། །རྫོགས་པའི་བྱང་ཆུབ་སེམས་སོགས་བྱ་ཕྱིར་བརྟན། །དེ་ལྟར་དེ་ཡི་མིག་ནི་དྲི་མེད་ཀྱིས། །འཇིག་རྟེན་ཀུན་ལ་འོད་ཟེར་མཉམ་པར་ལྟ། །མཁས་པ་དེ་ནི་སྣ་ཚོགས་སྒྲ་ཐོས་ནས། །དགའ་མེད་རངས་པ་མེད་ཅིང་
ཞུམ་པ་མེད། །བློ་ལྡན་དེ་ནི་སྒྲ་ཡི་དོན་རྟོགས་ཤེས། །དེ་ཡི་རྣ་བ་དེ་ལྟར་རྣམ་དག་ཉིད། །སྣ་ཡིས་དྲི་དང་ལྕེ་ཡིས་རོ་རྣམས་དང་། །ལུས་ཀྱིས་རེག་དང་ཡིད་ཀྱིས་ཆོས་རྣམས་ལ། །རེག་གནས་མ་ཁེངས་མ་དུད་ཞུམ་པ་མེད། །དེ་ལྟར་དེ་ཡི་དབང་པོ་དག་པ་ཉིད། །ཆགས་
པས་མི་ཆགས་སྡང་བས་སྡང་བ་མེད། །གཏི་མུག་མ་རྨོངས་མི་སྡུག་གནས་པ་ཅན། །བྱམས་ལ་དགའ་ཞིང་རྐྱེན་གྱིས་ཆོས་སེམས་པ། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །སྒྲིབ་པ་ལྔ་པོ་དག་གིས་བསྒྲིབས་པ་མེད། །དེ་ལྟར་དེས་ནི་དབང་པོ་ལྔ་ཡང་བསྒོམས། །
དེ་ནི་གང་དུའང་སྒྲིབ་མེད་བཅིངས་པའང་མེད། །སྟོབས་རྣམས་ལྔ་པོ་དག་ལ་རབ་ཏུ་གནས། །ཀུན་ནས་ལྡང་བ་ཤེས་ཤིང་བྱུང་བ་ཉིད། །ཚུལ་བཞིན་མ་ཡིན་སྤངས་ཤིང་ཚུལ་བཞིན་གནས། །དྲན་པ་ཉེ་བར་གཞག་པ་བཞི་ལ་སྟེན། །ཡང་དག་སྤོང་དང་རྫུ་འཕྲུལ་རྐང་པར་ལྡན། །
བྱང་ཆུབ་ཡན་ལག་སྟེན་དང་རྟག་ཏུ་ལྡན། །བརྟན་པ་དེ་ནི་ཡན་ལག་བརྒྱད་ལ་མཆོག །དེ་ནི་འདོད་དང་སྡང་དང་འཇིགས་མི་འགྲོ། །གཏི་མུག་བྲལ་ཞིང་དབང་པོ་ཤིན་ཏུ་བསྡམས། །ཆོས་ཀྱི་སྦྱིན་ལ་དེ་ནི་སེར་སྣ་མེད། །སློབ་དཔོན་ནམ་ཡང་ཆོས་འཆབ་མི་བྱེད་དེ། །ཟང་ཟིང་
མེད་པར་ཆོས་ནི་སྟོན་པར་བྱེད། །དེས་ན་དེ་ནི་བྱང་ཆུབ་སེམས་དག་འགྱུར། །དེ་ནི་ཟང་ཟིང་རྣམས་ལ་ཀུན་འཛིན་མེད། །རྣམ་སྨིན་རེ་མེད་འདོད་དགུ་གཏོང་བར་བྱེད། །སྦྱིན་དང་སྙན་དང་དོན་བྱེད་དོན་འཐུན་པས། །དེ་ནི་སེམས་ཅན་བརྒྱ་དག་རབ་ཏུ་སྡུད། །དེ་ཡི་བྱང་ཆུབ་སེམས་
ནི་བརྗེད་མི་འགྱུར། །ཐེག་པ་དམན་ལ་ནམ་ཡང་རེ་བ་མེད། །ཇི་ལྟ་ཇི་ལྟར་སངས་རྒྱས་ཡོན་ཏན་མཐོང་། །དེ་ལྟ་དེ་ལྟར་དེ་བསམ་རི་རབ་འདྲ། །ནང་ནི་རབ་ཞི་སྲིད་པའི་ཉེས་པ་མཐོང་། །དེ་ནི་གཞན་གྱི་འཁྲུལ་ལ་ལྟ་མི་བྱེད། །འདུས་བྱས་ཉེས་པ་དག་ཀྱང་ཤིན་ཏུ་མཐོང་།

འཁོར་བས་འཇིགས་པས་སྡིག་པ་རྣམས་མི་བྱེད། །ལེགས་སྤྱོད་ཁུར་ཁྱེར་བས་ནི་སྐྱོ་བ་མེད། །ཞིང་རྣམས་སྦྱོང་བར་འདོད་པ་ཉམས་པ་མེད། །ཆོས་རྣམས་ཡོངས་སུ་བཟུང་བས་ཞུམ་པ་མེད། །སེམས་ཅན་ཐར་བྱེད་རྒྱུ་ལ་འཇིགས་པ་མེད། །ཆུ་བོ་བཞི་པོ་དག་ལས་བསྒྲལ་
བའི་ཕྱིར། །དེ་ནི་ཆོས་གྲུ་ཡང་དག་སྦྱོར་བར་བྱེད། །ལུས་ཅན་མྱ་ངན་འདས་ལམ་གཟུད་པའི་ཕྱིར། །དེ་ནི་སྟེགས་དང་ཟམ་པ་འཆའ་བར་བྱེད། །འདམ་ལས་འདས་ཤིང་འོབས་ལས་བརྒལ་ནས་ནི། །ཐང་ལ་གནས་ཤིང་དེ་དག་འཇིགས་མེད་གནས། །འཇིགས་པས་
གཡེན་སྤྱོ་རྣམས་ལ་འཇིགས་མེད་སྟོན། །བདག་ཉིད་རྒལ་ནས་དེ་དག་གཞན་ཡང་སྒྲོལ། །གང་དག་ཆོས་ཚུལ་འདི་དག་རྣམ་དག་ཅིང་། །རྫོགས་པའི་བྱང་ཆུབ་སེམས་བརྟན་ཁ་ལོ་སྒྱུར། །དེ་དག་བྱང་ཆུབ་སེམས་མཆོག་རྣམ་དག་སྟེ། །ཉོན་མོངས་དྲི་མས་གཞར་ཡང་
