Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 055_མདོ་སྡེ།_ད

Văn bản gốc(Tây Tạng)

Trang 3 / 20 (50.000 ký tự/trang)
གྱིས་ནས། །ཁྱོད་ཀྱིས་བརྙེས་བཞིན་བྱང་ཆུབ་ཐོབ་པར་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པས་གསོལ་པ་མཁྱེན་ནས། །ཟླ་འོད་གཞོན་
ནུར་གྱུར་པ་ལ་ཚིགས་སུ་བཅད་པས་སླར་བཀའ་སྩལ་པ། ལོངས་ཤིག་ཟླ་འོད་རྒྱལ་བའི་སྲས། །ལོངས་ཤིག་སྦྱིན་དགའ་སེམས་ཅན་མཆོག །ལོངས་ཤིག་སྙིང་རྗེ་ཚུལ་ཁྲིམས་བརྟན། །བྲན་ལ་དེང་ནི་ཁྱིམ་དུ་འདོད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་
གསུངས་ནས་སྔར་གདན་ལས་བཞེངས་ཏེ། ཤམ་ཐབས་གསོལ། ཆོས་གོས་དང་ལྷུང་བཟེད་བསྣམས་ནས་དགེ་སློང་འབུམ་དུ་ཚང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་མང་པོས་བསྐོར་ཅིང་མདུན་དུ་བདར་ཏེ། ལྷ་དང་ཀླུ་དང་
གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་དྲང་སྲོང་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་གྲུལ་བུམ་དང་ཡི་དགས་དང་སྲུལ་པོ་དང་མི་དང་མི་མ་ཡིན་པ་བརྒྱ་སྟོང་དུ་མས་མཆོད་ཅིང་མངོན་པར་བསྟོད་ནས། སངས་རྒྱས་ཀྱི་མཐུ་ཆེན་པོ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་ཆེན་པོ་དང་སངས་
རྒྱས་ཀྱི་ཆོ་འཕྲུལ་ཆེན་པོ་དང་སངས་རྒྱས་ཀྱི་སྤྱོད་ལམ་གྱིས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ནི་རབ་ཏུ་གཏོང་། སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནི་རབ་ཏུ་དཀྲོལ། གདུགས་དང་རྒྱལ་མཚན་དང་བ་དན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ནི་མངོན་པར་སྒྲེང་། གཟུགས་དང་ཁ་དོག་རགས་
པ་དུ་མ་རྣམ་པ་སྣ་ཚོགས་ཀྱི་ངང་པ་དང་ཁྲུང་ཁྲུང་དང་ངུར་པ་དང་བཞད་དང་ཙ་ཀོ་ར་དང་རྨ་བྱ་དང་ཙ་ཤ་དང་རི་སྐེགས་དང་ཁུ་བྱུག་དང་ཀ་ལ་པིང་ཀ་དང་ཀུ་ནལ་ལ་སོགས་པ་བྱའི་ཁྱུ་མང་པོ་དུ་མ་སྒྲ་སྙན་ཅིང་འཇམ་ལ་ཡིད་དུ་འོང་བ་རྣམ་པ་དུ་མ་འབྱིན་པས་ནི་བར་སྣང་ལ་ལྷ་བཞིན་དུ་སོ་སོའི་ང་རོས་རོལ་མོའི་སྒྲ་དབྱངས་

འབྱིན། ལྷའི་རིན་པོ་ཆེ་སྣ་ཚོགས་ཀྱི་བདུག་སྤོས་ཀྱི་སྣོད་ཡངས་ཤིང་ཆེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཐམས་ཅད་ཀྱང་བཻ་དཱུརྱ་དང་ཨན་ད་རྙིལ་དང་ཤེལ་དང་སྤུག་གི་ཡུ་བ་ཅན་དག་གནོད་སྦྱིན་གྱི་དབང་པོ་གཟུགས་བཟང་དང་དབང་པོའི་ཏོག་དང་རད་རོད་ཅན་དང་བ་ཀུ་ལ་དང་ལྔས་རྩེན་དང་ཤཱཀྱ་འཕེལ་ལ་སོགས་
པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་གི་ལག་པ་གཉིས་ན་གཏུན་འཛིན་པ་བཞིན་དུ་ཐོགས་ཏེ། སྤོས་སྦྲུལ་གྱི་སྙིང་པོ་དང་གོ་ཥིར་ཥ་དང་མྲི་ཎ་ལ་དང་ཧ་རི་དང་མ་ལ་ཡ་དང་ཙན་དན་དམར་པོ་དང་ཨ་ག་རུ་ལ་སོགས་པས་བཀང་བའི་དུ་བ་ནི་འཐུལ། ཕྱོགས་སོ་སོ་ནས་ལྷགས་པའི་རྒྱལ་པོ་དབང་ཆེ་བ། དབང་
ཆེ་བར་གྲགས་པ་རྣམས་རྟ་དང་བ་ལང་རྒྱན་གྱིས་ཤིན་ཏུ་བརྒྱན་ཅིང་མ་ཞོན་པར་ཁྲིད་པའི་ཚོགས་དུ་མ་དང་ཤིང་རྟ་དང་དཔུང་བུ་ཆུང་གིས་ཡོངས་སུ་བསྐོར་ཅིང་ཕྲེང་བ་དང་ལྡ་ལྡི་མང་པོ་དང་རིན་པོ་ཆེའི་ཕྲེང་བ་ལག་ན་ཐོགས་ཤིང་སྔོན་ལོགས་ནས་རྐང་གིས་འགྲོའོ། །རྟ་དང་གླང་པོ་ཆེ་ལེགས་པར་བརྒྱན་པ། མ་ཞོན་
པར་ཁྲིད་པ་དག་ཀྱང་། རང་གི་སྟབས་ཀྱིས་མངོན་པར་འགྲོ་ཞིང་སྐད་ཡིད་དུ་འོང་ལ་སྙན་པ་འབྱིན་ཏོ། །ཚངས་པ་ཡང་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ནས་མཆོད་པ་དང་རིམ་གྲོ་བསྙེན་བཀུར་བྱེད་ཅིང་འགྲོའོ། །གཡོན་ཕྱོགས་ནས་ནི་ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུ་དབང་ཆེ་བ། དབང་ཆེ་བར་གྲགས་
པ། རྒྱ་ཆེ་ཞིང་རླབས་ཆེ་བ། བགྲང་བ་ལས་འདས་པ་རྣམས་ལྷའི་ཅོད་པན་བཟང་པོ་དང་གདུ་བུ་རྒྱན་ཅན་དང་རྣ་ཆ་དང་གདུ་བུ་དང་མེ་ཏོག་རྣ་རྒྱན་དང་རིན་པོ་ཆེའི་ཙོང་ཙོང་དང་མེ་ཏོག་གི་ཕྲེང་བས་ལུས་བརྒྱན་ཅིང་། གཟུགས་མངོན་པར་སྣང་བས་ལྷའི་མེ་ཏོག་མན་དཱ་ར་དང་མདོག་མཛེས་དང་ཀོ་བི་དཱ་ར་དང་།
སྠཱ་ལ་ཀ་དང་ཀུ་ར་བ་ཀ་དང་ཙམ་པ་ཀ་དང་དོང་ཀའི་མེ་ཏོག་དང་མྱ་ངན་འཚང་དང་སྐྱ་སྣར་དང་ཨ་ཏི་མུག་ཏ་ཀ་དང་ཨུད་པ་ལ་དང་བ་ཀུ་ལ་དང་མལ་ལི་ཀ་དང་ཀུན་ད་དང་ཀེ་ས་ར་དང་པད་མ་དང་ཀུ་མུ་ད་དང་པད་མ་དཀར་པོ་དང་དྲི་མཆོག་དང་རིན་པོ་ཆེའི་ཕྲེང་བ་དང་རིན་པོ་ཆེའི་ཨ་ག་རུ་དང་ཤིང་རིན་པོ་ཆེའི་འབྲས་
བུ་ཅན་དག་ལག་ན་ཐོགས་ཤིང་སིལ་སྙན་སྣ་ཚོགས་བརྒྱ་སྟོང་ནི་ཤིན་ཏུ་དཀྲོལ། གོས་བྱེ་བ་ནི་གཡོབ་ཅིང་ཨ་ལ་ལ་ཞེས་ག་ཞའི་སྒྲ་དག་ནི་འབྱིན། མེ་ཏོག་གི་ཆར་ཆེན་པོ་ནི་རབ་ཏུ་འབེབས་ཤིང་། བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་ནམ་མཁའི་ངོས་ཐམས་ཅད་བར་མཚམས་

མེད་པར་གང་བར་འཁོད་དེ། མེ་ཏོག་དང་སྤོས་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་རིན་པོ་ཆེའི་ཆར་རབ་ཏུ་འབེབས་ཤིང་། བཅོམ་ལྡན་འདས་ཆུ་དྲོན་ཡོད་པའི་སྒོ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གདུགས་ཚོད་ལ་གཤེགས་སོ། །དེའི་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་
སྐད་ཅེས་བྱའོ། །སངས་རྒྱས་དེ་བཞིན་གཤེགས་པས་དུས་མཁྱེན་ནས། །དཔའ་བོ་ཡོན་ཏན་ཀུན་གྱི་རབ་བརྒྱན་པ། །ཞིང་རྣམས་བསམ་གྱིས་མི་ཁྱབ་སྣང་མཛད་ཅིང་། །བཅོམ་ལྡན་མི་ཡི་སེང་གེ་གཤེགས་པར་གྱུར། །སྤྱན་རས་གཟིགས་དང་མཐུ་ཆེན་དོན་ཡོད་དང་། །སྤོས་ཀྱི་བལ་
གླང་རིན་ཆེན་ལག་བཟངས་དང་། །རིན་ཆེན་ཏོག་དང་འབྱུང་དཀའ་དཔའ་བོ་དང་། །དེ་དང་གཞན་དག་རྒྱལ་བའི་ཞབས་འབྲིང་བྱེད། །གཡས་ཕྱོགས་ན་ནི་མི་ཕམ་འདུག་གྱུར་ཏེ། །དེ་མིང་བྱམས་པ་ཡོན་ཏན་མཐའ་ཡས་ཕྱུག །བར་དུ་མ་ཆོད་སངས་རྒྱས་འགྱུར་བ་སྟེ། །བསོད་ནམས་
ཡེ་ཤེས་ཚོགས་ཀྱང་རབ་ཏུ་རྫོགས། །བྱམས་དང་བཏང་སྙོམས་དགའ་བས་ལུས་བསྒོམས་ཤིང་། །ཆོས་ཀྱི་བདག་ཉིད་ཆེན་པོ་སྙིང་རྗེས་སྐྱེད། །ཡོན་ཏན་མཐའ་ཡས་ཐུབ་དབང་ཡོན་ཏན་སེམས། །བདེ་གཤེགས་ཐུགས་རྗེ་ཅན་གྱི་ཞབས་འབྲིང་བྱེད། །དེ་ཡི་རྗེས་ལ་བསྐལ་པ་བཟང་
པོ་ཡི། །བློ་གྲོས་ཆེན་པོ་ལྡན་པ་ཇི་སྙེད་པའི། །སངས་རྒྱས་སྟོང་དུ་བཞིས་མ་ཚང་བ་དག །དེ་དག་གིས་ཀྱང་བྱམས་པ་མདུན་དུ་བདར། །གང་སྔོན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འདིར། །བསྐལ་པ་དག་ལ་རྒྱལ་བ་མཐའ་ཡས་མཆོད། །ཟླ་བ་མཛེས་པའི་འོད་འདྲ་ལྷ་ཡི་ལུས། །ཟླ་འོད་
དཔའ་བོ་ཡང་ནི་མདུན་ན་འདུག །སྙིང་རྗེ་མཆོག་གི་གཡོན་ཕྱོགས་འདུག་པ་ནི། །འཇམ་དཔལ་བྱེ་བ་བརྒྱ་ཕྲག་མང་པོ་དང་། །དཔའ་བོ་རྫུ་འཕྲུལ་སྟོབས་ཀྱིས་མངོན་འཕགས་པ། །བརྒྱ་ཕྲག་མཐའ་ཡས་ཞིང་དུ་འགྲོ་བའོ། །དེ་ཡི་འོག་ཏུ་ཉན་ཐོས་དགེ་འདུན་ཏེ། ཤཱ་རིའི་བུ་འོག་མཽད་གལ་ནག་
པོ་དང་། །འོད་སྲུང་རབ་འབྱོར་དགའ་བོ་ཀ་ཕི་ན། །བཟང་ལྡན་རྒྱལ་པོ་དེ་བཞིན་ཀཽཎྜི་ནྱ། །ཀུན་དགའ་དེ་བཞིན་གནས་བརྟན་སྒྲ་གཅན་ཟིན། །ལེགས་འོངས་ཀྲོན་ཙི་གང་པོ་འཆར་བ་པོ། །ནམ་གྲུ་གསུས་ཆེན་ཉེ་འཁོར་མ་འགགས་པ། །རལ་པ་ཅན་ནི་སྟོང་དུ་ཚང་བ་དག །ཉན་ཐོས་དགེ་འདུན་

འོག་ཏུ་ཐམས་ཅད་ཀྱང་། །དཀའ་ཐུབ་དྲག་མཆོག་རིག་བྱེད་ཆོ་ག་ཤེས། །དམོད་པ་འདོར་དང་ཕན་འདོགས་ནུས་པ་ཡི། །དྲང་སྲོང་དུལ་བ་ཐལ་སྦྱར་འདུད་པ་བྱེད། །ཞི་བའི་ཡིད་དང་དུལ་བའི་ཡིད་རྣམས་ཀྱིས། །སངས་རྒྱས་འཇིག་རྟེན་སྒྲོན་མ་མདུན་བདར་ཏེ། །ཐུགས་རྗེར་ལྡན་པའི་མི་ཡི་སེང་
གེ་གཤེགས། །སེམས་ཅན་སྟོང་རྣམས་རབ་ཏུ་ཐར་བར་མཛད། །སྟོན་ཟླ་ཐ་ཆུངས་ཟླ་བ་ཉ་བ་ལྟར། །སྐར་ཚོགས་དབང་པོ་ཡོངས་སུ་དག་པ་བཞིན། །ཚངས་པ་སྟོང་ཕྲག་དག་ནི་བརྒྱ་མང་གིས། །མཚུངས་པ་མེད་པའི་སྟོན་པ་ཡོངས་སུ་བསྐོར། །གྲོང་ཁྱེར་གྱི་ནི་སྒོ་སྟེངས་ཞབས་བཞག་ཚེ། །ནགས་
ཚལ་སྟུག་པོར་བཅས་པའི་ས་ཡང་གཡོས། །ལྷ་དང་ལྷ་མིན་ལྟོ་འཕྱེའི་ཚོགས་རྣམས་ཀྱང་། །མེ་ཏོག་བཟང་པོ་དྲི་མཆོག་འཐོར་བར་བྱེད། །དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཡས་པ་འཁོར་ལོ་རིན་པོ་ཆེས་བརྒྱན་པ། །དགེ་བའི་རྩ་བ་དཔག་ཏུ་མེད་པ་བསགས་པ། །སྒོའི་ཐེམ་པ་ལ་བཞག་
མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ་ཀུན་ཏུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག་ཀུན་ཏུ་རབ་ཏུ་ལྡེག །འཁྲུགས་རབ་ཏུ་འཁྲུགས་ཀུན་ཏུ་རབ་ཏུ་འཁྲུགས། །ཆེམ་ཆེམ་རབ་ཏུ་ཆེམ་
ཆེམ་ཀུན་ཏུ་རབ་ཏུ་ཆེམ་ཆེམ། འུར་འུར་རབ་ཏུ་འུར་འུར་ཀུན་ཏུ་རབ་ཏུ་འུར་འུར་ཏེ། ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ། །ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ། མཐའ་དམའ་ན་དབུས་མཐོ། དབུས་དམའ་
ན་མཐའ་མཐོ་བར་གྱུར་ནས་འཇིག་རྟེན་དུ་སྣང་བ་ཆེན་པོ་ཡང་བྱུང་བར་གྱུར་ཏོ། །ངོ་མཚར་དང་རྨད་དུ་བྱུང་བའི་ཆོ་འཕྲུལ་གྲངས་མེད་དཔག་ཏུ་མེད་པ་གཞན་དག་ཀྱང་སྣང་ངོ་།། །།འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་བཞི་པ། དེའི་ཆོས་ཉིད་ནི་འདི་
ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གྲོང་ཁྱེར་མཆོག་དེར་འདྲེན་པ་གཤེགས་པ་ན། །སྒོ་ཐེམ་ལ་ནི་ཞབས་མཆོག་བཞག་པའི་ཚེ། །དེ་ཡི་དཔལ་གྱིས་ས་འདི་རབ་ཏུ་གཡོས། །གྲོང་ཁྱེར་མཆོག་འདིའི་སེམས་ཅན་རབ་ཏུ་དགའ། །མི་གང་བཀྲེས་ཤིང་སྐོམ་པར་གྱུར་པ་དག །དེ་ཚེ་དེ་

