Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 035_ཕལ་ཆེན།_ཀ

Văn bản gốc(Tây Tạng)

Trang 18 / 23 (50.000 ký tự/trang)
ྤངས་ཤིང་། །ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་མཆོག་སྤྱོད་དང་། །ཡོན་ཏན་བཟང་པོ་ཐམས་ཅད་ལྡན་འགྱུར་ཞིང་། །རྒྱལ་བའི་ཡེ་ཤེས་སྟོབས་ཀྱང་ཐོབ་གྱུར་དང་། །སྐྱེས་བུ་ཁྱུ་མཆོག་ཡེ་ཤེས་ཞུགས་ནས་ཀྱང་། །སེམས་ཅན་བསམ་པ་ཇི་བཞིན་
སྟོན་བྱེད་ཅིང་། །མཐའ་ཡས་ཡངས་པའི་ཞིང་རྣམས་བསམ་ཡས་སུ། །སྟོན་པ་ཆེན་པོའི་ལས་ཀྱང་བྱེད་པ་དང་། །ཅི་ནས་དེ་དག་སྤྱོད་པ་མཆོག་ཐོབ་ནས། །མི་ཡི་ཁྱུ་མཆོག་མཛོད་རྣམས་སྟོན་བྱེད་དེ། །ཟིལ་གྱིས་མི་ནོན་གཞན་གྱིས་མི་ཕམ་
པར། །རྒྱལ་བའི་ཆོས་ཉིད་རྟག་ཏུ་འཛིན་བྱེད་སྟོན། །སེང་གེ་བཞིན་དུ་ཇི་ལྟར་འཇིགས་པ་མེད། །ཇི་ལྟར་ཟླ་བཞིན་དག་པའི་མདོག་ཏུ་སྤྱོད། །ཆུ་ལ་པད་མོ་བཞིན་དུ་ཆགས་མེད་པ། །དེ་དག་རྒྱལ་བའི་ཡོན་ཏན་ཇི་ལྟར་སྤྱོད། །དེ་སྐད་ཅེས་
སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་ཁྱོད་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་།

ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་སྟེ། ཀྱེ་རྒྱལ་བའི་སྲས་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤིན་ཏུ་རྟོགས་ཤིང་། རྣམ་པར་དག་པ་བརྩམས་ཏེ། འདྲི་ཞིང་དེ་ལྟར་རྒྱལ་བའི་སྲས་ཁྱོད། དེ་བཞིན་གཤེགས་པ་འདྲི་
བ་ཆོས་མང་པོ་ལ་རབ་ཏུ་གནས་པ། བརྩོན་འགྲུས་ཆེན་པོས་ཤིན་ཏུ་བསྩགས་པ། བརྩོན་འགྲུས་ལྡོག་པ་མྱེད་པས་ཤིན་ཏུ་འབྱུང་བ་འདྲི་བར་བྱེད་པ་ནི། ཀྱེ་རྒྱལ་བའི་སྲས་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་
ལ་ཟུང་ཤིག་དང་། སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་ཙམ་བསྟན་པར་བྱའོ། །ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཐོབ་པ་རྣམས་ཀྱིས་ཐོག་མར་སེམས་བསྐྱེད་པ་དེ་མི་
ཉམས་པར་ཡོངས་སུ་བསྲུང་བ་དང་། རིམ་གྲོར་བྱ་བའི་ཕྱིར་བག་ཡོད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་རྣམ་པ་བཅུས་ན་བྱང་ཆུབ་སེམས་དཔའ་བག་ཡོད་པ་ལ་གནས་པ་ཞེས་བྱ་སྟེ། བཅུ་གང་ཞེ་ན། ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་བསྲུང་བ་དང་། བྱང་ཆུབ་
ཀྱི་སེམས་མཉམས་ཤིང་ཤིན་ཏུ་སྦྱངས་པ་དང་། བྱང་ཆུབ་སེམས་དཔའ་བསམ་པ་གཡོ་དང་སྒྱུ་མེད་པ་དང་། དགེ་བའི་རྩ་བ་སྦྱོར་བ་ཕྱིར་མི་ལྡོག་པ་དང་། རང་གི་སེམས་བསྐྱེད་པ་ཤིན་ཏུ་རྟོགས་པ་དང་། ཕྱོགས་ཁྱིམ་པ་དང་། སོ་སོའི་སྐྱེ་བོ་དང་མ་འདྲེས་པ་དང་།
དགེ་བའི་རྩ་བའི་ལས་འཇིག་རྟེན་གྱི་འདུ་ཤེས་དང་། འདོད་པ་ཐམས་ཅད་དང་བྲལ་བ་དང་། བྱང་ཆུབ་སེམས་དཔའི་ལམ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་སྤངས་པ་རབ་ཏུ་ཐོབ་པ་དང་། དགེ་བའི་རྩ་བ་བརྩམས་པ་ནན་ཏན་རྒྱུན་ཆད་པ་མེད་པ་དང་།
བདག་གི་རྒྱུད་ཀྱི་སྟོབས་ཀྱི་ཤུགས་ཤིན་ཏུ་བརྟགས་པ་དག་སྟེ། ཀྱེ་རྒྱལ་བའི་སྲས་རྣམ་པ་བཅུ་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བག་ཡོད་པ་ལ་གནས་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའ་བག་ཡོད་པ་ལ་གནས་པ་ནི།

རྣམ་པ་བཅུས་ན་ཡོངས་སུ་དག་པར་འགྱུར་ཏེ། བཅུ་གང་ཞེ་ན་འདི་ལྟ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་ཇི་ལྟར་སྨྲས་པ་དེ་ལྟར་བྱེད་པ་ཡིན། ཤེས་བཞིན་གྱི་དྲན་པ་ཅན་ཡིན། ཁེངས་པ་མེད་ཅིང་གཡོ་བ་མེད་དེ། བསམ་གཏན་
ཟབ་མོ་ལ་རབ་ཏུ་གནས་པ་ཡིན། སངས་རྒྱས་ཀྱི་ཆོས་ཟབ་མོ་བཙལ་བ་ལ་ནན་ཏན་དུ་བྱེད་ཅིང་རྒྱུན་མི་གཅོད་པ་ཡིན། ལྷག་མཐོང་མངོན་པར་བསྒྲུབ་པ་ལ་མཁས་ཤིང་ཇི་ལྟར་ཐོས་པའི་ཆོས་ལ་ཚུལ་བཞིན་དུ་རྟོགས་པར་ཞུགས་པ་ཡིན། བསམ་གཏན་གྱི་རྗེས་སུ་སོང་བའི་
སེམས་ཀྱིས། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཟབ་མོའི་རྗེས་སུ་སོང་བ་ཡིན། ས་དང་མཉམ་ཞིང་མཐོན་དམན་དང་བྲལ་བ་ཡིན། སྦྱོར་བ་བཟང་ངན་དང་བར་མ་ལ་སེམས་ཉམས་པ་མེད་པ་ཡིན། སེམས་ཅན་ཀུན་གྱི་ནང་ན་ཆུང་ངུ་ན་ཐམས་ཅད་མཁྱེན་པ་ཉིད་དུ་
སེམས་གཅིག་བསྐྱེད་པ་ལ་འང་སྟོན་པའི་བསམ་པ་ཐོབ་པ་ཡིན། མཁན་པོ་དང་སློབ་དཔོན་དང་དགེ་བའི་བཤེས་གཉེན་དང་། བྱང་ཆུབ་སེམས་དཔའ་དང་། ཆོས་སྨྲ་བ་རྣམས་ལ་རིམ་གྲོ་དང་། བཀུར་སྟིའི་ངང་ཚུལ་ཅན་དུ་གནས་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་རྣམ་པ་
བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་བག་ཡོད་པ་ལ་གནས་པ། ཡོངས་སུ་དག་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའ་བག་ཡོད་པ་བརྩོན་འགྲུས་བརྩམས་པ། དྲན་པ་ཉེ་བར་བཞག་པ་མོས་པ་ཆེ་བ་རྣལ་འབྱོར་
རྒྱུན་མ་ཆད་པ་ཆོས་ཐམས་ཅད་ལ་མི་གནས་པ། ཆོས་ཐམས་ཅད་ལ་བརྩོན་པ། ཉོན་མོངས་པ་མེད་པའི་ཚུལ་ལ་ཞུགས་པ། སེམས་ཡངས་པ་སངས་རྒྱས་ཀྱི་ཆོས་མཐའ་དང་དབུས་མེད་པའི་རྗེས་སུ་སོང་བ་རྣམས་ཀྱིས་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་འགྱུར་ཏེ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཆོས་བཅུས་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱའོ། །བཅུ་གང་ཞེ་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཐམས་ཅད་ལ་ཕྱིར་མྱི་ལྡོག་པ་དང་།

ལུས་དང་སྲོག་ལ་མི་ལྟ་བ་དང་། འཚོ་བའི་ཡོ་བྱད་དང་། འཚོ་བའི་རྐྱེན་ལ་དོན་དུ་གཉེར་བ་མེད་པ་དང་། ཆོས་ཐམས་ཅད་རྣམ་པར་བསྒོམས་པས་ནམ་མཁའ་དང་མཉམ་པ་དང་། ཆོས་ཀྱི་དབྱིངས་ལ་ཡང་དག་པར་གཞོལ་བའི་ལྷག་མཐོང་ལ་མཁས་པ་དང་། མི་གནས་
པའི་ཆོས་རྣམ་པར་བསྒོམ་པའི་ཕྱག་རྒྱ་དང་། རྟག་ཏུ་རྒྱུན་མི་འཆད་པར་བསྒྲུབས་པའི་སྨོན་ལམ་ཆེན་པོ་དང་། ཡོངས་སུ་སྦྱངས་པའི་བཟོད་པ་ཤེས་པའི་སྣང་བ་དང་། རང་གི་དགེ་བའི་ཆོས་བསྩགས་པ་དང་། མ་བསྩགས་པ་ཤིན་ཏུ་བརྟགས་པ་དང་། མངོན་པར་
འདུ་བྱ་བ་མེད་པའི་སྒོ་ཤིན་ཏུ་བྱང་བ་སྟེ། ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་མཉེས་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའ་ཆོས་བཅུ་ལ་གནས་པ་རྣམས་ཀྱིས་ནི། དེ་བཞིན་གཤེགས་པ་རྣམས་མཉེས་པར་འགྱུར་བ་ཡིན་ཏེ།
བཅུ་གང་ཞེ་ན། འདི་ལྟ་སྟེ་བག་ཡོད་པ་ལ་གནས་པ་དང་། མྱི་སྐྱེ་བའི་བཟོད་པ་ལ་གནས་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་པ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་པ་དང་། སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་པ་དང་། སྨོན་
ལམ་མངོན་པར་བསྒྲུབ་པ་ལ་གནས་པ་དང་། ཐབས་མཁས་པ་ལ་གནས་པ་དང་། བརྟན་པའི་སྟོབས་ཀྱི་ཤུགས་ལ་གནས་པ་དང་། ཆོས་ཐམས་ཅད་ནམ་མཁའི་རང་བཞིན་ལྟ་བུ་ལ་གནས་པ་དང་། ལེན་པ་མེད་པ་ལ་གནས་པ་སྟེ། ཀྱེ་རྒྱལ་བའི་སྲས་ཆོས་དེ་
དག་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། དེ་བཞིན་གཤེགས་པ་མཉེས་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དེ་ལ་ཆོས་བཅུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ས་རྣམ་པར་དགོད་པ་ལས་འདའ་བ་ཡིན་ཏེ། བཅུ་གང་ཞེ་ན་འདི་ལྟ་སྟེ།
བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཤིན་ཏུ་བསྩགས་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པར་ཕྱེ་བ་ཚད་མེད་པའི་ལམ་གཞན་གྱི་དྲིང་མི་འཇོག་པའི་ཡེ་ཤེས་སྣང་བ་དང་། དགེ་བའི་བཤེས་གཉེན་དང་འགྲོགས་པ་རྒྱུན་མ་ཆད་པ་དང་། བརྩོན་འགྲུས་ཞིག་པ་མེད་པ་དང་།

དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ལེགས་པར་བརླབས་པ་དང་། དགེ་བའི་རྩ་བ་སྦྱོར་བས་མི་སྐྱོ་བ་དང་། ཐེག་པའི་རྒྱན་ཤིན་ཏུ་བཤམས་པ་དང་། ཡེ་ཤེས་ཀྱི་བསམ་པ་རབ་ཏུ་རྣོ་བ་དང་། ས་དང་ས་རམ་ཡིན་པའི་
ཆོས་ཀྱི་སྒོ་ལ་མི་གནས་པ་དང་། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། དགེ་བའི་རྩ་བའི་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པ་དག་སྟེ། ཀྱེ་རྒྱལ་བའི་སྲས་ཆོས་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས།
ས་ནས་སར་རྣམ་པར་དགོད་པ་ལས་འདའ་བ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དེ་དག་ནི་ཐོག་མ་ནས། ས་རྣམ་པར་དགོད་པ་ཐམས་ཅད་ལ་མཁས་པ་རྣམ་པར་དཔྱོད་པ་ཡིན་ཏེ། ཆོས་ཀྱི་སྒོ་གང་གིས་གང་ཁོང་དུ་ཆུད་པར་འགྱུར་བ་དང་། ཡེ་ཤེས་ཀྱི་
སྒོ་གང་གིས་ཐོབ་པར་འགྱུར་བ་དང་། བསྒྲུབ་པ་གང་ཡིན་པ་དང་། རྒྱུ་མཐུན་པ་གང་ཡིན་པ་དང་། སྤྱོད་ཡུལ་གང་ཡིན་པ་དང་། རྣམ་པར་འཕྲུལ་པ་གང་ཡིན་པ་དང་། ཡང་དག་པར་མཐོང་བ་གང་ཡིན་པ་དང་། ཆོས་ཀྱི་སྒོ་རྣམ་པར་དབྱེ་བའི་ཁྱད་པར་གང་ཡིན་པ་
དང་། ཇི་ལྟར་ཐོབ་པར་བྱ་བ་ཐམས་ཅད་ཀྱི་འང་རྣམ་པར་དཔྱོད་དོ། །དེ་དག་ལ་ཤིན་ཏུ་རྣམ་པར་དཔྱད་པས། ཆོས་ཐམས་ཅད་ལ་མི་གནས་ཤིང་སེམས་ཀྱི་རང་བཞིན་གྱི་ཆོས་ཐམས་ཅད་ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའི་ས་ཡང་དག་པར་འདའོ། །ཀྱེ་རྒྱལ་བའི་
སྲས་བྱང་ཆུབ་སེམས་དཔའ་རྣམས་ནི་འདི་ལྟར་བདག་ཅག་གིས་ཇི་ནས་ཀྱང་མྱུར་དུ་འདའ་བར་བྱའོ། །སྙམ་དུ་མྱི་སེམས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ས་ནས་ས་ལ་རྣམ་པར་གནས་པས། ཇི་ལྟ་ཇི་ལྟར་ཡང་དག་
པར་གནས་པ་དེ་ལྟ་དེ་ལྟར་བསོད་ནམས་ཀྱི་ཚོགས་ཆེས་ཆེ་བ་སྐྱེ་བར་འགྱུར་ཏེ། ཇི་ལྟ་ཇི་ལྟར་བསོད་ནམས་ཀྱི་ཚོགས་ཆེན་པོ་སྐྱེས་པར་གྱུར་པ། དེ་ལྟ་དེ་ལྟར་དེ་བཞིན་གཤེགས་པའི་སའི་རྗེས་སུ་སོང་ཞིང་སངས་རྒྱས་ཀྱི་མཛད་པ་ཚད་མེད་པས་ཉེ་བར་གནས་པར་

