Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 035_ཕལ་ཆེན།_ཀ

Văn bản gốc(Tây Tạng)

Trang 11 / 23 (50.000 ký tự/trang)
ོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་ལ་རྣམ་པར་ཤེས་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ལས་རྣམ་པར་ཤེས་པ་རེ་རེ་ལ་ཡང་ཡེ་ཤེས་རྣམ་པ་ཐ་དད་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དོ། །ཡེ་ཤེས་རྣམ་པ་ཐ་དད་
པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་ལ་ཡེ་ཤེས་ཇི་སྙེད་ཅིག་ཡོད་པ་དེ་དག་ལས་ཡེ་ཤེས་རེ་རེས་ཀྱང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་མང་པོའི་སངས་རྒྱས་ཐ་དད་པ་རྒྱ་མཚོའི་ཡེ་ཤེས་རྣམ་པ་ཐ་དད་པ་རྒྱ་མཚོའི་ཚུལ་དུ་ཆོས་ཀྱི་འཁོར་ལོ་
རྣམ་པ་ཐ་དད་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་བསྐོར་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཇི་ལྟ་བ་དེ་བཞིན་དུ་རང་སངས་རྒྱས་དང་། དེ་བཞིན་དུ་ཉན་ཐོས་དང་དེ་བཞིན་དུ་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་
དང་། ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་རྣམས་ལ་འང་ཤེས་པར་བྱ་སྟེ། ཡེ་ཤེས་ལ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་དག་དང་མྱི་དང་མི་མ་ཡིན་པའི་བར་དེ་དག་གི་གནས་

ཀྱི་ཡོན་ཏན་རྣམ་པར་ཕྱེ་བ་རྒྱ་མཚོ་ཇི་སྙེད་ཅིག་ཡོད་པ་དང་། སྟན་གྱི་ཡོན་ཏན་རྣམ་པར་ཕྱེ་བ་ཇི་སྙེད་ཅིག་ཡོད་པ་དང་། མཚན་དང་དཔེ་བྱད་བཟང་པོའི་ཡོན་ཏན་རྣམ་པར་ཕྱེ་བ་ཇི་སྙེད་ཅིག་ཡོད་པ་དང་། རྒྱན་གྱི་ཡོན་ཏན་རྣམ་པར་ཕྱེ་བ་རྒྱ་མཚོ་
ཇི་སྙེད་ཅིག་ཡོད་པ་དང་། གོས་ཀྱི་ཡོན་ཏན་རྣམ་པར་ཕྱེ་བ་རྒྱ་མཚོ་ཇི་སྙེད་ཅིག་ཡོད་པ་དེ་དག་དང་། བྱང་ཆུབ་སེམས་དཔའ་ནས་མི་དང་མི་མ་ཡིན་པའི་བར་དེ་དག་གི་མིག་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རེ་རེ་ནས་ལུས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱས་པར་
འགེངས་པ་དེ་དག་ནི། སངས་རྒྱས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བསྐལ་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་བསྟན་ཅིང་བརྗོད་ཀྱང་ཟད་པར་མི་རུང་ངོ་།། །།སངས་རྒྱས་
རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོ། བམ་པོ་བཅུ་བཞི་པ། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་གང་ཆེན་མཚོ་རྣམ་པར་སྣང་མཛད་ཀྱི་སྐུའི་བ་སྤུའི་བུ་ག་རེ་རེ་ནས་ཀྱང་འོད་ཟེར་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བཀྱེའོ། །
འོད་ཟེར་རྒྱ་མཚོ་དེ་དག་རེ་རེ་ལས་ཀྱང་སངས་རྒྱས་རྒྱ་མཚོ་པད་མོ་རྒྱ་མཚོ་ལ་བཞུགས་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མངོན་པར་བྱུང་སྟེ། སངས་རྒྱས་རེ་རེའི་སྐུའི་བ་སྤུའི་སྒོ་རེ་རེ་ནས་ཀྱང་ཡང་དག་པར་བསྐུལ་བའི་ཚིགས་སུ་བཅད་
པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མངོན་པར་འཐོན་ཏོ། །དེ་དག་ལས་ཡང་དག་པར་བསྐུལ་བའི་ཚིགས་སུ་བཅད་པ་རྒྱ་མཚོ་རེ་རེ་ཞིང་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཇི་སྙེད་པ་དང་། རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་པའི་འཇིག་རྟེན་
གྱི་ཁམས་རེ་རེ་དང་། རྡུལ་ཤིན་ཏུ་ཕྲ་བ་རེ་རེ་ལ་འང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཇི་སྙེད་ཅིག་ཡོད་པ་དང་། རང་སངས་རྒྱས་རྒྱ་མཚོ་དང་། ཉན་ཐོས་རྒྱ་མཚོ་ཇི་སྙེད་ཅིག་ཡོད་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་། མྱི་

འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མྱི་དང་མྱི་མ་ཡིན་པ་རྒྱ་མཚོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ལ་ཡོངས་སུ་བསྐུལ་བ་བྱེད་དོ། །ཤར་ཕྱོགས་དང་འདྲ་བར་ཕྱོགས་རྒྱ་མཚོ་ཐམས་ཅད་དུའང་དེ་བཞིན་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་རྒྱ་མཚོ་དེ་དག་དང་མི་དང་མི་མ་ཡིན་པ་རྒྱ་མཚོ་
ཇི་སྙེད་པ་དེ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་གང་ཆེན་མཚོ་རྣམ་པར་སྣང་མཛད་ཀྱི་འོད་ཟེར་གྱིས་ཡང་དག་པར་བསྐུལ་ནས། རང་རང་གི་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་དག་ན། སངས་རྒྱས་རྒྱ་མཚོ་གང་བཞུགས་པ་དེ་དག་ལ་ཞུས་ཏེ། གནང་ནས་བྱང་ཆུབ་
སེམས་དཔའ་རྒྱ་མཚོ་རེ་རེ་དང་མྱི་དང་མྱི་མ་ཡིན་པ་རྒྱ་མཚོའི་བར་དེ་དག་རེ་རེ་ཞིང་བྱང་ཆུབ་སེམས་དཔའི་འཁོར་རྒྱ་མཚོ་ནས་མི་དང་མི་མ་ཡིན་པའི་འཁོར་རྒྱ་མཚོའི་བར་དང་ལྡན་པར་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅོམ་ལྡན་འདས་ཀྱི་ཕྱག་གི་མཐིལ་གྱི་སྙིང་པོ་ལ་རབ་ཏུ་གནས་པ་གང་ན་
བ་དེར་འདོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་རྒྱ་མཚོ་དེ་དག་དང་། མི་དང་མི་མ་ཡིན་པ་རྒྱ་མཚོའི་བར་དེ་དག་ལ་བྱང་ཆུབ་སེམས་དཔའ་ཇི་སྙེད་ཅིག་ཡོད་པ་དང་མི་དང་མི་མ་ཡིན་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ལས་བྱང་ཆུབ་སེམས་དཔའ་རེ་རེ་དང་། མྱི་དང་མྱི་མ་ཡིན་པའི་བར་དེ་དག་རེ་རེ་ཞིང་ཡང་ལུས་
རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྡན་པ་ཤ་སྟག་སྟེ། ལུས་རེ་རེ་ལ་ཡང་ལག་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་པ། ལུས་རེ་རེ་ལ་ཡང་མགོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་
ཏུ་ཕྲ་བ་སྙེད་ཡོད་པ། མགོ་རེ་རེ་ལ་ཡང་ཁའི་སྒོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་པ། ཁའི་སྒོ་རེ་རེ་ལ་ཡང་ལྕེ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་པ་ཤ་སྟག་གོ །དེ་ནས་བྱང་ཆུབ་སེམས་
དཔའ་རྒྱ་མཚོ་དེ་དག་དང་། མྱི་དང་མྱི་མ་ཡིན་པའི་བར་རྒྱ་མཚོ་དེ་དག་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་གང་ཆེན་མཚོ་རྣམ་པར་སྣང་མཛད་ལ་ལུས་རེ་རེས་ཀྱང་གཡས་ཕྱོགས་སུ་བསྐོར་བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་

ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་བ་བྱས་ཏེ། ལག་པ་རེ་རེ་ནས་ཀྱང་མེ་ཏོག་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་མཆོད་ནས་དེ་བཞིན་དུ་མར་མེ་དང་། སྤོས་དང་བདུག་སྤོས་དང་། བྱུག་པ་དང་ཕྱེ་མ་དང་
གདུགས་དང་རྒྱལ་མཚན་དང་བ་དན་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་མཆོད་དེ། ལྕེ་རེ་རེ་ཞིང་ཡང་བསྟོད་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་མངོན་པར་བསྟོད་ནས། རང་རང་གི་སྟོབས་དང་རྫུ་
འཕྲུལ་གྱིས་སྤྲུལ་པའི་སྟན་རྒྱ་མཚོ་དག་ལ་འཁོད་པར་གྱུར་ཏོ། །འཁོད་ནས་ཀྱང་ལྕེ་རེ་རེ་ཞིང་ཞུ་བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོངས་སུ་ཞུ་བ་བྱེད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་གང་ཆེན་མཚོ་
རྣམ་པར་སྣང་མཛད་དེས་ཞུས་པ་དེ་དག་རེ་རེ་ལ་ཤིན་ཏུ་བསྟན་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཤིན་ཏུ་བསྟན་པ་མཛད་དེ། བྱང་ཆུབ་སེམས་དཔའ་རྒྱ་མཚོ་དང་། མྱི་དང་མྱི་མ་ཡིན་པ་རྒྱ་མཚོའི་བར་རྣམ་པ་དེ་ལྟར་འདུས་པ་དེ་
དག་ཐམས་ཅད་ལ་ཆོས་རྒྱ་མཚོ་མང་པོ་རྣམ་གྲངས་དུ་མར་རྣམ་པར་ཕྱེའོ། །རྣམ་པར་བཀྲོལ་ལོ། །གསལ་བར་མཛད་དོ། །ཡང་དག་པར་བསྟན་ཏོ། །དེ་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པ་ན། འཇིག་
རྟེན་གྱི་ཁམས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ཀྱི་གནས་ཀྱི་སྙིང་པོ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་མཚོ་རྣམ་པར་སྣང་མཛད་ཅེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་སྟེ། ཐོག་མར་ཡང་དགེ་བར་དུ་ཡང་དགེ །
ཐ་མར་ཡང་དགེ་བའི་ཆོས་དོན་བཟང་པོ། །ཡི་གེ་བཟང་པོ་དག་པ་ཡོངས་སུ་གསལ་བ། ཡོངས་སུ་བྱང་བ། ཚངས་པའི་སྤྱོད་པ་ཡང་དག་པར་སྟོན་ཅིང་། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་རབ་ཏུ་

སྟོན་པ་མཛད་དེ། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་མཚོ་རྣམ་པར་སྣང་མཛད་དེའི་གནས་ཀྱི་ཡོན་ཏན་རྣམ་པར་ཕྱེ་བ་རྒྱ་མཚོ་ཇི་སྙེད་ཅིག་མངའ་བ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་རྒྱ་མཚོ་ཇི་སྙེད་ཅིག་མངའ་བ་དང་།
སྐུ་ཚེའི་ཡོན་ཏན་རྣམ་པར་ཕྱེ་བ་རྒྱ་མཚོ་ཇི་སྙེད་ཅིག་མངའ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཡོན་ཏན་རྒྱ་མཚོ་ཇི་སྙེད་ཅིག་མངའ་བ་དང་། སྐུ་ཡོངས་སུ་བསྟན་པའི་ཡོན་ཏན་རྣམ་པར་ཕྱེ་བ་རྒྱ་མཚོ་ཇི་སྙེད་ཅིག་མངའ་བ་དང་། ཆོས་བསྟན་པའི་ཡོན་ཏན་
རྣམ་པར་ཕྱེ་བ་རྒྱ་མཚོ་ཇི་སྙེད་ཅིག་མངའ་བ་དེ་དག་ནི། སངས་རྒྱས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་དུས་གསུམ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་གསུངས་ཏེ། བསྟན་
ཀྱང་ཟད་པར་མི་རུང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ཀྱི་གནས་ཀྱི་སྙིང་པོ་ཞེས་བྱ་བ་དེ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་ཆེན་མང་པོ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་
རྒྱ་མཚོའི་བདག་པོ་ལྷ་དང་མྱིའི་དབང་པོ་ཡོད་དེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དག་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་འཁོར་དང་ལྡན་པ་ཤ་སྟག་གོ །འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་
ཆེན་མང་པོ་དེའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རེ་རེ་ན་ཡང་རིན་པོ་ཆེ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དེ། འདི་ལྟར་སངས་རྒྱས་ཀྱི་སྤྱན་རིན་པོ་ཆེ་རྒྱ་མཚོ་དང་། དེ་བཞིན་དུ་སངས་རྒྱས་ཀྱི་སྙན་དང་། ཤངས་དང་ལྗགས་དང་སྐུ་དང་
ཐུགས་རིན་པོ་ཆེ་རྒྱ་མཚོ་དང་། སངས་རྒྱས་ཀྱི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་། སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་རྒྱ་མཚོ་དང་། ཐམས་ཅད་ཀྱིས་བལྟ་ན་ཡིད་དུ་འོང་བའི་བུད་མེད་རིན་པོ་ཆེ་རྒྱ་མཚོ་དང་། དོན་ཐམས་ཅད་གྲུབ་པའི་ཁྱིམ་བདག་རིན་པོ་ཆེ་རྒྱ་མཚོ་དང་།

ཀུན་ཏུ་རྣམ་པར་ཕྱེ་བའི་བློན་པོ་རིན་པོ་ཆེ་རྒྱ་མཚོ་དང་། ནམ་མཁའི་མཐས་ཀླས་པའི་རྟ་རིན་པོ་ཆེ་རྒྱ་མཚོ་དང་། ཡིད་བཞིན་དུ་འགྲོ་བའི་གླང་པོ་རིན་པོ་ཆེ་རྒྱ་མཚོ་དང་། ཆོས་ཀྱི་དབྱིངས་རྡོ་རྗེའི་ལྟེ་བ་ཅན་གྱི་འཁོར་ལོ་རིན་པོ་ཆེ་རྒྱ་མཚོ་དང་།
ཀུན་ཏུ་སྣང་བར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྒྱ་མཚོ་དང་། ནམ་མཁའ་རྒྱན་གྱིས་འགེངས་པའི་གདུགས་རིན་པོ་ཆེ་རྒྱ་མཚོ་དང་། རང་བཞིན་གྱིས་དྲི་མ་མེད་པའི་གོས་རིན་པོ་ཆེ་རྒྱ་མཚོ་དང་། ཟླ་བའི་ཟེར་ལྟ་བུའི་རྡུལ་ཡབ་རིན་པོ་ཆེ་རྒྱ་མཚོ་དང་། ཤེས་རབ་ཀྱི་
རལ་གྲི་རིན་པོ་ཆེ་རྒྱ་མཚོ་དང་། འཇིག་རྟེན་ཐམས་ཅད་ཀྱི་བལྟར་མྱི་མཐོང་བའི་སྤྱི་གཙུག་བསྒྲིབས་པ་མེད་པ་རིན་པོ་ཆེ་རྒྱ་མཚོ་དང་། །ཐམས་ཅད་དུ་འགྲོ་བའི་ལྷམ་རིན་པོ་ཆེ་རྒྱ་མཚོ་དང་། ཏིང་ངེ་འཛིན་དང་མཉམ་པར་གཞག་པ་ཐམས་ཅད་ཀྱི་མཛོད་དུ་གྱུར་པའི་ཏིང་ངེ་འཛིན་
རིན་པོ་ཆེ་རྒྱ་མཚོ་དང་། ཆོས་གང་ཆེན་མཚོ་ཐམས་ཅད་ཀྱི་ཀློང་དང་ལྡན་པའི་གཟུངས་རིན་པོ་ཆེ་རྒྱ་མཚོ་དང་། དེ་ལྟར་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རེ་རེ་ན་ཡང་རིན་པོ་ཆེ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དེ། རིན་
པོ་ཆེ་རྒྱ་མཚོ་དེ་དག་ལ་རིན་པོ་ཆེ་ཇི་སྙེད་ཅིག་ཡོད་པ་དེ་དག་ལས་རིན་པོ་ཆེ་རེ་རེ་ཞིང་ཡང་ལས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱེད་པ་ཤ་སྟག་གོ །འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་ཆེན་མང་པོ་དེ་ལ་བུ་རྒྱ་མཚོ་ཀུན་ཀྱང་མྱི་ཆེན་པོའི་མཚན་རྒྱ་
མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྡན་པ། འོད་ཆེན་པོའི་རྒྱན་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྡན་པ། ལུས་དཔེ་བྱད་བཟང་པོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་
སྙེད་ཀྱིས་རབ་ཏུ་གསལ་བར་བརྒྱན་པ། ཕས་ཀྱི་རྒོལ་བའི་སྡེ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཇོམས་པ། ས་བཅུ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་རབ་ཏུ་གནས་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་

རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་ཐོབ་པ། སྙིང་པོ་བྱང་ཆུབ་ཀྱི་རྒྱན་རྣམ་པར་ཕྱེ་བའི་ཏིང་ངེ་འཛིན་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོངས་སུ་གནོན་པ་ལ་མཁས་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་
བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་ཆེན་མང་པོ་དེ་ལ་བུ་མོ་རྒྱ་མཚོ་ཀུན་ཀྱང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་སྤྲུལ་པའི་བུད་མྱེད་རིན་པོ་ཆེ་དང་འདྲ་བར་ཡིད་ཀྱི་ལུས་
འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྡན་པ་སྲིད་པའི་ལམ་གྱི་རྒྱུད་ཀྱི་འཁོར་ལོ་སྣ་ཚོགས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྡན་པ། བྱང་ཆུབ་ཀྱི་སེམས་བླ་ན་མྱེད་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་
བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་མགོ་དང་ལྡན་པ། ཆོས་ཀྱི་དབྱིངས་ནམ་མཁའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཕྲལ་བ་དང་ལྡན་པ། བསམ་པ་དང་ལྷག་པའི་བསམ་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་
སྨིན་ཚུགས་ཅན། ཤེས་རབ་དང་ཡེ་ཤེས་ཡངས་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་མྱིག་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐོས་པ་འཛིན་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་རྣ་བ་ཡིད་
དུ་འོང་བ་དང་ལྡན་པ། སྡོམ་པ་ཆེན་པོ་ཡང་དག་པར་བླངས་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྣ་ལེགས་པ་དང་ལྡན་པ། ཆོས་རྒྱ་མཚོ་རབ་ཏུ་སྒྲོག་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་
ལྕེ་དང་ལྡན་པ། །ཆོས་ཀྱི་དབྱིངས་མཐའ་གཉིས་ཡོངས་སུ་སྤངས་པ་འཛུད་པར་དགོད་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྡན་པ། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་