གོས་མི་འགྱུར། །ཇི་སྟེ་ནམ་མཁའ་ཉོན་མོངས་བྱ་བར་ནུས། །དེ་ལ་རྗེས་ཀྱང་བསྟན་པར་ནུས་སྲིད་ཀྱི། །རང་བཞིན་འོད་གསལ་རྫོགས་པའི་བྱང་ཆུབ་སེམས། །དེ་ནི་ནམ་ཡང་ཉོན་མོངས་བྱར་མི་ནུས། །ཐམས་ཅད་མཁྱེན་པའི་སེམས་རིན་པོ་ཆེ་ཡོངས་སུ་སྦྱང་བའི་
ལེའུ་སྟེ་དང་པོའོ།། །།འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། བམ་པོ་གཉིས་པ། བློ་གྲོས་རྒྱ་མཚོ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེའི་གནོད་པ་བཟོད་པ་ནི་ཇི་ལྟ་བུ། ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེའི་གནོད་པ་ནི་
གང་ཞེ་ན། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་ལྟར་བསྐྱེད་ནས། འཕགས་པ་མ་ཡིན་པ་ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་སམ། བདུད་རྣམས་སམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་
སམ། བདུད་ཀྱི་བྱིན་གྱིས་བརླབས་པ་རྣམས་སམ། བདུད་ཀྱི་ཕོ་ཉ་རྣམས་ཀྱིས་གཙེས་སམ། རྣམ་པར་གཙེས་སམ། བསྐྱོད་དམ། ཀུན་ཏུ་བསྐྱོད་དམ། དཀྲུགས་སམ། ཀུན་ཏུ་དཀྲུགས་སམ། བསྡིགས་སམ། བརྡེགས་ཀྱང་བྱང་ཆུབ་ཏུ་བསམ་པའི་སེམས་

བསྐྱེད་པ་དེ་ལས་མི་ཕྱེད་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་སྙིང་རྗེ་ཆེན་པོས་བརྩོན་འགྲུས་བརྩམས་པ་ལས་མི་ཕྱེད་པ་དང་། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱ་བར་བརྩོན་པ་ལས་མི་ཕྱེད་པ་དང་། སངས་རྒྱས་ཀྱི་
ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་དགེ་བའི་རྩ་བ་ལ་སྦྱོར་བ་ལས་མི་ཕྱེད་པ་དང་། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་འགྲུབ་པར་འགྱུར་བའི་བསོད་ནམས་ཀྱི་ཚོགས་བསགས་པ་ལས་མི་ཕྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་མངོན་པར་སྒྲུབ་པར་
བརྩོན་པ་ལས་མི་ཕྱེད་པ་དང་། ལུས་དང་སྲོག་འདོར་ཞིང་དམ་པའི་ཆོས་ཡོངས་སུ་འཛིན་པར་མངོན་པར་བརྩོན་པ་ལས་མི་ཕྱེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་མངོན་པར་བརྩོན་ཞིང་བདག་བདེ་བ་ལ་མི་ཆགས་པ་ལས་མི་ཕྱེད་པ་སྟེ། དེ་དེ་ལྟར་ལྷག་
པའི་བསམ་པ་ཕུན་སུམ་ཚོགས་པར་གྱུར་པས་སེམས་ཅན་ཐམས་ཅད་ཀྱིས་དཔྱས་ཀྱང་བཟོད། ཐིང་སླད་བྱས་པ་དང་། སྨད་པ་དང་། བཤུང་བ་བྱས་ཀྱང་བཟོད། སེམས་ཅན་ཐམས་ཅད་ཀྱིས་སྤྱོས་སམ་བསྡིགས་སམ་ངན་དུ་བརྗོད་དམ། ངན་དུ་སྨྲས་པའི་ཚིག་གི་ལམ་
ཡང་བཟོད། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཡང་བཟོད། སེམས་ཅན་ཐམས་ཅད་ཀྱི་ཁུར་ཡང་བཟོད། སྒྲོལ་བས་ཀྱང་སྐྱོ་བ་མེད། ཞུམ་པ་མེད། ཀུན་ཏུ་ཞུམ་པ་མེད། སྒྱིད་ལུག་པ་མེད། ཡི་ཆད་པ་མེད་ཀྱི་སྟོབས་ཉེ་བར་སྟོན་པར་བྱེད། མཐུ་སྐྱེད་པར་