འགྱུར་རོ་སྙམ་སྟེ་དེ་དག་སྦྱོར་བ་རྒྱུན་མི་ཆད་ཅིང་སྐྱོ་བ་མེད་པའི་ཡིད་དང་ལྡན་པ་དང་། ཚོགས་ཀྱི་རྒྱན་ཆེན་པོས་བྱང་ཆུབ་སེམས་དཔའི་རྣམ་པར་བཀོད་པ་ལས་ཡང་དག་པར་འདའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པ་བཅུས་སྤྱོད་
པའི་དཀྱིལ་འཁོར་ཡོངས་སུ་སྦྱང་བར་བྱས་ཏེ། བཅུ་གང་ཞེ་ན་ཡོ་བྱད་ཡོངས་སུ་གཟུང་བ་མེད་པ་དང་། འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་པ་ཁ་ན་མ་ཐོ་བ་མེད་པ་དང་། བཟོད་པ་དང་དེས་པ་མི་ཟད་པའི་སའི་རྗེས་སུ་
སོང་བ་དང་། བརྩོན་འགྲུས་རྩོམ་པ་ཕྱིར་མི་ལྡོག་པའི་སྦྱོར་བ་དང་ལྡན་པ་དང་། དྲན་པའི་སྟོབས་ཀྱི་ཤུགས་རྨོངས་པ་མེད་པ་དང་། གཅིག་ལས་རྣམ་པ་ཐ་དད་པའི་ཆོས་ཀྱི་རྗེས་སུ་སོང་ཞིང་ཁོང་དུ་ཆུད་པ་དང་། གནས་མེད་པའི་སྤྱོད་པ་བསྒྲུབ་དཀའ་བ་
ཐམས་ཅད་ལ་སེམས་རིའི་རྒྱལ་པོ་ལྟ་བུ་དང་། སེམས་ཅན་ཐམས་ཅད་དང་མ་འདྲེས་པའི་མུ་སྟེགས་སུ་གྱུར་པ་དང་། འགྲོ་བ་ཐམས་ཅད་དུ་སངས་རྒྱས་ཐམས་ཅད་དང་། རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པ་སྟེ། ཀྱེ་རྒྱལ་བའི་སྲས་རྣམ་པ་བཅུ་པོ་དེ་དག་
གིས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་སྦྱོང་བར་བྱའོ། །དེ་དག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ལྟར་ཡོངས་སུ་སྦྱངས་པ་དེ་རྣམ་པ་བཅུས་ཤིན་ཏུ་དག་པར་འགྱུར་ཏེ། བཅུ་གང་ཞེ་ན་སེམས་ཅན་གྱི་གཙོ་བོ་འཇིག་རྟེན་
གྱི་ཁམས་གཞན་ན་བཞུགས་པས་ཡང་དག་པར་དགོངས་པ་དང་། འདས་པའི་བྱང་ཆུབ་སེམས་དཔའི་གྲོགས་ཀྱིས་དགེ་བའི་རྩ་བ་བསྐྱེད་པ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཡང་དག་པར་གཟུང་བ་ལ་མཁས་པ་དང་། དགེ་བའི་བཤེས་གཉེན་
ལ་ཡང་དག་པར་བརྟེན་པ་དང་། མོས་པ་དང་བརྩོན་འགྲུས་དང་། བག་ཡོད་པ་ལ་རབ་ཏུ་གནས་པ་དང་། ཆོས་ཐ་དད་པ་ཐམས་ཅད་ལ་ཐ་མི་དད་པར་རྟོགས་པ་དང་། སྙིང་རྗེའི་བྱིན་གྱི་རླབས་ཤིན་ཏུ་ཆེ་བ་དང་། ཆོས་ཐམས་ཅད་ཡང་དག་པ་ཇི་

ལྟ་བ་བཞིན་དུ་རྣམ་པར་ལྟ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་དང་། ཐབས་ལ་མཁས་པར་རྣམ་པར་དཔྱོད་པའི་སྦྱོར་བ་དང་། སྦྱོར་བ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྟོབས་ཀྱི་རྗེས་སུ་འབྲང་བ་དག་སྟེ།
ཀྱེ་རྒྱལ་བའི་སྲས་རྣམ་པ་བཅུ་པོ་དེ་དག་གིས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་སྦྱང་བར་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའི་སྨོན་ལམ་རྣམ་པར་དག་པ་བཅུ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ་སྐྱོ་བ་མེད་
པར་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་བའི་སྨོན་ལམ་དང་། དགེ་བའི་རྩ་བ་སྣ་ཚོགས་བསྩགས་པས་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པར་བྱ་བའི་སྨོན་ལམ་དང་། ལུས་དང་སྲོག་གིས་བསྔོ་ཞིང་དམ་པའི་ཆོས་ཡོངས་སུ་འཛིན་པའི་སྨོན་ལམ་དང་།
ཡེ་ཤེས་ཀྱི་སྒོ་རྣམ་པར་དབྱེ་བ་ཁོང་དུ་ཆུད་པས་སངས་རྒྱས་ཀྱི་ཞིང་ལ་འཇུག་པའི་སྨོན་ལམ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་གཉིས་སུ་མེད་པས་ཚུལ་གཅིག་གི་རྒྱུད་དུ་འགྲོ་བའི་སྨོན་ལམ་དང་། དེ་བཞིན་གཤེགས་པའི་སྒོ་ལ་འཇུག་པས་ཆོས་
ཐམས་ཅད་ཁོང་དུ་ཆུད་པའི་སྨོན་ལམ་དང་། མོས་པ་རྣམ་པར་སྦྱངས་པས་བལྟ་ན་དོན་ཡོད་པའི་སྨོན་ལམ་དང་། ཕྱི་མའི་མཐར་བྱིན་གྱིས་བརླབས་པས་བསྐལ་པར་གནས་པའི་སྨོན་ལམ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཐེག་པའི་རྒྱན་
རྣམ་པ་ཐམས་ཅད་ཀྱི་སྒོ་ནས་རྣམ་པར་སྦྱང་བའི་སྨོན་ལམ་དག་སྟེ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལྟར་སྨོན་ལམ་རྣམ་པར་སྦྱོང་ངོ་། །དེ་དག་རྣམ་པ་བཅུས་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་དེ། བཅུ་གང་ཞེ་ན་ཡོངས་སུ་སྐྱོ་
བ་མེད་པ་དང་། རྒྱན་ཆེན་པོ་མངོན་པར་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་ཁྱད་པར་དུ་འཕགས་པ་རྣམས་ཀྱི་རྗེས་སུ་འཇུག་པ་དང་། འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཐོས་ནས།

རང་གི་སྨོན་ལམ་དུ་མངོན་པར་བསྒྲུབ་པ་དང་། བསམ་པ་ཕྱི་མའི་མཐའི་མུར་ཐུག་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བར་གཏུགས་པའི་སྨོན་ལམ་ཆེན་པོ་དང་ལྡན་པ་དང་། བསྐལ་པ་ཐམས་ཅད་དུ་གནས་པར་མི་འཇིགས་པ་དང་།
སྡུག་བསྔལ་ཐམས་ཅད་ཀྱིས་ཇི་མི་སྙམ་པ་དང་། བདེ་བ་ཐམས་ཅད་ལ་ཡེ་མི་བརྔམ་པ་དང་། བསམ་པ་མཉམ་པ་མེད་པའི་རྣམ་པར་ཐར་པ་ཡོངས་སུ་བསྒྲུབ་པ་དག་སྟེ། དེ་དག་སྨོན་ལམ་ཆེན་པོ་དེ་ལྟར་ཡོངས་སུ་སྦྱོང་ཞིང་། ཡོངས་སུ་རྫོགས་པར་
བྱེད་པའི་ཚེ། སངས་རྒྱས་མཐོང་བའི་གཏེར་ཟད་མི་ཤེས་པའང་རབ་ཏུ་འཐོབ་བོ། །གཟུངས་འཁྲུལ་པ་མེད་པའི་གཏེར་ཟད་མི་ཤེས་པའང་རབ་ཏུ་འཐོབ་བོ། །སྨོན་ལམ་ཟད་མི་ཤེས་པས་ཆོས་ཐམས་ཅད་ཤིན་ཏུ་རྟོགས་པའི་གཟུངས་ཀྱང་རབ་ཏུ་འཐོབ་བོ། །
སྙིང་རྗེ་ཆེན་པོས་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་གཏེར་ཟད་མི་ཤེས་པའང་རབ་ཏུ་འཐོབ་པོ། །ཏིང་ངེ་འཛིན་གྱི་རྒྱུད་ཀྱི་གཏེར་ཟད་མི་ཤེས་པའང་རབ་ཏུ་འཐོབ་པོ། །འགྲོ་བ་ཐམས་ཅད་ཚིམ་པར་བྱ་བའི་བསོད་ནམས་ཀྱི་གཏེར་ཟད་མི་ཤེས་པའང་རབ་ཏུ་
འཐོབ་པོ། །ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་པའི་ཡེ་ཤེས་ཀྱི་གཏེར་ཟད་མི་ཤེས་པའང་རབ་ཏུ་འཐོབ་བོ། །རྣམ་པར་སྨྱིན་པ་ལ་གནས་པ་མངོན་པར་བསྒྲུབ་པའི་གཏེར་ཟད་མི་ཤེས་པའང་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་མཐའ་
ཡས་པའི་གཏེར་ཟད་མྱི་ཤེས་པའང་རབ་ཏུ་འཐོབ་བོ། །འཇིག་རྟེན་གྱི་ཁམས་མཐའ་དང་དབུས་མེད་པར་གཏོགས་པ་ལ་འཇུག་པའི་གཏེར་ཟད་མི་ཤེས་པའང་རབ་ཏུ་འཐོབ་བོ། །དེ་ལྟར་གཏེར་རབ་ཏུ་ཐོབ་ཅིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟད་མི་ཤེས་
པ་དང་ལྡན་པ་དེ་དག་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ཡོངས་སུ་དག་པས། སེམས་ཅན་རྣམས་ལ་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་གཏེར་གྱི་སྦྱིན་པ་བྱེད་དོ། །དེ་ལ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་རྣམས་ཀྱི་བསམ་

པ་ཇི་ལྟ་བ་བཞིན་དུ་ཇི་ལྟར་འཇུག་ཅེ་ན། སྦྱོར་བ་ཇི་ལྟ་བུར་རྒྱུ་བ་དང་། རྒྱུ་དང་རྐྱེན་ཇི་ལྟ་བ་དང་། སེམས་དང་སེམས་ལས་བྱུང་བའི་སྦྱོར་བ་ཇི་ལྟ་བ་ལས། སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་འཇུག་སྟེ། དེ་དག་དེ་ལྟར་བསམ་པ་ལ་ཞུགས་
པ་རྣམས་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཆོས་ཡང་དག་པར་སྟོན་ཏེ། དེ་དག་འདོད་ཆགས་ཀྱི་བསམ་པ་རྣམ་པར་བཟློག་པའི་ཕྱིར་མི་སྡུག་པ་ཡང་དག་པར་སྟོན་ཏོ། །ཞེ་སྡང་གི་བསམ་པ་རྣམ་པར་བཟློག་པའི་ཕྱིར། བྱམས་པ་ཆེན་
པོའི་སྦྱོར་བ་ཡང་དག་པར་སྟོན་ཏོ། །གཏི་མུག་གི་བསམ་པ་རྣམ་པར་བཟློག་པའི་ཕྱིར་ཆོས་རྣམ་པར་འབྱེད་པ་ལ་མཁས་པ་ཡང་དག་པར་སྟོན་ཏོ། །ཆ་མཉམ་པ་རྣམ་པར་བཟློག་པའི་ཕྱིར་ཡེ་ཤེས་ཀྱི་ཁྱད་པར་དང་ལྡན་པའི་ཆོས་ཀྱི་སྒོ་ཡང་དག་པར་སྟོན་ཏོ། །
འཁོར་བའི་བསམ་པ་རྣམ་པར་བཟློག་པའི་ཕྱིར། སྡུག་བསྔལ་རྣམ་པ་གསུམ་དང་ལྡན་པ་ཡང་དག་པར་སྟོན་ཏོ། །གནས་ཀྱི་བསམ་པ་རྣམ་པར་བཟློག་པའི་ཕྱིར་གནས་མེད་པའི་ཆོས་ཀྱི་སྒོ་ཡང་དག་པར་སྟོན་ཏོ། །ཞུམ་པའི་བསམ་པ་རྣམ་པར་བཟློག་པའི་
ཕྱིར། རྒྱ་ཆེན་པོའི་ཡུལ་ཡང་དག་པར་སྟོན་ཏོ། །བདག་གི་ང་རྒྱལ་གྱིས་བཅོམ་པའི་བསམ་པ་རྣམ་པར་བཟློག་པའི་ཕྱིར། ཆོས་ཀྱི་མཉམ་པ་ཉིད་ཡང་དག་པར་སྟོན་ཏོ། །གཡོ་དང་སྒྱུས་མི་མཉམ་པའི་བསམ་པ་རྣམ་པར་བཟློག་པའི་ཕྱིར། བྱང་
ཆུབ་སེམས་དཔའི་བསམ་པ་མཉམ་པ་ཉིད་དང་། ཞི་བའི་གནས་ཀྱི་བསམ་པ་མངོན་པར་བསྒྲུབ་པ་ཡང་དག་པར་སྟོན་ཏོ། །དེ་དག་ནི་དེ་ལྟར་སེམས་ཅན་རྣམས་ལ་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་གཏེར་ཡང་དག་པར་སྟོན་ཏོ། །དེ་ཡང་དོན་དབྱེར་མེད་པ་ཡང་
དག་པར་སྟོན་ཏེ། ཡི་གེའི་མཚམས་འབྱོར་བར་སྦྱར་བས་ཡང་དག་པར་སྟོན་ཏོ། །ཤེས་པ་རྣམ་པར་དབྱེ་བས་ཡང་དག་པར་སྟོན་ཏོ། །བསྟན་པ་སྔ་ཕྱི་མ་འདྲེས་པས་ཡང་དག་པར་སྟོན་ཏོ། །ཆོས་ཀྱི་ཚུལ་དང་ཚུལ་མ་ཡིན་པའི་བྱེ་བྲག་དབྱེར་མེད་པས་