ཤིན་ཏུ་ཕྲ་བ་སྙེད་ཀྱི་ལག་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་བསྒྲུབས་པས་མྱི་ངོམས་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྙིང་དང་ལྡན་པ། བསོད་ནམས་དང་ཡེ་
ཤེས་ཀྱི་ཚོགས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ནུ་མ་ལེགས་པ་དང་ལྡན་པ། ཆོས་ཟབ་མོ་སྣ་ཚོགས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ལྟེ་བ་དང་ལྡན་པ། དམྱིགས་པ་ཐམས་ཅད་ཡོངས་སུ་བསྩལ་
བའི་མཐར་ཐུག་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རྗེས་སུ་རྟོགས་པ་དང་ལྡན་པ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡངས་ཤིང་མི་ཤིགས་ལ་བརྟན་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྟ་ཟུར་དང་ལྡན་པ།
འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་རིམ་གྱིས་འབྲེལ་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་རྐང་པ་དང་ལྡན་པ། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་སྣ་ཚོགས་ཀྱི་དྲ་བ་དང་ཕྲེང་བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་
ཕྲ་བ་སྙེད་མཛེས་པར་ཐོགས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་རྣམ་པར་ཐར་པའི་གོས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཤིན་ཏུ་བཟང་བར་གྱོན་པ། སངས་
རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་རྒྱན་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ལེགས་པར་བརྒྱན་པ། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དྲི་ཞིམ་པོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྤོས་ཀྱིས་ལུས་ཤིན་ཏུ་
བྱུགས་པ། དགའ་བའི་རྒྱན་དང་ཐབས་མཁས་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དེ། དེ་དག་གི་ཁ་ནས་ཡེ་ཤེས་ཀྱི་རྗེས་

སུ་འབྲང་བའི་ཆོས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ངོ་། །དེ་དག་གི་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་སྙིང་རྗེའི་རྗེས་སུ་འབྲང་བའི་ཙན་དན་གྱི་སྤོས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ངོ་།
སྤོས་རྒྱ་མཚོ་དེ་དག་གི་དྲི་ཞིམ་པོས་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་མང་པོ་ཡོངས་སུ་རྒྱས་པར་འགེངས་ཏེ། དེ་དག་གི་དགའ་བའི་རྒྱན་དང་། ཐབས་མཁས་པ་རྒྱ་མཚོས་འདུལ་བའི་སེམས་ཅན་རྒྱ་མཚོ་གང་
ཇི་སྙེད་ཡོད་པས་དྲི་ཞིམ་པོ་རྒྱ་མཚོ་དེ་དག་ཚོར་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དྲི་ཞིམ་པོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་ཐོབ་པོ། །སེམས་ཅན་གང་དགའ་བའི་རྒྱན་དང་ཐབས་མཁས་པ་
རྒྱ་མཚོས་འདུལ་བ་དེ་དག་གི་གཟུགས་ཀྱི་ཡོན་ཏན་རྣམ་པར་ཕྱེ་བ་རྒྱ་མཚོ་དེ་དག་མཐོང་བ་དེ་ཐམས་ཅད་ཀྱང་། དེ་བཞིན་གཤེགས་པའི་ཤེས་རབ་དང་ཡེ་ཤེས་ཀྱི་སྐུ་རྣམ་པར་དག་པ་ཡོངས་སུ་སྟོན་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་
རབ་ཏུ་འཐོབ་བོ། །གང་གིས་དབྱངས་རྒྱ་མཚོ་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐོས་པ་ཡོངས་སུ་འཛིན་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་པོ། །གང་གིས་ལག་ནས་བཟུང་བ་དེ་དག་
ཐམས་ཅད་ཀྱང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་བོ། །གང་གིས་མཐོང་ལ་རེག་པ་དེ་དག་ཐམས་ཅད་ཀྱང་བསོད་ནམས་དང་ཡེ་ཤེས་སྣ་ཚོགས་ཀྱི་ཚོགས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་
བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་པོ། །གང་དང་སྟན་གཅིག་ལ་ལྷན་ཅིག་ཏུ་འཁོད་པ་དེ་དག་ཐམས་ཅད་ཀྱང་སྙིང་པོ་བྱང་ཆུབ་སེང་གེའི་ཁྲི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་རབ་ཏུ་གནས་པར་འགྱུར་རོ། །གང་གིས་ཁ་དང་ཁར་ཕྲད་པར་བྱས་པ་དེ་

དག་ཐམས་ཅད་ཀྱང་རྣམ་པར་ཐར་པའི་སྒོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་པོ། །གང་གིས་པང་དུ་ཁྱུད་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མཉམ་པ་ཉིད་རྒྱ་མཚོ་
འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་པོ། །གང་དང་ཆོས་ཀྱི་དབྱིངས་སུ་བསྟེན་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་མང་པོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ན། སེམས་ཅན་གྱི་
ཁམས་རྒྱ་མཚོ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་དག་པ་རྒྱ་མཚོ་ལ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་པ་དང་། ཡོངས་སུ་དག་པ་དང་ཡོངས་སུ་རྫོགས་
པར་འགྱུར་བར་ས་བོན་རྒྱ་མཚོ་རབ་ཏུ་འདེབས་སོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་ཆེན་མང་པོ་དེས་ཡང་དག་པར་བསྐུལ་བའི་ཚིགས་སུ་བཅད་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐམས་ཅད་དུ་ཁྱབ་པའི་རྣ་བ་རྒྱ་
མཚོས་ཐོས་ནས་རྫུ་འཕྲུལ་གྱི་སྟོབས་རྒྱ་མཚོ་ཆགས་པ་མེད་ཅིང་བསྒྲིབས་པ་མེད་པས། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་གང་ཆེན་མཚོ་རྣམ་པར་སྣང་མཛད་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེའི་ཞབས་གཉིས་ལ་
མགོ་རྒྱ་མཚོའི་སྤྱི་བོས་བཏུད་དེ་ཕྱག་འཚལ་ནས། ཆོས་ཀྱི་དབྱིངས་རབ་ཏུ་སྒྲོག་པའི་ལྕེའི་དབང་པོ་རྒྱ་མཚོས་ཞུ་བ་ཡོངས་སུ་ཞུས་པ། བཅོམ་ལྡན་འདས་དེ་ལྟར་ཡང་དག་པར་བསྐུལ་བའི་ཚིགས་སུ་བཅད་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་
ཕྲ་བ་སྙེད་བྱུང་བ་དེ་སུའི་མཐུ་ལས་བྱུང་བ་ལགས། དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་གང་ཆེན་མཚོ་རྣམ་པར་སྣང་མཛད་ཀྱིས་རྒྱལ་པོ་རིན་ཆེན་མང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་

འདི་ནས་ནུབ་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་བཞིན་གཤེགས་པའི་ཕྱག་གི་མཐིལ་གྱི་སྙིང་པོ་ལ་རབ་ཏུ་གནས་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཡེ་ཤེས་གང་
ཆེན་མཚོ་རྣམ་པར་སྣང་མཛད་ཅེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་སྐྱོང་ངོ་། །ཆོས་སྟོན་ཏོ། །ཡང་དག་པར་བསྐུལ་བའི་ཚིགས་སུ་བཅད་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་བ་འདི་ཡང་དེའི་མཐུས་བྱུང་ངོ་། །དེ་ནས་རྒྱལ་པོ་རིན་ཆེན་
མང་པོས་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་གང་ཆེན་མཚོ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་བཞིན་གཤེགས་པའི་ཕྱག་གི་མཐིལ་གྱི་སྙིང་པོ་ལ་རབ་ཏུ་གནས་པ་དེར། དེ་བཞིན་
གཤེགས་པ་ཡེ་ཤེས་གང་ཆེན་མཚོ་རྣམ་པར་སྣང་མཛད་ཀྱི་ཞལ་བལྟ་བ་དང་། དེ་ལ་ཕྱག་བགྱི་བ་དང་། མཆོད་པ་དང་བསྙེན་བཀུར་བ་དང་། ཆོས་མཉན་པའི་སླད་དུ་མཆིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
སེམས་ཅན་ཐམས་ཅད་ཀྱི་དོན་གང་ཆེན་མཚོ་རྣམ་པར་སྣང་མཛད་ཀྱིས། རྒྱལ་པོ་རིན་ཆེན་མང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་དེའི་དུས་ལ་དབབ་པར་ཤེས་ན་འགྲོ་ལ་རག་སྟེ་རྒྱལ་པོ་ཆེན་པོ་འཇིག་རྟེན་གྱི་ཁམས། རྒྱ་མཚོ་དེ་བཞིན་གཤེགས་
པའི་ཕྱག་གི་མཐིལ་གྱི་སྙིང་པོ་ལ་རབ་ཏུ་གནས་པ་དེར་ནི་འགྲོ་བར་དཀའ་སྟེ། དེར་འགྲོ་བ་དང་དེ་བཞིན་གཤེགས་པ་དེའི་ཞལ་བལྟ་བ་དང་། དེ་ལ་ཕྱག་བྱ་བ་དང་། བསྙེན་བཀུར་བ་དང་། ཆོས་མཉན་པར་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་མ་གཏོགས་པར།
བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་སྙིང་པོ་བྱང་ཆུབ་ཀྱི་རྒྱན་རྣམ་པར་ཕྱེ་བའི་སྙིང་པོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་རབ་ཏུ་གནས་པས་ཀྱང་བདེ་བླག་ཏུ་བྱ་བར་སླ་བ་མ་ཡིན་གྱི། རྒྱལ་པོ་ཆེན་པོ་དེ་ལྟ་མ་ཡིན་པའི་འཇིག་རྟེན་གྱི་ཁམས་རྒྱ་