དག་བཀྲེས་པ་མེད་པར་གྱུར། །རྒྱལ་བས་སྒོ་ཡི་ཐེམ་སྟེང་ཞབས་བཞག་ཚེ། །བཀྲེས་ཤིང་སྐོམ་པ་དག་དང་བྲལ་བར་གྱུར། །རྒྱལ་བས་སྒོ་ཡི་ཐེམ་སྟེང་ཞབས་བཞག་ཚེ། །དམུས་ལོང་གྱུར་པའི་མི་གང་ཅི་ཡོད་དང་། །རྣ་བས་མི་ཐོས་མགོན་མེད་བསོད་ནམས་ཆུང་། །དེ་དག་
ཐམས་ཅད་མིག་དང་རྣ་བ་ཐོབ། །རྒྱལ་བས་སྒོ་ཡི་ཐེམ་སྟེང་ཞབས་བཞག་ཚེ། །གཤིན་རྗེའི་ཡུལ་གྱི་ཡི་དགས་གང་ཡོད་པ། །ཤིན་ཏུ་སྡུག་བསྔལ་ངར་སྣབས་མཆིལ་མ་ཟ། །ཐམས་ཅད་འོད་ཀྱིས་རེག་པས་བདེ་བར་གྱུར། །རྒྱལ་བས་སྒོ་ཡི་ཐེམ་སྟེང་ཞབས་བཞག་ཚེ། །བྲག་གི་རྩེ་དང་
རི་ཡི་རྩེ་མོ་དང་། །ཤིང་མཆོག་སཱ་ལ་དང་ནི་དོང་ཀ་རྣམས། །ཐམས་ཅད་སངས་རྒྱས་བཞུགས་པའི་ཕྱོགས་སུ་འདུད། །རྒྱལ་བས་སྒོ་ཡི་ཐེམ་སྟེང་ཞབས་བཞག་ཚེ། །རྒྱ་མཚོ་མཐར་ཐུག་གྲོང་དང་གྲོང་ཁྱེར་རྣམས། །ས་ཀུན་རྣམ་པ་དྲུག་ཏུ་རབ་ཏུ་གཡོས། །འདིར་ནི་གང་ལའང་གནོད་པར་
གྱུར་པ་མེད། །ལྷ་དང་མི་དང་གྲུལ་བུམ་སྲིན་པོ་དང་། །སྐྱེས་བུ་གནས་པ་དགའ་མགུ་སེམས་རངས་ཏེ། བྱང་ཆུབ་དམ་པ་མཆོག་ལ་དད་བསྐྱེད་ནས། །འཇིག་རྟེན་རྣམ་པར་འདྲེན་པའི་གདུགས་ཀྱང་འཛིན། །རྒྱལ་བས་སྒོ་ཡི་ཐེམ་སྟེང་ཞབས་བཞག་ཚེ། །སིལ་སྙན་སྟོང་དག་མ་
བརྡུངས་སྒྲ་འབྱིན་ཏེ། །ཤིན་ཏུ་ཡིད་འོང་རོལ་མོའི་དབྱངས་ཐོས་པས། །དེ་ཚེ་སེམས་ཅན་ཐམས་ཅད་རབ་ཏུ་དགའ། །སྡོང་པོ་སྟོང་ཕྲག་བརྒྱ་དག་འདུད་པར་གྱུར། །དེ་ཚེ་མེ་ཏོག་ཀུན་ཀྱང་རབ་ཏུ་རྒྱས། །བར་སྣང་ལས་ནི་ལྷ་རྣམས་བརྒྱ་སྟོང་དག །རྒྱལ་བ་ལ་ཡང་མི་མིན་མཆོད་པ་བྱེད། །རྒྱལ་
བས་སྒོ་ཡི་ཐེམ་སྟེང་ཞབས་བཞག་ཚེ། །གླང་པོ་བརྒྱ་དག་སེམས་དགའ་སྒྲ་འབྱིན་ཏེ། །རྟ་དང་བ་ལང་རྒྱལ་པོ་ལུས་ཀྱང་སྟོད། །རི་དགས་རྒྱལ་པོ་སེང་གེ་སྒྲ་འབྱིན་བྱེད། །ས་དབང་རྒྱལ་པོ་གང་སུ་ཇི་སྙེད་ཅིག །ཕྱོགས་དང་ཕྱོགས་མཚམས་དག་ནས་ལྷགས་པ་རྣམས། །རྒྱལ་བའི་དཔལ་
གཟི་དེ་འདྲ་མཐོང་ནས་ནི། །རབ་ཏུ་སེམས་དགའ་ས་ལ་འདུག་ཅིང་འདུད། །ཁ་ཅིག་འཇིག་རྟེན་མགོན་ལ་མངོན་པར་སྟོད། །ཁ་ཅིག་རྒྱལ་ལ་མེ་ཏོག་ཆར་འབེབས་ཤིང་། །ཁ་ཅིག་སོར་བཅུ་ཐལ་མོ་སྦྱར་ནས་སུ། །ཨེ་མ་རྒྱལ་བ་ཐུགས་རྗེ་ཅན་ཞེས་སྨྲ། །ཁ་ཅིག་མུ་ཏིག་དོ་ཤལ་བཟང་པོ་དང་། །

སྣ་ཚོགས་རྒྱན་མང་དགའ་སྐྱེད་འཐོར་བར་བྱེད། །བྱང་ཆུབ་སེམས་མཆོག་དཔེ་མེད་བསྐྱེད་ནས་སུ། །ཁ་ཅིག་ན་བཟའ་རིན་ཆེན་འཐོར་བར་བྱེད། །ཁ་ཅིག་གསེར་གྱི་དྲ་བ་བཟང་པོ་འཐོར། །ཁ་ཅིག་སྤེན་ཏོག་རྒྱན་བཟང་འཐོར་བར་བྱེད། །ལ་ལ་གསེར་གྱི་རྒྱན་ནི་དམ་པ་འཐོར། །ཁ་ཅིག་
དེ་བཞིན་གདུ་བུ་འཐོར་བར་བྱེད། །ལ་ལ་གདུ་བུ་བཟང་པོ་དེ་འཐོར་ཏེ། །ཁ་ཅིག་རིན་ཆེན་སྤྲས་པའི་དཔུང་རྒྱན་འཐོར། །ཁ་ཅིག་བདག་ཅག་སངས་རྒྱས་གྱུར་ཅིག་ཅེས། །སེམས་བསྐྱེད་གོས་ཕྲན་བཟང་པོ་འཐོར་བར་བྱེད། །འཇིག་རྟེན་མགོན་པོ་སྒོ་ན་བཞུགས་པའི་ཚེ། །མི་དག་ཁ་ཅིག་
གསེར་གྱི་ཙོང་ཙོང་འཐོར། །སེམས་དད་གཙུག་གི་ནོར་བུ་མཆོག་ཀྱང་འཐོར། །ལ་ལ་རིན་ཆེན་དྲ་བ་འཐོར་བར་བྱེད། །སེམས་ཅན་ཤིན་ཏུ་མི་བཟད་སྡུག་བསྔལ་ཞིང་། །གཙེ་བ་རྣམ་མང་ཟུག་རྔུས་ཟུག་པ་ཡང་། །འདྲེན་པ་སྐྱེས་བུ་གཙོ་བོའི་དཔལ་གྱིས་ནི། །ཐམས་ཅད་བདེ་བ་དང་
ཡང་ལྡན་པར་གྱུར། །ཁུ་བྱུག་དང་ནི་རི་སྐེགས་རྨ་བྱ་དང་། །དེ་བཞིན་ཁྲུང་ཁྲུང་དང་ནི་མཚོ་བྱ་དང་། །བྱ་མང་ཀུན་ནི་ནམ་མཁར་འདུག་ནས་སུ། །ཤིན་ཏུ་ཡིད་འོང་མཆོག་གི་སྒྲ་ཡང་འབྱིན། །དེ་ཚེ་བྱ་ཚོགས་མང་པོ་རབ་དགའ་བས། །འཇམ་ཞིང་ཡིད་དུ་འོང་བའི་སྒྲ་ཕྱུང་སྟེ། །གང་
གིས་སྙན་པའི་སྒྲ་སྐད་དེ་ཐོས་པ། །དེ་དག་འདོད་ཆགས་ཞེ་སྡང་གཏི་མུག་ཞི། །སེམས་ཅན་བྱེ་བས་དགའ་བའི་སྒྲ་ཐོས་ནས། །ཐམས་ཅད་རྗེས་སུ་འཐུན་པའི་བཟོད་ཐོབ་སྟེ། །མ་འོངས་དུས་ན་རྒྱལ་བར་ཁྱེད་འགྱུར་ཞེས། །དེ་དག་ཀུན་ལ་བདེ་གཤེགས་ལུང་ཡང་སྟོན། །དེ་ཡི་དུས་ན་ཉོན་
མོངས་མི་འབྱུང་སྟེ། །ཆོས་ཀྱི་རྒྱལ་ལ་ཐམས་ཅད་རི་མོར་བཅས། །དེ་ཚེ་འདྲེན་པའི་སྐུ་བྱད་མཐོང་ནས་ནི། །སངས་རྒྱས་ཡེ་ཤེས་མཆོག་ལ་མོས་བསྐྱེད་དེ། །བདག་ཅག་ནམ་ཞིག་འདི་འདྲའི་མཁྱེན་ཐོབ་སྙམ། །བསམ་པ་མཁྱེན་ནས་རྒྱལ་བ་ལུང་སྟོན་ཏེ། །བདེ་བར་གཤེགས་པའི་བ་
སྤུ་ཁུང་རེ་ནས། །འོད་ཟེར་དག་ནི་སྟོང་ཕྲག་བརྒྱ་ཡང་བྱུང་། །དེ་ལས་ལྷག་པར་གང་གཱའི་བྱེ་སྙེད་དེ། །དེ་དག་གི་ཡང་མཚན་མ་གཟུང་མི་ནུས། །དེ་ཚེ་ཉི་མའི་འོད་ཀྱང་མི་སྣང་སྟེ། །མེ་དང་ནོར་བུ་ལྷ་ཀུན་འོད་ཀྱང་མེད། །རྒྱལ་བ་གྲོང་གཤེགས་སངས་རྒྱས་རྣམ་མཛེས་པ། །དེ་ཚེ་འོད་

རྣམས་ཐམས་ཅད་ཡོང་མི་མངོན། །ཚོགས་ཆེན་དང་ནི་བདེ་གཤེགས་ལམ་བཞུད་ཚེ། །གང་དུ་སྟོབས་བཅུ་ཡི་ནི་ཞབས་འཇོག་པར། །ས་ལས་པད་མ་དག་ནི་སྟོང་ཕྲག་བརྒྱ། །འདབ་མ་བྱེ་བ་སྟོང་ལྡན་གཙང་མ་བྱུང་། །འདྲེན་པ་གྲོང་ཁྱེར་མཆོག་ཏུ་གཤེགས་པའི་ཚེ། །དེ་ན་ཉལ་
ཉིལ་མི་གཙང་མེད་པར་གྱུར། །གྲོང་ཁྱེར་ཐམས་ཅད་དྲི་མཆོག་བདུག་པ་ཡི། །སྤོས་ངད་ཡིད་དུ་འོང་བ་ཀུན་ནས་ལྡང་། །གྲོང་དང་སྲང་རྣམས་ཡོངས་སུ་དག་གྱུར་ཏེ། །རྡོ་དང་གསེག་མ་མེད་ཅིང་སྤོས་ཆུས་བཏབ། །སྟོབས་བཅུ་ལྡན་པའི་བསོད་ནམས་དེ་འདྲ་སྟེ། །རྣམ་པ་སྣ་ཚོགས་
མེ་ཏོག་སིལ་མ་བཀྲམ། །གནོད་སྦྱིན་བརྒྱ་སྟོང་གཏུམ་པོར་སེམས་པ་དག །སངས་རྒྱས་མི་དབང་གསེར་འདྲ་མཐོང་ནས་ནི། །འདྲེན་ལ་དགའ་བ་རྒྱ་ཆེ་རབ་བསྐྱེད་ནས། །སངས་རྒྱས་ཆོས་དང་དགེ་འདུན་སྐྱབས་སུ་འགྲོ། །ལྷ་རྣམས་བྱེ་བ་དང་ནི་བརྒྱ་ཕྲག་སྟོང་། །མི་དབང་ལྟ་བར་འོངས་པ་
དེ་དག་ཀུན། །བདེ་བར་གཤེགས་ལ་མེ་ཏོག་ཆར་ཕབ་སྟེ། །མེ་ཏོག་གཏོར་ནས་ནམ་མཁའི་དཀྱིལ་ན་འདུག །རྒྱལ་ལ་མི་ཡིས་མེ་ཏོག་གང་གཏོར་བ། །ནམ་མཁའི་ངོས་ལ་མེ་ཏོག་གདུགས་སུ་གྱུར། །ལྷ་རྣམས་ཀྱིས་ནི་མེ་ཏོག་གཏོར་བ་ཡང་། །ས་སྟེང་ལྷ་ཡི་མེ་ཏོག་བཀྲམ་པར་
གྱུར། །ལྷ་དང་མི་དང་གྲུལ་བུམ་སྲིན་པོ་རྣམས། །དེ་མཐོང་ནས་ནི་ནམ་ཡང་ངོམས་མི་མྱོང་། །མགོན་པོ་སྟོབས་བཅུ་ལྡན་པ་མཐོང་ནས་ཀྱང་། །རབ་ཏུ་དགའ་ཞིང་སེམས་བདེ་རངས་པར་གྱུར། །ནམ་ཚེ་སྐྱེས་བུ་མཆོག་གི་སྐུ་མཐོང་ནས། །སེམས་ཅན་ཐམས་ཅད་དགའ་མགུ་རངས་
གྱུར་པས། །ལྷ་ཡི་མེ་ཏོག་ལ་ཡང་ཡིད་མི་སེམས། །དེ་དག་ལ་ནི་ངོ་མཚར་འཛིན་པ་མེད། །སྟོབས་བཅུའི་གཡས་ཕྱོགས་ན་ནི་ཚངས་པ་སྟེ། །དེ་བཞིན་གཡོན་ན་བརྒྱ་བྱིན་ལྷ་ཡི་རྒྱལ། །ནམ་མཁའི་དཀྱིལ་ན་ལྷ་མང་བྱེ་འཁོད་དེ། །སྐྱེས་བུ་མཆོག་ལ་ཤིན་ཏུ་གུས་པ་སྐྱེད། །
ལྷ་དང་ལྷ་མིན་དག་གིས་རྒྱལ་བར་བསྐོར། །ལྷ་དང་མི་ཡི་དཔལ་གཟི་ཀུན་ཕྲོགས་ནས། །ཞབས་མཐིལ་ས་ལ་རི་མོ་འབྱིན་བཞིན་དུ། །གྲོང་ཁྱེར་དུ་ནི་བཅོམ་ལྡན་སྤྱན་དྲངས་གཤེགས། །སྐུ་ལུས་དཔེ་བྱད་བཟང་པོས་བརྒྱན་པ་ནི། །ནམ་མཁའ་སྐར་མ་དག་གིས་གང་བ་

བཞིན། །ནམ་མཁའ་ལ་ནི་ཟླ་བ་ཉ་བ་ལྟར། །རྒྱལ་པོའི་ལམ་ན་སངས་རྒྱས་ལམ་མེ་བཞུགས། །ནོར་བུ་རིན་ཆེན་རྣམ་དག་བཟང་པོ་ནི། །ཉེས་པའི་སྐྱོན་བྲལ་རབ་ཏུ་སྣང་བར་བྱེད། །ཕྱོགས་དང་ཕྱོགས་མཚམས་སུ་ཡང་འོད་གཙང་བྱུང་། །དེ་བཞིན་རྒྱལ་བ་འཇིག་རྟེན་ཀུན་སྣང་མཛད། །
ལྷ་དང་ལྷ་མིན་དག་གིས་རྒྱལ་བ་བསྐོར། །མི་ཡི་གཙོ་བོ་རྒྱལ་པོའི་ཁབ་ཏུ་གཤེགས། །ཞབས་མཐིལ་ས་ལ་རི་མོ་འབྱིན་བཞིན་དུ། །ཟླ་འོད་གཞོན་ནུའི་ཁྱིམ་དུ་སངས་རྒྱས་གཤེགས། །གྲོང་ཁྱེར་མཆོག་ནི་ཀུན་ཏུ་ལེགས་བརྒྱན་ཏེ། །རྒྱལ་མཚན་བྱེ་བ་ཕྲག་སྟོང་རབ་ཏུ་སྒྲེང་། །དེ་
ཡི་ས་ཀུན་སྤོས་བཟང་རྣམ་པར་བྱུགས། །ཡིད་འོང་དེ་བཞིན་དབྱར་གྱི་མེ་ཏོག་གཏོར། །གང་ཚེ་བདེ་གཤེགས་གཏམ་རྣམས་སྟོན་པ་ན། །མགོན་པོ་སྲང་བཞུད་མི་ལ་ཐུགས་བརྩེའི་ཕྱིར། །རྒྱལ་བས་དེར་ནི་འཕྲུལ་པ་རྣམ་སྤྲུལ་ཏེ། །དེ་དག་ལ་ཡང་སངས་རྒྱས་ཆོས་བཟང་སྟོན། །སྲོག་ཆགས་བརྒྱ་
སྟོང་དག་གིས་དེ་ཐོས་ནས། །སངས་རྒྱས་ཡེ་ཤེས་མཆོག་ལ་སྨོན་ལམ་འདེབས། །ནམ་བདག་འདི་འདྲའི་ཡེ་ཤེས་ཐོབ་སྙམ་སྟེ། །བསམ་པ་མཁྱེན་ནས་རྒྱལ་བ་ལུང་ཡང་སྟོན། །གང་གིས་རྒྱལ་བ་མི་དབང་སྤྱན་དྲངས་པ། །སྦྱིན་པ་དེ་ནི་མུ་མཐའ་མེད་གྱུར་པ། །རྙེད་མཆོག་བསམ་གྱིས་
མི་ཁྱབ་དེས་རྙེད་ཅེས། །ལ་ལ་དག་ནི་དེ་ལ་མོས་པ་སྐྱེད། །འཁོར་བ་དག་ན་ཤིན་ཏུ་མཐོང་དཀའ་བ། །སྐྱེ་དགུ་དག་ལ་ཕན་མཛད་ཐུགས་ཀྱང་བརྩེ། །ཐུགས་རྗེ་ཅན་དེ་བདག་གིས་སང་ལ་ཡང་། །སྤྱན་དྲང་སྙམ་དུ་ལ་ལ་སེམས་ཀྱང་སྐྱེད། །ལ་ལ་བ་གམ་ཅོག་གི་སྟེང་འདུག་ཅིང་། །ལུས་
ནི་ཤིན་ཏུ་སྡུག་ཅིང་མཛེས་པར་བརྒྱན། །བྱང་ཆུབ་སེམས་མཆོག་དམ་པ་བསྐྱེད་ནས་ནི། །སྟོབས་བཅུ་ལྡན་ལ་ལྷ་ཡི་མེ་ཏོག་འཐོར། །ལ་ལས་བླ་མེད་སེམས་མཆོག་རབ་བསྐྱེད་ནས། །མེ་ཏོག་ཙམ་པ་མཛེས་པའི་ཕྲེང་བ་དང་། །ཨ་ཏི་མུག་ཏ་དེ་བཞིན་དབྱར་གྱི་སྤོས། །དར་གྱི་ལྡ་
ལྡི་དག་ཀྱང་ལ་ལ་འཐོར། །ཁ་ཅིག་གོས་ཀྱིས་ཤིན་ཏུ་ལུས་བརྒྱན་ཏེ། །མེ་ཏོག་བཟང་པོ་དག་ཀྱང་ཐོགས་ཤིང་འགྲེང་། །མེ་ཏོག་སྣ་ཚོགས་དར་གྱི་ལྡ་ལྡི་ཐོགས། །རྒྱལ་བ་ཐུབ་ཆེན་དེ་ཡི་ཕྱོགས་སུ་འཐོར། །ལ་ལ་པད་མ་དང་ནི་ཀུ་མུ་ད། །ཨུད་པལ་གསེར་གྱི་མེ་ཏོག་བཟང་