ཡང་དག་པར་སྟོན་ཏོ། །མཚན་ཉིད་ཀྱི་ཕྱག་རྒྱ་རྣམ་པར་མི་འཁྲུགས་པས་ཡང་དག་པར་སྟོན་ཏོ། །ཆོས་རབ་ཏུ་དགོད་པ་རྒྱུན་ཆད་པ་མེད་པས་ཡང་དག་པར་སྟོན་ཏོ། །མཐའ་ཡས་པ་སྦྱང་བས་ཡང་དག་པར་སྟོན་ཏོ། །ཐེ་ཚོམ་ཐམས་ཅད་ཤིན་ཏུ་གཅད་པའི་ཕྱིར་
ཡང་དག་པར་སྟོན་ཏོ། །དབང་པོའི་རྒྱུད་ལ་འཇུག་པའི་ཕྱིར་ཡང་དག་པར་སྟོན་ཏོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ལ་དགོད་པར་གཞོལ་བས་ཡང་དག་པར་སྟོན་ཏོ། །ཡང་དག་པའི་མཐའ་མཚན་ཉིད་མེད་པ་རྣམ་པར་མི་འཁྲུག་པས་ཡང་དག་པར་སྟོན་ཏོ། །
ཆོས་ཀྱི་དབྱིངས་ལ་ཡང་དག་པར་གཞོལ་བས་ཡང་དག་པར་སྟོན་ཏོ། །ཆོས་ཀྱི་རྔ་ཡང་དག་པར་བརྡུང་བས་ཡང་དག་པར་སྟོན་ཏོ། །གནས་ཐམས་ཅད་ཡང་དག་པར་སྤང་བས་ཡང་དག་པར་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་པ་མི་
གཏོང་བས་ཡང་དག་པར་སྟོན་ཏོ། །ཚིག་དང་སྐད་དང་སྒྲ་དང་ངག་གི་ལས་ཐམས་ཅད་མཉམ་པ་ཉིད་ལ་མི་གནས་པས་ཡང་དག་པར་སྟོན་ཏོ། །རྣམ་པར་མི་རྟོག་པའི་དབྱིངས་ཀྱི་རྗེས་སུ་འགྲོ་བས་ཡང་དག་པར་སྟོན་ཏོ། །དཔེ་ཐམས་ཅད་རྣམ་པར་དགོད་པས་
རྒྱུད་དང་མི་འགལ་བས་བརྟན་པར་བྱ་བས་ཡང་དག་པར་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་གི་ལུས་སུ་སེམས་པ་ལ་ཡང་དག་པར་གཞོལ་བས་ཡང་དག་པར་སྟོན་ཏོ། །དེ་ལྟར་སེམས་ཅན་ལ་ཆོས་ཡང་དག་པར་
སྟོན་པས། རྟག་ཏུ་རྒྱུན་མྱི་འཆད་པར་ཆོས་ཀྱི་ནན་ཏན་གྱི་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་དང་། རང་གི་དོན་རྟིང་ཚུགས་པར་བྱེད་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་མི་གཏོང་བས་རྒྱ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡང་དག་པར་བསྒྲུབ་བོ། །
དེ་ལ་འང་སེམས་ཅན་ཐམས་ཅད་ཚིམ་པར་བྱ་བ་དང་། ཡོ་བྱད་ཀྱིས་ཡོངས་སུ་བསྡུད་པ་དང་། སྦྱོར་བ་མཉམ་པར་ཡོངས་སུ་གཏོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །ཡང་དག་པར་བླངས་པ་མི་གཏོང་བ་དང་། གནས་པ་

མེད་པ་དང་། ང་རྒྱལ་མེད་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །ཉེས་པ་ཐམས་ཅད་ཁྱད་དུ་གསོད་པ་དང་། སེམས་ཅན་ཐམས་ཅད་ཀྱིས་མི་འཁྲུགས་པ་དང་། མཉམ་པ་ཉིད་ལ་གཞོལ་བ་དང་། མཐོན་དམན་
མེད་པ་དང་། ཟད་མྱི་ཤེས་པའི་ས་མཉམ་པར་འཛིན་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །བརྩམ་པ་ཆེན་པོ་བརྩམས་པ་དང་། བརྩམ་པ་ཐམས་ཅད་ལ་ཞུམ་པ་མེད་པ་དང་། སྦྱོར་བ་ཕྱིར་མི་ལྡོག་པ་དང་། ཡིད་ལ་བྱེད་པ་ཕྱིར་མི་
འགྱུར་བ་དང་། མཐུ་མཐའ་ཡས་པ་དང་། སྟོབས་ལ་ཐུབ་པ་མེད་པ་དང་། སྔོན་དུ་འདོར་བ་མི་འཕྲོགས་པ་དང་། དད་པའི་མཐུ་ཆེན་པོ་དང་། བླང་བ་དང་། དོར་བ་མེད་པའི་ཚོགས་ཐམས་ཅད་ཡོངས་སུ་རྒྱས་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་སྒོ་ཉམས་
པ་མེད་པ་ལ་ཡང་དག་པར་འཇུག་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །འདོད་པའི་ཡོན་ཏན་ཐམས་ཅད་ཀྱི་འདུ་འཛི་ཡོངས་སུ་སྦྱོང་བ་དང་མི་འབྲལ་བ་དང་། རིམ་གྱིས་བསམ་གཏན་དང་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་དང་།
གནས་མེད་ཅིང་བླང་བ་མེད་པ་ཤིན་ཏུ་རྟོགས་པ་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་སེལ་བ་དང་། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་མངོན་པར་བསྒྲུབ་པ་དང་། མངོན་པར་ཤེས་པ་ཆེན་པོས་རྣམ་པར་འཕྲུལ་པའི་རྗེས་སུ་འགྲོ་བ་དང་། རིམ་གྱིས་རྣམ་
པར་སྤོང་བའི་ཏིང་ངེ་འཛིན་གྱི་སྒོ་ལ་རབ་ཏུ་འཇུག་པ་དང་། ཏིང་ངེ་འཛིན་གཅིག་ལ་སྒོ་མཐའ་ཡས་པར་རབ་ཏུ་འཇུག་པ་དང་། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཐམས་ཅད་ཤེས་པ་དང་། དེའི་ཡུལ་གྱི་རྗེས་སུ་རབ་ཏུ་ཞུགས་པ་དང་། ཏིང་ངེ་འཛིན་དང་། སྙོམས་
པར་འཇུག་པ་ཐམས་ཅད་ཡེ་ཤེས་ཀྱི་ཕྱག་རྒྱ་མི་འཁྲུགས་པ་ཐམས་ཅད་མཁྱེན་པའི་ས་ལ་ཉེ་བར་གྱུར་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉན་པ་དང་། གཟུང་བ་དང་། བླང་བ་དང་། བཅང་

བ་དང་། དགེ་བའི་བཤེས་གཉེན་ཐམས་ཅད་བསྙེན་བཀུར་བས་ཡོངས་སུ་མི་སྐྱོ་བ་དང་། ཆོས་ཐམས་ཅད་ཀྱིས་མི་ངོམས་པ་དང་། ཇི་ལྟར་ཐོས་པ་ལ་ཚུལ་བཞིན་དུ་རྟོགས་པ་དང་། དེ་ལ་མངོན་སུམ་དུ་མཉམ་པར་གཞོག་པ་དང་། སྒྲོ་འདོགས་པའི་ལྟ་བ་ཐམས་ཅད་
དང་བྲལ་བ་དང་། ཆོས་ཐམས་ཅད་རྣམ་པར་འབྱེད་པ་ལ་མཁས་པ་དང་། མཚན་ཉིད་ཀྱི་ཕྱག་རྒྱ་ཐ་མི་དད་པ་དང་། དེ་བཞིན་གཤེགས་པའི་སྒོ་ནས་ལྷུན་གྱིས་གྲུབ་པར་སྒོམ་ཞིང་བསྒོམ་པ་དང་། སྟོབས་ལ་འཇུག་པ་དང་། ཐམས་ཅད་མཁྱེན་པའི་ཡེ་
ཤེས་ལ་འཇུག་པ་རྒྱུན་མི་ཆད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོ་ཀུན་དང་ལྡན་པས། ཐམས་ཅད་མཁྱེན་པའི་སྒོར་འཇུག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །འཇིག་རྟེན་གྱི་བྱ་བའི་རྒྱུད་ཐམས་ཅད་སྟོན་པ་དང་། སེམས་
ཅན་ཡོངས་སུ་སྨྱིན་པས་ཡོངས་སུ་མི་སྐྱོ་བ་དང་། བསམ་པ་བཞིན་དུ་བྱ་བ་སྟོན་པ་དང་། བྱ་བ་ཐམས་ཅད་ལ་མངོན་པར་ཆགས་པ་མེད་པ་དང་། བྱིས་པའི་སྤྱོད་པ་དང་། འཕགས་པའི་སྤྱོད་པ་བསམ་པ་ཇི་ལྟ་བ་བཞིན་དུ་སྟོན་པ་དང་། འཁོར་
བ་དང་མྱ་ངན་ལས་འདས་པ་ཉེ་བར་སྟོན་པ་དང་། སྦྱོར་བ་ཐམས་ཅད་ཤིན་ཏུ་བརྟགས་པས་རྒྱུ་བ་དང་། རྒྱན་ཐམས་ཅད་བསྟན་པ་གནས་མེད་པ་དང་། འགྲོ་བ་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་རྗེས་སུ་འབྲང་བ་དང་། སེམས་ཅན་ཐམས་ཅད་སྒྲོལ་
བའི་སྤྱོད་པས་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་ངོ་། །སེམས་ཅན་གྱི་ཁམས་མཐར་ཐུག་པར་ཡོངས་སུ་སྨྱིན་པར་བྱ་བ་དང་། འཇིག་རྟེན་གྱི་ཁམས་མཐར་ཐུག་པར་ཡོངས་སུ་སྦྱང་བ་དང་། དེ་བཞིན་གཤེགས་པ་མཐར་ཐུག་པར་
མཆོད་པ་དང་། ཆོས་ཆགས་པ་མེད་པའི་མཐར་ཐུག་པར་རྣམ་པར་འཚང་རྒྱ་བ་དང་། ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པར་སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བྱ་བ་དང་། བསྐལ་པ་ཕྱི་མའི་མཐར་ཐུག་པར་རབ་ཏུ་གནས་པ་དང་། སེམས་བསྐྱེད་པའི་

མཐར་ཐུག་པར་སྟོབས་ལ་འཇུག་པ་དང་། འགྲོ་བ་དང་ལྡོག་པ་མཐར་ཐུག་པར་མངོན་པར་འཚང་རྒྱ་བ་དང་། ཞིང་གི་གནས་ཀྱི་མཐར་ཐུག་པར་ཐམས་ཅད་མཐོང་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་མཐར་ཐུག་པ་རབ་ཏུ་ཐོབ་
པར་བྱ་བས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །བསམ་པའི་སྟོབས་ཀུན་ནས་ཉོན་མོངས་པ་མེད་པ་དང་། ལྷག་པའི་བསམ་པའི་སྟོབས་དབང་དུ་གྱུར་ཅིང་ཐུབ་པ་མེད་པ་དང་། སྙིང་རྗེ་ཆེན་པོའི་སྟོབས་སྐྱོ་བ་མེད་པ་དང་། བྱམས་པ་ཆེན་པོའི་
སྟོབས་སྙོམས་པའི་སྦྱོར་བ་ཅན་དང་། གཟུངས་ཀྱི་སྟོབས་དོན་ཐམས་ཅད་ཀྱི་སྦྱོར་བ་ལ་བསྒྲིབས་པ་མེད་པ་དང་། སྤོབས་པའི་སྟོབས་འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ་དང་། ཕ་རོལ་ཏུ་ཕྱིན་པའི་སྟོབས་ཐེག་པ་ཐམས་ཅད་ཀྱི་རྒྱན་བྱེད་པ་དང་། སྨོན་ལམ་གྱི་
སྟོབས་གཅད་དུ་མི་རུང་བ་དང་། མངོན་པར་ཤེས་པའི་སྟོབས་ཚད་མེད་པ་མངོན་པར་བསྒྲུབ་པ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ལ་མོས་པ་དམ་པའི་སྟོབས་རབ་ཏུ་འཛིན་པས། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །འདོད་ཆགས་
ཀྱི་སྤྱོད་པ་ཁོང་དུ་ཆུད་པ་དང་། ཞེ་སྡང་གི་སྤྱོད་པ་རྗེས་སུ་རྟོགས་པ་དང་། གཏི་མུག་གི་སྤྱོད་པ་རབ་ཏུ་རྟོགས་པ་དང་། ཆ་མཉམ་པའི་སྤྱོད་པ་རྗེས་སུ་ཤེས་པ་དང་། སློབ་པའི་སེམས་ཅན་གྱི་སྤྱོད་པ་རབ་ཏུ་རྟོགས་པ་དང་། སྐད་ཅིག་གཅིག་གིས་སེམས་ཅན་
མཐའ་ཡས་པའི་སྤྱོད་པ་རྣམ་པར་རྟོགས་པ་དང་། སེམས་དང་བསམ་པ་མཐའ་ཡས་པ་ཐམས་ཅད་ཤེས་པར་བྱེད་པ་དང་། ཆོས་ཐམས་ཅད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་དང་། དེ་བཞིན་གཤེགས་པའི་སྟོབས་ཀྱི་རྗེས་སུ་འཇུག་པ་དང་། ཆོས་
ཀྱི་དབྱིངས་ཀྱི་སྒོ་ཐམས་ཅད་དང་ལྡན་པ་ཁོང་དུ་ཆུད་པས། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །དེ་དག་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་སྦྱོང་ཞིང་ཕ་རོལ་ཏུ་ཕྱིན་པ་དེ་དག་ཡོངས་སུ་རྫོགས་པར་བྱེད་པ་དང་། ཕ་རོལ་གྱི་ཕྱོགས་

མི་གཏོང་བར་བྱང་ཆུབ་སེམས་དཔའི་ཐེག་པ་རྒྱ་ཆེན་པོའི་རྒྱན་དང་ལྡན་པ་ལ་གནས་ཤིང་། སེམས་ཅན་གྱི་ཁམས་ཇི་ལྟར་དམ་བཅས་པ་བཞིན་དུ་ཡང་དག་པར་སྒྲོལ་ལོ། །དེ་དག་དགེ་བའི་ལས་ཤིན་ཏུ་བསྩགས་པ་སྟོན་པས། ངན་སོང་དུ་འགྲོ་བའི་སེམས་ཅན་
སྒྲོལ་ལོ། །བརྩམ་པ་ཆེན་པོ་ལ་གཟུད་པས་སེམས་ཅན་གྱི་ཁམས་མི་ཁོམ་པར་འགྲོ་བ་སྒྲོལ་ལོ། །ལྷག་མཐོང་ཉེ་བར་བསྟབས་པས་གཟུགས་ཀྱི་ཁམས་ན་འཁོད་པའི་སེམས་ཅན་གྱི་ཁམས་སྒྲོལ་ལོ། །ཕྲ་བའི་ཡེ་ཤེས་ཉེ་བར་བསྟབས་པས་གཟུགས་མེད་པའི་ཁམས་སུ་
སྐྱེས་པའི་སེམས་ཅན་རྣམས་སྒྲོལ་ལོ། །ཞི་བའི་ཚུལ་ཉེ་བར་བསྟབས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་མོས་པའི་སེམས་ཅན་གྱི་ཁམས་སྒྲོལ་ལོ། །སྟོབས་བཅུའི་རྒྱན་ཆེན་པོ་དང་ལྡན་པ་བསྟབས་པས། ཐེག་པ་ཆེན་པོ་ལ་མོས་པའི་སེམས་ཅན་གྱི་
ཁམས་སྒྲོལ་ལོ། །དེ་ལྟར་ན་སྔོན་ལས་དང་པོ་པའི་ས་ལ་གནས་པའི་ཚེ། སེམས་ཅན་གཡང་ས་ཆེན་པོ་ནས་ལྷུང་བ་རྣམ་པ་ཐ་དད་པར་གྱུར་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། སྒོ་སྣ་ཚོགས་ནས་གཟུང་བར་བྱའོ། །ཞེས་སེང་གེའི་སྒྲ་བསྒྲགས་པ་དེ་བཞིན་དུ་ཡེ་ཤེས་ཐོབ་
པ་རྣམ་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་ལ་ཞུགས་པ་ནི་རྟག་ཏུ་རྒྱུན་མི་གཅོད་པར་སངས་རྒྱས་ཀྱི་རིགས་དང་ཆོས་ཀྱི་རིགས་དང་དགེ་འདུན་གྱི་རིགས་མི་གཅོད་པའི་ཕྱིར་ཞུགས་པ་ཡིན་ཏེ།
དེ་དག་བྱང་ཆུབ་ཀྱི་སེམས་གཞན་གྱི་སེམས་ཀྱི་རྒྱུད་ལ་གཞོལ་བས་སངས་རྒྱས་ཀྱི་རིགས་མི་གཅོད་པ་ཡིན། ཆོས་ཀྱི་མཛོད་རྣམ་པར་འགྲེལ་པས་ཆོས་ཀྱི་རིགས་མི་གཅོད་པ་ཡིན། བསྟན་པའི་ཚུལ་དང་འགལ་བར་མི་བྱེད་པས། དགེ་འདུན་གྱི་རིགས་མི་གཅོད་པ་
ཡིན། སྨོན་ལམ་ཆེན་པོ་ཡང་དག་པར་བརྗོད་པས་སངས་རྒྱས་ཀྱི་རིགས་མི་གཅོད་པ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་ཡང་དག་པར་སྟོན་པས་ཆོས་ཀྱི་རིགས་མི་གཅོད་པ་ཡིན། སྙིང་པོ་ཐོབ་པར་བྱེད་པའི་ཆོས་ལ་བརྩོན་པས་དགེ་འདུན་གྱི་རིགས་