མཚོ་ས་མཚམས་བཟང་པོའི་དབྱངས་ཞེས་བྱ་བ་ཞིག་ཡོད་དོ། །དེ་ཁྱོད་ཀྱིས་སྔན་ཅད་མཐོང་ངམ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་ཕྱོགས་ནི་གང་ན་འདུག །འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་འདི་ནས་ནི་ཉེའམ་རིང་། དེ་ན་ད་ལྟར་དེ་
བཞིན་གཤེགས་པ་ནི་གང་ཞིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་མཛད་པ་ཤེས་སམ། རྒྱལ་པོ་རིན་ཆེན་མང་པོས་གསོལ་པ། བཅོམ་ལྡན་འདས་བདག་གིས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་མཐོང་བ་འམ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་ཕྱོགས་གང་ན་མཆིས་
པ་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་འདི་ནས་ནི་ཉེ་འམ་རིང་ཞིག་ན་མཆིས་པ་དང་། དེ་ལྟར་དེ་ན་དེ་བཞིན་གཤེགས་པ་གང་བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པ་ནི་སྨོས་སུ་འང་མ་མཆིས་ཏེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་ནི་སྔོན་ཚེ་བདག་གིས་
མ་ཐོས་སོ། །དེ་ནས་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་གང་ཆེན་མཚོ་རྣམ་པར་སྣང་མཛད་ཀྱིས། རྒྱལ་པོ་རིན་ཆེན་མང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་ཕྱོགས་གང་ན་ཡོད་པ་དང་། འཇིག་རྟེན་གྱི་ཁམས་
རྒྱ་མཚོ་དེ་འདི་ནས་ཇི་སྲིད་པ་དང་། དེ་ན་ད་ལྟར་དེ་བཞིན་གཤེགས་པ་གང་བཞུགས་ཤིང་འཚོ་སྐྱོང་བ་དང་ཆོས་སྟོན་པ་ལེགས་པར་སོམས་ཤིག །དེ་ནས་རྒྱལ་པོ་རིན་ཆེན་མང་པོས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་དུ་ཡོངས་སུ་གཞོལ་བའི་ཏིང་
ངེ་འཛིན་རྒྱ་མཚོ་ལ་སྩོགས་པ་ཏིང་ངེ་འཛིན་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་མཉམ་པར་བཞག་ཀྱང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་ཕྱོགས་གང་ན་ཡོད་པ་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་འདི་ནས་ཉེའམ་རིང་བ་དང་
དེ་ན་ད་ལྟར་དེ་བཞིན་གཤེགས་པ་གང་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་ཡང་མ་ཤེས་ཏེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེའི་མཚན་མ་ཙམ་ཡང་མ་མཐོང་ངོ་། །དེ་ནས་རྒྱལ་པོ་རིན་ཆེན་མང་པོ་ཏིང་ངེ་འཛིན་རྒྱ་མཚོ་དེ་དག་ལས་ལངས་ཏེ། དེ་བཞིན་

གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་གང་ཆེན་མཚོ་རྣམ་པར་སྣང་མཛད་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་མཐོང་བ་འམ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་ཕྱོགས་གང་ན་མཆིས་པ་དང་།
འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་འདི་ནས་རིང་ངམ་ཉེ་བ་དང་། དེ་བཞིན་གཤེགས་པ་གང་ཞིག་ད་ལྟར་དེ་ན་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བདག་གིས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེའི་མཚན་མ་ཙམ་ཡང་མ་མཐོང་ངོ་། །
དེ་ནས་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་གང་ཆེན་མཚོ་རྣམ་པར་སྣང་མཛད་ཀྱིས། རྒྱལ་པོ་རིན་ཆེན་མང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། དེ་ལྟ་བས་ན་རྒྱལ་པོ་ཆེན་པོ་རྣམ་གྲངས་དེས་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་བཞིན་གཤེགས་པའི་
ཕྱག་གི་མཐིལ་གྱི་སྙིང་པོ་ལ་རབ་ཏུ་གནས་པ་དེར་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་མ་གཏོགས་པར། ཏིང་ངེ་འཛིན་གྱི་སྙིང་པོ་བྱང་ཆུབ་ཀྱི་རྒྱན་རྣམ་པར་ཕྱེ་བ་སྙིང་པོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་གནས་པའི་བྱང་
ཆུབ་སེམས་དཔའ་རྒྱ་མཚོས་ཀྱང་འགྲོ་བར་བྱ་བ་འམ། དེ་བཞིན་གཤེགས་པ་བལྟ་བ་འམ། དེ་ལ་ཕྱག་བྱ་བ་འམ། བསྙེན་བཀུར་བ་འམ། དེ་ལས་ཆོས་མཉན་པ་བདེ་བླག་མ་ཡིན་པར་ཤེས་པར་གྱིས་ཤིག །དེ་ནས་རྒྱལ་པོ་རིན་ཆེན་མང་པོས་
དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་གང་ཆེན་མཚོ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསྟན་ཏུ་གསོལ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་ནི་ཕྱོགས་གང་ན་མཆིས། འཇིག་རྟེན་གྱི་ཁམས་རྒྱ་
མཚོ་དེ་འདི་ནས་ནི་ཐག་ཇི་སྲིད་ཅིག་ན་མཆིས། དེ་བཞིན་གཤེགས་པ་ནི་གང་ཞིག་ད་ལྟར་དེ་ན་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་བསྟན་དུ་གསོལ། །དེ་ནས་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་གང་ཆེན་མཚོ་རྣམ་པར་

སྣང་མཛད་ཀྱིས་རྒྱལ་པོ་རིན་ཆེན་མང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཁམས་འདིའི་ནུབ་ཕྱོགས་ལོགས་ཀྱི་ས་མཚམས་ཀྱི་མཐའ་འདི་ནས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་ཀློང་
གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ས་མཚམས་བཟང་པོའི་དབྱངས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སྤྱོད་པ་ཐམས་ཅད་དང་མྱི་མཐུན་པའི་ཕྱོགས་ཡང་དག་པར་བསྒྲུབ་པའི་གང་ཆེན་མཚོ་རྣམ་པར་སྣང་མཛད་ཅེས་བྱ་བ་ད་
ལྟར་བཞུགས་ཤིང་འཚོ་སྐྱོང་ངོ་ཆོས་སྟོན་ཏོ། །དེ་ནས་དེ་སྐད་ཅེས་བཀའ་སྩལ་ཀྱང་། རྒྱལ་པོ་རིན་ཆེན་མང་པོས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་མ་ཤེས་མ་མཐོང་ནས་འདི་སྙམ་དུ་སེམས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དེ་ལྟར་ཉེ་ནའང་བདག་ལ་མཐུའི་ཁྱད་
པར་མྱེད་ན། དེ་བས་རིང་བ་ལྟ་ཅི་སྨོས་སྙམ་ནས། དེ་ལྟར་རྗེས་སུ་བསམས་ཏེ། དེའི་ཚེ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ལེགས་པར་ལེན་པའི་ཏིང་ངེ་འཛིན་ཀུན་ཏུ་སྒྲིབ་པ་མྱེད་པ་ལ་སོགས་པ་ཏིང་ངེ་འཛིན་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་
རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་མཉམ་པར་བཞག་གོ །དེ་ལྟར་མཉམ་པར་བཞག་པའི་མོད་ལ། རྒྱལ་པོ་རིན་ཆེན་མང་པོ་ལ་དེའི་ཚེ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་མང་པོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ན། སངས་རྒྱས་རྒྱ་མཚོ་གང་ཇི་སྙེད་
བཞུགས་པ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བྱིན་གྱིས་བརླབས་པ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དེ་ལྟར་རྒྱལ་པོ་རིན་ཆེན་མང་པོ་ལ་བྱིན་
གྱིས་བརླབས་པ་མཛད་མ་ཐག་ཏུ་དེའི་མོད་ལ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ས་མཚམས་བཟང་པོའི་དབྱངས་དང་། དེ་བཞིན་གཤེགས་པ་སྤྱོད་པ་ཐམས་ཅད་དང་། མི་མཐུན་པའི་ཕྱོགས་ཡང་དག་པར་བསྒྲུབ་པའི་གང་ཆེན་མཚོ་རྣམ་པར་སྣང་མཛད་