པོ་འཐོར། །ལ་ལ་རིན་ཆེན་མེ་ཏོག་དེར་འཐོར་ཏེ། །ལ་ལ་ཙན་དན་ཕྱེ་མ་འཐོར་བར་བྱེད། །འདྲེན་པ་གྲོང་ཁྱེར་མཆོག་ཏུ་གཤེགས་པའི་ཚེ། །ངོ་མཚར་དཔག་ཏུ་མེད་པ་རྣམས་ཀྱང་བྱུང་། །མཚུངས་མེད་དེ་དག་བརྗོད་པར་མི་ནུས་ཏེ། །སངས་རྒྱས་ཡེ་ཤེས་སྐྱེ་བོ་བྱེ་མང་བཀོད། །
མི་ཆེ་མི་གདུང་བདེན་པ་མཐོང་བ་དང་། །གཞན་ཡང་གྱ་ནོམ་སྣང་དང་ཤིན་ཏུ་མཐོང་། །དེ་བཞིན་འོག་མིན་འདོད་ཆགས་བྲལ་བ་རྣམས། །ཐམས་ཅད་མི་དབང་བལྟ་ཕྱིར་ཉེ་བར་ལྷགས། །དེ་བཞིན་དགེ་བའི་ལྷ་རྣམས་དཔག་མེད་དང་། །དགེ་ཆུང་ལྷ་གཞན་དག་ཀྱང་སེམས་དགའ་ཞིང་། །དགེ་
རྒྱས་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས། །འདྲེན་པ་དྲང་སྲོང་ཆེན་པོ་ལྟ་ཕྱིར་ལྷགས། །ཚད་མེད་འོད་ཀྱང་དེ་བཞིན་དཔག་མེད་དང་། །འོད་ཆུང་གི་ནི་ལྷ་རྣམས་ཅི་ཡོད་དང་། །འོད་གསལ་བ་ཡང་ཁྲག་ཁྲིག་མང་པོ་དེར། །འཇིག་རྟེན་མགོན་པོ་བལྟ་ཕྱིར་དེ་དག་ལྷགས། །ཚངས་འཁོར་བ་
དག་བརྒྱ་སྟོང་མང་པོ་དང་། །ཚངས་པའི་འདུན་འདོན་དད་པ་དེ་བཞིན་ཏེ། །ཚངས་རིས་ཀྱང་ནི་བརྒྱ་ཕྲག་མང་པོ་རྣམས། །ཐམས་ཅད་འདྲེན་པ་བལྟ་ཕྱིར་ཉེ་བར་ལྷགས། །དེ་བཞིན་གཞན་འཕྲུལ་གྱི་ཡང་ལྷ་རྣམས་དང་། །གཞན་ཡང་འཕྲུལ་དགའི་སེམས་ཅན་དག་པ་དང་། །དགའ་
ལྡན་འཐབ་བྲལ་ལྷ་རྣམས་རབ་དགའ་ཞིང་། །ཐམས་ཅད་སངས་རྒྱས་ཕྱག་འཚལ་ཉེ་བར་ལྷགས། །བརྒྱ་བྱིན་ལྷ་རྒྱལ་སུམ་ཅུ་རྩ་གསུམ་པ། །ལྷ་ཡི་བུ་མོ་བྱེ་བ་བརྒྱ་དག་ལྷགས། །འདིར་ནི་མེ་ཏོག་ཆར་ཀྱང་རབ་འབེབས་ཤིང་། །སངས་རྒྱས་ཐུབ་དབང་བལྟ་ཕྱིར་ཉེ་བར་ལྷགས། །
ཕྱོགས་བཞིའི་འཇིག་རྟེན་སྐྱོང་བ་བཞི་པོ་ཡང་། །རྣམ་ཐོས་བུ་དང་ཀླུ་དབང་མིག་མི་བཟང་། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་སེམས་དགའ་སྟེ། །དེ་ཀུན་མི་དབང་བསྟོད་ཅིང་ཉེ་བར་ལྷགས། །གནོད་སྦྱིན་རྒྱལ་པོ་མཐུ་ལྡན་ཨིར་བིར་ཡང་། །དགའ་བ་སྐྱེས་ཤིང་གནོད་སྦྱིན་
བརྒྱས་བསྐོར་ཏེ། །ནམ་མཁའི་དཀྱིལ་ན་འདུག་ཅིང་སེམས་དགའ་ནས། །མེ་ཏོག་སྣ་ཚོགས་དུ་མའི་ཆར་ཀྱང་འབེབས། །རྟག་ཏུ་མྱོས་དང་ཕྲེང་འཛིན་ལྷ་རྣམས་ཀྱང་། །སྤོས་དང་ཕྲེང་བ་རྣམ་པ་སྣ་ཚོགས་ཐོགས། །འཁོར་དང་བཅས་པ་ཐམས་ཅད་སེམས་དགའ་ཞིང་། །དེ་ན་

སྐྱེས་བུ་མཆོག་ལ་མཆོད་པ་བྱེད། །གནོད་སྦྱིན་ལག་ན་གཞོང་ཐོགས་མང་པོ་ཡང་། །གནོད་སྦྱིན་བུ་མོ་དེ་དག་རབ་བརྒྱན་ཏེ། །གནོད་སྦྱིན་རོལ་མོ་རབ་ཏུ་སྙན་པ་དང་། །ཤིན་ཏུ་ཡིད་འོང་བརྒྱས་ནི་སངས་རྒྱས་མཆོད། །གླུ་དབྱངས་སིལ་སྙན་འཇམ་ཞིང་སྙན་པ་ལ། །མཁས་པ་མི་འམ་
ཅི་ཡི་བུ་མོ་སྟོང་། །མི་འམ་ཅི་ཡི་རྒྱལ་པོ་ལྗོན་པ་ཡང་། །རྒྱལ་མཆོག་མཆོད་པར་སྤོས་ངད་ལྡང་ལས་ལྷགས། །བདེ་མཆོག་སྟོབས་ལྡན་སྒྲ་གཅན་ཐགས་བཟང་རིས། །ལྷ་མིན་བུ་མོ་སྟོང་གི་འཁོར་བཅས་དང་། །ལྷ་མིན་རྫུ་འཕྲུལ་ཆེན་པོ་གཞན་མང་ཡང་། །རིན་པོ་ཆེ་ཡི་ཆར་ཕབ་ཉེ་བར་
ལྷགས། །སྲིན་པོ་ཁྲག་ཁྲིག་བརྒྱ་ཕྲག་མཐའ་ཡས་ཀྱང་། །སྲིན་པོ་བྱེ་བ་བརྒྱ་ཡིས་བསྙེན་བཀུར་ཞིང་། །མེ་ཏོག་སིལ་མ་སྣ་ཚོགས་མང་པོ་ཡང་། །སྐྱེས་བུ་མཆོག་ལ་གུས་པར་རབ་ཏུ་འཐོར། །ཀླུ་ཡི་རྒྱལ་པོ་རི་བོ་ལེགས་པ་ཡང་། །འཁོར་མང་དེ་བཞིན་གཤེགས་པའི་དྲུང་དུ་ལྷགས། །
རིན་ཆེན་མེ་ཏོག་རྣམ་མང་མཆོག་ཐོགས་ཏེ། །བདེ་གཤེགས་ཞབས་གཉིས་ལ་ནི་རབ་ཏུ་འདུད། །ཀླུ་དབང་པད་མ་དང་ནི་པད་མ་ཆེ། །དེ་བཞིན་ནོར་ཡོད་མཐའ་ཡས་གདེངས་ཀ་ཅན། །དེ་དག་ཁྱུ་མཆོག་དྲུང་དུ་ཉེར་ལྷགས་ཏེ། །བདེ་བར་གཤེགས་ལ་གུས་པས་རབ་ཏུ་འདུད། །ཀླུ་ཡི་རྒྱལ་
པོ་ནོར་བུ་ཡིད་དགའ་ཞིང་། །ཁྱུ་མཆོག་ཞབས་ཀྱི་དྲུང་དུ་ཉེ་བར་འོངས། །ཀླུ་ཡི་མེ་ཏོག་དྲི་ཞིམ་མཆོག་ཐོགས་ཏེ། །ཧ་ཅང་མི་རིང་བདེ་གཤེགས་སྤྱན་སྔར་འདུག །དེ་བཞིན་མ་དྲོས་ཀླུ་ཡི་རྒྱལ་པོ་ཡང་། །ཀླུ་ཡི་བུ་མོ་ཤིན་ཏུ་བསླབས་པའི་མཆོག །རྔ་དང་སིལ་སྙན་སྟོང་ཕྲག་བརྒྱ་བརྡུང་
ཞིང་། །འཇིག་རྟེན་མགོན་པོ་མཆོད་ཕྱིར་ཉེ་བར་ལྷགས། །མ་དྲོས་པ་ཡི་བུ་ཕོ་ལྔ་བརྒྱ་དག །ཡེ་ཤེས་ཡངས་པ་བླ་མེད་ཚོལ་བའི་ཕྱིར། །གཉེན་འདབ་དག་གིས་བསྐོར་ཅིང་དགར་གྱུར་ནས། །རང་གིས་རང་བྱུང་མཆོད་ཕྱིར་ཉེ་བར་ལྷགས། །དེ་བཞིན་ཀླུ་ཡི་རྒྱལ་པོ་སོག་མེད་ཀྱང་། །
སྐྱེས་བུ་མཆོག་ལ་ཐར་སྦྱར་རབ་བཏུད་ནས། །ཀླུ་ཡི་མུ་ཏིག་མཛེས་ཤིང་བཟང་བ་ཐོགས། །མཁའ་ལ་འདུག་ནས་ཐུབ་རྒྱལ་མཆོད་པ་བྱེད། །དེ་བཞིན་ཀླུ་ཡི་རྒྱལ་པོ་བཏང་བཟུང་ཡང་། །རབ་ཏུ་ཡིད་བདེ་དགའ་མགུ་སྐྱེས་ནས་ནི། །རིན་ཆེན་མུ་ཏིག་སྣ་ཚོགས་ཐོགས་ནས་སུ། །དེར་

འོངས་འདྲེན་པ་ལ་ཡང་མངོན་པར་འཐོར། །དེ་བཞིན་ཀླུ་ཡི་རྒྱལ་པོ་དུས་ཅན་ཡང་། །དེ་བཞིན་གཤེགས་པའི་དྲུང་དུ་ཉེར་འོངས་ཏེ། །དགའ་ཞིང་རིན་ཆེན་ཕྲེང་བ་མཛེས་མཆོག་ཐོགས། །སྐྱེས་བུ་དམ་པ་ལ་ཡང་མཆོད་རབ་བྱས། །དེ་ཡང་བདེ་གཤེགས་ཡོན་ཏན་རྗེས་དྲན་ཞིང་། །གུས་པ་ཆེན་པོ་ཤིན་ཏུ་
བསྐྱེད་ནས་ནི། །གཉེན་འདབ་ཀླུ་མང་དག་གིས་དེ་བསྐོར་ཅིང་། །འདྲེན་པའི་བསྔགས་པ་རྣམ་པ་མང་པོ་བརྗོད། །དེ་བཞིན་ཀླུ་དབང་དགའ་བོ་ཉེ་དགའ་དང་། །དེ་བཞིན་འཇོག་པོ་གཽ་ཏམ་ནག་པོ་ཡང་། །རྒྱལ་བ་བལྟ་ཞིང་དེར་ནི་ཉེ་བར་འོངས། །བདེ་བར་གཤེགས་པའི་ཞབས་ལ་འདུད་པ་བྱེད། །
ཀླུ་ཡི་རྒྱལ་པོ་ཨེ་ལའི་འདབ་མ་ཡང་། །ཐུབ་མཆོག་རྒྱལ་བ་འོད་སྲུང་དྲན་པ་དང་། །བདག་ཉིད་མི་ཁོམ་སྐྱེས་པ་མཐོང་ནས་ནི། །ཀླུ་བརྒྱས་ཡོངས་སུ་བསྐོར་ཏེ་ངུ་ཞིང་འོངས། །ཀྱེ་མ་བདག་སྔོན་ཐེ་ཚོམ་བྱུང་གྱུར་ཏེ། །བདག་གིས་ཨེ་ལའི་འདབ་སྡོང་སྔོན་བཅད་པས། །དེས་ནི་མི་ཁོམ་པར་
ཡང་བདག་སྐྱེས་ཏེ། །རྒྱལ་བའི་ཆོས་ནི་རིག་པར་སླ་བ་མིན། །ཤིན་ཏུ་སྨད་པའི་སྐྱེ་བོའི་ལུས་འདི་དང་། །ཀླུ་ཡི་སྐྱེ་གནས་བདག་གིས་རབ་སྤངས་ལ། །ཆོས་གང་བྱང་ཆུབ་སྙིང་པོར་སྐྱེས་མཆོག་གིས། །རྟོགས་པ་བསིལ་བ་བདག་གིས་རྟོགས་པར་བྱ། །ཀླུ་ཡི་རྒྱལ་པོ་རྒྱ་མཚོ་འཁོར་
ལོས་སྒྱུར། །བྱེ་བ་གསུམ་སྙེད་ཀླུ་ཡི་འཁོར་གྱིས་བསྐོར། །ཆུ་ལྷ་གཟི་ཅན་རིན་ཆེན་དོ་ཤལ་ཐོགས། །བཅོམ་ལྡན་འདས་ལ་མཆོད་ཕྱིར་ཉེ་བར་འོངས། །རྒྱལ་བ་ལ་ནི་རྡོ་འཕངས་དེས་བཟུང་སྟེ། །དེ་ཚེ་ནམ་མཁའ་ལ་ཡང་འདུག་གྱུར་པ། །རྒྱལ་པོའི་ཁབ་ཀྱི་གནོད་སྦྱིན་ཅི་ཞིག་འཛིན། །
བདེ་བར་གཤེགས་པའི་སྤྱན་སྔར་གུས་པར་འདུག །ལྕང་ལོ་ཅན་གྱི་རྒྱལ་པོའི་གནས་ཀུན་ཀྱང་། །སྟོང་པར་གྱུར་ཅིང་གནོད་སྦྱིན་གང་ཡང་མེད། །ཐམས་ཅད་ཀྱིས་ཀྱང་ཕན་ཚུན་དམ་བཅས་ཏེ། །འཇིག་རྟེན་མགོན་པོ་བལྟ་བར་ཐམས་ཅད་ལྷགས། །དེ་བཞིན་བོང་རྣ་དང་ནི་ཁབ་སྤུ་
དང་། །གནོད་སྦྱིན་འབྲོག་གནས་འཇིགས་བྱེད་དེ་བཞིན་ཏེ། །གངས་གནས་རིར་འདུ་གནོད་སྦྱིན་བོང་བུ་དག །རྒྱལ་བ་རང་བྱུང་དྲུང་དུ་ཉེ་བར་ལྷགས། །དབང་པོའི་ཏོག་དང་གཟུགས་བཟང་རད་རོད་ཅན། །བཀྐུ་ལ་དང་དུས་འཕེལ་ལྔ་པོ་དང་། །གནོད་སྦྱིན་དབང་པོ་གཞན་ཡང་སྟོང་