མི་གཅོད་པ་ཡིན། དེ་བཞིན་གཤེགས་པའི་ས་བོན་སེམས་ཅན་གྱི་ཞིང་ལ་འདེབས་པས། སངས་རྒྱས་ཀྱི་རིགས་མི་གཅོད་པ་ཡིན། དམ་པའི་ཆོས་ཡོངས་སུ་འཛིན་པས་ཆོས་ཀྱི་རིགས་མི་གཅོད་པ་ཡིན། ཚོགས་ཆེན་པོ་ཡོངས་སུ་སྡུད་པ་ལ་མི་
སྐྱོ་བས་དགེ་འདུན་གྱི་རིགས་མི་གཅོད་པ་ཡིན། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཛད་པ་དྲན་པའི་ཕྱིར། རྟག་ཏུ་དེ་བཞིན་གཤེགས་པའི་གདམས་ངག་དང་། རྗེས་སུ་བསྟན་པ་མི་གཏོང་བས། སངས་རྒྱས་དང་
ཆོས་དང་དགེ་འདུན་གྱི་རིགས་མི་གཅོད་པ་ཡིན། དེ་དག་དེ་ལྟར་སྐྱབས་གསུམ་གྱི་རིགས་མི་གཅོད་པའི་ཕྱིར་ཞུགས་པས་རྩོམ་པ་ཐམས་ཅད་ཁ་ན་མ་ཐོ་བ་མེད་པ་ཡིན་ཏེ། བརྩམས་པ་གང་ཅི་རྩོམ་ཡང་རུང་། དེ་དག་ཐམས་ཅད་དུ་ཐོགས་པ་མེད་པར་ཐམས་ཅད་མཁྱེན་
པའི་སྒོར་འབྱུང་བ་ཐོབ་པར་བྱེད་དོ། །དེ་དག་དེ་ལྟར་ལུས་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་དང་། ངག་གི་ལས་ཁ་ན་མ་ཐོ་བ་མེད་པ་དང་། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་ལ་གནས་པས་དགེ་བའི་རྩ་བ་བརྩམ་པ་དོན་ཡོད་པར་རྩོམ་པ་ཡིན་ཏེ། སེམས་ཅན་གྱི་དོན་སྦྱོར་བ་
དོན་ཡོད་པར་རྩོམ་མོ། །སེམས་ཅན་དོན་ཡོད་པར་འདུལ་བར་བྱེད་དོ། །ཆོས་དོན་ཡོད་པར་སྟོན་ཏོ། །དེའི་ཆོས་སྟོན་པ་ཐམས་ཅད་ཀྱང་སེམས་ཅན་གྱི་བསམ་པ་ཚིམ་པར་བྱ་བ་ལ་ཐོགས་པ་མེད་པས་ཁོང་དུ་ཆུད་པར་འགྱུར་རོ། །དེའི་སེམས་བསྐྱེད་པ་གཅིག་
ཙམ་ཡང་ལོག་པར་མི་འགྱུར་ཏེ། སེམས་བསྐྱེད་པ་གཞན་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོའོ། །དེ་དེ་ལྟར་ཆོས་དཀར་པོ་བསྩགས་པ་དོན་ཡོད་པ་དེ་ལྟ་བུ་ལ་གནས་པས་རྒྱན་རྣམ་པར་ཕྱེ་བ་བཅུས་
སེམས་བསྐྱེད་པ་ཐམས་ཅད་ཡོངས་སུ་བསྔོ་སྟེ། བཅུ་གང་ཞེ་ན་འདི་ལྟར་ལུས་ཀྱི་རྒྱན་སེམས་ཅན་འདུལ་བ་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྟོན་པ་དང་། ངག་གི་རྒྱན་ཐེ་ཙོམ་ཐམས་ཅད་གཅོད་པ་དང་། སེམས་ཀྱི་རྒྱན་སྐད་ཅིག་གཅིག་གིས་ཏིང་ངེ་འཛིན་རྗེས་སུ་

རྟོགས་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་ཀུན་ནས་ཉོན་མོངས་པ་མེད་པ་དང་། འོད་ཀྱི་རྒྱན་འོད་ཟེར་གྱི་དྲ་བ་མཐའ་དང་དབུས་མེད་པ་བཀྱེ་བས་འགྲོ་བ་ཐམས་ཅད་སྣང་བར་བྱེད་པ་དང་། འཁོར་གྱི་དཀྱིལ་འཁོར་གྱི་རྒྱན་སེམས་ཅན་གྱི་རྣམ་པ་ཚད་མེད་པའི་
ཚོགས་ཡོངས་སུ་མགུ་བར་བྱེད་པ་དང་། རྫུ་འཕྲུལ་རྣམ་པར་འཕྲུལ་པའི་རྒྱན་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པ་དང་། བསྟན་པའི་རྒྱན་མཁས་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བ་དང་། མྱ་ངན་ལས་
འདས་པའི་རྒྱན་མངོན་པར་སངས་རྒྱས་པ་གཅིག་གིས་ཕྱོགས་བཅུ་མ་ལུས་པར་རྒྱས་པར་འགེངས་པ་དང་། ཆོས་བྱིན་གྱིས་བརླབས་པའི་རྒྱན་ཡུལ་དང་། དུས་དང་སྣོད་ཇི་ལྟ་བ་བཞིན་དུ་སྟོན་པ་དག་སྟེ། དེ་དག་རྒྱན་དེ་ལྟ་བུས་སེམས་བསྐྱེད་པ་
ཐམས་ཅད་དུ་མངོན་པར་བསྒྲུབ་པས་ལུས་དང་ངག་དང་ཡིད་ཀྱི་ལས་དོན་ཡོད་པ་དང་། ཡེ་ཤེས་ཆེན་པོ་དོན་ཡོད་པ་རབ་ཏུ་འཐོབ་སྟེ། དེ་དག་མཐོང་བས་ཀྱང་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨྱིན་པར་འགྱུར་བའི་ཕྱིར་
སེམས་ཅན་རྣམས་ལ་དོན་ཡོད་པ་ཡིན་ཏེ། ཐོས་པ་དང་བསྙེན་བཀུར་བ་དང་། འགྲོགས་པ་དང་། རྗེས་སུ་དྲན་པ་དང་། རྗེས་སུ་རབ་ཏུ་བྱུང་བ་དང་། ཆོས་སྟོན་པ་དང་། དགེ་བའི་རྩ་བ་ལ་རྗེས་སུ་ཡིད་རང་བ་དང་། དད་ཅིང་མོས་པ་དང་། ཆུང་ངུ་ན་
མིང་བརྗོད་པ་ཙམ་ཡང་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨྱིན་པའི་ཕྱིར་སེམས་ཅན་རྣམས་ལ་དོན་དུ་འགྱུར་བ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན་རྩིའི་མིང་མཐོང་ན་བདེ་བ་ཞེས་བྱ་བ་དེ་མཐོང་མ་ཐག་ཏུ་སེམས་ཅན་
རྣམས་ཀྱི་ལུས་ལ་ཞེན་པའམ་ལྟོར་ཟོས་པའི་དུག་རབ་ཏུ་ཞི་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་ཆོས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཡང་མཐོང་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་དུག་ཐམས་ཅད་བྱང་བར་འགྱུར་ཏེ། ཆོས་དཀར་

པོའི་སྟོབས་ཀྱི་ཤུགས་ཀྱང་སྐྱེ་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཉིད་དེ་ལྟ་བུ་དང་ལྡན་ཞིང་ཆོས་དེ་དག་ལ་གནས་ཏེ། ཤེས་རབ་ཀྱི་འོད་ཆེན་པོས་མ་རིག་པའི་མུན་པ་བསལ་ནས།
བདུད་ཀྱི་དཀྲུགས་མའི་འཁོར་ཐམས་ཅད་བྱམས་པ་དང་། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ཕམ་པར་བྱས་ཏེ། ཡེ་ཤེས་དང་བསོད་ནམས་ཀྱི་སྟོབས་ཀྱི་ཤུགས་ཀྱིས་ཕས་ཀྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་མནན་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་འཇུག་པས། སེམས་
ཀྱི་དྲི་མ་ཐམས་ཅད་དང་། ཉོན་མོངས་པའི་ཕྱོགས་ཐམས་ཅད་བསལ་ནས། སྐྱོ་བ་མེད་པའི་སྟོབས་དང་ཤུགས་ཀྱིས་དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་བསྒྲུབས་ཏེ། སྔོན་ཅད་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྤྱོད་པའི་སྟོབས་དང་
ཤུགས་ཀྱིས་མི་ཁོམ་པ་དང་། ངན་སོང་དང་ངན་འགྲོའི་ལམ་ཐམས་ཅད་རྣམ་པར་བཟློག་ནས། མངོན་པར་ཞེན་པ་མེད་པའི་སྟོབས་དང་ཤུགས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡོངས་སུ་སྦྱངས་ཏེ། རིམ་གྱིས་ཐབས་དང་ཤེས་རབ་ཀྱི་སྟོབས་དང་། ཤུགས་
ཀྱིས་བྱང་ཆུབ་སེམས་དཔའི་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། རིག་པ་དང་མི་འཇིགས་པ་ཡོངས་སུ་དག་པ་མངོན་པར་བསྒྲུབས་ནས། ཆོས་དཀར་པོ་ཐམས་ཅད་ཀྱི་སྟོབས་དང་ཤུགས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་
མཚན་དང་དཔེ་བྱད་བཟང་པོ་དང་། སྐུ་དང་གསུང་དང་ཐུགས་ཀྱི་རྒྱན་ཡོངས་སུ་དག་པ་མངོན་པར་བསྒྲུབ་པ་རབ་ཏུ་རྒྱས་པར་བྱས་ཏེ། ཡེ་ཤེས་ཀྱིས་ཤེས་པར་བྱ་བའི་དབང་དང་། བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པའི་སྟོབས་དང་། སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་ཐམས་ཅད་མཉམ་པ་ཉིད་ཁོང་དུ་ཆུད་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་འཐོབ་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ཡང་སྨོན་ལམ་གྱི་ཁྱད་པར་ཇི་ལྟ་བ་བཞིན་དུ་འཐོབ་པར་འགྱུར་རོ། །སྔོན་གྱི་བྱིན་

གྱི་རླབས་དང་། ཡེ་ཤེས་ཀྱི་བྱིན་གྱི་རླབས་ཀྱིས་མངོན་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ། སངས་རྒྱས་ཀྱི་ཞིང་བསྟན་ཏེ། འདུལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་ཅིང་། མཐའ་ཡས་
པའི་སེམས་ཅན་རྣམ་པར་འདུལ་ལོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའི་ཆོས་དེ་ལྟ་བུ་དང་ལྡན་པ་དག་ནི་ཚུལ་དེ་ལྟ་བུས་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་ཀྱི་བར་དུ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐོབ་ནས་ཀྱང་། འཇིག་རྟེན་གྱི་
ཁམས་མཐའ་ཡས་པ་དག་ཏུ་དམ་པའི་ཆོས་ཡོངས་སུ་འཛིན་ཅིང་། ཆོས་སྨྲ་བ་ཆེན་པོ་ཡང་བྱེད་དོ། །དེ་ལྟར་ཆོས་སྨྲ་བ་བྱེད་པའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་དེ་དག་ཆོས་ཀྱི་མཛོད་ཆེན་པོ་
གཟུང་ཞིང་བསྲུང་བའི་ཕྱིར། ཐ་དད་པ་ཡང་དག་པར་ཤེས་པའི་ཆོས་ཀྱི་ཚུལ་རབ་ཏུ་དབྱེ་བའི་རྗེས་སུ་སོང་བའི་བྱང་ཆུབ་སེམས་དཔའི་ཚིག་གིས་འཁོར་གྱི་དཀྱིལ་འཁོར་མཐའ་ཡས་པར་བདག་གི་ལུས་ཀྱི་རྒྱན་བྱིན་གྱིས་བརླབས་ཏེ་བསྟན་པ་མངོན་པར་བསྒྲུབས་པས་
རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་དང་། ཐ་དད་པ་ཡང་དག་པར་ཤེས་པའི་མཁས་པ་མཐའ་ཡས་པ་དང་། ཡེ་ཤེས་མི་ཟད་པའི་སྒོར་འཇུག་པ་དང་། དབྱངས་ཀྱི་དཀྱིལ་འཁོར་ཤིན་ཏུ་རྣམ་པར་ཕྱེ་བའི་བྱིན་གྱི་རླབས་དང་། དབྱངས་གཅིག་བསྒྲགས་པས་
འཁོར་གྱི་དཀྱིལ་འཁོར་ཐམས་ཅད་མགུ་བར་བྱེད་པའི་དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་བསམ་པ་དང་། བག་ལ་ཉལ་བ་དང་། ཤེས་པའི་ས་ཇི་ལྟ་བ་བཞིན་དུ་རྗེས་སུ་འབྲང་བ་དང་། ལུས་ཀྱི་བྱིན་གྱི་རླབས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་ནང་དུ་ཕྱིན་
ཀྱང་ཟིལ་གྱིས་མི་ནོན་པ་དང་། ལུས་ཀྱི་རྒྱན་སྒོ་ཐམས་ཅད་དུ་རྣམ་པར་བསྟན་པ་དང་། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་སེམས་དང་། བསམ་པ་ཁོང་དུ་ཆུད་པས་རབ་ཏུ་རྟོགས་པ་དང་། ཚིག་གྲོལ་བའི་བྱིན་གྱི་རླབས་ཀྱིས་བསྟན་པ་དང་ཆོས་འཆད་