བྱེད་ཅིང་བརྩོན་འགྲུས་རྩོམ་ལ་རྟུལ་བས་རྟུལ་བར་བྱེད་དེ། སྤྲོ་བསྐྱེད་ཅིང་རྨོངས་པའི་སེམས་མི་འཛིན་ཏོ། །དེ་སྤྱོས་ཀྱང་སླར་མི་གཤེ། བརྡེགས་ཀྱང་སླར་མི་རྡེག །ཁྲོས་ཀྱང་སླར་མི་ཁྲོ། འཁྲུགས་ཀྱང་སླར་མི་འཁྲུག་སྟེ། དེ་ལྟར་སེམས་ཅན་བགྲང་བའི་
གོ་ཆ་གྱོན་ནོ། །འདི་ལྟ་སྟེ། ཐེག་པ་ཆེན་པོ་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་འཐུན་པའི་ཐེག་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་ནི་རྒྱུན་གྱི་རྗེས་སུ་འགྲོ་བ་དག་གོ །བདག་ནི་རྒྱུན་ལས་ལྡོག་པར་རྩོལ་བར་འདོད་པའོ། །སེམས་ཅན་དེ་དག་ནི་ཕན་

ཚུན་མི་འཐུན་པ་དག་གོ། །བདག་ནི་སེམས་ཅན་ཐམས་ཅད་ཀྱི་མི་འཐུན་པ་སྤང་བའི་ཕྱིར་གོ་ཆ་བགོས་པའོ། །སེམས་ཅན་དེ་དག་ནི་གནོད་སེམས་ལ་དཔའ་བ་དག་གོ། །བདག་ནི་བཟོད་པ་དང་། ངེས་པ་ཡོངས་སུ་ཚོལ་བའོ། །སེམས་ཅན་དེ་དག་ནི་གཅིག་ལ་གཅིག་
ཡོངས་སུ་འདྲིད་པར་གནས་པ་དག་གོ། །བདག་ནི་ཤེས་རབ་ཀྱིས་ངོམས་པ་ཡོངས་སུ་ཚོལ་བའོ། །གལ་ཏེ་སེམས་ཅན་དེ་དག་ཕྱོགས་བཅུའི་རབ་ཏུ་དབྱེ་བས་རབ་ཏུ་ཕྱེ་བ་ཇི་སྙེད་པ་དེ་དག་ཐམས་ཅད་རལ་གྲི་དང་། མདུང་ཐུང་དང་མདའ་བོ་ཆེ་ལག་ན་ཐོགས་ཏེ། བདག་གི་ཕྱི་བཞིན་འབྲང་ཡང་།
ས་ཕྱོགས་གང་དུ་འགྲེང་ངམ་འདུག་གམ་འཆག་གམ་ཉལ་ཡང་རུང་སྟེ། བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་བ་དང་། སྦྱིན་པའི་སེམས་སམ། ཚུལ་ཁྲིམས་ཀྱི་སེམས་སམ། བཟོད་པའི་སེམས་སམ། བརྩོན་འགྲུས་ཀྱི་སེམས་སམ། བསམ་གཏན་གྱི་སེམས་སམ།
ཤེས་རབ་ཀྱི་སེམས་སམ། ཐོས་པའི་དགེ་བའི་རྩ་བའི་སེམས་སྐྱེ་བར་འགྱུར་བའི་ས་ཕྱོགས་དེར་ད་བདག་ལུས་རྒྱ་ཤུག་གི་ལོ་མའི་བརྒྱ་ཆ་ཙམ་དུ་གཏུབས་སམ། རྣམ་པར་གཏོར་ཏམ། རྣམ་པར་བཅོམ་མམ། སེམས་ཅན་དེ་དག་ཐམས་ཅད་ལས་གཞན་མི་བྱེད་པར་རྒྱུན་
ཏུ་གཤེ་འམ། བསྡིགས་སམ། སྨོད་དམ། བཤུང་ངམ། ཚིག་ངན་པ་དང་ངག་རྩུབ་པོ་སྨྲ་བ་དེ་ལྟར་གྱུར་ཀྱང་བདག་གིས་སེམས་ཅན་འགའ་ལ་ཡང་འཁྲུག་པའི་སེམས་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་མཐའ་ནས་འཁོར་བ་ཚད་མེད་པར་བྱས་ཏེ།
གང་དུ་བདག་གིས་ལུས་འདི་སེམས་ཅན་དམྱལ་བར་སོང་ངམ། དུད་འགྲོའི་སྐྱེ་གནས་སུ་སོང་ངམ། གཤིན་རྗེའི་འཇིག་རྟེན་དུ་སོང་ངམ། མིར་གྱུར་ཀྱང་རུང་སྟེ་འདོད་པའི་ཟས་ཀྱི་དྲི་མས་དྲི་མ་ཅན་དུ་གྱུར་ནས་ཆོས་ཐོས་པ་དང་མི་ལྡན་ཞིང་ཡང་བའི་འཚོ་བའི་སྤྱོད་ཡུལ་
དོན་མེད་པས་འཚོ་བ་ཅན་དུ་གྱུར་ཏེ་ཡན་ལག་དང་། ཉིང་ལག་བརྒྱར་གཤེགས་ཤིང་གཏུབས་ཏེ་ཕྱེ་ཞིང་ཕྲལ་ལ་བྱ་བ་རྣམ་པ་མང་པོ་བྱས་ཀྱང་བདག་གིས་གཞི་དེ་ལས་བདག་གི་དོན་བྱས་ཀྱིས་གཞན་གྱི་དོན་མ་བྱས་པའི་གལ་ཏེ་སེམས་ཅན་དེ་དག་ཐམས་ཅད་ཀྱིས། ཕྱི་

མའི་མཐར་བདག་གིས་ལུས་གཤེགས་གཏུབས་རྣམ་པར་གཏོར་རྣམ་པར་བཅོམ་པ་དེ་ལྟ་བུར་གྱུར་ཀྱང་བདག་གིས་ཐམས་ཅད་མཁྱེན་པ་ཡོངས་སུ་མི་གཏོང་ངོ་། །སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ངོ་། །དགེ་བའི་ཆོས་ལ་འདུན་པ་ཡོངས་སུ་མི་གཏོང་