རྣམས་ནི། །བདུག་སྤོས་སྣོད་རྣམས་ཐོགས་ཤིང་ཉེ་བར་ལྷགས། །ལུས་དབྱིབས་མ་ལེགས་མི་སྡུག་མང་པོ་རྣམས། །གཟུགས་ཀྱི་རྣམ་པ་མང་ཞིང་རྒྱན་བོར་བ། །དེ་ཡི་མདུན་ན་བརྒྱ་སྟོང་མང་པོ་དག །གནོད་སྦྱིན་གྱི་ནི་མེ་ཏོག་ཐོགས་ཏེ་ལྷགས། །གཽ་ཏམ་རི་བྱི་ཕུར་བུ་རྒྱལ་བྱེད་དང་། །
ཀཽ་ཤི་ཀ་དང་འོད་སྲུང་མཱརྐཎྜ། །ཐམས་ཅད་བཤེས་དང་པར་ཤ་གར་གཱ་དག །ཐམས་ཅད་སངས་རྒྱས་ཕྱག་འཚལ་ཉེ་བར་ལྷགས། །མི་སྦྱིན་ཡང་ནི་དེ་བཞིན་དགའ་མགུ་སྟེ། །དྲང་སྲོང་རྒྱས་པ་ཀུད་ཙ་ཨང་གི་ར། །ཤེད་ཅན་ངན་སྤོང་བད་ཙ་གནས་འཇོག་རྣམས། །དེ་དག་སངས་རྒྱས་ཕྱག་འཚལ་
ཉེ་བར་ལྷགས། །འཛའ་མན་བཱ་མན་བེའི་ཤམ་བཱ་ཡ་དང་། །འཛའ་མག་ནཱི་དང་གྲོག་མཁར་དྲང་སྲོང་མཆོག །དཀར་བར་གནས་དང་མིའུ་ཐུང་སྤེན་པ་རྣམས། །འདྲེན་པ་བལྟ་ཞིང་གྲོང་ཁྱེར་མཆོག་ཏུ་ལྷགས། །དྲང་སྲོང་མཐོང་ནས་དེ་ཚེ་དྲང་སྲོང་དགའ། །ཐུབ་རྒྱལ་ཞབས་མཆོག་ལ་ནི་ཕྱག་འཚལ་
ཞིང་། །འཇིག་རྟེན་སྒྲོན་ལ་ཕྱག་བྱས་མངོན་བསྟོད་དེ། །ཐལ་མོ་སྦྱར་ནས་དཔའ་བོའི་སྤྱན་སྔར་འགྲེང་། །འཇིག་རྟེན་ཅི་ཡོད་དྲང་སྲོང་མང་པོ་ཀུན། །དེ་དག་མི་དབང་བལྟ་བར་ཉེར་ལྷགས་ཏེ། །མཐོང་ནས་མཆོད་པ་རྒྱ་ཆེར་བྱས་ནས་ཀྱང་། །སངས་རྒྱས་སྤྱན་སྔར་ཐལ་མོ་རབ་སྦྱར་འདུག །
རྒྱ་མཚོ་དག་ན་གནས་པའི་ནམ་མཁའ་ལྡིང་། །བྲམ་ཟེའི་ཆ་བྱད་དུ་ཡང་སྤྲུལ་བྱས་ནས། །ཅོད་པན་སྣ་ཚོགས་བལྟ་ན་སྡུག་པ་ཐོགས། །བདེ་བར་གཤེགས་ལ་ཕྱག་འཚལ་ནམ་མཁར་འཁོད། །གྲོང་བརྒྱ་དང་ནི་འཛམ་གླིང་ནགས་ཚལ་ན། །གནས་ཤིང་རྟེན་པའི་ལྷ་རྣམས་གང་ཡོད་དང་། །
གྲོང་གི་ལྷ་མོ་མ་ལུས་ཐམས་ཅད་ཀྱང་། །ཉེ་བར་ལྷགས་ཤིང་གཙོ་བོ་མཆོད་པར་བྱེད། །ནགས་ཚལ་གྱི་ཡང་ལྷ་རྣམས་མཐའ་ཡས་དང་། །རི་ཡི་ལྷ་རྣམས་ཐམས་ཅད་ཉེ་བར་འོངས། །འབབ་ཆུའི་ལྷ་ཀུན་མཐའ་དག་དེ་བཞིན་དུ། །འདྲེན་པ་མཆོད་པ་བྱེད་ཅིང་ཉེ་བར་ལྷགས། །མྱ་ངམ་
དགོན་པའི་ལྷ་མོ་བརྒྱ་རྣམས་དང་། །རི་རྩེའི་ལྷ་མོ་ཇི་སྙེད་མ་ལུས་དང་། །མཚོ་དང་ཆུ་མིག་རྫིང་གི་ལྷ་རྣམས་དང་། །རྒྱ་མཚོའི་ལྷ་ཡང་སངས་རྒྱས་དྲུང་དུ་ལྷགས། །ལྷ་དང་ལྷ་མིན་ཀླུ་དང་གནོད་སྦྱིན་ཚོགས། །མི་འམ་ཅི་དང་གྲུལ་བུམ་ནམ་མཁའ་ལྡིང་། །དེ་བཞིན་ཡི་དགས་

སྲུལ་པོ་མང་པོ་དག །སྐྱེས་བུ་མཆོག་ལ་རི་མོར་བྱ་བ་བྱེད། །འདྲེན་པ་གྲོང་ཁྱེར་མཆོག་དེར་གཤེགས་པ་ན། །རྒྱལ་བ་མཆོག་ལ་དེ་དག་མཆོད་པ་བྱེད། །ལྷ་དང་ལྷ་མིན་ཀླུ་དང་གནོད་སྦྱིན་རྒྱལ། །བལྟ་བས་རྟག་ཏུ་ཆོག་པར་ཡང་མི་འགྱུར། །སྔོན་གྱི་སྲིད་པར་འཇིག་རྟེན་
མགོན་པོ་ཡིས། །སྔོན་གྱི་རྒྱལ་བ་དག་ལ་མཆོད་མཆོག་བྱས། །བསོད་ནམས་འབྲས་བུ་སྨིན་པ་དེ་འདྲ་སྟེ། །སྐྱེས་བུ་མི་དབང་བལྟ་བས་ངོམས་མི་མྱོང་། །རྒྱལ་བས་སངས་རྒྱས་ཞིང་དུ་འོད་བཏང་ཚེ། །ལྷུན་པོ་དེ་བཞིན་རབ་ལྷུན་ཁོར་ཡུག་རི། །ཁ་བ་ཅན་གྱི་རི་དང་སྤོས་ངད་ལྡང་། །དེ་དག་རྒྱལ་བའི་འོད་ལ་
སྒྲིབ་པ་མེད། །སངས་རྒྱས་ཞིང་འདིའི་རྒྱ་མཚོ་ཅི་ཡོད་པ། །དེ་དག་དེ་ཚེ་ས་དང་འདྲ་བར་གྱུར། །སངས་རྒྱས་ཞིང་འདི་ཐམས་ཅད་ཀུན་ཏུ་ཡང་། །མེ་ཏོག་དག་གིས་གཏོར་ཅིང་མཉམ་པར་གྱུར། །འོད་ཟེར་བརྒྱ་སྟོང་དཔག་ཏུ་མེད་པ་དག །ཆོས་ཀྱི་རྒྱལ་པོའི་ཞབས་ཀྱི་མཐིལ་ནས་བྱུང་། །སེམས་
ཅན་དམྱལ་བ་ཐམས་ཅད་བསིལ་བར་གྱུར། །སྡུག་བསྔལ་མེད་པར་བྱས་ནས་བདེ་བ་མྱོང་། །དེར་ནི་སྟོབས་བཅུ་ལྡན་པས་ཆོས་བཤད་པས། །ལྷ་དང་མི་ཡི་མིག་ཀྱང་རྣམ་པར་དག །སྲོག་ཆགས་བརྒྱ་སྟོང་དཔག་ཏུ་མེད་པ་རྣམས། །ཐམས་ཅད་སངས་རྒྱས་ཡེ་ཤེས་ངེས་པར་
གྱུར། །འདྲེན་པ་གྲོང་ཁྱེར་མཆོག་ཏུ་གཤེགས་པ་ན། །བདེ་གཤེགས་ཆོ་འཕྲུལ་མང་པོ་དག་གིས་ནི། །བསྐལ་པ་བྱེ་བར་བརྗོད་དུ་མི་སླ་སྟེ། །རྒྱལ་བ་བདེ་གཤེགས་འགྲོ་བ་ཐམས་ཅད་དགའ། །བདེ་གཤེགས་ཡོན་ཏན་དེ་དག་དཔག་མེད་དེ། །མི་མཆོག་ཡོན་ཏན་རབ་
ཀྱི་ཕ་རོལ་ཕྱིན། །ཡོན་ཏན་ཁྱད་པར་ཀུན་གྱི་ཕ་རོལ་སོན། །སངས་རྒྱས་བསོད་ནམས་ཞིང་ལ་མགོས་ཕྱག་འཚལ། །གྲོང་ཁྱེར་དུ་གཤེགས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཟླ་འོད་གཞོན་ནུར་གྱུར་པའི་ཁྱིམ་གྱི་སྲང་དུ་བྱུང་སྟེ། །ཟླ་
འོད་གཞོན་ནུར་གྱུར་པའི་ཁྱིམ་དུ་གཤེགས་སོ། །གཤེགས་ནས་གདན་བཤམས་པ་ལ་བཞུགས་སོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་དགེ་སློང་གི་དགེ་འདུན་ཀྱང་སོ་སོར་གར་འོས་པའི་སྟན་ལ་འཁོད་དོ། །དེ་ནས་ཟླ་འོད་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་བྱང་ཆུབ་སེམས་

དཔའི་དགེ་འདུན་དང་། །དགེ་སློང་གི་དགེ་འདུན་བཞུགས་པར་རིག་ནས་མཆོད་ཡོན་ཆེན་པོ་རིམ་གྱིས་གསོལ་ཏེ། །ཞལ་ཟས་རོ་བརྒྱ་དང་ལྡན་པ་བཟང་ཞིང་མང་བའི་བཟའ་བ་དང་། །བཅའ་བ་དང་བལྡག་པ་དང་གཞིབ་པ་དང་བཏུང་བ་རྣམས་བདག་ཉིད་ཀྱིས་གསོལ་ཅིང་བདར་ཏེ། །བཅོམ་ལྡན་
འདས་བཤོས་གསོལ་ནས་ལྷུང་བཟེད་བཞག་སྟེ་ཕྱག་བཅབས་པར་རིག་ནས་རས་བཅོས་བུ་ཕྲུགས་བྱེ་བ་སྟོང་ཕྲག་བརྒྱ་རི་བ་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་དང་དགེ་སློང་གི་དགེ་འདུན་ལ་ཡང་སོ་སོར་ཆོས་གོས་སུམ་ཕྲུགས་སུ་ཕུལ་ནས་སྟན་ལས་ལངས་
ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་མན་དཱ་རས་གཏོར་ཏེ། མཆོད་ཅིང་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པས་མངོན་པར་བསྟོད་དོ། །སྐྱེས་
པ་མེད་ཅིང་འགགས་མེད་པ། །སྐུ་ལུས་མི་མངའ་བསམ་མི་ཁྱབ། །གཟུགས་དང་མཚན་ནི་ཕུན་སུམ་ཚོགས། །ཡོན་ཏན་རྒྱ་མཚོ་ཕྱག་འཚལ་ལོ། །དཔའ་བོ་ཤེས་རབ་མཆོག་གིས་བསྐྱེད། །ཐབས་དང་སྟོབས་ཀྱི་རྩལ་ཀྱང་མངའ། །སངས་རྒྱས་ནམ་མཁའ་འདྲ་བ་སྟེ། །བཟོད་མཐར་
ཕྱིན་ལ་ཕྱག་འཚལ་ལོ། །དྲན་པ་ཉེ་བར་གཞག་པ་བཞུགས་པའི་སྤྱོད་ཡུལ་ཏེ། །དེ་བཞིན་གཤེགས་པའི་གཟིམས་མལ་རབ་ཏུ་དགའ་དང་བདེ། །བཏུང་བར་ཏིང་ངེ་འཛིན་ཏེ་བཤོས་སུ་བསམ་གཏན་མཆོག །སྟོང་ཉིད་དགོན་པར་གནས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་བས་
ཐུགས་རྗེ་བསྙེན་པས་ན། །གཟུགས་ཀྱི་སྐུ་ཡང་སྟོན་པར་མཛད། །སེམས་ཅན་དག་ལ་ཐུགས་བརྩེའི་ཕྱིར། །བཏུང་དང་བཤོས་ཀྱང་གསོལ་བར་གདའ། །ཨེ་མ་སངས་རྒྱས་བསམ་མི་ཁྱབ། །འཇིག་རྟེན་ཀུན་གྱི་འདྲེན་པ་སྟེ། །འཇིག་རྟེན་འདི་ནི་ཁྱོད་མཆོད་ནས། །མྱ་ངན་འདས་
པ་མཆོག་ཏུ་མཆི། །མི་མཉམ་མཉམ་པའི་མགོན་གཅིག་པོ་ལ་དེ་སྐད་བསྟོད། །གཞོན་ནུ་ཡིད་ཀྱང་རབ་ཏུ་དགར་གྱུར་ཚིག་སྨྲས་པ། །སངས་རྒྱས་མཚུངས་མེད་བསམ་ཡས་སྐུ་མངའ་བཤོས་གསོལ་བས། །ལྷ་ཡི་ལྷ་ཁྱོད་བཞིན་དུ་བདག་ཀྱང་སངས་རྒྱས་གྱུར། །དེ་ལྟར་ཟླ་འོད་གཞོན་

ནུར་གྱུར་པས་བཅོམ་ལྡན་འདས་ལ་ལྷའི་ཞལ་ཟས་རོ་བརྒྱ་པ་ནི་བཞེས་པར་གསོལ། ལྷའི་ན་བཟའ་རིན་ཐང་མེད་པ་ཕྲུགས་ཀྱིས་ནི་སྐུ་ལ་གསོལ། ལྷའི་མེ་ཏོག་མན་དཱ་རས་ནི་བཅོམ་ལྡན་འདས་ལ་མཆོད། ཚུལ་དང་འདྲ་བའི་ཚིགས་སུ་བཅད་པས་ནི་མངོན་པར་བསྟོད་ནས། བཅོམ་
ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཡིད་ཀྱིས་ཚིགས་སུ་བཅད་པས་ཞུ་བ་ཞུས་པ། བྱང་ཆུབ་སེམས་དཔའ་མཁས་པས་ཅི་སྤྱད་ན། །རྟག་ཏུ་ཆོས་རྣམས་རང་བཞིན་རབ་ཏུ་འཚལ། །མཁས་པ་བགྱི་བ་དག་ལ་ཇི་ལྟར་འཇུག །བགྱི་བར་འཇུག་པ་འདྲེན་པས་
བསྟན་དུ་གསོལ། །འདྲེན་པ་སྐྱེ་བ་དྲན་པར་ཇི་ལྟར་འགྱུར། །ཇི་ལྟར་མངལ་དག་ཏུ་ཡང་ཡོང་མི་སྐྱེ། །ཇི་ལྟ་བུར་ན་འཁོར་རྣམས་མི་ཕྱེད་འགྱུར། །འདི་ལ་ཇི་ལྟར་སྤོབས་པ་མཐའ་ཡས་འགྱུར། །སེམས་ཅན་ཀུན་གྱི་སྤྱོད་པ་རབ་ཏུ་མཁྱེན། །ཆོས་རྣམས་ཀུན་ལ་མངོན་པར་མཁྱེན་པ་
འཇུག །རྐང་གཉིས་གཙོ་བོ་ཟིལ་གྱིས་མི་ནོན་པ། །ཞུ་བ་ཞུ་ཡིས་བདག་ལ་ལུང་སྟོན་ཅིག །ཆོས་ཀྱི་རང་བཞིན་དངོས་མེད་རབ་མཁྱེན་ལ། །བརྗོད་དུ་མེད་པ་ཚིག་ཏུ་བརྗོད་པར་མཛད། །སེང་གེས་ཝ་རྣམས་ཇི་ལྟར་ཕམ་བགྱིས་པ། །མུ་སྟེགས་གཞན་ལའང་སངས་རྒྱས་དེ་
བཞིན་ཏེ། །སེམས་ཅན་ཀུན་གྱི་སྤྱོད་པ་རབ་མཁྱེན་ཅིང་། །ཆོས་རྣམས་ཀུན་ལའང་ཡེ་ཤེས་རྗེས་སུ་འཇུག །ཡེ་ཤེས་ཆགས་མེད་སྤྱོད་ཡུལ་ཡོངས་སུ་དག །ཆོས་ཀྱི་མངའ་བདག་བདག་ལ་དེ་ལུང་སྟོན། །འདས་པ་མཁྱེན་ཅིང་མ་འོངས་དེ་བཞིན་ཏེ། །ད་ལྟར་འདི་ན་ཅི་མཆིས་
པ་ཡང་མཁྱེན། །དུས་གསུམ་ལ་ནི་ཡེ་ཤེས་ཐོགས་མེད་འཇུག །དེ་ཕྱིར་བདག་ཞུ་ཤཱཀྱ་སེང་གེ་ལ། །དུས་གསུམ་ལྡན་པའི་རྒྱལ་བའི་ཆོས་ཉིད་ནི། །ཆོས་ཀྱི་རྒྱལ་པོས་ཆོས་ཉིད་རབ་ཏུ་མཁྱེན། །རང་བྱུང་ཆོས་ཀྱི་ངོ་བོ་ཉིད་ལ་མཁས། །དེ་ཕྱིར་བདག་ཞུ་ཡེ་ཤེས་རྒྱ་མཚོ་ལ། །ཁྱོད་
ལ་འཁྲུལ་པའི་ཆོས་ནི་ཅི་ཡང་མེད། །དེ་བས་ཁྱོད་ཀྱི་སེམས་པ་མ་ལུས་སྤངས། །མདུད་སྤངས་ཐ་བ་གཏི་མུག་རབ་ཏུ་བཅད། །མི་དབང་བདག་ལ་བྱང་ཆུབ་སྤྱོད་པ་སྟོན། །ཆོས་ཀྱི་མཚན་ཉིད་ཅི་འདྲར་རྒྱལ་བས་མཁྱེན། །ཆོས་ཀྱི་མཚན་ཉིད་དེ་འདྲ་བདག་ལ་སྟོན། །བདག་གིས་