དང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་བཞིན་གཤེགས་པའི་ཕྱག་གི་མཐིལ་གྱི་སྙིང་པོ་ལ་རབ་ཏུ་གནས་པ་དང་། དེ་བཞིན་གཤེགས་པ་ཡེ་ཤེས་གང་ཆེན་མཚོ་རྣམ་པར་སྣང་མཛད་དང་དེ་མ་ཡིན་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་
དག་ན་སངས་རྒྱས་རྒྱ་མཚོ་གང་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྟོབས་དམ་པ། རྒྱ་མཚོ་ལ་སོགས་པ་ཡེ་ཤེས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་རབ་ཏུ་ཤེས་སོ། །དུས་གསུམ་
ཀུན་ཏུ་ལྟ་བ་རྣམ་པར་རྒྱུ་བ་རྒྱ་མཚོ་ལ་སོགས་པ་མིག་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་རབ་ཏུ་མཐོང་སྟེ། འདི་ལྟར་དཔེར་ན་ལག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་བཞག་པའམ། མེ་ལོང་ཤིན་ཏུ་གསལ་བའི་དཀྱིལ་འཁོར་ལ་
ངོ་སྣང་བ་བཞིན་ནོ། །དེ་ནས་རྒྱལ་པོ་རིན་ཆེན་མང་པོས་ཏིང་ངེ་འཛིན་རྒྱ་མཚོ་དེ་དག་ལས་ལངས་ཏེ། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་གང་ཆེན་མཚོ་རྣམ་པར་སྣང་མཛད་ལ་ཡང་གསོལ་པ། བཅོམ་ལྡན་འདས་བདག་འཇིག་རྟེན་གྱི་ཁམས་རྒྱ་
མཚོ་དེ་བཞིན་གཤེགས་པའི་ཕྱག་གི་མཐིལ་གྱི་སྙིང་པོ་ལ་རབ་ཏུ་གནས་པ་དེར། དེ་བཞིན་གཤེགས་པ་ཡེ་ཤེས་གང་ཆེན་མཚོ་རྣམ་པར་སྣང་མཛད་ཀྱི་ཞལ་བལྟ་བ་དང་། དེ་ལ་ཕྱག་བགྱི་བ་དང་། མཆོད་པ་དང་བསྙེན་བཀུར་བ་དང་། ཆོས་མཉན་པའི་སླད་དུ་
མཆིའོ། །དེ་ནས་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་གང་ཆེན་མཚོ་རྣམ་པར་སྣང་མཛད་ཀྱིས། རྒྱལ་པོ་རིན་ཆེན་མང་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་དེའི་དུས་ལ་དབབ་པར་ཤེས་ན་སོང་ལ། བྱང་ཆུབ་སེམས་དཔའ་འདུལ་
བའི་སྐྱེས་བུ་རྒྱ་མཚོ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདི་དག་ཀྱང་། བཅོམ་ལྡན་འདས་ཡེ་ཤེས་གང་ཆེན་མཚོ། རྣམ་པར་སྣང་མཛད་དེ་ལ་ཕུལ་ཅིག །དེ་ནས་རྒྱལ་པོ་རིན་ཆེན་མང་པོ་བྱང་ཆུབ་སེམས་དཔའ་རྒྱ་

མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་དང་། བུ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་དང་ལྷན་ཅིག་སྟེ། བུ་རེ་རེ་ཞིང་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་འཁོར་ལོས་
སྒྱུར་བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་འཁོར་ལོས་སྒྱུར་བ་རྒྱ་མཚོ་རེ་རེ་ཞིང་ནི་འཇིག་རྟེན་གྱི་ཁམས་རི་རབ་ཀྱི་འཁོར་ལོས་སྒྱུར་བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་
དང་ལྷན་ཅིག །འཇིག་རྟེན་གྱི་ཁམས་རི་རབ་ཀྱི་འཁོར་ལོས་སྒྱུར་བ་རྒྱ་མཚོ་རེ་རེ་ཞིང་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ལོས་སྒྱུར་བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་
གྱི་ཁམས་ཀྱི་འཁོར་ལོས་བསྒྱུར་བ་རྒྱ་མཚོ་རེ་རེ་ཞིང་ནི་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ལོས་སྒྱུར་བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ལོས་སྒྱུར་བ་རྒྱ་མཚོ་རེ་རེ་ཞིང་ནི་
སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ལོས་སྒྱུར་བ་རྒྱ་མཚོ་རེ་རེ་ཞིང་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ལོས་སྒྱུར་
བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ལོས་སྒྱུར་བ་རྒྱ་མཚོ་རེ་རེ་ཞིང་ནི་གླིང་གཅིག་གི་འཁོར་ལོས་སྒྱུར་བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག །གླིང་གཅིག་
གི་འཁོར་ལོས་སྒྱུར་བ་རྒྱ་མཚོ་རེ་རེ་ཞིང་ནི་ཁམས་ཀྱི་རྒྱལ་པོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག །ཁམས་ཀྱི་རྒྱལ་པོ་རྒྱ་མཚོ་རེ་རེ་ཞིང་ནི་མིའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་འདོང་བར་ཆས་པ་དང་

འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་ཆེན་མང་པོ་དེའི་ཆུང་མའི་འཁོར་རྒྱ་མཚོ་དང་། བུ་མོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་གིས་འདི་སྐད་ཅེས་སྨྲས་ཏེ། ལྷའི་ཞལ་སྔ་ནས་གསན་དུ་གསོལ། །བདག་ཅག་ཀྱང་འཇིག་རྟེན་
གྱི་ཁམས་རྒྱ་མཚོ་དེ་བཞིན་གཤེགས་པའི་ཕྱག་གི་མཐིལ་གྱི་སྙིང་པོ་ལ་རབ་ཏུ་གནས་པ་དེར། དེ་བཞིན་གཤེགས་པ་ཡེ་ཤེས་གང་ཆེན་མཚོ་རྣམ་པར་སྣང་མཛད་དེའི་ཞལ་བལྟ་བ་དང་། དེ་ལ་ཕྱག་བགྱི་བ་དང་། མཆོད་པ་དང་བསྙེན་བཀུར་བ་དང་། ཆོས་མཉན་པའི་
སླད་དུ་མཆི་བར་གསོལ་ལོ། །དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་རིན་ཆེན་མང་པོས་ཆུང་མའི་འཁོར་རྒྱ་མཚོ་དེ་དག་དང་། བུ་མོ་རྒྱ་མཚོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཇི་སྟེ་ཁྱེད་སངས་རྒྱས་རྒྱ་མཚོའི་ཞལ་བལྟ་བ་ནི་དོན་དུ་མི་གཉེར། ཆོས་རྒྱ་མཚོ་མཉན་པ་
ནི་ཚོར་བར་མྱི་བྱེད། དགེ་འདུན་རྒྱ་མཚོ་བསྙེན་བཀུར་བ་ནི་དོན་དུ་མི་གཉེར། སངས་རྒྱས་ཀྱི་བྱང་ཆུབ་རྒྱ་མཚོ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་ཚོལ་བར་མྱི་བྱེད། རང་སངས་རྒྱས་ཀྱི་བྱང་ཆུབ་རྒྱ་མཚོ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་དོན་དུ་མི་གཉེར་ཉན་ཐོས་ཀྱི་བྱང་
ཆུབ་རྒྱ་མཚོ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་དོན་དུ་མི་གཉེར། ཡུལ་རྒྱ་མཚོ་འདི་ནས་ནི་འགྲོ་བར་འདོད་པ་མྱེད། ཡུལ་རྒྱ་མཚོ་གཞན་དུ་ནི་བགྲོད་པར་འདོད་པ་མྱེད་ལ། གལ་ཏེ་ཁྱེད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་
རྒྱས་ཐམས་ཅད་དང་། ཆོས་ཀྱི་དབྱིངས་ལ་གནས་པར་གྱུར་ཏེ། འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་ལ་ཡང་མྱི་གནས། སེམས་ཅན་ཐམས་ཅད་གསོད་ཕོད་ཀྱང་ཞེ་སྡང་ངམ་བྱམས་པ་ལ་མི་གནས། མུ་སྟེགས་ཅན་ཐམས་ཅད་ཀྱི་ལྟ་བ་
རྒྱ་མཚོ་ལ་འཇུག་ཅིང་། སྤྱོད་ཀྱང་ལོག་པའི་ཡེ་ཤེས་སམ། ཡང་དག་པའི་ཡེ་ཤེས་ལ་མྱི་གནས། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བ་བསྟན་པ་ཡང་སྟོན་ལ་ཆོས་ཀྱི་དབྱིངས་ལས་ཀྱང་མི་གཡོ་ཞེ་ན་དེང་ལ་རག་གོ །འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་