ངོ་། །དེ་ཅིའི་ཕྱིར་ཞེ་ན། ལུས་གཏུབས་པའི་ལུས་ཀྱི་གནོད་པ་འདི་ལྟ་བུ་ཐམས་ཅད་ནི་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི། བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །བདག་ནི་སེམས་ཅན་དམྱལ་བར་གནས་པར་སྤྲོའི། བདག་གིས་སངས་
རྒྱས་ཀྱི་ཆོས་གཏང་བར་ནི་མི་བྱའོ། །སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་མི་གཏོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་ཏེ། དགེ་བ་ལ་ནི་བར་ཆད་མང་ངོ་། །མི་དགེ་བའི་ཕྱོགས་ལ་ནི་གྲོགས་
བྱེད་པ་མང་ངོ་། །དགེ་བའི་ཕྱོགས་ལ་ནི་གྲོགས་བྱེད་པ་ཉུང་ངོ་ཞེས་གསུངས་པས་བདག་གིས་མི་དགེ་བའི་ཕྱོགས་ཀྱི་གྲོགས་མི་བྱའི་དགེ་བའི་ཕྱོགས་ཀྱི་གྲོགས་བྱའོ། །སེམས་ཅན་ཐམས་ཅད་ལ་བཟོད་པར་བྱའི་གནོད་སེམས་སུ་མི་བྱའོ། །སེམས་ཅན་དེ་དག་ལ་གང་
ཡོད་པ་དེ་མ་བྱིན་ན་ཡང་བདག་ལ་གང་ཡོད་པ་དེ་བདག་གིས་སྦྱིན་པར་བྱ་སྟེ། སེམས་ཅན་དེ་དག་ལ་གནོད་སེམས་དང་ཁྲོ་བ་དང་། འཁོན་དུ་འཛིན་པ་ཡོད་པ་དེ་དག་དེ་རྣམས་ཀྱིས་མ་བྱིན་ཡང་བདག་ལ་བཟོད་པ་དང་དེས་པ་གང་ཡོད་པ་དེ་བདག་གིས་སྦྱིན་པར་བྱའོ། །བདག་
གིས་བཟོད་པའི་སྟོབས་བསྟན་པར་བྱའི་གནོད་སེམས་ནི་མ་ཡིན་ནོ་སྙམ་མོ། །བློ་གྲོས་རྒྱ་མཚོ་ལུས་དང་སྲོག་འདོར་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་དཀའ་བ་མ་ཡིན་ནོ། །གང་གི་གཞི་ལས་གནོད་སེམས་འབྱུང་
བའི་ཆོས་དེ་བདག་གིས་སྤང་བར་བྱའོ་སྙམ་མོ། །ཆོས་དེ་གང་ཞེ་ན། འདི་ལྟ་སྟེ་ལུས་ལ་དགའ་བ་དང་། ལུས་ལ་གནས་པ་དང་། ལུས་ལ་ཆགས་པ་སྟེ། ལུས་བཏང་ན་གནོད་སེམས་ཀྱང་གཏོང་ངོ་། །བློ་གྲོས་རྒྱ་མཚོ་དེ་ལྟར་བགྲང་བ་ལ་ཞུགས་པའི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་གནོད་པ་བཟོད་དེ་མི་སྐྱོ་མི་ཁྲོའོ། །དེ་གནོད་པ་གསུམ་བཟོད་དེ། གསུམ་གང་ཞེ་ན། ལུས་ཀྱི་གནོད་པ་དང་། ངག་གི་གནོད་པ་དང་། སེམས་ཀྱི་གནོད་པའོ། །བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་
ལུས་ཀྱི་གནོད་པ་བཟོད་པ་གང་ཞེ་ན། གང་ཡན་ལག་དང་ཉིང་ལག་རྣམས་བཅད་ཀྱང་ཆོས་ཉིད་ལ་རྟོན་ཏེ་གང་དེའི་ལུས་གཅོད་པའི་སེམས་ཅན་དེ་ཉིད་ལ་ལྟ་བའོ། །བློ་གྲོས་རྒྱ་མཚོ་དེ་ལ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ལུས་གཅོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་
བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བློ་གྲོས་རྒྱ་མཚོ་ཇི་ལྟར་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ལུས་གཅོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། གང་ལུས་འདོར་བ་དང་ལུས་ཡོངས་སུ་གཏོང་བ་དང་ལུས་ལ་མི་ལྟ་བ་