མཚན་ཉིད་དེ་འདྲའི་ཆོས་རྟོགས་ནས། །མཚན་ཉིད་དེ་འདྲའི་བྱང་ཆུབ་སྤྱོད་པ་སྤྱད། །སེམས་ཅན་སྤྱོད་པ་མི་འཐུན་མཐའ་ཡས་པ། །ཇི་ལྟར་སྤྱོད་པ་སྤྱད་པར་འཇུག་པ་ལགས། །གང་ཐོས་སེམས་ཅན་སྤྱོད་པ་འཚལ་འགྱུར་བ། །སྤྱོད་ལ་འཇུག་པ་བདག་ལ་བཤད་དུ་གསོལ། །མཚན་ཉིད་མི་
འཐུན་ཆོས་ཀྱི་རང་བཞིན་མཚན། །ངོ་བོ་ཉིད་སྟོང་རང་བཞིན་རྣམ་དག་པ། །བྱང་ཆུབ་སེམས་དཔས་ཇི་ལྟར་མངོན་སུམ་འགྱུར། །ཆོས་ཀྱི་ཚུལ་རྣམས་བདག་ལ་བསྟན་དུ་གསོལ། །འདི་ལ་ཆོས་རྣམས་ཀུན་གྱི་ཕ་རོལ་ཕྱིན། །བསྟན་པའི་ཚིག་ཀུན་ལ་ཡང་ཤིན་ཏུ་མཁས། །ཐེ་ཚོམ་མི་མངའ་ནེམ་
ནུར་ཐེ་ཚོམ་ཆོད། །བདག་ལ་སངས་རྒྱས་བྱང་ཆུབ་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པའི་སེམས་ཀྱི་རྟོགས་པ་སེམས་ཀྱིས་མཁྱེན་ནས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་དང་
ལྡན་ན་ཡོན་ཏན་འདི་དག་རབ་ཏུ་འཐོབ་སྟེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱའོ། །ཆོས་གཅིག་པོ་གང་ཞེ་ན། གཞོན་ནུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཤེས་པ་ཡིན་ནོ། །གཞོན་
ནུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཤེས་ཞེ་ན། གཞོན་ནུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་མིང་མེད་ཅིང་མིང་དང་བྲལ་བར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་སྒྲ་མེད་པ། ཚིག་གི་ལམ་དང་བྲལ་བ།
ཡི་གེ་དང་བྲལ་བ། སྐྱེ་བ་དང་བྲལ་བ། འགོག་པ་དང་བྲལ་བ། རྒྱུ་དང་མཚན་ཉིད་མི་འཐུན་པ། རྐྱེན་དང་མཚན་ཉིད་མི་འཐུན་པ། དབེན་པའི་མཚན་ཉིད་འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ། མཚན་ཉིད་དང་བྲལ་བ། བསམ་གྱིས་མི་ཁྱབ་པ། བསམ་པ་དང་བྲལ་བ།
ཡིད་དང་བྲལ་བར་རབ་ཏུ་ཤེས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཆོས་རྣམས་བསྟན་པ་གཅིག་པོ་ནི། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །ཡང་དག་ཇི་བཞིན་རབ་མཁྱེན་པས། །ཤེས་རབ་མཆོག་གིས་བཤད་པ་ཡིན། །

དེ་ལྟ་བུར་ནི་ཆོས་བསྟན་རྣམས། །བྱང་ཆུབ་སེམས་དཔའ་སུས་ཤེས་པ། །མདོ་སྡེ་བྱེ་བ་རབ་སྟོན་ཀྱང་། །དེ་ལ་བྱང་ཆུབ་རྒྱུན་འཆད་མེད། །འདྲེན་པས་བྱིན་གྱིས་བརླབས་པས་ན། །ཡང་དག་ཉིད་ཀྱི་མཐའ་ཡང་ཤེས། །ཡང་དག་མཐའ་དེ་རབ་ཤེས་ན། །དེ་ལ་ཅི་ཡང་
བཤད་པ་མེད། །གཅིག་གིས་ཀྱང་ནི་ཐམས་ཅད་ཤེས། །གཅིག་གིས་ཀྱང་ནི་ཐམས་ཅད་མཐོང་། །ཇི་སྙེད་མང་པོར་བཤད་ན་ཡང་། །དེ་ལ་དྲེགས་པ་སྐྱེ་བ་མེད། །ཆོས་རྣམས་ཐམས་ཅད་བདག་མེད་པར། །དེ་ལྟར་སེམས་ཀྱིས་ངེས་བརྟགས་ཤིང་། །མིང་དུ་བསྟན་པ་བསླབས་
པས་ན། །ཡང་དག་ཉིད་དུ་ཚིག་ཀྱང་སྨྲ། །སྒྲ་དབྱངས་གང་དག་ཅི་ཐོས་པ། །དེ་ཡི་སྔོན་གྱི་མཐའ་ཤེས་ཏེ། །སྒྲ་ཡི་སྔོན་གྱི་མཐའ་ཤེས་ནས། །སྒྲ་དག་གིས་ནི་དེ་མི་འཕྲོགས། །སྒྲ་ཡི་སྔོན་མཐའ་ཇི་འདྲ་བར། །ཆོས་རྣམས་མཚན་ཉིད་དེ་བཞིན་ཏེ། །ཆོས་རྣམས་དེ་ལྟར་རབ་ཤེས་ན། །
མངལ་དུ་སྐྱེ་བར་མི་འགྱུར་རོ། །ཆོས་རྣམས་ཐམས་ཅད་མི་སྐྱེ་ཞིང་། །འབྱུང་བ་མེད་པར་རབ་ཏུ་ཤེས། །བསྟན་པ་འདི་ནི་རབ་ཤེས་ན། །རྟག་ཏུ་སྐྱེ་བ་དྲན་པར་འགྱུར། །ནམ་ཞིག་སྐྱེ་བ་དྲན་གྱུར་ན། །དེ་ཚེ་བྱ་བ་དག་ལ་འཇུག །བྱ་བ་དག་ལ་ཞུགས་པ་ཡི། །འཁོར་རྣམས་ཤིན་ཏུ་མི་
ཕྱེད་འགྱུར། །དེ་ལྟར་ཆོས་རྣམས་སྟོང་པར་ནི། །བྱང་ཆུབ་སེམས་དཔའ་སུས་ཤེས་པ། །དེས་ནི་གང་ཡང་མི་ཤེས་མེད། །འདི་ནི་ཅི་ཡང་མེད་པའི་མཐའ། །ཅི་ཡང་མེད་པའི་མཐའ་ལ་ཡང་། །བྱིས་པ་དག་གིས་ཅི་དག་བརྟགས། །བསྐལ་པ་བྱེ་བར་དེ་དག་དེས། །ཡང་དང་
ཡང་དུ་འཁོར་བར་གྱུར། །ཇི་ལྟར་འདྲེན་པས་མཁྱེན་པ་བཞིན། །གལ་ཏེ་དེ་དག་རྟོག་རིག་ན། །དེ་ལས་སྡུག་བསྔལ་མི་སྐྱེ་སྟེ། །ངན་འགྲོ་རྣམས་སུའང་དེ་མི་འགྲོ། །སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས། །དེ་ལྟར་ཚུལ་འདི་མ་ཤེས་པས། །གང་དུ་ཆོས་རྣམས་འགག་པ་ཡི། །འདི་
འདྲའི་ཆོས་རྣམས་སྤོང་བར་བྱེད། །ཆོས་ཀུན་རྙེད་པ་མེད་པར་ནི། །ཆོས་ཀྱི་འདུ་ཤེས་གང་བྱུང་བ། །དེ་ལྟ་བུ་ཡི་འདུ་ཤེས་ཏེ། །འདུ་ཤེས་དེ་ལྟར་རིག་པར་གྱིས། །རྣམ་པར་ཤེས་དང་འདུ་ཤེས་སུ། །བྱིས་པ་དག་གིས་འདི་བརྟགས་ཏེ། །བརྟགས་པ་ཡི་ནི་ཆོས་རྣམས་ལ། །མཁས་

པ་འདིར་ནི་རྨོངས་མི་འགྱུར། །སྟོང་པ་རྙོག་པ་མེད་པའི་ཆོས། །འདི་ནི་མཁས་པའི་ས་ཡིན་ཏེ། །འདི་ལ་བྱིས་པའི་སྤྱོད་ཡུལ་མེད། །སངས་རྒྱས་སྲས་ཀྱི་སྤྱོད་ཡུལ་ལོ། །ཞི་བ་སྟོང་པ་རབ་བསྟན་པ། །འདི་ནི་བྱང་ཆུབ་སེམས་དཔའི་ས། །འདི་ནི་སངས་རྒྱས་སྲས་སྤྱོད་པ། །སངས་རྒྱས་ཆོས་
ཀྱི་རྒྱན་ཡིན་ནོ། །འདི་ལྟར་བྱང་ཆུབ་སེམས་དཔའ་དག །བག་ཆགས་རབ་ཏུ་སྤངས་གྱུར་པ། །དེ་དག་གཟུགས་ཀྱིས་མི་འཕྲོགས་ཏེ། །སངས་རྒྱས་རིགས་ལ་དེ་དག་གནས། །ཆོས་རྣམས་ཐམས་ཅད་གནས་མེད་དེ། །དེ་དག་ལ་ནི་གནས་ཡོད་མིན། །གང་གིས་དེ་ལྟར་གནས་ཤེས་པ། །
དེ་ལ་བྱང་ཆུབ་རྙེད་མི་དཀའ། །སྦྱིན་དང་ཚུལ་ཁྲིམས་ཐོས་དང་བཟོད། །བཤེས་གཉེན་བཟང་པོ་བསྟེན་བྱས་ནས། །བྱ་བ་འདི་དག་རྣམ་རིག་ན། །བྱང་ཆུབ་མྱུར་དུ་དེ་འཚང་རྒྱ། །དེ་ལ་ལྷ་ཀླུས་རྟག་ཏུ་བཀུར་སྟི་བྱེད། །གནོད་སྦྱིན་ལྷ་མིན་ལྟོ་འཕྱེ་དྲི་ཟ་དང་། །ནམ་མཁའ་ལྡིང་གི་རྒྱལ་པོ་
ཐམས་ཅད་དང་། །མི་འམ་ཅི་དང་སྲིན་པོས་མཆོད་པ་བྱེད། །སངས་རྒྱས་བྱེ་བ་དེ་ཡི་སྙན་པ་བརྗོད། །བསྐལ་པ་བྱེ་བ་མང་པོར་མི་འཆད་པར། །ཆོས་བཤད་པ་ཡི་བསྔགས་པ་བརྗོད་ན་ཡང་། །དེ་ཡི་མུ་མཐའ་ཟད་པར་ནུས་མི་འགྱུར། །བྱང་ཆུབ་སེམས་དཔའ་གང་གིས་སྟོང་ཤེས་
པ། །དེ་ནི་སྲོག་ཆགས་བྱེ་བའི་དོན་མང་བྱེད། །ཤིན་ཏུ་དེས་པས་འཁོར་ལ་ཆོས་སྟོན་ཏེ། །ཐོས་ནས་དགའ་ཞིང་རི་མོར་བྱེད་པ་སྐྱེད། །དེ་དག་གིས་ནི་ཡེ་ཤེས་ཡངས་པ་འབྱུང་། །དེ་ཕྱིར་རྒྱལ་བ་མི་མཆོག་མཐོང་བར་འགྱུར། །ཞིང་རྣམས་ན་ཡང་བཀོད་པ་བཟང་པོ་མཐོང་། །འཇིག་རྟེན་
མགོན་པོ་དེ་ལ་ཆོས་རྣམས་སྟོན། །ཆོས་ཀུན་སྒྱུ་མ་ལྟ་བུར་ཤེས་པར་གྱིས། །ཇི་ལྟར་བར་སྣང་རང་བཞིན་སྟོང་པ་ལྟར། །དེ་དག་གི་ཡང་རང་བཞིན་དེ་འདྲར་ཤེས། །དེ་ལྟར་སྤྱོད་པ་ཅི་ལའང་ཆགས་མི་འགྱུར། །ཡེ་ཤེས་ཆགས་པ་མེད་ཅིང་དོན་བྱེད་ཅིང་། །འཇིག་རྟེན་ན་ཡང་བྱང་
ཆུབ་སྤྱད་མཆོག་སྤྱོད། །ཤེས་པས་ཆོས་ཀུན་ལ་ཡང་རབ་བརྟགས་ཏེ། །དེ་དག་ཞིང་རྣམས་གཞན་དུའང་སྤྲུལ་པ་འགྱེད། །སྤྲུལ་པ་དེ་དག་སངས་རྒྱས་དོན་བྱས་ནས། །ཇི་ལྟར་ཆོས་ཉིད་བཞིན་དུ་རང་བཞིན་འགྱུར། །བྱང་ཆུབ་སེམས་ལ་མི་གང་གནས་པ་རྣམས། །བསམ་པ་

ཇི་བཞིན་དོན་རྣམས་རྙེད་པར་འགྱུར། །སངས་རྒྱས་རིགས་ནི་གནས་པར་གང་བརྩོན་པ། །དེ་ནི་རྟག་ཏུ་སངས་རྒྱས་བྱས་པ་གཟོ། །རྣམ་པར་འབར་བའི་ལུས་དང་རབ་ལྡན་ཞིང་། །མཚན་བཟང་སུམ་ཅུ་རྩ་གཉིས་དེ་ལ་འབྱུང་། །ཕན་ཡོན་གཞན་ཡང་མང་པོ་
མཐའ་ཡས་པ། །ཏིང་འཛིན་མཆོག་ལ་སྤྱོད་པས་ཐོབ་པར་འགྱུར། །རྟག་ཏུ་མི་སྒུལ་སྟོབས་ཀྱང་ཆེ་བར་འགྱུར། །དེ་ཡི་གཟི་བརྗིད་རྒྱལ་པོས་མི་བཟོད་དེ། །མཁས་པ་སུ་དག་སངས་རྒྱས་ཆོས་སྤྱོད་པ། །བྱད་བཞིན་བཟང་ཞིང་ཤིན་ཏུ་མཛེས་པར་འགྱུར། །བསོད་ནམས་གཟི་བརྗིད་དཔལ་
གྱིས་མངོན་འཕགས་ཏེ། །ལྷས་ཀྱང་དེ་ཡི་གཟི་བརྗིད་བཟོད་མི་འགྱུར། །སུ་དག་བྱང་ཆུབ་སེམས་ལ་བརྟན་གནས་པ། །དེ་ནི་རྟག་ཏུ་སྲོག་ཆགས་ཀུན་གྱི་བཤེས། །སངས་རྒྱས་བྱང་ཆུབ་འདི་ནི་རབ་སྟོན་པ། །དེ་ལ་ནམ་ཡང་མུན་པ་མེད་པར་འགྱུར། །སྒྲ་དང་ཚིག་གི་ལམ་བྲལ་བརྗོད་དུ་
མེད། །ནམ་མཁའ་ཇི་བཞིན་ཆོས་ཀྱི་རང་བཞིན་ཏེ། །འདི་ལྟ་བུ་ཡི་ཚུལ་མཆོག་རྣམ་རིག་ན། །དེ་ཡི་སྤོབས་པ་དག་ཀྱང་མི་ཟད་འགྱུར། །མདོ་སྡེ་དག་ནི་བརྒྱ་སྟོང་རབ་བཤད་ཀྱང་། །སྔོན་གྱི་མཐའ་མ་ཕྲ་ཞིབ་རབ་ཏུ་ཤེས། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཕྲ་ཤེས་པས། །མཁས་པའི་ཚིག་ནི་
རྟག་ཏུ་ཐོགས་པ་མེད། །རྟག་པར་ཚུལ་བརྒྱ་དག་ལ་མཁས་གྱུར་ཅིང་། །སྒྲ་དང་ངེས་ཚིག་རྣམ་པ་མང་ལ་མཁས། །ལས་དང་འབྲས་བུ་རྣམ་སྨིན་ངེས་པ་སྟེ། །ཁྱད་པར་འཕགས་པའི་བྱེ་བྲག་དེ་འདྲར་འགྱུར། །མཁས་པ་བདག་ཉིད་ཆེན་པོ་སྟོབས་བཅུའི་སྲས། །མ་ཚང་མེད་པའི་
སྟོབས་ཀྱིས་ཤུགས་འཆང་ཞིང་། །ཤིན་ཏུ་ཕྲ་བའི་རང་བཞིན་ཆོས་ཤེས་པས། དེ་ཡི་དྲན་པ་རྟག་པར་ཡོངས་སུ་དག །ཤིན་ཏུ་ཕྲ་བའི་རང་བཞིན་ཆོས་ཤེས་པས། །ཡིད་དུ་མི་འོང་སྒྲ་ནི་ཐོས་མི་འགྱུར། །རྟག་ཏུ་སྙན་ཅིང་ཡིད་འོང་སྒྲ་ཡང་ཐོས། །དེ་ཡི་ཚིག་ནི་རྟག་ཏུ་ཡིད་འོང་འགྱུར། །
ཤིན་ཏུ་ཕྲ་བའི་རང་བཞིན་ཆོས་ཤེས་པས། །དྲན་དང་བློ་གྲོས་ཤེས་རབ་རྟོགས་དང་ལྡན། །དེ་བཞིན་སེམས་ཀྱང་རྙོག་མེད་དང་བར་འགྱུར། །མདོ་སྡེ་བརྒྱ་ཕྲག་དུ་མ་རབ་ཏུ་འཆད། །ཡོན་ཏན་འདི་འདྲའི་རང་བཞིན་ཆོས་ཤེས་པས། །ཡི་གེ་དང་ནི་ཚིག་རྣམས་འབྱེད་ལ་མཁས། །ཐ་དད་པ་ཡི་