ཆེན་མང་པོ་དེས་བསྟན་པ་འདི་ཤིན་ཏུ་བསྟན་པའི་ཚེ། ཆུང་མའི་འཁོར་རྒྱ་མཚོ་དེ་དག་དང་བུ་མོ་རྒྱ་མཚོ་དེ་དག་ལས་ཆུང་མ་རེ་རེ་དང་། བུ་མོ་རེ་རེས་ཀྱང་མྱིག་གི་ཁམས་རེ་རེས་ཆོས་ཀྱི་དབྱིངས་ཐམས་ཅད་ལ་དབང་སྒྱུར་བའི་
སངས་རྒྱས་ཀྱི་ས་རྒྱ་མཚོ་ལ་སོགས་པ་སངས་རྒྱས་ཀྱི་ས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་ཐོབ་པར་གྱུར་ཏོ། །རྣ་བའི་ཁམས་རེ་རེས་ཀྱང་ནམ་མཁའ་ཁོང་དུ་ཆུད་པའི་ས་རྒྱ་མཚོ་ལ་སྩོགས་པ་བྱང་ཆུབ་སེམས་དཔའི་ས་འཇིག་རྟེན་
གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་ཐོབ་པར་གྱུར་ཏོ། །སྣའི་ཁམས་རེ་རེས་ཀྱང་གཅིག་ལ་བརྟེན་པའི་ས་རྒྱ་མཚོ་ལས་སོགས་པ་རང་སངས་རྒྱས་ཀྱི་ས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་ཐོབ་པར་གྱུར་ཏོ། །ལྕེའི་
ཁམས་རེ་རེས་ཀྱང་སྒྲའི་རྗེས་སུ་འགྲོ་བའི་ས་རྒྱ་མཚོ་ལ་སོགས་པ་ཉན་ཐོས་ཀྱི་ས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་པོ། །ལུས་ཀྱི་ཁམས་རེ་རེས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲི་མ་མེད་པ་རྒྱ་མཚོ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་
འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་བོ། །ཡིད་ཀྱི་ཁམས་རེ་རེས་ཀྱང་སའི་དབང་པོའི་སྟོབས་རྒྱ་མཚོ་ལ་སྩོགས་པ་སྟོབས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་པོ། །དེ་ནས་རྒྱལ་པོ་
རིན་ཆེན་མང་པོའི་ཆུང་མ་རྒྱ་མཚོ་དེ་དག་དང་། བུ་མོ་རྒྱ་མཚོ་དེ་དག་གིས་ཐེག་པ་ཆེན་པོའི་ཚུལ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་གཏིང་རྙེད་ནས། སྤྱོད་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་
གཞན་གྱི་དྲིང་མི་འཇོག་པར་བྱས་ཏེ། རྒྱལ་པོ་རིན་ཆེན་མང་པོ་ལ་ཚིགས་སུ་བཅད་དེ་སྨྲས་པ། །བདག་ཅག་ཀུན་གྱིས་སངས་རྒྱས་རྒྱ་མཚོ་མཐོང་། །ཡོངས་སུ་མཆོད་དེ་བསྙེན་བཀུར་ཞུ་བ་བགྱིས། །འོན་ཀྱང་འདི་འདྲ་རྒྱ་མཚོ་ཆོས་མ་ཐོས།

ས་མང་རྒྱ་མཚོ་འདི་དག་ཐོབ་མ་གྱུར། །ད་ནི་སངས་རྒྱས་སྤྲིན་ལས་བསྒྲུབ་པ་ཡི། །ས་མང་རྒྱ་མཚོ་དམྱིག་ཀྱང་ཐོབ་པར་གྱུར། །བྱང་ཆུབ་དོན་དུ་ཕྱོགས་རྣམས་ཀུན་དབྱིངས་སུ། །རྣ་བས་སྤྱོད་པ་དམ་པ་སྤྱོད་པར་བགྱི། །སྣ་ཡི་ཁམས་
ཀྱིས་རང་རྒྱལ་ས་ཐོབ་སྟེ། །རྟེན་འབྲེལ་འབྱུང་བའི་ཆོས་རྣམས་རྟོགས་པར་གྱུར། །ལྕེས་ཀྱང་ཉན་ཐོས་ས་མང་རྒྱ་མཚོ་ཐོབ། །དེས་ནི་ཞི་བའི་བདེ་བ་ཐོབ་པར་གྱུར། །ལུས་ཀྱིས་ས་མང་རྒྱ་མཚོ་ཐོབ་པས་ན། །བསྒྲུབ་པ་སྣ་ཚོགས་རབ་ཏུ་བསྒྲུབ་པར་བགྱི། །ཡིད་
ཀྱིས་དུས་གསུམ་ཆོས་མང་རྒྱ་མཚོ་རྣམས། །འཚལ་བར་གྱུར་པས་གཞན་ལ་བསྟན་པར་བགྱི། །དེ་བཞིན་གཤེགས་པ་རྨད་ག་ཅད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅོ་ལྔ་པ། བཅོམ་ལྡན་འདས་ཐོག་
མ་མངོན་པར་སངས་རྒྱས་པ་མ་ག་དྷའི་ཆོས་ཀྱི་དགོན་པའི་སྙིང་པོ་བྱང་ཆུབ་ན་བཞུགས་ཏེ། བློ་ཤིན་ཏུ་རྣམ་པར་དག་པ། །མྱི་གཉིས་པས་ཡང་དག་པར་སྤྱོད་པ། ཆོས་མཚན་ཉིད་མྱེད་པ་ལ་ཤིན་ཏུ་གཞོལ་བ། སངས་རྒྱས་ཀྱི་རྣམ་པར་སྤྱོད་པས་སངས་རྒྱས་ཐམས་ཅད་དང་།
མཉམ་པ་ཉིད་བརྙེས་པ། སྒྲིབ་པ་མྱེད་པས་རྟོགས་པར་ཐུགས་སུ་ཆུད་པ། ཕྱིར་མྱི་ལྡོག་པའི་ཆོས་ཅན་སྤྱོད་ཡུལ་འཕྲོགས་པ་མྱེད་པ། རྣམ་པར་དགོད་པ་བསམ་གྱིས་མྱི་ཁྱབ་པ། དུས་གསུམ་མཉམ་པ་ཉིད་ལ་ཤིན་ཏུ་བྱུང་བ། ཕོ་བྲང་ཀུན་ཏུ་འོད་ན་སེང་གེའི་ཁྲི་པདྨོའི་
སྙིང་པོ་ཅན་ལ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀུན་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་འཇིག་རྟེན་གྱི་ཁམས་གཞན་དང་གཞན་ནས་འདུས་པ། སེམས་ཅན་གྱི་ཁམས་ལ་དཔྱོད་པ་ཆོས་ཀྱི་དབྱིངས་ལ་དཔྱོད་པ། འཇིག་
རྟེན་གྱི་ཁམས་ལ་དཔྱོད་པ། མྱ་ངན་ལས་འདས་པའི་དབྱིངས་ལ་དཔྱོད་པ། ལས་ཀྱི་རྣམ་པར་སྨིན་པ་ལ་དཔྱོད་པ། བསམ་པའི་རྒྱུད་ལ་དཔྱོད་པ། དོན་དང་ཡི་གེ་ལ་དཔྱོད་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ལ་དཔྱོད་པ། འདུས་བྱས་དང་།

འདུས་མ་བྱས་པ་ལ་དཔྱོད་པ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ལ་དཔྱོད་པ་ཤ་སྟག་དང་ཐབས་གཅིག་གོ །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཐུགས་བརྩེ་
བར་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་བསྟན་ཀྱང་རུང་། སངས་རྒྱས་ཀྱི་སྤྱོད་པ་ཡོངས་སུ་བསྟན་ཀྱང་རུང་། སངས་རྒྱས་ཀྱི་ཞིང་གི་རྒྱན་ཡོངས་སུ་བསྟན་ཀྱང་རུང་། སངས་རྒྱས་ཀྱི་ཆོས་ཉིད་
ཡོངས་སུ་བསྟན་ཀྱང་རུང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བསྟན་ཀྱང་རུང་། སངས་རྒྱས་ཀྱི་ཆོས་བཤད་པ་ཡོངས་སུ་བསྟན་ཀྱང་རུང་། སངས་རྒྱས་ཀྱི་ཞིང་གི་རང་བཞིན་ཡོངས་སུ་བསྟན་ཀྱང་རུང་། སངས་རྒྱས་ཀྱི་མཐུ་ཡོངས་སུ་བསྟན་ཀྱང་རུང་།
སངས་རྒྱས་ཀྱི་ཞིང་གི་རྒྱན་ཡོངས་སུ་བསྟན་ཀྱང་རུང་། སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་བསྟན་ཀྱང་རུང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་བཅུ་ཇི་ལྟར་རྣམ་པར་དགོད་པ་དེ་དག་
ཡོངས་སུ་བསྟན་ཀྱང་རུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བཅུ་ཡོངས་སུ་བསྟན་ཀྱང་རུང་། བྱང་ཆུབ་སེམས་དཔའི་ཚད་མྱེད་པ་བཅུ་ཡོངས་སུ་བསྟན་ཀྱང་རུང་། བྱང་ཆུབ་སེམས་དཔའི་གཏེར་རྣམས་ཡོངས་སུ་བསྟན་ཀྱང་རུང་། བྱང་ཆུབ་སེམས་དཔའི་ས་རྣམས་
ཡོངས་སུ་བསྟན་ཀྱང་རུང་། བྱང་ཆུབ་སེམས་དཔའི་སྨོན་ལམ་རྣམས་ཡོངས་སུ་བསྟན་ཀྱང་རུང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བཅུ་རྣམས་ཡོངས་སུ་བསྟན་ཀྱང་རུང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་བཅུ་ཡོངས་སུ་བསྟན་ཀྱང་རུང་། བྱང་
ཆུབ་སེམས་དཔའི་མགོ་བཅུ་ཡོངས་སུ་བསྟན་ཀྱང་རུང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་འབྱུང་བའི་ཕྱིར། དེ་བཞིན་གཤེགས་པའི་གདུང་མྱི་གཅད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཉེ་