པའི་བྱིན་གྱི་རླབས་ལ། མཁས་པས་ཆོས་ཀྱི་གཏམ་ཆེན་པོ་བྱེད་དེ། སྟོབས་དང་ཤུགས་ཀྱི་དབང་ཐུབ་པ་མེད་པ་དང་། འཇིགས་པ་མེད་པའི་དབང་ཞུམ་པ་མེད་པ་དང་། ཆོས་ཀྱི་དབང་ཟིལ་གྱིས་མི་ནོན་པ་དང་། ཡེ་ཤེས་ཀྱི་དབང་
གཞན་གྱིས་མི་ཐུབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་ཆོས་ཀྱི་མཚན་ཉིད་འཁྲུགས་པ་མེད་པ་དང་། ཐ་དད་པ་ཡང་དག་པར་ཤེས་པའི་དབང་མཚམས་སྦྱོར་བ་རྒྱུན་ཆད་པ་མེད་པར་བསམ་པ་ཤིན་ཏུ་རྟོགས་པ་དང་། གཟུངས་ཀྱི་དབང་ཆོས་ཐམས་ཅད་རྣམ་པར་
གདོན་མྱི་ཟ་བ་ལ་འཇུག་པ་དང་། སྨོན་ལམ་གྱི་དབང་དཔེ་སྣ་ཚོགས་ཀྱིས་བསྟན་པའི་ཚུལ་ཉེ་བར་བསྒྲུབ་པ་ཤིན་ཏུ་བསྟན་པ་དང་། སྙིང་རྗེ་ཆེན་པོའི་དབང་ཕྱིར་མི་ལྡོག་ཅིང་རྒྱུན་མ་ཆད་པ་དང་། བྱམས་པ་ཆེན་པོའི་དབང་སྔོན་ཤིན་ཏུ་བསྐྱེད་པས་བསམ་པ་ཐམས་ཅད་ཚིམ་
པར་བྱེད་ཅིང་། འོད་ཟེར་གྱི་དྲ་བ་ཆེན་པོ་གཏོང་བས་ཆོས་ཀྱི་གཏམ་ཆེན་པོ་བྱེད་དོ། །དེ་དག་ནི་དེ་བཞིན་གཤེགས་པ་སེང་གེའི་གདན་ལ་བཞུགས་ཤིང་ཆོས་ཀྱི་གཏམ་གསུང་བ་དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་དང་སྨོན་ལམ་གྱི་ཁྱད་པར་དང་ལྡན་པ་མ་གཏོགས་
པར་སེམས་ཅན་གྱི་རིས་ན། བྱང་ཆུབ་སེམས་དཔའ་དེ་ལ་ཕྱིར་བརྒལ་བའམ། སྤྱི་གཙུག་བལྟ་བའམ། ཟིལ་གྱིས་གནན་པའམ། དྲི་བའི་ཚོགས་ཡོངས་སུ་དྲི་བས་ཐུབ་པར་བྱ་བར་ནུས་པའི་སེམས་ཅན་གང་ཡང་མེད་དེ། དེ་ནི་གནས་མེད་དོ། །ཀྱེ་རྒྱལ་བའི་
སྲས་གལ་ཏེ་བྱང་ཆུབ་སེམས་དཔའ་དབང་དེ་ལྟ་བུ་ཐོབ་པ་ལ་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་ཙམ་དུ་ཡངས་པའི་འཁོར་གྱི་དཀྱིལ་འཁོར་གཅིག་ཡོད་ལ་འཁོར་གྱི་དཀྱིལ་འཁོར་དེ་ཡང་སེམས་ཅན་སྟོང་གསུམ་གྱི་བདག་པོའི་གཟི་བརྗིད་ཐོབ་པ་ཤ་སྟག་གིས་གང་བ་ཞིག་ཡིན་
ན་ཡང་། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དུ་འོངས་མ་ཐག་ཏུ་ལུས་བསྟན་པའི་དབང་གིས་ཟིལ་གྱིས་མནན་ཏེ། བྱམས་པ་ཆེན་པོའི་དབང་གིས་ལུས་ཀྱི་གཞི་ཚིམ་པར་བྱས་ནས་ཡེ་ཤེས་ཆེན་པོའི་དབང་གིས་སེམས་དང་བསམ་པ་རྣམ་

པར་ཤེས་པར་བྱས་ཏེ། མི་འཇིགས་པའི་བསམ་པ་ཆེན་པོས་ཆོས་སྟོན་པར་བྱེད་ཅིང་། སྤོབས་པ་ཆེན་པོའི་དབང་གིས་སེམས་ཅན་ཚིམ་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཚད་མེད་
པ་དང་ལྡན། ཆོས་རྣམ་པར་འབྱེད་པ་ཤིན་ཏུ་རྣམ་པར་ཕྱེ་བ་ལ་མཁས་པ་དང་ལྡན། དྲན་པའི་སྟོབས་དང་ཤུགས་མ་ཉམས་ཤིང་རྒྱ་ཆེ་བ་དང་ལྡན། ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་གདོན་མི་ཟ་བར་བཟུང་ཞིང་བླངས་པས་རྟོགས་པར་མཁས་པ་དང་ལྡན།
བྱང་ཆུབ་སེམས་དཔའི་མཁས་པ་མཐའ་དང་དབུས་མེད་པ་དང་ལྡན། ཆོས་ཀྱི་མཚན་ཉིད་བསྒྲིབས་པ་མེད་པའི་ཆོས་སྟོན་པ་ལ་མཁས་པ་དང་ལྡན། མོས་པ་ལ་མཁས་པ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བླངས་པ་དང་ལྡན། དུས་གསུམ་གྱི་
དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་ཡང་དག་པར་གཞོལ་བའི་ཡེ་ཤེས་ཀྱི་བྱིན་གྱི་བརླབ་ལ་མཁས་པ་དང་ལྡན། སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་དང་། རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པའི་
བསམ་པ་བཟང་པོ་རྣམ་པར་དག་པ་ལ་མཁས་པ་དང་ལྡན་པས། ཆོས་སྨྲ་བ་ཆེན་པོ་བྱེད་ཅིང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་མཛོད་ཀྱང་རྣམ་པར་འབྱེད་དོ། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་
ཀྱི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་སྨོན་ལམ་དང་། ཡེ་ཤེས་འབྱམ་ཀླས་པས་དམ་པའི་ཆོས་ཀྱང་ཡོངས་སུ་འཛིན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་རིམ་གྱིས་ཡང་
དག་པར་འབྱུང་བའི་ཆོས་ཀྱི་སྒོའི་ལེའུ་ཡང་དག་པར་བསྟན་པའི་ཕྱིར། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བསོད་ནམས་ཚོགས་བསྩགས་བྱང་ཆུབ་སེམས་ལ་གནས་པ་རྣམས། །རྟག་ཏུ་བག་

ཡོད་བློ་བརྟན་མཐུ་ཆེན་བདོག་པ་དག །དྲན་དང་ལྡན་ཞིང་བྱང་ཆུབ་སེམས་རབ་མི་གཏོང་བས། །ཕྱོགས་རྣམས་བཅུ་པོར་བདེ་གཤེགས་རྣམས་ནི་མཉེས་པར་བྱེད། །བརྩོན་འགྲུས་བརྩམས་པ་དྲན་ལྡན་མོས་པ་བརྟན་པ་ཅན། །
འཇིག་རྟེན་ཀུན་ལ་རྟག་ཏུ་མི་གནས་མི་ལྡོག་པ། །ཟབ་པའི་ཆོས་ཞུགས་མྱ་ངན་མེད་པའི་ཚུལ་མཁས་རྣམས། །ཕྱོགས་རྣམས་བཅུ་པོར་བདེ་གཤེགས་རྣམས་ནི་མཉེས་པར་བྱེད། །བརྩོན་འགྲུས་བརྟན་པས་བདེ་གཤེགས་མཉེས་པར་བྱས་ནས་ཀྱང་། །དུས་
གསུམ་བསོད་ནམས་ཚོགས་དང་ཡེ་ཤེས་ལྡན་པ་རྣམས། །ས་རྣམས་གནོན་བྱེད་སྤྱོད་མཆོག་ཉམས་པ་མེད་པར་བྱེད། །ཐུབ་པའི་སྨོན་ལམ་རྫོགས་བྱེད་སྟོན་པའང་དེ་བཞིན་བྱེད། །ཡེ་ཤེས་གཅིག་ལ་ཞུགས་པ་དེ་དག་ཐོབ་བྱ་བ། །ཐོབ་ནས་འགྲོ་བ་ཀུན་
ལ་སྦྱིན་པ་རབ་ཏུ་གཏོང་། །བསམ་པ་དག་དང་ཁམས་དང་སྦྱོར་བ་ཤེས་བྱས་ནས། །དབང་པོ་ཇི་བཞིན་མཁས་པ་དེ་ལྟར་ཆོས་ཀྱང་སྟོན། །ཕ་རོལ་ཕྱིན་ལ་བརྩོན་པ་མཐུ་ཆེན་ལྡན་པ་རྣམས། །འགྲོ་བ་རྣམས་ལ་ཆོས་སྟོན་བདག་གི་དོན་མི་གཏོང་། །
ཕ་རོལ་ཕྱིན་རྫོགས་གྲོལ་བ་མཐུ་ཆེན་ལྡན་པ་རྣམས། །ཁྱུ་མཆོག་མཐུ་ཡིས་འཁོར་བའི་མཚོ་ལས་སེམས་ཅན་སྒྲོལ། །དེ་ལྟར་ཉིན་མཚན་སྐྱོ་བ་མེད་པར་བརྩོན་བྱེད་ཅིང་། །དྲང་སྲོང་རྒྱལ་བ་ཆོས་རིགས་མི་གཅོད་ཞུགས་པ་ཡིས། །དཀར་པོའི་སྤྱོད་པ་
གང་ཡང་རུང་སྟེ་སྤངས་པ་རྣམས། །ཐམས་ཅད་དོན་ཡོད་རྒྱལ་བ་རྣམས་ཀྱི་སར་འགྲོའོ། །དེ་དག་ཇི་སྤྱོད་ཐམས་ཅད་འགྲོ་བ་རྣམས་ལ་ཡང་། །རྣམ་སྨིན་དོན་ཡོད་ཉོན་མོངས་དྲི་མ་སྦྱོང་བར་འགྱུར། །འདི་འདྲའི་ཆོས་ལྡན་དེ་དག་མུན་པ་བསལ་བྱས་
ཤིང་། །བདུད་འཁྲུགས་འཁོར་ལོ་ཕམ་བྱས་བྱང་ཆུབ་ཐོབ་པར་བྱེད། །དེ་ལྟར་བརྩོན་ཞིང་ཡེ་ཤེས་ཐོབ་པའི་བདེ་གཤེགས་སྲས། །བདེ་གཤེགས་རྣམས་ཀྱི་ཆོས་རབ་མཛོད་ཀྱང་རབ་ཏུ་སྟོན། །དེ་དག་ཆོས་སྨྲའི་བྱ་བ་ཀུན་ཀྱང་ཤིན་ཏུ་བྱེད། །བདུད་རྩི་མཆོག་

ཞིམ་སྤྲིན་གྱི་ཆར་ཡང་མངོན་པར་འབེབས། །དེ་དག་སྙིང་རྗེ་བྱམས་པས་འགྲོ་བ་ཀུན་བཀང་ཞིང་། །བརྟན་པ་དེ་རྣམས་འཁོར་གྱི་བསམ་པ་ཤེས་བྱས་ནས། །གང་གི་བསམ་པ་བློ་གྲོས་སེམས་རྒྱུད་ཅི་འདྲ་བ། །དེ་བཞིན་རྒྱལ་བའི་ཆོས་ནི་སྟོང་ཕྲག་དུ་མ་སྟོན། །
གླང་པོའི་སྟབས་སྡུག་ཚུལ་བཟང་འགྲོས་སུ་འགྲོ་བ་རྣམས། །སེང་གེའི་རྩལ་ལྟར་རྟག་ཏུ་སུས་ཀྱང་མི་ཐུབ་ཅིང་། །ཡེ་ཤེས་རྒྱ་མཚོ་ལྟ་བུ་རི་རབ་བཞིན་གནས་པ། །སྤྲིན་ལྟར་འགྲོ་བ་ཀུན་གྱི་ཉོན་མོངས་ཞི་བར་བྱེད། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་དེ་སྐད་
ཅེས་སྨྲས་པ་དང་། དེ་ལ་སྟོན་པས་རྗེས་སུ་དགྱེས་པར་མཛད་དོ། །ཆོས་སྣང་བའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་གསུམ་པའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་བཞི་པ། །དེ་ནས་སངས་རྒྱས་ཀྱི་མཐུས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་
ཁམས་ཐམས་ཅད་དང་། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། གཞུང་དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བར་ཐམས་ཅད་ན། གླིང་བཞི་པ་འདི་ལ་སྩོགས་པ་གླིང་བཞི་པ་རེ་རེ་ན། དེ་བཞིན་གཤེགས་པ་མང་པོ་བཞུགས་པར་
སྣང་ངོ་། །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཆོས་སྟོན་ཏོ། །བདག་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཆོས་སྟོན་ཏོ། །བདག་ཀྱང་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་ན་འཁོད་པར་ཤེས་
སོ། །བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མ་བཤིག་མ་བཏང་བར་བྱང་ཆུབ་ཀྱི་ཤིང་དྲུང་ཡང་མ་སྤངས་པར་རི་རབ་ཀྱི་རྩེ་མོ་ནས། མཚེ་མའི་གནས་ཀྱི་ལྷའི་བུ་རབ་མཚེ་མའི་ཁང་པ་ནོར་བུ་སྣ་ཚོགས་གང་ན་བ་དེར་གཤེགས་པར་སྣང་ངོ་། །
ཇི་ལྟར་གླིང་བཞི་པ་འདི་ན་བཅོམ་ལྡན་འདས་རབ་མཚེ་མའི་གནས་སུ་གཤེགས་པར་སྣང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་། རབ་མཚེ་མའི་གནས་སུ་གཤེགས་པར་སྣང་སྟེ། བྱིན་གྱིས་བརླབས་སྔ་མ་རྣམས་ཀྱང་དེ་བཞིན་མ་འཁྲུགས་པར་སྣང་ངོ་། །

དེ་ནས་ལྷའི་རྒྱལ་པོ་རབ་མཚེ་མས། བཅོམ་ལྡན་འདས་རྒྱང་རིང་པོ་ནས་ཁང་པ་ནོར་བུ་སྣ་ཚོགས་ལོགས་སུ་མངོན་པར་གཤེགས་པ་མཐོང་ནས། རིངས་པའི་གཟུགས་སུ་ཁང་པ་ནོར་བུ་སྣ་ཚོགས་ཀྱི་ནང་དུ། དེ་བཞིན་གཤེགས་པའི་
གདན་རྫུ་འཕྲུལ་གྱིས་བསྒྲུབས་པའི་སེང་གེའི་ཁྲི་པད་མོའི་སྙིང་པོ་ཅན། ལྷ་རྫས་ཀྱི་རིན་པོ་ཆེ་ལས་བྱས་པ་པོག་རེ་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་བརྒྱན་པ། གསེར་གྱི་དྲ་བ་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་མངོན་པར་བྲེས་པ། མེ་ཏོག་གི་བླ་རེ་བརྒྱ་སྟོང་
ཕྲག་བཅུས་ཀུན་ཏུ་ཁྱབ་པར་བྱས་པ། ཕྲེང་བའི་བླ་རེ་བརྒྱ་སྟོང་ཕྲག་བཅུས་ཀུན་ཏུ་བརྒྱུས་པ། སྤོས་ཀྱི་བླ་རེ་བརྒྱ་སྟོང་ཕྲག་བཅུས་སྤོས་ཐམས་ཅད་ཀུན་ཏུ་འཐུལ་བར་བདུགས་པ། རིན་པོ་ཆེའི་བླ་རེ་བརྒྱ་སྟོང་ཕྲག་བཅུས་ཀུན་ཏུ་བྲེས་པ། མེ་ཏོག་གི་གདུགས་
བརྒྱ་སྟོང་ཕྲག་བཅུས་ཀུན་ནས་བཟུང་བ། ཕྲེང་བའི་གདུགས་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་བཟུང་བ། རིན་པོ་ཆེའི་གདུགས་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་བཟུང་བ། འོད་ཟེར་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་སྣང་བར་བྱས་པ། རབ་མཚེ་མའི་ལྷའི་རྒྱལ་པོ་
བརྒྱ་སྟོང་ཕྲག་བཅུས་རབ་ཏུ་གདུད་པ། ཚངས་པ་བརྒྱ་སྟོང་ཕྲག་བཅུས་མངོན་པར་ཕྱག་བྱ་བ། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་བཅུས་མངོན་པར་བསྟོད་པ། རོལ་མོ་བརྡུང་བ་བརྒྱ་སྟོང་ཕྲག་བཅུའི་སྒྲ་ཕྱུང་བ། ཆོས་ཀྱི་གླུའི་དབྱངས་བརྒྱ་སྟོང་ཕྲག་བཅུའི་གླུའི་དབྱངས་དང་ལྡན་
པ། མེ་ཏོག་གི་སྤྲིན་གྱི་ཆར་བརྒྱ་སྟོང་ཕྲག་བཅུ་རབ་ཏུ་ཕབ་པ། ཕྲེང་བའི་སྤྲིན་གྱི་ཆར་བརྒྱ་སྟོང་ཕྲག་བཅུ་རབ་ཏུ་ཕབ་པ། རྒྱན་གྱི་སྤྲིན་གྱི་ཆར་བརྒྱ་སྟོང་ཕྲག་བཅུ་རབ་ཏུ་ཕབ་པ། གོས་ཀྱི་སྤྲིན་གྱི་ཆར་བརྒྱ་སྟོང་ཕྲག་བཅུ་རབ་ཏུ་ཕབ་པས་ཀུན་ནས་གཡོགས་པ། ནོར་བུ་རིན་པོ་ཆེའི་སྤྲིན་བརྒྱ་སྟོང་
ཕྲག་བཅུའི་ཆར་རབ་ཏུ་ཕབ་པས་ཀུན་ཏུ་སྣང་བར་བྱས་པ། དགེ་བའི་རྩ་བ་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་བྱུང་བ། སངས་རྒྱས་བརྒྱ་སྟོང་ཕྲག་བཅུས་བྱིན་གྱིས་བརླབས་པ། བསོད་ནམས་བརྒྱ་སྟོང་ཕྲག་བཅུས་བསྩགས་ཤིང་བསྒྲུབས་པ། ལྷག་པའི་