འདི་ནི་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་གཅོད་པ་ན་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པ་དང་། ཚོར་བ་རྣམས་ཀྱིས་མི་འཕྲོགས་པ་འདི་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་ཡོངས་སུ་གཅོད་པ་ན་གང་དག་དེའི་ལུས་
གཅོད་པ་དེ་དག་ཉིད་རབ་ཏུ་ཐར་བར་བྱ་བའི་ཕྱིར་བཟོད་ཅིང་སེམས་ཀྱི་རྨ་མི་ཕྱིན་ཏེ། བཟོད་པའི་སྟོབས་ཉེ་བར་སྟོན་པ་འདི་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་གང་གིས་ཐམས་ཅད་མཁྱེན་པ་ཉིད་ལ་འདུན་པ་མི་འདོར་ཞིང་སེམས་ཀྱི་སྟོབས་བསྐྱེད་པ་ཡང་རབ་ཏུ་
འཛིན་ལ་འཁོར་བ་ཉིད་དུ་མཚམས་ཀྱང་སྦྱོར་ཞིང་དགེ་བའི་རྩ་བ་བརྩམ་པ་ཡང་རྩོམ་པ་འདི་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་རྣམ་པར་འཐོར་བ་ན་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་དེ་མི་བརྗེད་ཅིང་བྱང་ཆུབ་ཉིད་ལ་ལྟ་བ་དང་། ཞི་བ་དང་རབ་ཏུ་ཞི་བ་
ལ་སོ་སོར་རྟོག་པ་འདི་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་གཅོད་པ་ན་ལུས་ལ་རྩྭ་དང་། རྩིག་པ་དང་། ཤིང་དང་། རྡོ་དང་། མིག་ཡོར་ལྟ་བུར་སོ་སོར་རྟོག་ཅིང་ལུས་ལ་སྒྱུ་མའི་ཆོས་ཉིད་དུ་འཇུག་པ་དང་། ཡང་དག་པར་ན་མི་རྟག་པ་ཉིད་དང་།

ཡང་དག་པར་ན་སྡུག་བསྔལ་བ་ཉིད་དང་། ཡང་དག་པར་ན་བདག་མེད་པ་ཉིད་དང་། ཡང་དག་པར་ན་ཞི་བ་ཉིད་དུ་ལུས་ལ་རྟོག་པ་འདི་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བློ་གྲོས་རྒྱ་མཚོ་དེ་ལྟར་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་
ལུས་གཅོད་པ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞིང་ཐེག་པ་ཆེན་པོ་དེ་ལས་ཉམས་པར་མི་འགྱུར་ཏེ་འདི་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་གནོད་པ་བཟོད་པའོ། །བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་ངག་གི་གནོད་པ་བཟོད་པ་གང་ཞེ་
ན། གང་ངན་དུ་བརྗོད་པའི་ཚིག་ཐམས་ཅད་དང་དུ་ལེན་པ་དང་། གཤེ་བ་དང་། བསྡིགས་པ་དང་། སྨད་པ་དང་། བཤུང་བ་དང་། བསྡིགས་མོ་བྱེད་པ་ཐམས་ཅད་བཟོད་པ་དང་། ཡོད་པའམ། མེད་པས་གླེངས་པས་ཀྱང་མི་ཁྲོ་བ་དང་། འཁོན་དུ་མི་འཛིན་
པ་དང་། བག་ལ་ཉལ་སྤོང་བའོ། །བློ་གྲོས་རྒྱ་མཚོ་དེ་ལ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་དུ་བརྗོད་པ་དང་། ངན་དུ་སྨྲས་པའི་ཚིག་གི་ལམ་དང་། གཤེ་བ་དང་བསྡིགས་པ་དག་ཕ་རོལ་ལས་ཐོས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་
སུ་རྫོགས་པར་འགྱུར་རོ། །བློ་གྲོས་རྒྱ་མཚོ་ཇི་ལྟར་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ངན་དུ་བརྗོད་པ་དང་ངན་དུ་སྨྲས་པའི་ཚིག་གི་ལམ་དང་། གཤེ་བ་དང་བསྡིགས་པ་དག་ཕ་རོལ་ལས་ཐོས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན།
བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་དུ་བརྗོད་པ་དང་ངན་དུ་སྨྲས་པའི་ཚིག་གི་ལམ་དང་། གཤེ་བ་དང་བསྡིགས་པ་དག་ཕ་རོལ་ལས་ཐོས་ན་དྲན་པ་འདི་ལྟ་བུ་རབ་ཏུ་འཐོབ་སྟེ། སེམས་ཅན་འདི་ནི་སྔོན་ནས་སེར་སྣ་ཅན་དུ་གྱུར་པ་འཇུངས་པ་
སྟེ། སེར་སྣའི་དྲི་མས་ཀུན་ནས་ཀུན་ཏུ་བསྐོར་བ་དེས་གང་དག་དེའི་གནོད་སེམས་ཀྱི་དྲི་མ་སྤང་བའི་ཕྱིར། ཆོས་སྟོན་པའི་དགེ་བའི་བཤེས་གཉེན་རྣམས་ལ་མ་བསྟེན། གུས་པར་མ་བྱས་བསྙེན་བཀུར་མ་བྱས་པའོ། །བདག་ནི་གཏོང་བ་ལ་མོས་ཤིང་སེར་སྣ་མེད་པར་བྱ།

དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱ། བསྙེན་པར་བྱ། བསྙེན་བཀུར་བྱའོ་སྙམ་སྟེ། དེ་དག་བསྲུང་ཞིང་གནོད་སེམས་ཀྱང་སྤོང་བ་འདི་ནི་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ཚུལ་ཁྲིམས་འཆལ་པ་ལས་
མ་མཐོང་བ་སྟེ། དེ་ནི་བདག་ལ་གཤེ་ཞིང་བསྡིགས་པའོ། །བདག་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླངས་པ་ལས་མི་ཉམས་པར་བྱའོ། །གནོད་སེམས་མེད་པར་བྱའོ། །བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྲུང་བར་བྱའོ། །ལས་ཀྱི་རྣམ་པར་སྨིན་པ་ལ་
བསྟེན་པར་བྱའོ་སྙམ་པ་འདི་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ཞེ་སྡང་གི་ཤས་ཆེ་ཞིང་གནོད་སེམས་མང་བ་སྟེ། དེ་ནི་བདག་ལ་གཤེ་ཞིང་བསྡིགས་པའོ། །བདག་ནི་བཟོད་པའི་སྟོབས་མང་དུ་བྱས་
ཏེ། བྱམས་པ་ལ་གནས་པར་བྱའོ་སྙམ་པ་འདི་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ལེ་ལོ་ཅན་དགེ་བའི་ཆོས་དང་བྲལ་བ་སྟེ་དེ་ནི་བདག་ལ་གཤེ་ཞིང་བསྡིགས་པའོ། །བདག་ནི་བརྩོན་འགྲུས་བརྩམ་པར་
བྱ། དགེ་བའི་རྩ་བ་ཡོངས་སུ་བཙལ་བར་བརྩོན་པ་ལ་མི་ངོམས་པར་བྱ་སྟེ། སེམས་ཅན་འདི་བྱང་ཆུབ་ཀྱི་སྙིང་པོར་སྔར་ཇེ་འཇུག་པར་བྱས་ལ་ཕྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ། དེ་ལྟར་གོ་ཆ་གྱོན་པ་འདི་
ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་བརྗེད་ངས་པ། ཤེས་བཞིན་མེད་པ། ཉོན་མོངས་པ་ངེས་པར་བསམས་པ་སྟེ། དེ་ནི་བདག་ལ་གཤེ་ཞིང་བསྡིགས་པའོ། །བདག་ནི་ཉོན་མོངས་པ་ངེས་པར་
བསམ་པར་བྱ། དྲན་པ་དང་ཤེས་བཞིན་ཅན་དུ་བྱ། རྩེ་གཅིག་ཏུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་སྟེ། སེམས་ཅན་མ་དུལ་བ། མ་ཞི་བ། མ་སྦས་པ། ཉེ་བར་མ་ཞི་བ་འདི་ལྟ་བུ་དག་གི་དོན་དུ་བདག་གིས་གོ་ཆ་ཆེན་པོ་བགོས་ཏེ་འདི་ལྟར་སེམས་ངེས་པར་

སེམས་སུ་གཞུག་གོ། །སྙམ་པ་འདི་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ཤེས་རབ་འཆལ་པ། བདག་ཏུ་སྨྲ་བ། སེམས་ཅན་དུ་ལྟ་བར་དམིགས་པའི་སྤྱོད་ཡུལ་བ་སྟེ་དེ་ནི་བདག་ལ་