བར་ཉོན་མོངས་པ་མེད་པར་བྱ་བ་དང་། འདུ་བྱེད་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བ་དང་། ཆོས་ཐམས་ཅད་ཡང་དག་པར་བསྟན་པར་བྱ་བ་དང་། ཀུན་ནས་ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པར་བྱ་བ་དང་། ཐེ་ཙོམ་ཐམས་ཅད་ཡོངས་སུ་གཅད་པ་དང་། ནེམ་
ནུར་ཐམས་ཅད་ཤིན་ཏུ་བསྩལ་བ་དང་། གནས་ཐམས་ཅད་རབ་ཏུ་གཞོམ་པར་བྱ་བའི་ཕྱིར། གོང་དུ་དེ་བཞིན་གཤེགས་པའི་ས་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་ཡུལ་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་
བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་སྟོབས་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་མྱི་བསྙེངས་པ་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་བསྟན་ཀྱང་རུང་།
གོང་དུ་དེ་བཞིན་གཤེགས་པའི་མངའ་ཆེན་པོ་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་མྱི་འཕྲོགས་པ་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་སྤྱན་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་སྙན་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་
པའི་ཤངས་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་ལྗགས་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་སྐུ་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་ཐུགས་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་སྤོབས་པ་བསྟན་ཀྱང་རུང་།
གོང་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་བསྟན་ཀྱང་རུང་། གོང་དུ་དེ་བཞིན་གཤེགས་པའི་ཁྱུ་མཆོག་གི་མཐུ་བསྟན་ཀྱང་རུང་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་ཡོངས་སུ་རྣམ་པར་རྟོག་པར་ཐུགས་ཀྱིས་ཐུགས་སུ་ཆུད་
ནས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དོ། །རྫུ་འཕྲུལ་གྱི་རྣམ་པ་དེ་དག་མངོན་པར་འདུ་མཛད་པས། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་གྱི།

འཇིག་རྟེན་གྱི་ཁམས་གསེར་གྱི་མདོག་ཅེས་བྱ་བ་དེ་བཞིན་གཤེགས་པ་རིག་བྱེད་མི་གཡོ་བའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་
དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས། །བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཤར་ཕྱོགས་སུ་བརྟེན་ནས་སེང་གེའི་ཁྲི་པད་མོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ཏེ། སྐྱིལ་མོ་ཀྲུང་བཅས་ནས་འཁོད་དོ། །ལྷོ་ཕྱོགས་ལོགས་
སུ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་འཇིག་རྟེན་གྱི་ཁམས་ཁ་དོག་ཡིད་དུ་འོང་བ་ཞེས་བྱ་བ་དེ་བཞིན་གཤེགས་པ་རིག་བྱེད་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་ནས། བྱང་ཆུབ་སེམས་དཔའ་སངས་རྒྱས་དཔལ་བྱང་ཆུབ་
སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ལྷོ་ཕྱོགས་སུ་བརྟེན་ནས་སེང་གེའི་ཁྲི་པད་མོའི་སྙིང་པོ་ཅན་དག་མངོན་པར་
སྤྲུལ་ཏེ་སྐྱིལ་མོ་ཀྲུང་བཅས་ནས་འཁོད་དོ། །ནུབ་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་གྱི་འཇིག་རྟེན་གྱི་ཁམས་པད་མོའི་མདོག་ཅེས་བྱ་བ་དེ་བཞིན་གཤེགས་པ་རིག་བྱེད་བཅིངས་མྱེད་ཀྱི་
སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་ནོར་དཔལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ནུབ་ཕྱོགས་སུ་བརྟེན་ནས་སེང་གེའི་
ཁྲི་པད་མོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ཏེ། སྐྱིལ་མོ་ཀྲུང་བཅས་ནས་འཁོད་དོ། །བྱང་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི། འཇིག་རྟེན་གྱི་ཁམས་ཙམ་པ་ཀའི་མདོག་

ཅེས་བྱ་བ། དེ་བཞིན་གཤེགས་པ་རིག་བྱེད་ཀུན་སྤྱོད་ཀྱི་སངས་རྒྱས་ཀྱི་ཞིང་ནས། བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་དོང་
སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། བྱང་ཕྱོགས་སུ་བརྟེན་ནས་སེང་གེའི་ཁྲི་པད་མོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ཏེ་སྐྱིལ་མོ་ཀྲུང་བཅས་ནས་འཁོད་དོ། །བྱང་ཤར་གྱི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་
བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་གྱི་འཇིག་རྟེན་གྱི་ཁམས་ཨུཏ་པ་ལའི་མདོག་ཅེས་བྱ་བ་དེ་བཞིན་གཤེགས་པ་རིག་བྱེད་ཉི་མའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་ཡོན་ཏན་དཔལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་
དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། བྱང་ཤར་གྱི་ཕྱོགས་མཚམས་སུ་བརྟེན་ནས་སེང་གེའི་ཁྲི་པད་མོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ཏེ་སྐྱིལ་མོ་ཀྲུང་བཅས་ནས་འཁོད་དོ། །ཤར་ལྷོའི་ཕྱོགས་
མཚམས་སུ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་གྱི་འཇིག་རྟེན་གྱི་ཁམས་གསེར་གྱི་མདོག་ཅེས་བྱ་བ་དེ་བཞིན་གཤེགས་པ་རིག་བྱེད་མཐའ་རྒལ་གྱི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་མིག་གི་དཔལ་བྱང་ཆུབ་
སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཤར་ལྷོའི་ཕྱོགས་མཚམས་སུ་བརྟེན་ནས་སེང་གེའི་ཁྲི་པད་མོའི་སྙིང་པོ་ཅན་དག་མངོན་པར་
སྤྲུལ་ཏེ། སྐྱིལ་མོ་ཀྲུང་བཅས་ནས་འཁོད་དོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་མདོག་ཅེས་བྱ་བ་དེ་བཞིན་གཤེགས་པ་རིག་བྱེད་དམ་པའི་

སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་དཔལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་
འདས་ལ་ཕྱག་འཚལ་ཏེ། ལྷོ་ནུབ་ཀྱི་ཕྱོགས་མཚམས་སུ་བརྟེན་ནས་སེང་གེའི་ཁྲི་པད་མོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ཏེ། སྐྱིལ་མོ་ཀྲུང་བཅས་ནས་འཁོད་དོ། །ནུབ་བྱང་གི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་
ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་གྱི་འཇིག་རྟེན་གྱི་ཁམས་རྡོ་རྗེའི་མདོག་ཅེས་བྱ་བ། དེ་བཞིན་གཤེགས་པ། རིག་བྱེད་དབང་ཕྱུག་གི་སངས་རྒྱས་ཀྱི་ཞིང་ནས། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དཔལ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་
ཕྲ་བ་སྙེད་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ནུབ་བྱང་གི་ཕྱོགས་མཚམས་སུ་བརྟེན་ནས། སེང་གེའི་ཁྲི་པད་མོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ཏེ་སྐྱིལ་མོ་ཀྲུང་བཅས་ནས་འཁོད་དོ།
འོག་གི་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་འཇིག་རྟེན་གྱི་ཁམས་ཤེལ་གྱི་མདོག་ཅེས་བྱ་བ་དེ་བཞིན་གཤེགས་པ་རིག་བྱེད་ཚངས་པའི་དབང་པོའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་
བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། འོག་གི་ཕྱོགས་སུ་བརྟེན་ནས་སེང་གེའི་ཁྲི་པད་མོའི་སྙིང་པོ་ཅན་དག་མངོན་
པར་སྤྲུལ་ཏེ། སྐྱིལ་མོ་ཀྲུང་བཅས་ནས་འཁོད་དོ། །སྟེང་གི་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་འཇིག་རྟེན་གྱི་ཁམས་འདྲ་བའི་མདོག་ཅེས་བྱ་བ་དེ་བཞིན་གཤེགས་པ་རིག་བྱེད་སྣ་ཚོགས་ཀྱི་

སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་བཟང་པོའི་དཔལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། སྟེང་གི་ཕྱོགས་སུ་བརྟེན་
ནས་སེང་གེའི་ཁྲི་པད་མོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ཏེ། སྐྱིལ་མོ་ཀྲུང་བཅས་ནས་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་ལ་བལྟས་ཏེ་འདི་སྐད་
ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་འདུས་པ་འདི་དག་ནི་ངོ་མཚར་ཐོབ་པ་ཤ་སྟག་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ནི་བསམ་གྱིས་མྱི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རྣམ་པར་སྤྱོད་པ་ནི་བསམ་
གྱིས་མྱི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་རྒྱན་ནི་བསམ་གྱིས་མྱི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཉིད་ནི་བསམ་གྱིས་མྱི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་
ཀྱི་ཞིང་ཡོངས་སུ་དག་པ་ནི་བསམ་གྱིས་མྱི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་བསྟན་པ་ནི་བསམ་གྱིས་མྱི་ཁྱབ་བོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་འབྱུང་བ་ནི་བསམ་གྱིས་མྱི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་
རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཀུན་ཏུ་རྒྱུ་བ་ནི་བསམ་གྱིས་མྱི་ཁྱབ་པོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བསམ་གྱིས་མྱི་ཁྱབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱོགས་
བཅུའི་འཇིག་རྟེན་གྱི་ཁམས་དག་ཏུ་སེམས་ཅན་འདུལ་བ་རྣམས་ཀྱི་བསམ་པ་ཐུགས་སུ་ཆུད་ཅིང་། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་དག་ཏུ་ཆོས་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་མྱི་