བསམ་པ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་སྦྱངས་པ། སྨོན་ལམ་བརྒྱ་སྟོང་ཕྲག་བཅུས་རྣམ་པར་དག་པར་བྱས་པ། སྤྱོད་པ་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་བསླང་བ། ཆོས་བརྒྱ་སྟོང་ཕྲག་བཅུས་རབ་ཏུ་བརྟན་པ། རྣམ་པར་འཕྲུལ་པ་བརྒྱ་སྟོང་ཕྲག་བཅུ་དང་ལྡན་པ། ཡོན་ཏན་
བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་འཕགས་པ། བརྗོད་པ་བརྒྱ་སྟོང་ཕྲག་བཅུས་ཤིན་ཏུ་བརྗོད་པ་བཤམས་སོ། །ཇི་ལྟར་གླིང་བཞི་པ་འདིར་རབ་མཚེ་མའི་གནས་ཀྱི་ལྷའི་རྒྱལ་པོ་རབ་མཚེ་མའི་ཁང་པ་ནོར་བུ་སྣ་ཚོགས་སུ་དེ་བཞིན་གཤེགས་པའི་གདན་བཏིང་བ། དེ་བཞིན་དུ་འཇིག་
རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པ་དག་གི །རབ་མཚེ་མའི་གནས་སུ་ཡང་། ཁང་པ་ནོར་བུ་སྣ་ཚོགས་སུ་ལྷའི་རྒྱལ་པོ་རབ་མཚེ་མ་རྣམས་ཀྱིས་དེ་བཞིན་གཤེགས་པའི་གདན་རྒྱན་འདི་འདྲ་བ་དང་། བཤམ་པའི་ཚུལ་འདི་འདྲ་བ་དག་ཀྱང་བཏིང་བར་གྱུར་ཏོ། །
དེ་ནས་ལྷའི་རྒྱལ་པོ་རབ་མཚེ་མས་བཅོམ་ལྡན་འདས་ཀྱི་གདན་བཏིང་ནས། ཞེ་ས་དང་རིམ་གྲོར་བཅོམ་ལྡན་འདས་གང་ན་བ་དེར་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཤེགས་སུ་
གསོལ། བདེ་བར་གཤེགས་པ་གཤེགས་སུ་གསོལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བར་གཤེགས་སམ། དེ་ནས་བཅོམ་ལྡན་འདས་ལྷའི་རྒྱལ་པོ་རབ་མཚེམས་སྤྱན་དྲངས་པ་བཞིན་དུ་ཁང་པ་ནོར་བུ་སྣ་ཚོགས་
སུ་གཤེགས་སོ། །ཇི་ལྟར་གླིང་བཞི་པ་འདི་རབ་མཚེ་མའི་གནས་སུ་ལྷའི་རྒྱལ་པོ་རབ་མཚེ་མའི་ཁང་པ་ནོར་བུ་སྣ་ཚོགས་སུ་གཤེགས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་རབ་མཚེ་མའི་གནས་སུ་ཁང་པ་ནོར་བུ་སྣ་ཚོགས་སུ་གཤེགས་པར་སྣང་ངོ་། །
དེ་ནས་ལྷའི་རྒྱལ་པོ་རབ་མཚེ་མའི་ལྷའི་དབང་པོའི་གནས་ཐམས་ཅད་དུ་སྒྲ་བསྒྲགས་ཏེ། ལྷའི་རྒྱལ་པོ་རབ་མཚེམས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་བོ། །དེ་ནས་ལྷའི་རྒྱལ་པོ་རབ་མཚེམས་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་རྣམས་ལ། དགེ་བའི་རྩ་བ་ཇི་ལྟར་བསྐྱེད་པ་དེ་རྗེས་སུ་དྲན་ནས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བཀྲ་ཤིས་དམ་པ་གང་ཞིག་གིས། །སངས་རྒྱས་གྲགས་པའི་
དམ་པར་མཚན་བཏགས་མཚན་གསོལ་པ། །ནོར་བུའི་གཙུག་ཏུ་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །འཇིག་རྟེན་སྒྲོན་མ་བློ་ཞེས་མཚན་བཏགས་པ། །སྦྱངས་པའི་ལམ་དུ་གཤེགས་
པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །བསྒྲིབས་མེད་གཟིགས་པ་འཛུམ་པའི་སྤྱན་དུ་མཚན་བཏགས་པ། །རྒྱན་གཅིག་ལྡན་པར་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་
ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །འཇིག་རྟེན་སྒྲོན་མ་མར་མེ་མཛད་ཅེས་མཚན་བཏགས་པ། །རྣམ་པར་རྒྱལ་བར་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །བདེ་
གཤེགས་ཡང་དག་དོན་གཟིགས་པ་ཞེས་མཚན་བཏགས་པ། །དྲི་མེད་རྩེ་མོར་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །དེ་བཞིན་གཤེགས་པ་རང་འབྱུང་མཆོག་ཅེས་མཚན་བཏགས་པ། །
རིན་ཆེན་སྤོས་སུ་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །འཇིག་རྟེན་སྒྲོན་མ་དབྱིག་གི་ལྷ་ཞེས་མཚན་བཏགས་པ། །དྲི་མྱེད་སྣ་ཚོགས་གཤེགས་པ་ལྟར། །དེས་ནི་འདིར་ཡང་
བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །འགྲོ་བ་མེད་པ་སྨྲ་བའི་སྟག་ཅེས་མཚན་བཏགས་པ། །ཐམས་ཅད་ཚུལ་དུ་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་

ཞིག་གིས། །ཡོན་ཏན་ཀུན་མངའ་དཔལ་གྱིས་རྒྱལ་བར་མཚན་བཏགས་པ། །དགའ་བའི་རྒྱན་དུ་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །བཀྲ་ཤིས་དམ་པ་གང་ཞིག་གིས། །འཇིག་རྟེན་ཕན་བརྩོན་དཀའ་ཐུབ་དྲག་པོ་མཚན་
བཏགས་པ། །ཀུན་ནས་མདོག་དུ་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག །ཇི་ལྟར་ལྷའི་རྒྱལ་པོ་རབ་མཚེམས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། སྔོན་གྱི་རྒྱལ་བ་གཤེགས་པ་བརྗོད་དེ་མངོན་པར་བསྟོད་པ་དེ་བཞིན་
དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྒྱལ་པོ་རབ་མཚེ་མ་རྣམས་ཀྱང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་གཤེགས་པ་བརྗོད་ཅིང་། གླུའི་དབྱངས་ཀྱིས་ཚིགས་སུ་བཅད་དེ་མངོན་པར་བསྟོད་དོ། །
དེ་ནས་བཅོམ་ལྡན་འདས་ཁང་པ་ནོར་བུ་སྣ་ཚོགས་སུ་གཤེགས་ནས་གདན་བཏིང་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །ཇི་ལྟར་བཅོམ་ལྡན་འདས་བཞུགས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་གདན་གཏིང་བ་དེ་དག་ལ་བཞུགས་
པར་སྣང་ངོ་། །བཅོམ་ལྡན་འདས་བཞུགས་མ་ཐག་ཏུ་ཁང་པ་ནོར་བུ་སྣ་ཚོགས་དེ་འདི་ལྟ་སྟེ། དཔེར་ན་རབ་མཚེ་མའི་ལྷའི་རིས་ཐམས་ཅད་ཙམ་དུ་ཆེ་བར་གྱུར་པ་སྣང་སྟེ། འདི་ན་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་དེ་བཞིན་ནོ། །
རབ་མཚེ་མའི་གནས་ན་རྣམ་པར་འཕྲུལ་པའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་བཞི་པ།། །དེ་ནས་སངས་རྒྱས་ཀྱི་མཐུས་ཕྱོགས་བཅུ་ནས། བྱང་ཆུབ་སེམས་དཔའ་མང་པོ་ལྷགས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་རེ་རེ་ཞིང་ཡང་
འཁོར་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་འོངས་ཏེ། བྱང་ཆུབ་སེམས་དཔའ་རེ་རེ་ཞིང་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་

ཞེས་བྱ་བ་དག་སྟེ། འདི་ལྟར་ཡོན་ཏན་དང་ལྡན་པ་དང་། བློ་གྲོས་དང་ལྡན་པ་དང་། དཔལ་དང་ལྡན་པ་དང་། དགའ་བ་དང་ལྡན་པ་དང་། ཁྲེལ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། སྟོབས་དང་ལྡན་པ་དང་། རིག་པ་དང་
ལྡན་པ་དང་། བློ་དང་ལྡན་པ་དང་། ཡེ་ཤེས་དང་ལྡན་པ་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་སྟེ། འདི་ལྟར་གཉེན་དང་ལྡན་པ་དང་། མེ་ཏོག་དང་ལྡན་པ་དང་། ནོར་དང་ལྡན་པ་དང་། དཔལ་དང་ལྡན་
པ་དང་། སྒྲོན་མ་དང་ལྡན་པ་དང་། རྡོ་རྗེ་དང་ལྡན་པ་དང་། བདེ་བ་དང་ལྡན་པ་དང་། ཉི་མ་དང་ལྡན་པ་དང་། དགེ་བ་དང་ལྡན་པ་དང་། ཚངས་པ་དང་ལྡན་པ་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དག་གི་
ཞམ་རིང་ན་ཚངས་པར་སྤྱོད་པ་དག་སྟེ། འདི་ལྟར་ཉམས་པ་མེད་པའི་སྤྱན་དང་། གཞན་མ་ཡིན་པའི་སྤྱན་དང་། མི་གཡོ་བའི་སྤྱན་དང་། མི་སྐྱོད་པའི་སྤྱན་དང་། ཆུའི་སྤྱན་དང་། བཅིངས་པ་མེད་པའི་སྤྱན་དང་། ཀུན་ཏུ་སྤྱོད་པའི་སྤྱན་དང་། འོད་ཀྱི་སྤྱན་
དང་། དམ་པའི་སྤྱན་དང་། མཐོན་ཐིང་གི་སྤྱན་དག་གོ །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། སངས་རྒྱས་ཀྱི་མཐུས་ཕྱོགས་བཅུ་རྒྱས་པར་བྱས་ཏེ། གང་ནས་འོངས་པའི་ཕྱོགས་སུ་བརྟན་ནས་སེང་གེའི་ཁྲི་རིན་པོ་ཆེའི་
སྙིང་པོ་ཅན་དག་བཤམས་ཏེ་སྐྱིལ་མོ་ཀྲུང་བཅས་ནས་འཁོད་དོ། །ཇི་ལྟར་གླིང་བཞི་པ་འདིར་རབ་མཚེ་མའི་གནས་སུ་བྱང་ཆུབ་སེམས་དཔའ་འོངས་པར་གྱུར་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པ་ཀུན་ཏུ་ཡང་རབ་མཚེ་མའི་གནས་ཀྱི་ཁང་པ་
ནོར་བུ་སྣ་ཚོགས་སུ་ཡང་ལྷགས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའི་མིང་ཡང་དེ་སྐད་ཅེས་བྱ་བ་ཤ་སྟག །དེ་བཞིན་གཤེགས་པའི་མཚན་ཀྱང་དེ་སྐད་ཅེས་བྱ་བའི་ཞམ་རིང་ན། ཚངས་པར་སྤྱོད་པ་ཤ་སྟག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཞབས་

ཀྱི་བོལ་གཉིས་ནས་འོད་ཟེར་བྱེ་བ་བརྒྱ་སྟོང་བཀྱེ་སྟེ། ཕྱོགས་བཅུ་ཐམས་ཅད་སྣང་བར་བྱས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་བསྟན་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གིས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པ་ཀུན་གྱི་རབ་མཚེ་མའི་གནས་
ཐམས་ཅད་ན་ཡང་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཡོད་པ་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པས། སངས་རྒྱས་ཀྱི་མཐུས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་
འོད་ཟེར་འོད་སྣང་བས། །ཕྱོགས་རྣམས་ཐམས་ཅད་རྣམ་པར་སྣང་། །དེས་ནི་རབ་ཏུ་གསལ་བྱས་པས། །མིག་ལ་རབ་རིབ་གང་ཡང་མེད། །མཚེ་མ་རབ་ཀྱི་གནས་འདི་ན། །གང་ཟག་དམ་པ་སངས་རྒྱས་བཞུགས། །དེ་བཞིན་ཀུན་ནའང་གསལ་བར་སྣང་། །
དེ་ནི་འཇིག་རྟེན་ངོ་མཚར་ཏོ། །སེམས་ཅན་གཙོ་བོ་བཅུ་ཡི་རྣམས། །གཤེགས་པར་གྱུར་པ་མངོན་པར་སྟོན། །དེ་དག་འཁོར་ཀྱང་ཅི་འདྲ་བ། །དེ་བཞིན་ཀུན་ན་རབ་ཏུ་སྣང་། །ཕྱོགས་རྣམས་བཅུ་པོ་ཐམས་ཅད་ན། །ཆོས་ཀྱི་དམ་པ་རབ་ཏུ་སྟོན། །དེ་ཀུན་མིང་ཡང་འདི་བཞིན་ཏེ། །བདག་ཅག་
རྣམས་ཀྱི་ཀུན་རྫོབ་བཞིན། །འཇིག་རྟེན་ཁམས་ཀྱི་མིང་དག་ཀྱང་། །དེ་ཞེས་བྱ་བ་ཀུན་ནས་འོངས། །གང་ཟག་དམ་པ་དེ་དག་ནི། །ཚངས་པའི་སྤྱོད་པ་དེ་ན་སྤྱོད། །བདག་ཅག་རྣམས་ལ་གང་བརྟགས་པ། །ཀུན་གྱི་མིང་ཡང་དེ་དང་མཐུན། །སངས་རྒྱས་ཞིང་རྣམས་
ཕུན་ལྡན་པ། །དེ་དག་སངས་རྒྱས་རྣམ་འཕྲུལ་བའོ། །མི་ཡི་འཇིག་རྟེན་ཀུན་ན་ཡང་། །འདི་ན་རྒྱལ་བ་བཞུགས་པར་ཤེས། །གཞན་གྱིས་དེ་ཡི་རྒྱལ་པོ་ཡི། །གནས་ན་དེ་བཞིན་བཞུགས་པ་མཐོང་། །འཇིག་རྟེན་ཁམས་རྣམས་ཐམས་ཅད་ན། །གང་ཟག་
དམ་པ་དེ་བཞུགས་ཀྱང་། །རྒྱལ་བ་མཚེ་མ་རབ་གནས་ན། །བཞུགས་པར་བདག་ཅག་ཀུན་ཀྱང་སེམས། །འཇིག་རྟེན་ཁམས་རྣམས་ཐམས་ཅད་ན། །སངས་རྒྱས་གཟི་བརྗིད་བསམ་མི་ཁྱབ། །དེ་དག་སྨོན་ལམ་བསྐུལ་བའི་ཕྱིར། །འཇིག་རྟེན་ཁམས་སུ་རབ་ཏུ་