གཤེ་ཞིང་བསྡིགས་པའོ། །བདག་ནི་ཆོས་ཉིད་ལ་བསྟེན་པར་བྱའོ་སྙམ་སྟེ་འདི་ལ་གཤེ་བ་དང་ཁྲོ་བ་སུ་ཡིན་ཞེས་དེས་ཡོངས་སུ་ཚོལ་བ་ན་གང་གཤེ་བ་དང་ཁྲོ་བའི་ཆོས་དེ་མི་དམིགས་སོ། །དེ་བདག་དང་གཞན་མི་དམིགས་པར་ལྟ་བ་དང་བྲལ་བར་བཟོད་པ་འདི་ནི་དེའི་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བློ་གྲོས་རྒྱ་མཚོ་དེ་ལྟར་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ངན་དུ་བརྗོད་པ་དང་ངན་དུ་སྨྲས་པའི་ཚིག་གི་ལམ་དང་། གཤེ་བ་དང་བསྡིགས་པ་དག་ཕ་རོལ་ལས་ཐོས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞིང་ཐེག་པ་
ཆེན་པོ་དེ་ལས་ཀྱང་མི་ཉམས་ཏེ་འདི་ནི་བྱང་ཆུབ་སེམས་དཔའི་ངག་གི་གནོད་པ་བཟོད་པའོ། །བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་སེམས་ཀྱི་གནོད་པ་བཟོད་པ་གང་ཞེ་ན། གང་བདུད་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་དེ་ལས་ཕྲལ་ཡང་མི་གཡོ་བ་དང་། ཕས་ཀྱི་རྒོལ་
བ་དམིགས་པར་ལྟ་བ་ལ་མངོན་པར་ཞེན་པ་ཐམས་ཅད་ཀྱིས་ཡང་དག་པའི་བསམ་པར་ཞུགས་པ་ཐམས་ཅད་མཁྱེན་པའི་སེམས་དེ་ལས་མོས་པ་བཟློག་ཀྱང་མི་བརྗེད་པ་དང་། སངས་རྒྱས་ཀྱི་གཟུགས་སུ་འདུག་ཀྱང་མི་མཉམ་པ་དང་མཉམ་པའི་སེམས་དེ་ལས་ཉམས་པར་བྱེད་མི་
ནུས་ཏེ་བདུད་རྫུ་འཕྲུལ་རབ་ཏུ་ཆེན་པོ་དག་གིས་ཁྱོད་ཀྱིས་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པར་མི་ནུས་ཀྱིས་ཁྱོད་ཀྱིས་གཅེས་པར་བྱ་བ་འདི་ཐོང་ཤིག །ཁྱོད་ཀྱིས་བརྩོན་འགྲུས་འདི་འོར་ཅིག །བྱང་ཆུབ་ནི་རྙེད་པར་དཀའ་བ། སངས་རྒྱས་ཀྱི་ཆོས་རྣམས་ནི་རྙེད་པར་དཀའ་
བ་སྟེ་འདིར་འཁོར་བའི་སྡུག་བསྔལ་མང་དུ་མྱོང་བར་འགྱུར་རོ། །གང་དག་མྱ་ངན་ལས་འདས་པ་དེ་དག་ནི་བདེ་བ་ཡིན་གྱིས་སྐྱེས་བུ་དམ་པ་ཁྱོད་མྱུར་དུ་མྱ་ངན་ལས་འདས་པར་གྱིས་ཤིག་ཅེས་དེའི་སེམས་སྐུལ་ཞིང་སེམས་དྲན་པར་བྱེད་ལ། བློ་གྲོས་རྒྱ་མཚོ་གལ་ཏེ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ལ་དེ་ལྟར་བྲལ་བར་བྱེད་དེ་ལྟར་མོས་པ་ཟློག་པར་བྱེད་ཀྱང་སྔོན་གྱི་གོ་ཆ་མི་འདོར་ཞིང་བསམ་པ་རྣམ་པར་འཁྲུགས་པར་མི་བྱེད་ཀྱི་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ངེས་པར་བྱང་ཆུབ་ཀྱི་སྙིང་པོ་མནན་པར་བྱ། བདག་གིས་ངེས་
པར་བདུད་དཔུང་དང་བཅས་པར་འཕམ་པར་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ། བདག་གིས་ངེས་པར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བྱ། བདག་གིས་ངེས་པར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ཆོས་ཀྱི་གཏམ་
ཆེན་པོ་བརྗོད་པར་བྱ། བདག་གིས་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བདག་དང་གཞན་གྱི་སེམས་རིག་པའི་ལྷ་རྣམས་ཀྱིས་བྱང་ཆུབ་ཏུ་བསམ་པ་རིག་གིས། བདག་གིས་