སྒྲ་མང་དུ་མ་ཤེས། །དོན་དང་ཚིག་འབྲུ་ལ་ཡང་མཁས་པར་འགྱུར། །ཤིན་ཏུ་ཕྲ་བའི་རང་བཞིན་ཆོས་ཤེས་པས། །ལྷ་དང་མི་དང་ཀླུ་འབྲུག་སྲིན་པོ་དང་། །ལྷ་མིན་ལྟོ་འཕྱེ་མིའམ་ཅི་ལ་ཡང་། །རྟག་ཏུ་སྡུག་ཅིང་ཡིད་དུ་འོང་བར་འགྱུར། །ཤིན་ཏུ་ཕྲ་བའི་རང་བཞིན་ཆོས་ཤེས་པས། །འབྱུང་
པོ་ཡི་དགས་སྲིན་པོའི་ཚོགས་རྣམས་ནི། །ཤ་ལ་ཟ་བ་ཤིན་ཏུ་མི་བཟད་པ། །དེ་དག་ནམ་ཡང་དེ་ལ་འཇིགས་མི་བྱེད། །མཁས་པ་དེ་དག་ཡངས་པའི་གཏམ་ཐོས་ནས། །ཤིན་ཏུ་དགའ་ཞིང་བ་སྤུ་ཟིང་ཞེས་བྱེད། །སངས་རྒྱས་ལ་ཡང་དགའ་བ་རྒྱ་ཆེར་སྐྱེད། །དེ་དག་བསམ་གྱིས་མི་ཁྱབ་
དོན་ཆེན་འཐོབ། །བདེ་བར་གཤེགས་པའི་ཆོས་མཛོད་འདི་བཟུང་བའི། །བསྐལ་པ་སྟོང་མང་དེ་ཡི་བསོད་ནམས་སྟོབས། །རབ་ཏུ་བརྗོད་ཀྱང་རྫོགས་པར་མི་ནུས་ཏེ། །དཔག་ཏུ་མེད་ཅིང་མཐའ་ཡས་ཚད་མེད་དོ། །ཏིང་འཛིན་ཞི་བའི་མཆོག་འདི་བཟུང་བ་ཡིས། །འདས་པའི་རྒྱལ་བ་
དཔག་མེད་ཐམས་ཅད་དང་། །སངས་རྒྱས་མ་བྱོན་པ་དང་ཕྱོགས་བཅུ་ན། །སངས་རྒྱས་གང་བཞུགས་དེ་དག་དེ་ཡིས་མཆོད། །སྐྱེས་བུ་ལ་ལ་བསོད་ནམས་འདོད་པས་འདིར། །སྟོབས་བཅུ་ལྡན་པའི་ཐུགས་རྗེ་ཅན་དག་ལ། །དགའ་བ་དཔག་ཏུ་མེད་པ་བསྐྱེད་ནས་ནི། །བསྐལ་པ་
མཐའ་ཡས་དཔག་མེད་རིམ་གྲོ་བྱས། །སྐྱེས་བུ་གཉིས་པ་བསོད་ནམས་འདོད་པ་ཡིས། །དོན་དམ་ཚུལ་འདི་ལས་ནི་ཚིགས་བཅད་གཅིག །ཕྱི་མའི་དུས་སུ་གྱུར་ཚེ་འཛིན་པ་ནི། །དེ་ལ་སྔ་མའི་བསོད་ནམས་ཆར་མི་ཕོད། །འདི་ནི་སངས་རྒྱས་མཆོད་པ་རབ་མཆོག་སྟེ། །ཕྱི་མ་མི་བཟད་
དུས་སུ་གྱུར་པའི་ཚེ། །འདི་ལས་ཚིག་བཞིའི་ཚིགས་བཅད་གཅིག་ཐོས་ནས། །འཛིན་པ་དེས་ནི་སངས་རྒྱས་ཐམས་ཅད་མཆོད། །དེ་དག་རྟག་ཏུ་རྙེད་མཆོག་ལེགས་པར་རྙེད། །དེ་དག་གྲོང་གི་ཟས་མཆོག་ལེགས་པར་ཟོས། །སྟོབས་བཅུའི་སྲས་ཀྱི་ཐུ་བོ་དམ་པ་སྟེ། དེ་ཡིས་རྒྱལ་
བ་མང་པོ་ཡུན་རིང་མཆོད། །བྱ་རྒོད་ཕུང་པོའི་རི་འདིར་ང་ཡང་མཐོང་། །དེ་དག་སངས་རྒྱས་མཁྱེན་ལ་ངས་ལུང་བསྟན། །མྱ་ངན་ང་འདས་ནས་ནི་བྱམས་པ་ཡང་། །དེ་ཚེ་དེ་ལ་ལུང་ཡང་སྟོན་པར་འགྱུར། །དེ་བཞིན་སངས་རྒྱས་ཚེ་དཔག་མེད་པ་ཡང་། །ང་ཡི་བདེ་བ་ཅན་དུ་ཀུན་འདོད་

ཞེས། །ཕན་ཡོན་རྣམ་པ་དུ་མ་དེ་ལ་འཆད། །མངོན་དགའ་དེར་སོང་སངས་རྒྱས་མི་འཁྲུགས་མཐོང་། །བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་པར་ཡང་། །ལོགས་པར་ལྟུང་བའི་འཇིགས་པ་ཡོང་མི་འབྱུང་། །བྱང་ཆུབ་སྤྱད་པ་མཆོག་འདི་སྤྱོད་པ་ནི། །རྟག་ཏུ་ཡིད་རབ་བདེ་བ་མྱོང་བར་
འགྱུར། །དེ་ཕྱིར་བྱེ་བྲག་འདི་འཕགས་དེ་འདྲ་སྟེ། །འདི་ནི་རབ་ཏུ་བཤད་པ་ཕན་ཡོན་མཆོག །སོ་སོའི་ཚིག་ལ་ང་ཡི་རྗེས་སློབས་ལ། །ཕྱི་མའི་དུས་ལ་མདོ་སྡེ་འདི་ཟུང་ཤིག །མདོ་སྡེ་འཛིན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།གཞོན་ནུ་དེ་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་གང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཤེས་པ་དེའི་ཡོན་ཏན་དང་ཕན་ཡོན་དེ་ལྟ་བུར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡོན་ཏན་དང་བསྔགས་པ་ཡང་དག་པར་སྨྲའོ། །དེ་བཞིན་གཤེགས་པ་ལ་ཡང་དག་པ་མ་ཡིན་པ་དང་མེད་པས་མི་སྐུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་གང་གིས་དེ་
བཞིན་གཤེགས་པར་རབ་ཏུ་དབྱེ་བའི་ཆོས་ཉིད་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་། །སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པར་རབ་ཏུ་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ་སངས་རྒྱས་ཀྱི་ཡོན་ཏན་ནི་མཐའ་ཡས་ཏེ། བསམ་གྱིས་མི་ཁྱབ་ཅིང་བསམ་པ་དང་བྲལ་བས་ན། །དེ་དག་
བསམ་པའམ་དཔག་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ་སེམས་ཀྱི་ངོ་བོ་ཉིད་ནི་གཟུགས་མེད་པ་བསྟན་དུ་མེད་པ་སྟེ། གཞོན་ནུ་དེ་ལྟར་སེམས་ཀྱི་ངོ་བོ་ཉིད་གང་ཡིན་པ་སངས་རྒྱས་ཀྱི་ཡོན་ཏན་གྱི་ངོ་བོ་ཉིད་ཀྱང་དེ་ཡིན་ནོ། །སངས་རྒྱས་ཀྱི་ཡོན་ཏན་གྱི་ངོ་བོ་ཉིད་གང་ཡིན་པ་དེ་བཞིན་
གཤེགས་པའི་ངོ་བོ་ཉིད་ཀྱང་དེ་ཡིན་ནོ། །དེ་བཞིན་གཤེགས་པའི་ངོ་བོ་ཉིད་གང་ཡིན་པ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱང་དེ་ཡིན་ཏེ། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་ཡོན་ཏན་ཐམས་ཅད་ཀྱི་ངོ་བོ་ཉིད་དོན་གཅིག་ཏུ་བསྟན་པ། ཡང་དག་པ་ཇི་ལྟ་བ་བཞིན་
དུ་རབ་ཏུ་ཤེས་པ་དེ་ནི་གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ཀྱིས་ངེས་པར་བརྟགས་པ་ཞེས་བྱ་སྟེ། འབྱུང་བ་ལ་མཁས་ཤིང་ཁམས་གསུམ་ལས་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཇི་ལྟ་བ་བཞིན་དུ་ལྟ་ཞིང་ལོག་པར་མི་སྨྲ། རྣམ་པ་གཞན་དུ་མི་

སྨྲ། ཇི་སྐད་སྨྲ་བ་དེ་བཞིན་བྱེད། ཁམས་གསུམ་ལ་མ་ཆགས་ཤིང་ཁམས་གསུམ་ལས་ཡང་དག་པར་འདས་ཏེ། འདོད་པའི་ས་དང་གཟུགས་ཀྱི་ས་དང་གཟུགས་མེད་པའི་ས་དང་ཉོན་མོངས་པའི་ས་དང་མིང་གི་ས་དང་སྒྲའི་ས་ལས་འདས་ཤིང་ཡི་གེ་དང་ཆོས་ཀྱི་ཚུལ་ལ་མཁས་པ།
ཡེ་ཤེས་མི་ཟད་པར་བསྒོམས་པ། བརྗོད་དུ་མེད་པའི་ཆོས་རྟོགས་པ། ཡི་གེ་ཤེས་པ། ཡི་གེ་ལ་མཁས་པ། ཡི་གེ་དང་ཚིག་རབ་ཏུ་དབྱེ་བ་ཤེས་པ་ལ་མཁས་པ། ཡི་གེ་དང་ཚིག་རབ་ཏུ་དབྱེ་བ་རྒྱས་པ་ཤེས་པ་ལ་མཁས་པ། ཆོས་ཐམས་ཅད་རབ་ཏུ་དབྱེ་བ་ཤེས་པ་ལ་མཁས་པ། ཆོས་
ཐམས་ཅད་རབ་ཏུ་དབྱེ་བ་རྒྱས་པ་ཤེས་པ་ལ་མཁས་པ། ཆོས་ཐམས་ཅད་རྣམ་པར་དགོད་པ་ལ་མཁས་པ་ཡིན་ཏེ། གཏན་ལ་དབབ་པའི་བློ་དང་ལྡན་ཞིང་། བདུད་སྡིག་ཅན་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཏོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ་ལྷ་དང་མིའི་སྐྱེ་
དགུ་སྔོན་ཡོངས་སུ་སྦྱང་བ་བྱས་པ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་བརྒྱད་ཀྱིས་བྱེ་བ་བརྒྱ་སྟོང་འཁྱིལ་པའི་གཟུངས་དང་སྒྲིབ་པ་མེད་པའི་མཐའ་དང་ཆོས་རྣམ་པར་མཐོང་བའི་བཟོད་པ་སོ་སོར་ཐོབ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ཐམས་ཅད་ལ་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཞི་བཅུ་
རྩ་བརྒྱད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ་ཐམས་ཅད་ཀྱང་མིང་ནི་ཐ་དད། ཚེའི་ཚད་ནི་གཅིག་པར་སངས་རྒྱས་ཀྱི་ཞིང་སོ་སོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་ལུང་བསྟན་ཏོ། །
དེ་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་བློ་དང་ལྡན་པ་གང་། །བླ་ན་མེད་པའི་བྱང་ཆུབ་རབ་ཚོལ་ཞིང་། །ཆོས་དང་དེ་བཞིན་དོན་ལ་མཁས་པ་དེ། །ཆོས་ཀྱི་ངོ་བོ་ཉིད་ལ་སྤྱོད་པ་ཡིན། །ཡང་དག་མ་ཡིན་པ་ཡི་ཚིག་མི་སྨྲ། །སངས་རྒྱས་ཡོན་ཏན་བྱེ་བྲག་ཅི་འདྲ་བ། །རྒྱལ་བ་
རྣམས་ཀྱི་ཆོས་ནི་དེ་ཡིན་ཏེ། །དཔའ་བོ་ཐེ་ཙོམ་བྲལ་བས་ཤིན་ཏུ་རིག །ཆོས་ཀུན་དོན་གཅིག་པར་ནི་རབ་ཤེས་ཏེ། །མགོ་གཅིག་ཏུ་ནི་སྟོང་པ་ཉིད་ཡིན་པས། །དེ་དག་ལ་ནི་ཐ་དད་གྱུར་པ་མེད། །དོན་གཅིག་ལ་ནི་ཤིན་ཏུ་བསླབས་པ་ཡིན། །རྟོག་པ་མེད་ཅིང་རྣམ་རྟོག་མེད་པ་དང་། །

དམིགས་པ་མེད་པར་བློ་གྲོས་ལྡན་པས་ཤེས། །ཟད་པ་དང་ནི་མི་ཟད་འདུ་ཤེས་ཀྱང་། །མ་ལུས་པར་ནི་ཐམས་ཅད་རབ་ཏུ་སྤངས། །དེ་ནི་ཆོས་སྐུ་མི་ཡི་སེང་གེ་ལ། །སྟོབས་བཅུ་ལྡན་པ་གཟུགས་སུ་མི་ལྟ་ཞིང་། །དེ་ནི་ཕྱིན་ཅི་ལོག་ཀུན་རབ་སྤངས་པས། །མཚན་
རྣམས་སུ་ཡང་ལྟ་བར་ཡོང་མི་འགྱུར། །ཆོས་རྣམས་འདི་དག་བསམ་མི་ཁྱབ། །བསམ་དང་བྲལ་ཞིང་རང་བཞིན་ཞི། །དེ་ལྟ་བུར་ནི་རབ་ཤེས་ནས། །རྐང་གཉིས་གཙོ་བོ་སངས་རྒྱས་མཐོང་། །ཇི་ལྟར་བདག་གི་འདུ་ཤེས་རིག །དེ་བཞིན་ཀུན་ཏུ་བློ་ཡང་གཏོང་། །ཆོས་ཀུན་དེ་ཡི་རང་
བཞིན་ཏེ། །རྣམ་པར་དག་པ་ནམ་མཁའ་བཞིན། །ཡིད་ལ་ནམས་ཀྱང་འབྱུང་བ་མེད། །ཆོས་རྣམས་ཐམས་ཅད་ཤེས་པས་ན། །ཁམས་གསུམ་ལས་ནི་རྣམ་པར་གྲོལ། །དེ་ལ་སྨོན་ལམ་འདེབས་པ་མེད། །ཡང་དག་ཇི་བཞིན་དུ་ནི་མཐོང་གྱུར་ཅིང་། །མ་ལོག་ཚིག་སྨྲ་རྣམ་པ་
གཞན་མི་སྨྲ། །དེ་ཡི་ཚིག་དང་བརྗོད་པ་ཐམས་ཅད་ཀྱང་། །རྒྱལ་བ་དག་གི་མཐུ་ཡིས་འབྱུང་བར་འགྱུར། །འདོད་པའི་ས་དང་ཉོན་མོངས་ས་རྣམས་དང་། །གཟུགས་དང་གཟུགས་མེད་ལས་ཀྱང་ཤིན་ཏུ་འདའ། །ཆོས་རྣམས་ལ་ནི་ཡིད་ཀྱང་མ་ཆགས་ཤིང་། །རབ་ཏུ་དགའ་བས་འགྲོ་ལ་
ཕན་པར་སྤྱོད། །མིང་གི་ས་ལས་འདས་ཤིང་སྒྲ་ཡང་ཤེས། །ངོ་བོ་ཉིད་ཀྱིས་གསོག་ཏུ་གྱུར་པ་སྟེ། །ཇི་སྲིད་ཙམ་དུ་ཡུན་རིང་བརྗོད་ན་ཡང་། །དེ་ལ་གནས་པར་བྱེད་པ་ཡོད་མ་ཡིན། །འདུ་ཤེས་རབ་ཏུ་རྒྱུ་བ་མེད། །ལྟ་བ་ལོག་པ་ཀུན་ནས་ཟད། །བློ་ཡང་ཤིན་ཏུ་གཏན་ལ་ཕབ། །
བརྟན་པ་ནམ་མཁའ་འདྲ་བར་སྤྱོད། །གལ་ཏེ་བདུད་བྱེ་ཁྲག་ཁྲིག་རྣམས། །དེ་ཡི་སེམས་དཀྲུགས་ཕྱིར་འོངས་ཀྱང་། །བདུད་རྣམས་ཐམས་ཅད་ཟིལ་མནན་ཏེ། །དེ་ཡི་དབང་དུ་འགྲོ་མི་འགྱུར། །བདུད་ཀྱི་རྒྱ་མོ་རྣམས་སྤངས་ཏེ། །ཚུལ་ཁྲིམས་ཡོངས་དག་གདུང་བ་མེད། །བསམ་གཏན་
དག་གི་བདེ་ལ་མོས། །འཇིག་རྟེན་སྟོང་པར་རབ་ཏུ་ཤེས། །འཇིག་རྟེན་ཕུང་པོར་སྨྲས་པ་ཡང་། །དེ་དག་སྟོང་པར་རབ་ཏུ་རིག །སྐྱེ་བ་མེད་ཅིང་འགག་མེད་པས། །ཆོས་རྣམས་ཐམས་ཅད་ནམ་མཁའ་བཞིན། །དེ་དག་བདག་ཉིད་གཏོང་བྱེད་ཀྱི། །སྟོབས་བཅུའི་ཚུལ་ཁྲིམས་ཐོས་

མི་གཏོང་། །དེ་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན། །གར་སྨོན་པར་ཡང་སྐྱེ་བར་འགྱུར། །སངས་རྒྱས་ཞིང་དུ་རྣམ་པར་འགྲོ། །སངས་རྒྱས་ཁྲག་ཁྲིག་མང་པོ་མཐོང་། །མཐོ་རིས་དག་ནི་མི་འདོད་དེ། །སྨོན་ལམ་རྣམས་ནི་ཡོངས་མི་གཏོང་། །ཆོས་ཉིད་དག་ནི་དེ་སྤྱོད་ཚེ། །སྐད་ཅིག་
བརྩོན་འགྲུས་ཉམས་མི་བྱེད། །ཕྱོགས་བཅུ་ཡི་ནི་སངས་རྒྱས་ཀྱིས། །དེ་ནི་ཤིན་ཏུ་བསྟོད་པ་ཡིན། །དེ་ཕྱིར་གཞོན་ནུ་ཏིང་འཛིན་ལས། །ཆོས་འདི་དག་ནི་རབ་ཐོབ་ནས། །ཤེས་ཀྱི་ཁེ་ནི་རྣམ་སྤོངས་ལ། །སྐྱེ་བོ་མང་ལ་ཆོས་རབ་སྟོན། །སངས་རྒྱས་ཡོན་ཏན་མང་ལྡན་པ། །
རང་འབྱུང་འགྱུར་བར་གང་འདོད་པས། །དགེ་བ་འདི་ལ་རབ་བསླབས་ན། །སྟོབས་བཅུ་འཆང་བ་སངས་རྒྱས་འགྱུར། །ཏིང་ངེ་འཛིན་ལ་རྗེས་སུ་སློབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། དེ་
ལྟ་བས་ན་གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཏིང་ངེ་འཛིན་ངེས་པར་བསྟན་པ་ལ་མཁས་པར་བྱའོ། །གཞོན་ནུ་དེ་ལ་ཏིང་ངེ་འཛིན་ངེས་པར་བསྟན་པ་གང་ཞེ་ན། གང་ཆོས་ཐམས་ཅད་
ཀྱི་ཇི་ལྟ་བ་བཞིན་ཉིད་དང་མཉམ་པ་ཉིད་མི་མཉམ་པ་མེད་པ་དང་མི་རྟོག་པ། རྣམ་པར་མི་རྟོག་པ། རྣམ་པར་མ་བསྒྲུབས་པ། ཀུན་ནས་སློང་བ་མེད་པ། སྐྱེ་བ་མེད་པ། འགག་པ་མེད་པ། རྟོག་པ་དང་རྣམ་པར་རྟོག་པ་དང་ཀུན་ནས་རྟོག་པ་ཡོངས་སུ་ཆད་པ། སེམས་ཀྱི་དམིགས་པ་མེད་པ།
ཡིད་ལ་བྱེད་པ་མེད་པ། རྣམ་པར་རིག་པ་ཡོངས་སུ་ཆད་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཡོངས་སུ་ཆད་པ། མཐའ་མེད་པ། མཐར་ཡིད་ལ་བྱེད་པ་དང་བྲལ་བ། ཡིད་ལ་བྱེད་པ་ཡོངས་སུ་ཆད་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ངོ་བོ་ཉིད་ཤེས་པ། དྲན་པ་དང་བློ་
གྲོས་དང་རྟོགས་པ་དང་ཁྲེལ་ཡོད་པ་དང་བརྟན་པ་དང་ཆོ་ག་དང་སྤྱོད་ཡུལ་དང་ནན་ཏན་གྱི་གནས་སུ་གྱུར་པ། ཉོན་མོངས་པ་མེད་པའི་ས། ཞི་བའི་ས་སྤྲོས་པ་ཐམས་ཅད་ཡོངས་སུ་ཆད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་