བཀྱེ། །སེམས་ཅན་གཙོ་བོའི་རྣམ་འཕྲུལ་པ། །འདི་དག་དེ་རྣམས་ཀུན་གྱིས་མཐོང་། །སངས་རྒྱས་ཡོན་ཏན་མཐའ་ཡས་ཏེ། །འཇིག་རྟེན་ཟང་ཟིང་ཐུབ་པས་སྤངས། །ཕྱོགས་རྣམས་ཐམས་ཅད་ཀུན་ཏུ་རྒྱུ། །ཆགས་
པ་མེད་པ་ནམ་མཁའ་བཞིན། །དེ་ནི་གཅིག་ལས་ཤིན་ཏུ་འདས། །མང་པོ་དག་ཏུའང་མི་དམིགས་སོ། །མཐའ་ཡས་ལེགས་མངའ་སངས་རྒྱས་རྣམས། །དེ་དག་ཤེས་པར་ཇི་ལྟར་རུང་། །གནས་པ་མེད་ཅིང་ལེན་པ་མེད། །ཆོས་དབྱིངས་རྟོགས་པར་
ཐུགས་སུ་ཆུད། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་དང་ལྡན་པས། །སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འཇིག་རྟེན་མགོན་པོ་འཕྲུལ་ཆེན་རྣམས། །རྡུལ་མེད་གང་ཟག་དམ་
པ་དག །འདུས་ཤིང་ཚོགས་པ་བསམ་ཡས་པའི། །བསྐལ་པ་དག་ཏུ་ཤིན་ཏུ་དཀོན། །དེ་དག་ཐམས་ཅད་ཀུན་གཟིགས་པ། །སེམས་ཅན་གཙོ་བོ་འོད་མཛད་དེ། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འཇིག་
རྟེན་མུན་ནག་འདི་དག་ཏུ། །འཇིག་རྟེན་མགོན་པོ་བྱུང་གྱུར་པ། །འཇིག་རྟེན་སྒྲོན་མ་དེ་དག་ནི། །བལྟ་བར་ཤིན་ཏུ་དཀའ་བ་ཡིན། །སྦྱིན་པ་ཚུལ་ཁྲིམས་བཟོད་པའི་དང་། །བརྩོན་འགྲུས་བསམ་གཏན་བསྒོམས་པ་དང་། །ཤེས་རབ་སྔོན་ཆད་སྤྱད་པས་
ན། །འགྲོ་བ་ཐམས་ཅད་སྣང་བ་མཛད། །སངས་རྒྱས་འདྲ་བ་གང་ཡང་མེད། །དེ་ཕྱིར་དེ་ཡི་མཉམ་པ་མེད། །ཆོས་རྣམས་ཡོད་པ་མ་ཡིན་པས། །སྐྱེས་བུ་དམ་པ་མཐོང་བ་མེད། །སངས་རྒྱས་ཤེས་རབ་ཆེན་པོ་རྣམས། །མཚན་གྱི་ཚོགས་ནི་བསམ་
མི་ཁྱབ། །སྐུ་ཡི་ཚོགས་ཀྱིས་ཤིན་ཏུ་འཕགས། །ཆོས་རྣམས་ཀུན་གྱིས་ཡང་དག་བྱུང་། །འཇིག་རྟེན་གྲགས་ཆེན་དམ་པའི་རྣམས། །དཔའ་བོ་ཆེན་པོ་དེ་དག་སྣང་། །དེ་དག་མཚན་ཙམ་ཐོས་པས་ཀྱང་། །ངན་སོང་ཐམས་ཅད་སྤངས་པར་འགྱུར། །

བསྐལ་པ་རྣམས་ནི་བརྗོད་མེད་པར། །བྱང་ཆུབ་དོན་དུ་འཁོར་བྱས་ཀྱང་། །འདི་ཡི་ཚུལ་ནི་མ་ཤེས་ན། །བྱང་ཆུབ་དོན་དུ་ཞུགས་པ་མྱིན། །སངས་རྒྱས་བསམ་གྱིས་མི་ཁྱབ་པ། །བསྐལ་པ་བྱེ་བར་བཀུར་བ་དང་། །གང་གིས་ཚུལ་འདི་བསམ་པ་གཉིས། །
འདི་ནི་དེ་ལས་ཁྱད་དུ་འཕགས། །གང་གིས་བརྗོད་བྱས་ཞིང་གི་རྣམས། །རིན་ཆེན་གང་སྟེ་ཐུབ་གསོལ་ཀྱང་། །འདི་ཡི་ཚུལ་ནི་མ་ཤེས་ན། །སངས་རྒྱས་བྱང་ཆུབ་དེ་ལ་རིང་། །དེ་ནས་བྱང་ཆུབ་སེམས་དཔའ་དཔལ་དང་ལྡན་པས། སངས་རྒྱས་ཀྱི་བྱིན་
གྱི་རླབས་ཀྱིས། ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ནམ་མཁའ་དྲི་མ་མེད་པ་ལ། །ཉི་མའི་འོད་ཟེར་མཐའ་ཡས་པ། །དཔྱིད་ཀྱི་ཟླ་བ་ཐ་མ་ལ། །ཕྱོགས་བཅུ་དག་ཏུ་རབ་ཏུ་སྣང་། །དེ་ཚེ་སྨྱིག་རྒྱུ་ཅི་
འདྲ་བ། །དེ་དག་བགྲང་བར་མི་ནུས་ཏེ། །མིག་ཅན་རྣམས་ཀྱང་དེ་ལ་རྨོངས། །ལོང་བ་རྣམས་ཀྱི་སྤྱོད་ཡུལ་མིན། །དེ་བཞིན་སེམས་ཅན་གཙོ་བོ་ཡིས། །ཡོན་ཏན་མཐའ་དང་དབུས་མེད་པ། །བསྐལ་པ་བསམ་གྱིས་མྱི་ཁྱབ་པར། །སུས་ཀྱང་ཤེས་པར་མི་ནུས་
སོ། །དེ་དག་གང་ནས་བླངས་པ་མེད། །དེ་བཞིན་སུས་ཀྱང་བྱས་པ་མེད། །དེ་ནི་ཅི་ལས་སྐྱེས་པ་མེད། །རྣམ་པར་བསྒོམས་ན་ཡོད་པ་མྱིན། །འོང་བ་མེད་པའི་ཆོས་རྣམས་ལ། །འགྲོ་བ་དེ་བཞིན་མྱི་དམྱིགས་ཏེ། །དེ་ཕྱིར་དེ་དག་རྒྱུ་ཡང་མྱེད། །དེ་བཞིན་འཇིག་པའང་ཡོད་
པ་མྱིན། །འཇིག་པ་མྱེད་པའི་ཆོས་རྣམས་ཀྱི། །རང་བཞིན་གང་གིས་ཤེས་པས་ནི། །གང་ལ་སྐྱེ་བ་མེད་པ་ཡི། །ཡང་དག་སངས་རྒྱས་མཐོང་བ་ཡིན། །སྐྱེས་པ་མེད་པའི་ཆོས་རྣམས་ཀྱི། །རང་བཞིན་དངོས་པོ་མི་དམིགས་ཏེ། །དེ་འདྲའི་དོན་དུ་
ཤེས་པས་ནི། །དམིགས་པ་མེད་པ་ཤེས་པ་ཡིན། །འདི་ལ་ཤེས་བྱེད་གང་ཡང་མེད། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །ཆོས་ཉིད་འདི་ནི་ཤེས་གྱུར་ལ། །ཡོངས་སུ་ཤེས་པ་གང་ཡང་མེད། །སྐྱེ་བ་དག་ནི་བརྗོད་པ་སྟེ། །དེ་ཕྱིར་ཞིང་རྣམས་

རབ་ཏུ་བརྗོད། །ཞིང་གི་རང་བཞིན་ཤེས་གྱུར་པ། །འཁྲུག་པ་མེད་པ་རབ་ཏུ་ཤེས། །གང་ཚེ་འཇིག་རྟེན་ཞིང་ཡིན་པར། །ཚུལ་བཞིན་དུ་ནི་རྟོགས་བྱེད་ན། །དེ་ཚེ་ཐམས་ཅད་དོན་བསྟན་པ། །བྱང་ཆུབ་སེམས་དཔས་རབ་ཏུ་
ཤེས། །དེ་ནས་བྱང་ཆུབ་སེམས་དཔའ་དགའ་བ་དང་ལྡན་པས། སངས་རྒྱས་ཀྱི་མཐུས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གནས་འདི་ཤིན་ཏུ་རྒྱ་ཆེ་སྟེ། །ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཡིན། །རྟག་ཏུ་
ཀུན་ཏུ་སོང་བ་སྟེ། །ཡིད་དུ་འོང་ཞིང་གནས་ཀྱང་མེད། །དེ་ལ་ཡང་དག་བརྟགས་བྱས་ཤིང་། །རིམ་གྲོ་ཡོད་པར་དད་བྱེད་ན། །སྡུག་བསྔལ་ནམ་ཡང་མི་མཐོང་སྟེ། །ངན་སོང་རྣམས་ཀྱང་མི་མཐོང་ངོ་། །ཚད་མེད་དེ་བཞིན་གྲངས་མེད་པའི། །འཇིག་རྟེན་
ཁམས་སུ་སུ་འགྲོ་བས། །གང་རྣམས་འདི་ན་སྣང་བ་ཡིས། །སངས་རྒྱས་བྱིན་རླབས་ཐོས་པར་འགྱུར། །དྲང་སྲོང་ཆེན་པོའི་བྱིན་གྱི་རླབས། །གང་གིས་ཐོས་པར་གྱུར་ནས་ཀྱང་། །འདི་འདྲ་སངས་རྒྱས་ཆོས་སོ་ཞེས། །རྟོག་མེད་བླ་མེད་བྱང་ཆུབ་
བོ། །གང་རྣམས་འདས་པའི་སངས་རྒྱས་ཀྱི། །ཆོས་ཉིད་ལ་ནི་ཡིད་ཆེས་པ། །དེ་ཀུན་འཇིག་རྟེན་སྒྲོན་མ་སྟེ། །རྐང་གཉིས་ལྡན་པའི་དམ་པར་གྱུར། །སངས་རྒྱས་རྣམ་པར་འཕྲུལ་པ་འདི། །ལ་ལ་ཞིག་གིས་ཐོས་གྱུར་ཅིང་། །ཐོས་ནས་དད་པར་
བྱེད་གྱུར་ན། །དེ་དག་མི་ཡི་དམ་པར་འགྱུར། །བརྟན་པ་གང་རྣམས་ད་ལྟར་ཡང་། །སངས་རྒྱས་ཆོས་ལ་དད་བྱེད་པ། །དེ་དག་དོན་གཟིགས་མི་འཇིགས་པའི། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །བསྐལ་པ་བསམ་གྱིས་མི་ཁྱབ་པར། །འདི་འདྲ་
ཐོས་པ་ཤིན་ཏུ་དཀོན། །སྨོན་ལམ་དབང་ནི་མ་གཏོགས་པར། །བློ་གྲོས་འདི་འདྲར་འགྱུར་བ་མྱིན། །སངས་རྒྱས་དམ་ཆོས་འདི་ལས་ཀྱང་། །ལེགས་པར་བཤད་པ་གཟུང་བྱས་ཤིང་། །གཞན་ལ་སྟོན་པ་སུ་བྱེད་པ། །དེ་དག་བསམ་གྱིས་མྱི་ཁྱབ་འགྱུར། །དེ་ལ་

བརྩོན་འགྲུས་བསྐྱེད་བྱས་ཤིང་། །ཡིད་ལ་གོ་ཅ་བགོ་བྱས་ཏེ། །གང་ལས་སངས་རྒྱས་བརྗོད་པ་ཡི། །ཤེས་པ་འདི་འདྲ་མཉན་པར་བྱ། །དེ་ནས་བྱང་ཆུབ་སེམས་དཔའ་ཁྲེལ་དང་ལྡན་པས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ།
དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གང་ཞིག་ཐོས་ནས་འདི་འདྲ་བའི། །དགའ་བ་ཡངས་པ་སྐྱེ་བ་དང་། །ཐེ་ཙོམ་རྣམ་པར་གཅད་པ་ནི། །འཇིག་རྟེན་ན་ནི་ངོ་མཚར་ཆེ། །འདི་ལྟར་ཐམས་ཅད་གཟིགས་པའི་རྣམས། །ཉིད་ཀྱིས་འགྲོ་ལ་བཀའ་སྩལ་ན། །སངས་
རྒྱས་མི་མཁྱེན་གང་ཡང་མེད། །དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །མི་ཤེས་པ་ཡི་རྒྱུ་ལས་ནི། །ཡེ་ཤེས་འཇུག་པར་མི་འགྱུར་ཏེ། །མུན་པའི་མཐུ་དང་སྣང་བ་གཉིས། །ལྷན་ཅིག་འབྱུང་བར་མི་འགྱུར་བསྟན། །ཇི་ལྟར་གཟུགས་དང་གཟུགས་མེད་པ། །
བསྐལ་པ་མཉམ་པ་མེད་པར་བཤད། །དེ་ལྟར་ཤེས་དང་མི་ཤེས་པ། །འགྲོགས་པར་ཤིན་ཏུ་མི་འགྱུར་རོ། །འཁོར་དང་མྱ་ངན་འདས་པ་དག །ཇི་ལྟར་མེད་ལས་བརྟགས་པ་ལྟར། །དེ་བཞིན་ཤེས་དང་མི་ཤེས་པ། །མཚན་ཉིད་བཞིན་དུ་དམིགས་པ་མེད། །
ཇི་ལྟར་འཇིག་རྟེན་འཇིག་པ་དང་། །འདུ་བར་འགྱུར་བ་རིང་བ་སྟེ། །ཕན་ཚུན་འགྲོགས་པར་མི་འགྱུར་བ། །ཤེས་དང་མི་ཤེས་དེ་བཞིན་ནོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཡི། །ཐོག་མའི་སེམས་དང་ཐ་མའི་སེམས། །ལྷན་ཅིག་མྱི་གནས་འབྱུང་བ་ལྟར། །
ཤེས་དང་མི་ཤེས་དེ་བཞིན་ནོ། །ཇི་ལྟར་ལུས་དང་རྣམ་ཤེས་པ། །གཞན་དང་གཞན་ལས་འབྱུང་འགྱུར་བ། །དེ་བཞིན་ཤེས་དང་མི་ཤེས་གཉིས། །འགྲོགས་པར་འགྱུར་བ་ནམ་ཡང་མེད། །ཇི་ལྟར་དུག་ལ་ཕན་པའི་རྩི། །འཕྲལ་དུ་དུག་ནི་དུག་མྱིན་བྱེད། །དེ་ལྟར་
ཤེས་པ་མི་ཤེས་པས། །ཤིན་ཏུ་སོལ་བ་བྱེད་པ་བརྗོད། །སངས་རྒྱས་བླ་ན་གང་ཡང་མེད། དེ་དང་འདྲ་བའང་ཡོད་པ་མིན། །དེ་ལས་གཞན་དུ་འགྱུར་བ་མེད། །དེ་བས་རྒྱལ་བ་ཤིན་ཏུ་དཀོན། །དེ་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་དང་ལྡན་པས།