ཐམས་ཅད་མཁྱེན་པའི་སེམས་ཀྱི་གནོད་པ་བཟོད་པར་བྱའོ། །སངས་རྒྱས་རྣམས་དང་ལྷ་རྣམས་དང་སེམས་ཅན་ཐམས་ཅད་དང་བདག་ལ་བསླུ་བར་མི་བྱའོ་སྙམ་པ་འདི་ལྟ་བུ་ནི། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའི་སེམས་ཀྱི་གནོད་པ་བཟོད་ཅིང་། ཐེག་པ་ཆེན་པོ་དེ་ལས་མི་ཕྱེད་
པ་སྟེ། བློ་གྲོས་རྒྱ་མཚོ་འདི་ནི་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེའི་གནོད་པ་བཟོད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གོང་ན་མེད་པ་གང་ཡིན་པ་དང་། ཕ་རོལ་ཏུ་ཕྱིན་པ་འདི་གཉིས་ཡོངས་
སུ་རྫོགས་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་སེམས་ཀྱི་གནོད་པ་བཟོད་པའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བྱང་ཆུབ་ལམ་ལས་བསམ་པ་མི་ཕྱེད་ཅིང་། །དེ་ནི་སྙིང་རྗེ་ལས་ཀྱང་ཕྱེད་མ་ཡིན། །བདག་
གིས་དཀོན་མཆོག་གསུམ་པོ་བསྲུང་བར་བྱ། །སངས་རྒྱས་ཆོས་རྣམས་ཡང་དག་བསྒྲུབ་པར་བྱ། །སུམ་ཅུ་རྩ་གཉིས་ཁྱད་འཕགས་མཚན་དང་དཔེ་བྱད་བཟང་། །གང་དག་གིས་ནི་སྟོབས་བཅུ་རྣམས་ཀྱིས་ལུས་མཛེས་པ། །དེ་དག་ཡོངས་སུ་བཙལ་ཕྱིར་མཆོད་སྦྱིན་བྱེ་

བ་བྱེད། །གནོད་པ་ཤིན་ཏུ་རྣམ་མང་བཟོད་ཅིང་ཡོན་ཏན་ཕྱུག །བརྒྱ་ཕྲག་མཐའ་ཡས་ཞིང་རྣམས་དེ་དག་བདག་གིས་སྦྱང་། །རིན་ཆེན་ཆོས་མཆོག་འདི་དག་བདག་གིས་བསྲུང་བར་བྱ། །བརྒྱ་ཕྲག་མཐའ་ཡས་སེམས་ཅན་དེ་དག་བདག་གིས་དགྲོལ། །
དེས་ན་གནོད་པ་བཟོད་ཅིང་བསམ་པ་མི་ཕྱེད་དོ། །ཕྱོགས་བཅུའི་སེམས་ཅན་ཁམས་ནི་མཐའ་ཡས་ཇི་སྙེད་པ། །ཐམས་ཅད་འདུས་པར་གྱུར་ནས་ལག་ན་མཚོན་ཐོགས་ཏེ། །དེ་དག་དེ་ལ་འཇིགས་སྦྱིན་གཤེ་ཞིང་བསྡིགས་བྱེད་ཀྱང་། །ཡོན་ཏན་ཕྱིར་ནི་བསྡིགས་དང་འཕྱ་བ་
བཟོད་པར་བྱེད། །སྔོན་མཐའི་བསྐལ་པ་བརྒྱ་ཕྲག་མཐའ་ཡས་ཇི་སྙེད་པར། །དེ་དག་རྒྱུན་མི་འཆད་པར་ཚིག་རྩུབ་སྨྲས་ཀྱང་ནི། །བདག་ཉིད་ཆེན་པོ་དེ་བཟོད་མི་ཁྲོ་གཤེ་བ་མེད། །དེ་ལྟར་རྟོགས་པ་རྣམས་ནི་གནོད་པ་དག་པར་འགྱུར། །སེམས་ཅན་དེ་དག་ལག་ན་
མཚོན་ཐོགས་ལྷན་ཅིག་ཏུ། །བདག་གི་ལུས་ཀྱི་ཡན་ལག་དུམ་བུ་དུམ་བུར་གཏུབས། །འོན་ཀྱང་བདག་གི་སེམས་ཡིད་ཁྲོ་བར་མི་བྱ་སྟེ། །བྱང་ཆུབ་ཡིད་ལ་བྱས་ན་གནོད་འདི་དག་པར་འགྱུར། །འགྲེང་ངམ་འདུག་གམ་འཆག་གམ་འོན་ཏེ་ཉལ་ཡང་རུང་། །
གང་དུ་བྱང་ཆུབ་སེམས་མཆོག་འདི་དག་སྦྱིན་པ་དང་། །དུལ་བའི་སེམས་དང་གཞན་ཡང་དཀར་སེམས་མི་འདོར་བ། །དེར་ནི་དེའི་ལུས་དུམ་བུ་དུམ་བུར་རྣམ་པར་འཐོར། །སེམས་དམྱལ་དུད་འགྲོའི་སྐྱེ་གནས་ཡི་དགས་འཇིག་རྟེན་མིར། །བསྐལ་པ་བརྒྱ་ཕྲག་མཐའ་ཡས་
དོན་མེད་ལུས་ཀྱང་གཏུབས། །སངས་རྒྱས་ཡེ་ཤེས་མངོན་པར་འདོད་པས་ལུས་འདོར་ཞེས། །སྐྱེས་བུ་དེས་ནི་ཡིད་ཀྱང་ཡང་དག་ཚིམ་པར་བྱེད། །མི་ཡི་སྡུག་བསྔལ་རྒྱུ་ནི་རྣམ་པ་དུ་མ་དག །མཚམས་མེད་སྡུག་བསྔལ་བརྒྱ་ཆར་ཉེ་བར་མི་འགྲོ་བའི། །དམྱལ་བ་རྣམས་
སུ་བསྐལ་པ་བརྒྱར་ནི་གནས་པར་སྤྲོ། །རྒྱལ་བ་དང་ནི་ཆོས་དང་སེམས་ཅན་མི་གཏོང་ངོ་། །བདག་ལུས་མི་རྟག་རིང་དུ་མི་ཐུབ་སྒྱུ་མ་འདྲ། །