ཡུལ། །ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་འདི་ནི་གཞོན་ནུ་ཏིང་ངེ་འཛིན་ངེས་པར་བསྟན་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ངེས་པར་བསྟན་པ་འདི་ལ་གནས་པ་ནི་ཏིང་ངེ་འཛིན་དང་མ་བྲལ་བ་ཡིན། སེམས་འཁྲུལ་པ་མེད་པ་ཡིན།
སྙིང་རྗེ་ཆེན་པོ་དང་ལྡན་ཞིང་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཏིང་འཛིན་མཉམ་པ་མེད་པའི་ས། །ཤིན་ཏུ་མཐོང་དཀའ་ཕྲ་ཞིང་ཞི། །འདུ་ཤེས་ཐམས་ཅད་བཅོམ་པ་སྟེ། །དེ་ཕྱིར་ཏིང་ངེ་
འཛིན་ཅེས་བྱ། །རྟོག་པ་མེད་ཅིང་རྣམ་རྟོག་མེད། །གཟུང་བ་མེད་ཅིང་བསྟན་དུ་མེད། །སེམས་ཀྱང་དམིགས་པ་མེད་པ་སྟེ། །དེ་ཕྱིར་ཏིང་ངེ་འཛིན་ཅེས་བྱ། །ནམ་ཞིག་མཉམ་པར་གཞག་གྱུར་ཏེ། །ཆོས་ཀུན་ལ་ནི་རློམ་སེམས་མེད། །རློམ་སེམས་མེད་པ་ཇི་བཞིན་པ། །དེ་ནི་ཏིང་ངེ་འཛིན་
ཅེས་བསྒྲགས། །ཆོས་ནི་རྡུལ་ཙམ་ཡོང་མེད་དེ། །རྡུལ་ཅེས་བྱ་བའང་ཡོད་མ་ཡིན། །ཆོས་རྣམས་དམིགས་སུ་མེད་པ་སྟེ། །དེ་ཕྱིར་ཏིང་ངེ་འཛིན་ཅེས་བྱ། །སེམས་ཀྱི་དམིགས་པ་མེད་པ་ཡང་། །དེ་ནི་རྣམ་པར་རྟོག་ཅེས་བྱ། །ཆོས་དེ་རྣམ་པར་མ་བརྟགས་པ། །དེ་ལྟར་ཏིང་འཛིན་ཤེས་
པར་གྱིས། །སྒྲ་ཡིས་དོན་རྣམས་རབ་བསྟན་ཏེ། །སྒྲ་དེ་ཉིད་ཀྱང་དངོས་པོ་མེད། །སྒྲ་ནི་བྲག་ཅ་ལྟ་བུ་སྟེ། །བར་སྣང་དག་གི་ནམ་མཁའ་བཞིན། །ཆོས་འདི་རྣམས་ནི་མི་གནས་ཏེ། །འདི་དག་ལ་ནི་གནས་མི་དམིགས། །མི་གནས་པ་ནི་གནས་ཀྱི་སྒྲར། །ངོ་བོ་ཉིད་ཀྱིས་མི་རྙེད་དོ། །
འགྲོ་ཞིང་འཆི་འཕོར་བརྗོད་པ་ཡི། །དེ་ལྟ་བུ་ཡི་འགྲོ་བ་མེད། །འགྲོ་བ་མེད་པ་འགྲོ་བའི་སྒྲས། །ཏིང་ངེ་འཛིན་དུ་དེ་ཕྱིར་གསུངས། །མཉམ་གཞག་མ་ཡིན་དེ་ནི་རློམ་སེམས་བརྗོད། །མཉམ་གཞག་འདི་ཡང་རློམ་སེམས་གཉིས་པ་སྟེ། །རློམ་སེམས་མེད་པར་བྱང་ཆུབ་རིམ་པར་སྤྱོད། །
དྲན་པ་རློམ་སེམས་མེད་པ་བྱང་ཆུབ་མཆོག །མཉམ་དང་མི་མཉམ་ཞི་བ་སངས་རྒྱས་ས། །ཞི་གནས་ལྷག་མཐོང་མཚན་མེད་འདི་ཡིན་ཏེ། །ཞི་བ་སངས་རྒྱས་ས་འདི་བསྟེན་བྱས་ན། །ཏིང་འཛིན་ཞི་བ་འདི་ལ་དེ་བརྩོན་ཡིན། །དོན་གྱི་རྣམ་པར་རིག་པ་འཇུག་པ་ལ། །ཡི་གེ་དག་གིས་འཇུག་

པར་མི་ནུས་ཏེ། །སྒྲ་དབྱངས་ཐམས་ཅད་རྣམ་པར་སྤངས་ནས་ནི། །མཉམ་པར་བཞག་འགྱུར་དེ་ལ་རློམ་སེམས་མེད། །བྱང་ཆུབ་སེམས་དཔའ་གང་དག་ཏིང་འཛིན་འདི། །ཇི་ལྟར་བཤད་བཞིན་གནས་ཤིང་བརྩོན་བྱེད་ན། །གལ་ཏེ་ཞིང་འདི་བསྐལ་པས་ཚིག་གྱུར་ཀྱང་། །རི་མཆོག་དབུས་
སུ་ཞུགས་པས་མེས་མི་ཚིག །བསྐལ་པ་བརྒྱ་ཕྲག་མང་པོར་རབ་བསྲེགས་ཀྱང་། །ནམ་མཁའ་སྔོན་ཆད་ནམ་ཡང་མི་འཚིག་བཞིན། །ཆོས་རྣམས་ནམ་མཁའ་མཚུངས་པར་རྣམ་རིག་པས། །དེ་ནི་མེ་ཡི་ནང་དུ་ཡོང་མི་འཚིག །གལ་ཏེ་སངས་རྒྱས་ཞིང་རྣམས་འབར་གྱུར་ལ། །འབར་
བ་འདི་དག་མ་ལུས་ཞི་ཤིག་ཅེས། །ཏིང་འཛིན་གནས་ནས་སྨོན་ལམ་འདི་བཏབ་ན། །ས་རྣམས་ཞིག་ཀྱང་དེ་ལ་འགྱུར་བ་མེད། །དེ་ནི་རྫུ་འཕྲུལ་སྟོབས་ཀྱང་མཐའ་ཡས་འགྱུར། །ནམ་མཁའ་ལ་ཡང་ཐོགས་པ་མེད་པར་འགྲོ། །རྗེས་སུ་བསྟན་བཞིན་ཏིང་འཛིན་གནས་པ་ནི། །བྱང་
ཆུབ་སེམས་དཔའི་ཡོན་ཏན་འདི་དག་མྱོང་། །སྐྱེ་ཞིང་འཆི་འཕོར་དེ་འགྱུར་ཡང་། །སྐྱེ་བ་མེད་ཅིང་འཆི་འཕོ་མེད། །གང་གིས་དེ་ལྟར་རྣམ་རིག་པ། །དེ་ལ་ཏིང་འཛིན་རྙེད་མི་དཀའ། །འཆི་འཕོ་སྐྱེ་བ་མེད་པར་ནི། །འཇིག་རྟེན་མགོན་པོས་རབ་ཏུ་བཤད། །དེ་ལྟར་འཇིག་རྟེན་མགོན་
རིག་ནས། །དེ་ཕྱིར་ཏིང་ངེ་འཛིན་ཀྱང་རིག །འཇིག་རྟེན་གྱིས་ནི་མ་གོས་ཤིང་། །འཇིག་རྟེན་ཆོས་ལ་མི་ཆགས་ཏེ། །ལུས་ནི་ཐོགས་པ་མེད་པར་ནི། །སངས་རྒྱས་ཞིང་དུ་འགྲོ་བར་བྱེད། །ཞིང་དག་ན་ནི་འཇིག་རྟེན་འདྲེན། །རྫོགས་པའི་སངས་རྒྱས་རྟག་ཏུ་མཐོང་། །སངས་
རྒྱས་དག་གིས་ཞིང་བཤད་པ། །ཆོས་རྣམས་དེ་དག་དེར་ཡང་ཉན། །དེ་ལ་མི་ཤེས་ཡོང་མེད་དེ། །ཆོས་ཀྱི་དབྱིངས་ཀྱང་རབ་ཏུ་འཆད། །ཆོས་ཀྱི་རྣམ་པ་རྟག་ཏུ་རིག །དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཚུལ། །བསྐལ་པ་བྱེ་བར་འཆད་སྟོན་ཀྱང་། །དེ་ཡི་སྤོབས་པ་ཟད་མི་འགྱུར། །བྱང་
ཆུབ་སེམས་དཔའ་གཞན་མང་པོ། །མཁས་པ་དག་ཀྱང་སྤྲུལ་པར་བྱེད། །བྱང་ཆུབ་སེམས་དཔའ་སྤྲུལ་པ་ནི། །པད་མ་འདབ་མ་སྟོང་དག་ལ། །སྐྱིལ་མོ་ཀྲུང་བཅས་འདུག་པ་དག །ཞིང་ནས་ཞིང་དུ་འགྲོ་བར་བྱེད། །ཏིང་འཛིན་ཞི་བ་བསྒོམས་ནས་ནི། །གཟུངས་དང་མདོ་སྡེ་བཟང་པོ་

དང་། །མདོ་སྡེ་གཞན་ཡང་བྱེ་བ་དང་། །སངས་རྒྱས་བྱང་ཆུབ་རབ་ཏུ་སྟོན། །སེམས་ཅན་མང་པོ་བསམ་མི་ཁྱབ། །ཕྱིར་མི་ལྡོག་ལ་འགོད་པར་བྱེད། །སངས་རྒྱས་བྱང་ཆུབ་རབ་སྟོན་ཀྱང་། །སྤོབས་པ་དག་ནི་ཟད་མི་འགྱུར། །རིན་ཆེན་རྣམ་པར་བརྒྱན་པ་ཡི། །
ཁང་པ་བརྩེགས་ཞུགས་དེ་འགྲོ་སྟེ། །དྲི་དང་ལྡན་པའི་མེ་ཏོག་གིས། །འདྲེན་པ་ལ་ཡང་མངོན་པར་འཐོར། །དྲི་དང་ལྡན་པའི་ཕྱེ་མས་ཀྱང་། །འདྲེན་པ་ལ་ནི་རབ་ཏུ་འཐོར། །དེ་དག་ཐམས་ཅད་བྱང་ཆུབ་ཕྱིར། །རྒྱ་ཆེ་བ་ཡི་མཆོད་པ་བྱེད། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །ཡོན་ཏན་དཔག་
མེད་དེ་དག་ནི། །ནམ་ཞིག་ཉོན་མོངས་མེད་གྱུར་པ། །དེ་ཚེ་རྫུ་འཕྲུལ་དེ་དག་འཐོབ། །ཉོན་མོངས་དག་ནི་མི་སྐྱེ་ཞིང་། །དག་པ་དང་བ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ནི། །བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །རབ་ཏུ་ཞི་ཞིང་ཉེ་བར་ཞི། །ཉོན་མོངས་མེད་ཅིང་མྱ་ངན་བྲལ། །
སྤྲོས་མེད་རྣམ་པར་མ་སྤྲོས་པ། །སྤྲོས་པ་དག་ལས་ཤིན་ཏུ་འདས། །ཡི་གེའི་སྤྱོད་པ་མེད་པ་ནི། །ཆོས་རྣམས་ཀུན་གྱི་མཚན་ཉིད་དེ། །དབྱངས་ཀྱིས་རིག་པར་དགའ་བས་ན། །དེ་ཕྱིར་ཏིང་ངེ་འཛིན་ཅེས་བྱ། །ཟད་མི་ཤེས་ཤིང་ཉེ་བར་ཞི། །ལྷུན་གྱིས་འགྲུབ་ཅིང་བསྟན་མེད་པ། །རྙོག་
མེད་ཡང་དག་ཉིད་ཀྱི་མཐའ། །སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ལོ། །འོང་དང་འགྲོ་བ་མེད་པ་དང་། །སྤྲོས་མེད་ལྷུན་གྱིས་གྲུབ་པ་ཡི། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །སངས་རྒྱས་ཀུན་གྱི་བསླབ་པ་སྟེ། །རྫོགས་པའི་སངས་རྒྱས་འདི་བསླབས་ནས། །ཡོན་ཏན་དག་གི་ཕ་རོལ་ཕྱིན། །
ཚུ་རོལ་དང་ནི་ཕ་རོལ་མེད། །སྔོན་མཐའ་རྣམ་པར་མ་བརྟགས་ཏེ། །དེ་ཕྱིར་སངས་རྒྱས་དེ་དག་ཀུན། །ཡོན་ཏན་དག་གི་ཕ་རོལ་ཕྱིན། །འོང་དང་འགྲོ་བ་མེད་པ་དང་། །སྤྲོས་མེད་ལྷུན་གྱིས་གྲུབ་པ་ཡི། །ཆོས་ཀྱི་རང་བཞིན་མཁྱེན་ནས་ནི། །དེ་དག་དེ་ལས་ཕ་རོལ་ཕྱིན། །ཏིང་ངེ་
འཛིན་ངེས་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་ལྔ་པ། དེ་ནས་ཟླ་འོད་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་

ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་བྱང་ཆུབ་སེམས་
དཔའ་ཐམས་ཅད་ཀྱི་བསླབ་པའི་ཏིང་ངེ་འཛིན་བསྟན་པ་ལེགས་པར་བཤད་པ་ནི་ངོ་མཚར་ཏོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་ཡུན་རིང་པོར་བསླབ་པ་འདི་ལ་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་པ་ནི་བཅོམ་ལྡན་འདས་བདག་སྤོབས་སོ། །བདེ་བར་
གཤེགས་པ་བདག་སྤོབས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་དེའི་དུས་ལ་དབབ་པར་ཤེས་ན་ཁྱོད་སྤོབས་པར་གྱིས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་སྐབས་ཕྱེ་ནས་བཅོམ་ལྡན་འདས་ལ་མངོན་སུམ་དུ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་
པ་འདི་དག་གིས་བསྟོད་དོ། །འདོད་དང་ཁྲོ་བས་རྟག་ཏུ་ཟིལ་ནོན་ཅིང་། །སྡུག་བསྔལ་གཙེས་པའི་སེམས་ཅན་གཟིགས་ནས་ནི། །སྐྱེ་དགུ་ཐར་བྱེད་སངས་རྒྱས་གྱུར་ཅིག་ཅེས། །བྱང་ཆུབ་ཕྱིར་ནི་ཁྱོད་ཀྱིས་སེམས་ཀྱང་བསྐྱེད། །དཔའ་བོས་བསྐལ་པ་བྱེ་བ་མང་སྤྱད་དེ། །སྦྱིན་དང་དུལ་དང་ལེགས་སྡོམ་
རྟག་ཏུ་གནས། །བཟོད་དང་ཚུལ་ཁྲིམས་དེ་བཞིན་བརྩོན་འགྲུས་དེས། །སྦྱིན་པ་དག་ཀྱང་མཐའ་ཡས་རྒྱ་ཆེར་བྱིན། །རྐང་ལག་དང་ནི་སྲོག་ཀྱང་རབ་གཏོང་ཞིང་། །ཁྱོད་ཀྱི་ཡིད་ལ་ནམ་ཡང་སྐྱོ་མེད་དེ། །གསེར་དངུལ་དེ་བཞིན་བུ་དང་ཆུང་མ་དང་། །ཆགས་མེད་གྱུར་ནས་
རྒྱལ་པོའི་སྲིད་ཀྱང་གཏོང་། །ཁྱོད་ཀྱི་ཚུལ་ཁྲིམས་དྲི་མེད་རྣམ་དག་སྟེ། །བདག་ཉིད་གཏོང་ཞིང་ཚུལ་ཁྲིམས་ཡོང་མི་འདྲལ། །ལུས་དང་ངག་དང་ཡིད་ཀྱང་རབ་ཏུ་བསྡམས། །བདེ་གཤེགས་སེམས་དུལ་ཁྱོད་ལ་ཕྱག་འཚལ་ལོ། །བཟོད་ལ་དགྱེས་ཤིང་བཟོད་པའི་ལམ་ལ་
གནས། །ལུས་ནི་དུམ་བུར་བྱས་ཀྱང་འཁྲུགས་མེད་དེ། །བྱམས་པ་བསྒོམས་པས་དེ་ལས་འོ་མ་ཟགས། །བདེ་གཤེགས་ངོ་མཚར་ཁྱོད་ལ་ཕྱག་འཚལ་ལོ། །སྟོབས་བཅུ་དག་གི་སྟོབས་དང་ལྡན་གྱུར་ཅིང་། །ཆགས་མེད་ཡེ་ཤེས་གནས་པས་ཆོས་ཀུན་