སངས་རྒྱས་ཀྱི་མཐུས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། །ཆོས་རྣམས་འདི་དག་འགལ་མྱེད་པར། །མཁྱེན་ནས་སངས་རྒྱས་ཐུགས་སུ་ཆུད། །དེས་ནི་མི་མཁྱེན་གང་ཡང་མྱེད། །ཡེ་ཤེས་ཀྱི་ཡང་
ཕ་རོལ་ཕྱིན། །ཇི་ལྟར་གསེར་དང་ས་ལེ་སྦྲམ། །ངོ་བོ་ཉིད་ཀྱིས་འགལ་བ་མེད། །དེ་ལྟར་ཆོས་མིན་དེ་བཞིན་ཆོས། །དེ་དག་ཐམས་ཅད་མཚན་ཉིད་གཅིག །སེམས་ཅན་སེམས་ཅན་མ་ཡིན་པ། །ངོ་བོ་ཉིད་ཀྱིས་རང་བཞིན་མེད། །གདགས་སུ་མེད་ལས་
འབྱུང་བ་ལྟར། །ཆོས་རྣམས་རང་བཞིན་དེ་བཞིན་ནོ། །མ་འོངས་དུས་ནི་ཇི་ལྟ་བུར། །འདས་པས་བརྗོད་པར་བྱ་བ་སྟེ། །དེ་ལ་མཚན་ཉིད་ཡོད་པ་མིན། །དེ་བཞིན་ཆོས་ལ་མཚན་ཉིད་མེད། །འབྲེལ་བར་སྐྱེ་དང་འགོག་པ་དང་། །རང་བཞིན་མེད་དང་རང་བཞིན་དག །
རྣམ་པ་ཐ་དད་གྱུར་པ་ལྟར། །སངས་རྒྱས་རང་བཞིན་དེ་བཞིན་ནོ། །མྱ་ངན་འདས་པ་གཟུང་མྱེད་པ། །གཉིས་ཀྱི་དུས་ན་བརྗོད་པར་བྱས། །དེ་ལ་བྱེ་བྲག་གང་ཡང་མེད། །དེ་བཞིན་གཟུགས་ལ་རྣམ་རྟོག་པའོ། །ཇི་ལྟར་ཅི་ཞིག་བགྲང་བྱས་ཤིང་། །བགྲང་བར་
བྱེད་ཅེས་བརྗོད་པ་ཡང་། །དེ་ལ་ཐ་དད་གང་ཡང་མེད། །དེ་བཞིན་གཟུགས་ཀྱི་རང་བཞིན་ནོ། །ཇི་ལྟར་གཅིག་ནས་གཅིག་གི་བླར། །མང་པོའི་ཚུལ་དུ་བགྲང་བ་ཡིས། །དངོས་པོ་གྲངས་མེད་འགྱུར་བ་ཡང་། །བློ་ཡི་རྣམ་པ་ཐ་དད་བསྟན། །འཇིག་རྟེན་
ཁམས་རྣམས་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་འཇིག་པར་འགྱུར་བ་མེད། །རང་འབྱུང་ཡེ་ཤེས་དེ་བཞིན་ནོ། །ཇི་ལྟར་འཇིག་རྟེན་ཕྱོགས་བཅུ་ཡི། །ནམ་མཁའ་སོ་སོར་བརྟགས་པ་ལྟར། །དེ་བཞིན་སངས་རྒྱས་རྣམས་
མཐོང་སྟེ། །སངས་རྒྱས་རྣམས་ལ་རྟོག་མི་མངའ། །དེ་ནས་བྱང་ཆུབ་སེམས་དཔའ་སྟོབས་དང་ལྡན་པས། སངས་རྒྱས་ཀྱི་མཐུས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། །ཇི་ལྟར་དུས་རྣམས་གསུམ་པོ་ཡིས། །སེམས་ཅན་

ཁམས་རྣམས་བརྗོད་པར་འགྱུར། །སེམས་ཅན་དེ་དག་ཐམས་ཅད་ཀྱང་། །ཕུང་པོ་ལྔ་ལས་ཤིན་ཏུ་བརྗོད། །དེ་རྣམས་ལས་ཀྱི་ཕུང་ཆེན་ཡིན། །ལས་ཀྱི་རྩ་བའང་སེམས་ཡིན་ཏེ། །སེམས་ནི་སྒྱུ་མ་བཞིན་དུ་བཤད། །སྒྱུ་མར་གྱུར་པའི་འགྲོ་འདིའོ། །གང་
ན་འཇིག་རྟེན་འདི་འབྱུང་ཞིང་། །ཡང་ན་ལྡོག་པར་འགྱུར་བ་ཡིན། །འཇིག་རྟེན་འཇིག་རྟེན་མྱི་བྱེད་དེ། །གཞན་གྱི་རྒྱུས་ཀྱང་བྱས་པ་མྱིན། །འཇིག་རྟེན་འདི་ནི་འབྱུང་བ་འབྱུང་། །འཇིག་རྟེན་འདིར་ཡང་ལྡོག་པར་འགྱུར། །འབྱུང་ཞེས་བརྗོད་པར་མི་བྱ་སྟེ། །
དེ་ནི་འཇིག་རྟེན་ཤེས་པ་ཡིན། །གང་ལ་འཇིག་རྟེན་སྣང་བ་ཞེས། །འདུ་ཤེས་རྣམ་པར་བརྟགས་པ་ཡི། །འཇིག་རྟེན་ཞེས་བྱ་གང་ཞིག་ཡིན། །སྣང་བ་ཞེས་བྱ་འང་ཅི་ཞིག་ཡིན། །དུས་གསུམ་དག་ཏུ་རྒྱུ་བ་ཡི། །ཕུང་པོ་འདི་ནི་འཇིག་རྟེན་ཡིན། །དེ་དག་འགོག་
པ་སྣང་བ་ཞེས། །འགྲོ་བ་དག་ཏུ་འདུ་ཤེས་འགྱུར། །ཕུང་པོ་ཞེས་བྱ་འདི་ནི་ཅི། །ཕུང་པོའི་རང་བཞིན་ཇི་ལྟ་བུ། །ཕུང་པོ་རྣམས་ནི་མི་འཇིག་ཕྱིར། །དངོས་པོ་མེད་ཅེས་རབ་ཏུ་བརྗོད། །ཕུང་པོ་འདི་དག་རྣམ་བརྟགས་དོན། །དེ་དག་རང་བཞིན་སྟོང་པ་ཡིན། །མི་
འཇིག་དོན་ནི་སྟོང་པ་སྟེ། །དངོས་པོ་མེད་ཅེས་བྱ་བའོ། །འཇིག་རྟེན་ཅི་བཞིན་སངས་རྒྱས་ཏེ། །སངས་རྒྱས་ཆོས་ཀྱང་དེ་བཞིན་ནོ། །སངས་རྒྱས་ཆོས་དང་སངས་རྒྱས་རྣམས། །ངོ་བོ་ཉིད་ཀྱིས་རང་བཞིན་མེད། །མ་ནོར་ཡང་དག་ཇི་བཞིན་པའི། །ཆོས་ཉིད་འདི་
ནི་རྟོགས་གྱུར་ནས། །ཀུན་གཟིགས་ཐམས་ཅད་མཁྱེན་པ་ཡི། །སངས་རྒྱས་ཀུན་ན་རབ་ཏུ་སྣང་། །དེ་ནས་བྱང་ཆུབ་སེམས་དཔའ་རིག་པ་དང་ལྡན་པས། སངས་རྒྱས་ཀྱི་མཐུས་ཕྱོགས་བཅུར་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། །རང་བཞིན་
དངོས་པོ་མེད་པ་ཡིས། །འཇིག་རྟེན་ཁམས་རྣམས་ཐམས་ཅད་ཀྱི། །ས་ཡི་ཁམས་རྣམས་ཅི་བཞིན་ཏེ། །སངས་རྒྱས་རྣམ་འཕྲུལ་ངོ་མཚར་ཆེ། །དེ་ཡི་རང་བཞིན་འདི་ཡིན་ལ། །བརྗོད་ཅིང་བསྔགས་པ་མཐའ་ཡས་ཏེ། །འདས་པའི་འཇིག་རྟེན་ཁམས་

རྣམས་སུ། །སུས་ཀྱང་བརྗོད་པ་མ་ཡིན་ན། །གཞན་དུ་སེམས་ཅན་ལས་ཀྱིས་ན། །ཤིན་ཏུ་བསྟན་པར་བརྗོད་པ་སྟེ། །སེམས་ཅན་རྣམས་ནི་མ་གཏོགས་པར། །ལས་ཤེས་བྱ་བ་ཅི་མི་དམིགས། །དེ་བཞིན་སྟོང་པའི་ལས་ཀྱིས་ཀྱང་། །བརྗོད་
པ་རྣམས་ནི་ཚད་མེད་པར། །སེམས་ཅན་ཀུན་གྱི་ལས་སུ་འགྱུར། །དེ་ལ་མ་འོངས་གང་ཡང་མེད། །ཇི་ལྟར་ཁ་དོག་དབྱིབས་ཀྱི་རྣམས། །ལས་ཀྱི་རྒྱུད་ནི་བསམ་མི་ཁྱབ། །སྣང་ཡང་དེ་དག་དེ་ན་མེད། །རྣམ་པར་རིག་པའི་དངོས་ཉིད་འདྲ། །དེ་བཞིན་སེམས་
ཅན་གཙོ་བོ་ཡི། །སྐུ་ནི་བསམ་གྱིས་མྱི་ཁྱབ་པ། །བརྗོད་པ་རྣམས་ཀྱང་ཚད་མེད་པར། །ཞིང་རྣམས་ཀུན་ན་རབ་ཏུ་སྣང་། །སྐུ་ནི་རྫོགས་པའི་སངས་རྒྱས་མིན། །སངས་རྒྱས་རྣམས་ལ་སྐུ་མི་མངའ། །དཔའ་བོ་ཆེན་པོ་ཆོས་སྐུ་སྟེ། །ཆོས་ཀུན་རྟོགས་པར་
ཐུགས་སུ་ཆུད། །གང་གིས་རང་བྱུང་རྣམས་ཀྱི་སྐུ། །ཡང་དག་ཅི་བཞིན་མཐོང་བ་ནི། །སངས་རྒྱས་ཆོས་ནི་རྣམ་ཀུན་དང་། །ཆོས་རྣམས་ལ་ཡང་རྨོངས་པ་མེད། །འདས་པར་གྱུར་པའི་ཆོས་རྣམས་ཀུན། །མྱ་ངན་འདས་པར་ཤེས་གྱུར་ན། །དེ་དག་
ཤིན་ཏུ་མི་གནས་པའི། །རྫོགས་པའི་སངས་རྒྱས་མཐོང་བ་ཡིན། །ཡང་དག་སངས་རྒྱས་སུས་མཐོང་ཞིང་། །དྲན་པ་ཤིན་ཏུ་བསྒོམས་བྱས་ཏེ། །མཚན་མེད་ཐ་དད་མེད་པ་རྣམས། །དེ་དག་ཆོས་ཀྱི་རྒྱལ་པོའི་སྲས། །དེ་ནས་བྱང་ཆུབ་སེམས་དཔའ་བློ་དང་ལྡན་
པས། སངས་རྒྱས་ཀྱི་མཐུས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟར་རི་མོའི་ལས་རྣམས་ལ། །ཚོན་རྣམས་སྣ་ཚོགས་ཀུན་འདུ་བ། །ཀུན་ཀྱང་འབྱུང་བ་ཆེན་པོར་མཉམ། །སེམས་ཀྱིས་ཡོངས་སུ་བརྟགས་
པ་ཡིན། །ཁམས་ལ་ཚོན་རྩི་དེ་དག་མྱེད། །ཚོན་རྩི་ལ་ཡང་ཁམས་མེད་དེ། །ཁམས་རྣམས་མ་གཏོགས་གཞན་ན་ཡང་། །ཚོན་ཞེས་བྱ་བ་གང་ཡང་མེད། །སེམས་ལ་རི་མོ་དེ་མེད་དོ། །རི་མོ་ལ་ཡང་སེམས་མེད་དེ། །སེམས་དེ་མ་གཏོགས་

གཞན་དུ་ཡང་། །རི་མོ་གང་ཡང་མི་དམིགས་སོ། །སེམས་དེ་རྟག་པ་མ་ཡིན་པ། །བསམ་གྱིས་མྱི་ཁྱབ་ཚད་མེད་ཅིང་། །ཕན་ཚུན་ཤེས་པ་མྱེད་པ་ཡི། །གཟུགས་རྣམས་ཐམས་ཅད་སྟོན་པར་བྱེད། །ཇི་ལྟར་རི་མོ་མཁན་གྱི་རྣམས། །སེམས་ནི་
གང་གིས་རི་མོ་དེ། །བྲིས་པའི་སེམས་ཀྱང་མི་ཤེས་པ། །དེ་བཞིན་ཆོས་ཀྱི་རང་བཞིན་ནོ། །སེམས་ནི་རི་མོ་མཁན་དང་འདྲ། །སེམས་ནི་ཕུང་པོ་བྱེད་པ་སྟེ། །འཇིག་རྟེན་ཁམས་ན་ཇི་སྙེད་པའི། །འཇིག་རྟེན་འདི་དག་སེམས་ཀྱིས་བྲིས། །སེམས་དང་
འདྲ་བ་སངས་རྒྱས་ཏེ། །སངས་རྒྱས་ཇི་བཞིན་འགྲོ་བའོ། །སེམས་དང་སངས་རྒྱས་དག་ལ་ཡང་། །ངོ་བོ་ཉིད་ཀྱིས་ཟད་པ་མེད། །སེམས་ཀྱི་རྒྱུད་རྣམས་ཅི་འདྲ་བ། །དེ་དག་སངས་རྒྱས་རབ་ཏུ་མཁྱེན། །དེ་ཕྱིར་སངས་རྒྱས་རང་བཞིན་གྱིས། །འགྲོ་བ་
སྣ་ཚོགས་གྱུར་པར་སྣང་། །ལུས་ཀྱི་རྣམས་ལ་སེམས་མེད་དེ། །སེམས་ལའང་ལུས་རྣམས་ཡོད་པ་མྱིན། །སངས་རྒྱས་མཛད་པའང་རབ་ཏུ་བྱེད། །དེ་ལྟར་སྤྱོད་པ་ངོ་མཚར་ཆེ། །གང་ཞིག་དུས་གསུམ་ཐམས་ཅད་ཀྱི། །རྒྱལ་བ་ཐམས་ཅད་ཤེས་འདོད་
ན། །སངས་རྒྱས་ཐམས་ཅད་སེམས་ཀྱི་དངོས། །ཆོས་ཀྱི་དབྱིངས་སུ་བལྟ་བར་གྱིས། །དེ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དང་ལྡན་པ