རྟོགས། །ཐུགས་རྗེས་འཇིག་རྟེན་ཕན་མཛད་ཆོས་ཀྱི་རྗེ། །སྐྱེ་དགུ་འདི་ཡི་དོན་བཞེད་ཐུགས་བརྩེ་བ། །སྟོང་པར་མཁྱེན་ཅིང་འདི་ན་སེམས་ཅན་མེད། །དེ་བཞིན་འཇིག་རྟེན་ལམ་སྟོར་གཟིགས་ནས་ནི། །དེ་དག་རང་བཞིན་བདག་མེད་ཆོས་རྟོགས་བགྱིས། །རྣམ་གྲོལ་
སྐྱེས་ཀྱང་གང་ནའང་རྣམ་གྲོལ་མེད། །སོ་སོར་བརྟགས་ཏེ་བག་མེད་ཐམས་ཅད་སྤངས། །བདུད་སྡེ་མཐའ་ཡས་སྟོབས་དང་ལྡན་པ་བཅོམ། །ཡེ་ཤེས་མཐའ་ཡས་བྱང་ཆུབ་རྒྱ་ཆེར་མཁྱེན། །མཆོག་ཏུ་རྣམ་དག་ཞི་བའི་ཆོས་ཀྱང་སྟོན། །ཟླ་བ་སྐར་མར་བཅས་པ་གནམ་ལྷུང་ཞིང་། །རི་དང་གྲོང་
དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་། །ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུང་། །སྐྱེ་དགུ་དམིགས་པ་དག་ལ་དགའ་བ་དང་། །སེམས་ཅན་སྡུག་བསྔལ་ཁྱོད་ཀྱིས་གཟིགས་ནས་ནི། །སྟོང་པ་ཉིད་དང་ཟབ་ཅིང་ཞི་བ་ཡིན། །དམིགས་པ་མེད་པ་དག་ནི་སྟོན་པར་
མཛད། །བསྐལ་པ་བྱེ་བ་བསམ་ཡས་སུ། །མི་དམིགས་པ་ཡི་བསླབ་པ་ལ། །དཔའ་བོ་ཆེན་པོས་བསླབས་པས་ན། །ཁྱོད་ལ་འཁྲུལ་པ་ཡོང་མི་མངའ། །ཇི་ལྟ་བུ་ཡི་ཆོས་བསླབས་པ། །དེ་ལྟ་བུ་ཡི་ཆོས་སྟོན་ཏེ། །མུ་སྟེགས་གཞན་དག་ཇི་སྙེད་དང་། །བྱིས་པ་དག་གིས་ས་འདི་མིན། །
བདག་ཏུ་འདུ་ཤེས་གང་གནས་པ། །མི་མཁས་དེ་དག་འཁྲུལ་པར་འགྱུར། །ཆོས་རྣམས་བདག་མེད་རིག་པས་ན། །ཁྱོད་ལ་འཁྲུལ་པ་ཡོང་མི་མངའ། །དཔའ་བོ་ཆེན་པོ་ཡང་དག་གསུང་། །ཡང་དག་ཆོས་ལ་རབ་ཏུ་གནས། །མགོན་པོ་ཡང་དག་བདེན་གནས་ཏེ། །ཡང་དག་
ཚིག་ནི་རབ་ཏུ་གསུང་། །ཁྱོད་ཀྱི་སྨོན་ལམ་བཏབ་པ་བཞིན། །ཁྱོད་ཀྱི་ཡང་དག་སྤྱོད་པ་བྱུང་། །ཡང་དག་དེ་ཡི་རྒྱུ་འདྲ་བས། །ཡང་དག་ཚིག་ནི་རབ་ཏུ་གསུང་། །ཡང་དག་སྤྱོད་པ་ཕུན་སུམ་ཚོགས། །ཡང་དག་མཐའ་ལ་ཤིན་ཏུ་བསླབས། །ཡང་དག་བསམ་པ་ཡང་དག་
སྤྱོད། །ཡང་དག་མཁྱེན་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཤེས་རབ་མཉམ་པ་མེད། །ཡེ་ཤེས་གསུང་བ་འོད་མཛད་པ། །ཡེ་ཤེས་ཁྱད་པར་རབ་བརྙེས་ཤིང་། །ཡེ་ཤེས་གསུང་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་བྱམས་པ་རབ་བསྒོམས་ཏེ། །སེམས་ཅན་ཀུན་གྱི་བཤེས་

གཉེན་ཁྱོད། །རི་རབ་བཞིན་དུ་མི་སྒུལ་ཏེ། །མི་གཡོ་རབ་ཏུ་གནས་པ་པོ། །སྟོན་པའི་འཁོར་ཚོགས་རྒྱ་ཆེ་ཡང་། །ཚོགས་མང་དག་ཀྱང་སྡུད་པར་མཛད། །ཤེས་རབ་ཟབ་མོ་བདེ་བར་གཤེགས། །འཁོར་གྱི་ནང་གཤེགས་སྒྲ་ཡང་སྒྲོག །སངས་རྒྱས་སེང་གེའི་སྒྲ་སྒྲོགས་
ཤིང་། །སེང་གེའི་སྟབས་སུ་རྣམ་པར་གཤེགས། །ཁྱོད་ཀྱིས་མུ་སྟེགས་ཀུན་བཏུལ་བ། །སེང་གེ་ཡིས་ནི་ཝ་རྣམས་བཞིན། །དཔའ་བོ་མ་དུལ་དུལ་མཛད་པ། །མ་དུལ་བ་དག་ཁྱོད་ཀྱིས་བཏུལ། །དེ་དག་མཛའ་སྡུག་བརྟན་གྱུར་ཏེ། །དབྱེར་མི་ཕྱེད་ཅིང་ལེགས་པར་གནས། །
ལྟ་བ་སྣ་ཚོགས་གནས་པ་ཡི། །སེམས་ཅན་སྡུག་བསྔལ་གཟིགས་ནས་ནི། །སྡུག་དང་མི་སྡུག་མེད་པ་ཡི། །བདག་མེད་ཆོས་ནི་ཁྱོད་སྟོན་ཏེ། །མ་བསླབས་པ་ཡི་བྱིས་པ་དག །ལོག་པའི་ལམ་ལ་སྤྱོད་པ་རྣམས། །འདྲེན་པ་གང་ནས་གཤེགས་པ་ཡི། །ལམ་ཡང་རབ་ཏུ་
ཁྱོད་ཀྱིས་བསྟན། །བདག་ཏུ་འཛིན་ལ་སུ་གནས་པ། །དེ་དག་སྡུག་བསྔལ་ཉིད་ལ་གནས། །གང་ལ་སྡུག་བསྔལ་མེད་པ་ཡི། །བདག་མེད་དེ་དག་མི་ཤེས་སོ། །འཁྲུལ་པ་མེད་པའི་ཆོས་ཚིག་ཁྱོད་སྟོན་ཏེ། །ཁྱོད་ལ་འཁྲུལ་པ་མི་རྙེད་འཇིག་རྟེན་མགོན། །ཁྱོད་ནི་མ་
ལོག་པ་ཡི་ཚིག་གསུང་སྟེ། །སྡུག་བསྔལ་མང་ཐར་མཛད་ལ་ཕྱག་འཚལ་ལོ། །ལྷ་ཀླུ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་ཕྲག །བརྒྱ་སྟོང་མང་པོ་མཁའ་ལ་འཁོད་པ་རྣམས། །བཅོམ་ལྡན་འདས་ཀྱི་དོན་ལྡན་གསུང་ཐོས་ནས། །ཐམས་ཅད་འདྲེན་ལ་རབ་ཏུ་དགའ་བ་སྐྱེད། །
ཚིག་ནི་རབ་ཏུ་སྙན་ཅིང་བཟང་ལ་འཐད། །མཉེན་ཞིང་འཇམ་ལ་ཡིད་འོང་དུས་དང་འབྱོར། །གསུང་གི་ཡན་ལག་དཔག་ཏུ་མེད་དང་ལྡན། །ཕན་བྱེད་སྐྱེ་བོ་མང་པོ་ཐར་བྱེད་པ། །སིལ་སྙན་བརྒྱ་སྟོང་དཔག་ཏུ་མེད་པ་དང་། །ལྷ་ཡི་དབྱངས་སྒྲ་དགའ་བར་འགྱུར་བའི་མཆོག །
ཤིན་ཏུ་སྙན་པ་དུས་གཅིག་འབྱོར་གྱུར་ཀྱང་། །བདེ་གཤེགས་གསུང་གཅིག་གིས་ནི་ཟིལ་གྱིས་ནོན། །ཁུ་བྱུག་བྱ་མང་འཇམ་པའི་སྒྲ་འབྱིན་དང་། །ཀུན་ལ་ཤིན་ཏུ་ཡིད་འཐད་དབྱངས་སྙན་དག །བྱ་ཚོགས་མང་པོ་ཐམས་ཅད་སྒྲ་འབྱིན་པ། །སངས་རྒྱས་གསུང་གི་ཆར་

ཡང་དེས་མི་ཕོད། །ལྷ་ཡི་བུ་མོ་སྒྲ་དབྱངས་སྙན་པ་དང་། །སིལ་སྙན་རོལ་མོ་གླུ་དབྱངས་འཇམ་པ་དང་། །པི་བང་རྫ་རྔ་རྔ་ཆེན་དུང་གི་སྒྲ། །དེ་དག་སངས་རྒྱས་གསུང་གི་ཆར་མི་ཕོད། །ཁུ་བྱུག་ནེ་ཙོ་རི་སྐེགས་སྒྲ་རྣམས་དང་། །ཁྲུང་ཁྲུང་རྨ་བྱ་མིའམ་ཅི་ཡི་སྒྲ། །སྒྲ་
དབྱངས་ཡིད་འོང་སྙན་པ་ཅི་ཡོད་པ། །དེ་དག་སངས་རྒྱས་གསུང་གི་ཆར་མི་ཕོད། །སྙན་ཅིང་མཉེན་ལ་ཡིད་འོང་དགའ་བ་དང་། །ཤིན་ཏུ་མཉེན་ལ་རབ་བསྔགས་ཞི་བའི་ཚིག །དབྱངས་རྣམས་ཐམས་ཅད་དུས་གཅིག་བསྒྲགས་པ་བས། །དེ་བཞིན་གཤེགས་པའི་གསུང་མཆོག་
དགར་འགྱུར་ཡིན། །ལྷ་མི་མི་དབང་ལྷ་མ་ཡིན་རྣམས་དང་། །སྲིད་གསུམ་སེམས་ཅན་མཐའ་དག་ཅི་ཡོད་པ། །འོད་བྱེད་རྣམས་ཀྱི་འོད་སྣང་དེ་དག་ནི། །བདེ་གཤེགས་འོད་ཟེར་གཅིག་གི་ཟིལ་གྱིས་ནོན། །བདེ་གཤེགས་སྐུ་ནི་མེ་ཏོག་རྒྱས་པ་བཞིན། །མཚན་རྣམས་ཀུན་
གྱིས་སྣ་ཚོགས་སྤྲས་ཤིང་བརྒྱན། །བསོད་ནམས་བརྒྱས་གྲུབ་དག་ཅིང་རྣམ་པར་དང་། །རྒྱལ་བའི་སྐུ་ནི་འཇིག་རྟེན་ཀུན་ཏུ་ལྷན། །དུང་གི་སྒྲ་དང་འཁར་རྔ་སྒྲ་སྙན་དང་། །རྔའི་སྒྲ་དེ་བཞིན་ཀིམ་པ་ལ་ཡི་སྒྲ། །རབ་ཏུ་འཇམ་ཞིང་འཐད་པའི་སྒྲ་དེ་ཀུན། །སངས་རྒྱས་དབྱངས་ཀྱི་བརྒྱ་
ཡི་ཆར་མི་ཕོད། །སིལ་སྙན་བྱེ་བ་ཁྲག་ཁྲིག་སྟོང་གི་སྒྲ། །སྒྲ་སྐད་གསལ་ཞིང་མཉེན་པ་ལྷ་ཡི་འདྲ། །ལྷ་དང་ལྷ་མོའི་སྒྲ་དབྱངས་དགར་འགྱུར་བ། །སངས་རྒྱས་དབྱངས་ཀྱི་བརྒྱ་ཡི་ཆར་མི་ཕོད། །ཁྲུང་ཁྲུང་རྨ་བྱ་ངུར་པ་ཁུ་བྱུག་དང་། །ངང་པ་ཀུ་ནལ་རྣམ་མང་བྱ་ཡི་ཚོགས། །
དེ་དག་སྒྲ་སྙན་དུས་གཅིག་ཚོགས་པས་ཀྱང་། །སངས་རྒྱས་དབྱངས་ཀྱི་བརྒྱ་ཡི་ཆར་མི་ཕོད། །ཀླུ་དང་གནོད་སྦྱིན་ལྷ་མིན་ལྟོ་འཕྱེ་དང་། །ལྷ་དབང་ཚངས་པ་ལྷ་ཡི་བདག་པོའི་སྒྲ། །སྲིད་གསུམ་ཡིད་འོང་འཐད་པ་ཅི་ཡོད་པ། །དེ་དག་སངས་རྒྱས་དབྱངས་ཀྱི་ཆར་མི་ཕོད། །ཚངས་
པའི་འོད་དང་ལྷ་ཡི་དབང་པོ་དང་། །ཉི་མ་དང་ནི་ནོར་བུ་རིན་ཆེན་འོད། །ཀུན་གྱི་འོད་ནི་རྣམ་པ་དུ་མ་དག །འོད་ཀུན་རྒྱལ་བའི་འོད་ཀྱིས་ཟིལ་གྱིས་ནོན། །ལུས་དང་ངག་དང་ཡིད་ཀྱང་ཤིན་ཏུ་རྣམ་པར་དག །ཡེ་ཤེས་དག་པ་སྲིད་པ་གསུམ་ན་གོས་པ་མེད། །མི་དབང་ཡོན་ཏན་དབྱིག་

ཚོགས་ཡོན་ཏན་རིན་ཆེན་མངའ། །རང་འབྱུང་ཡོན་ཏན་ཐམས་ཅད་ཀྱིས་ནི་མཉམ་མེད་མཉམ། །དེ་ལྟར་སྟོབས་བཅུ་བདེན་པ་གསུང་ལ་བསྟོད་ནས་ནི། །གཞོན་ནུ་ཡིད་ཀྱང་རབ་ཏུ་དགའ་བས་ཚིག་སྨྲས་པ། །སངས་རྒྱས་གཞལ་མེད་དཔག་ཡས་ལ་ནི་མཆོད་པ་ཡིས། །ཤཱཀྱ་
ཐུབ་བཞིན་བདག་ཀྱང་སངས་རྒྱས་གྱུར་ཅིག་སྨྲ། །བདེ་བར་གཤེགས་པས་དེ་ཡི་སྤྱོད་པ་མཆོག་མཁྱེན་ནས། །མི་དབང་ཆགས་མེད་ཡེ་ཤེས་མངའ་བ་འཛུམ་པ་མཛད། །སྟོབས་བཅུ་སྲས་ཀྱི་ཐུ་བོ་བྱམས་པས་དེ་ཞུས་ཏེ། །འདྲེན་པས་གང་གི་སླད་དུ་འདི་ལྟར་འཛུམ་པ་མཛད། །ས་
འདི་དག་ཀྱང་རྣམ་པ་དྲུག་ཏུ་ཡོངས་སུ་གཡོས། །ལྷ་དང་ཀླུ་རྣམས་མཁའ་ལ་འདུག་ཅིང་རབ་དགའ་སྟེ། །ཤིན་ཏུ་སེམས་རངས་མགུ་བས་སངས་རྒྱས་ལྟ་ཞིང་མཆིས། །བདེ་གཤེགས་ཟིལ་གྱིས་མ་ནོན་དེ་དག་ལུང་བསྟན་གསོལ། །སྐྱེས་བུ་མཆོག་གི་ཡེ་ཤེས་གང་ལ་ཞུགས་པ་ནི། །
བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་གི་ས་མ་ལགས། །རྒྱལ་བ་ཁྱོད་ཀྱིས་གང་གི་སླད་དུ་འཛུམ་མཛད་པ། །ཡེ་ཤེས་རྣམ་དག་དཔེ་མེད་ཡེ་ཤེས་མ་ལུས་གསུངས། །ཤཱཀྱའི་སེང་གེ་སྟོབས་བཅུ་མངའ་ཞིང་རྣམ་འདྲེན་པ། །རྐང་གཉིས་གཙོ་བོ་ཡེ་ཤེས་ཀྱི་ཡང་ཕ་རོལ་ཕྱིན། །འདོད་
ཆགས་དང་ནི་ཞེ་སྡང་ཐ་བ་གཏི་མུག་སེལ། །རབ་ཏུ་འོད་སྣང་མཛད་པ་ཁྱོད་ལ་ཞུ་བ་ལགས། །བྱང་ཆུབ་དམ་པ་མཆོག་འདི་རབ་ཏུ་ཚོལ་བའི་ཕྱིར། །འདྲེན་པ་ཁྱོད་ཀྱིས་བསྐལ་པ་གང་གཱའི་བྱེ་སྙེད་དང་། །དེ་ལས་ལྷག་པར་ཡང་ནི་སྤྱོད་པ་རབ་ཏུ་སྤྱད། །གང་གི་དོན་དུ་འཛུམ་པ་
འདི་མཛད་བསྟན་དུ་གསོལ། །ཡེ་ཤེས་དམ་པ་མཆོག་འདི་རབ་ཏུ་ཚོལ་བའི་ཕྱིར། །སྟོན་པས་ཕྱག་དང་ཞབས་ཀྱང་ཡོངས་སུ་བཏང་བ་མཛད། །སྲས་དང་བཙུན་མོ་གཉེན་བཤེས་རྩ་ལག་ཕངས་པ་བཏང་། །ཐུབ་པ་འཛུམ་