མཇེད་འདི་ཉིད་དང་། དེ་མ་ཡིན་པའི་གླིང་བཞི་པ་གཞན་དག་ནའང་སྐུ་གཞན་དང་གཞན་མཚན་གཞན་དང་གཞན། ཁ་དོག་དང་དབྱིབས་གཞན་དང་གཞན། ཆུ་ཞེང་གཞན་དང་གཞན། སྐུ་ཚེའི་ཚད་གཞན་དང་གཞན། སྐྱེ་མཆེད་
བརྙེས་པ་གཞན་དང་གཞན། དབང་པོ་བརྙེས་པ་གཞན་དང་གཞན། འབྱུང་བའི་སྐྱེ་མཆེད་གཞན་དང་གཞན། སྐུ་གཟུགས་གཞན་དང་གཞན་དུ་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་རབ་ཏུ་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་
གྱི་ཁམས་གླིང་བཞི་པ་བཅོམ་པ་དང་ལྡན་པ་ཞེས་བྱ་བ་འདི་ཉིད་ན་ཡང་དེ་བཞིན་གཤེགས་པ་ལ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཟླ་བའི་དཀྱིལ་འཁོར་ཞེས་བྱ་བར་རབ་ཏུ་ཤེས་སོ། །སེང་གེའི་ང་རོ་ཅན་ཞེས་བྱ་བར་རབ་ཏུ་ཤེས་སོ། ཤཱཀྱ་ཐུབ་པ་ཞེས་
བྱ་བར་རབ་ཏུ་ཤེས་སོ། །དྲང་སྲོང་དམ་པའི་མཆོག་ཅེས་བྱ་བར་རབ་ཏུ་ཤེས་སོ། །རྣམ་པར་སྣང་མཛད་ཅེས་བྱ་བར་རབ་ཏུ་ཤེས་སོ། །གོའུ་ཏ་མའི་རིགས་ཞེས་བྱ་བར་རབ་ཏུ་ཤེས་སོ། །དགེ་སྦྱོང་ཆེན་པོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རྒྱལ་བ་དམ་པ་ཞེས་བྱ་བར་རབ་ཏུ་
ཤེས་སོ། །མུ་སྟེགས་བྱེད་ཅེས་བྱ་བར་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་གླིང་བཞི་པ་བཅོམ་པ་དང་ལྡན་པ་ན་མཚན་སྟོང་ཕྲག་བཅུར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་
སྲས་དག་གླིང་བཞི་པ་འདི་དང་། འདབ་ཆགས་སུ་ཤར་ཕྱོགས་ལོགས་ན་གླིང་བཞི་པ་ཤིན་ཏུ་བསྲུངས་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལ་རྡོ་རྗེ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབང་ཕྱུག་ཅེས་བྱ་བར་རབ་ཏུ་ཤེས་སོ། །བློ་གྲོས་མངའ་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །
ཐུབ་པར་དཀའ་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །སྤྲིན་གྱི་རྒྱལ་པོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཉོན་མོངས་པ་མེད་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །སྐྱབས་མཛད་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཐུགས་དགྱེས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །མཚུངས་པ་མྱེད་པ་

ཞེས་བྱ་བར་རབ་ཏུ་ཤེས་སོ། །ཚིག་གཅོད་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་དེ་དག་ལ་སོགས་པ་གླིང་བཞི་པ་ཤིན་ཏུ་བསྲུངས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་ལ་མཚན་སྟོང་ཕྲག་བཅུར་སེམས་ཅན་རྣམས་ཀྱིས་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་
སྲས་དག་གླིང་བཞི་པ་འདི་དང་འདབ་ཆགས་སུ་ལྷོ་ཕྱོགས་ལོགས་ན་གླིང་བཞི་པ་བཟོད་པར་དཀའ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལ་དབང་པོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ནོར་གྲགས་ཞེས་བྱ་བར་རབ་ཏུ་ཤེས་སོ། །དྲི་མ་མེད་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །
ཡང་དག་པར་གསུང་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །འདུལ་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དགྱེས་པ་མངའ་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རྣམ་པར་གྲགས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དོན་མཛད་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །མཐའ་
ཡས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དཔལ་དང་ལྡན་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་དེ་དག་ལ་སོགས་པ་གླིང་བཞི་པ་བཟོད་པར་དཀའ་བ་ན་མཚན་སྟོང་ཕྲག་བཅུར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་
རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་གླིང་བཞི་པ་འདི་དང་། འདབ་ཆགས་སུ་ནུབ་ཕྱོགས་ལོགས་ན་གླིང་བཞི་པ་གཉེན་དང་ལྡན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལ་ཆུའི་ལྷ་ཞེས་བྱ་བར་རབ་ཏུ་ཤེས་སོ། །བལྟ་ན་དགའ་བ་ཞེས་བྱ་བར་རབ་ཏུ་ཤེས་སོ།
རྒྱལ་པོ་དམ་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །སེང་གེ་འདུལ་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །བདེན་པའི་བློ་གྲོས་ཞེས་བྱ་བར་རབ་ཏུ་ཤེས་སོ། །མཐའ་ལས་འདས་པར་གཤེགས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དགྱེས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཆོས་
ཀྱི་བློ་གྲོས་ཞེས་བྱ་བར་རབ་ཏུ་ཤེས་སོ། །འཕྲིན་ལས་གྲུབ་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །མཁས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་དེ་དག་ལས་སོགས་པ་གླིང་བཞི་པ། གཉེན་དང་ལྡན་པ་ཞེས་བྱ་བ་དེ་ན་མཚན་སྟོང་ཕྲག་བཅུར་དེ་

བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་གླིང་བཞི་པ་འདི་དང་འདབ་ཆགས་སུ་བྱང་ཕྱོགས་ལོགས་ན་གླིང་བཞི་པ་སེང་གེ་ཡོད་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལ་ཐུབ་པ་ཆེན་
པོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དཀའ་ཐུབ་ཀྱིས་བསྒྲུབས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཞིང་ལ་དཔའ་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཐམས་ཅད་ཐུགས་སུ་ཆུད་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཡིད་བཟང་པོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཡོངས་སུ་
དག་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཤུགས་འཛིན་ཅེས་བྱ་བར་རབ་ཏུ་ཤེས་སོ། །ལྡ་ལྡི་བཟང་པོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །བརྟུལ་ཞུགས་བརྙེས་པ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཀྱེ་རྒྱལ་བའི་སྲས་དག་དེ་དག་ལ་སོགས་པ་གླིང་བཞི་པ་སེང་གེ་ཡོད་པ་
ན་མཚན་སྟོང་ཕྲག་བཅུར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་གླིང་བཞི་པ་འདི་དང་འདབ་ཆགས་སུ་བྱང་ཤར་གྱི་ཕྱོགས་མཚམས་ན་གླིང་བཞི་པ་རྣམ་པར་བསྩགས་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་
གཤེགས་པ་ལ་བདུད་རྣམ་པར་འཇོམས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཡང་དག་པར་འབྱུང་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཞི་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །བཟང་པོའི་ལྷ་ཞེས་བྱ་བར་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བར་རབ་ཏུ་
ཤེས་སོ། །བློ་གྲོས་མཆོག་ཅེས་བྱ་བར་རབ་ཏུ་ཤེས་སོ། །ཐུགས་མཉམ་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །གཞན་གྱིས་མི་ཐུབ་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །བློ་གྲོས་ཀྱི་དབྱངས་ཞེས་བྱ་བར་རབ་ཏུ་ཤེས་སོ། །རིང་དུ་བཞུད་པ་ཞེས་བྱ་བར་རབ་
ཏུ་ཤེས་ཏེ། །ཀྱེ་རྒྱལ་བའི་སྲས་དག་དེ་དག་ལ་སོགས་པ་གླིང་བཞི་པ་རྣམ་པར་བསྩགས་པ་ཞེས་བྱ་བ་ན་མཚན་སྟོང་ཕྲག་བཅུར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་གླིང་བཞི་པ་འདི་དང་འདབ་ཆགས་སུ། ཤར་

ལྷོའི་ཕྱོགས་མཚམས་ན་གླིང་བཞི་པ་དགའ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལ་འཇིགས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །མྱེའི་ཕུང་པོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཐུགས་སུ་ཆུད་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཁྱབ་པ་དང་ལྡན་པ་ཞེས་
བྱ་བར་རབ་ཏུ་ཤེས་སོ། །མྱི་ལྡན་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རང་བཞིན་འཛིན་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རིགས་པར་སྤྱོད་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །མྱིག་གི་རྒྱལ་པོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཤིན་ཏུ་འཕགས་པ་ཞེས་བྱ་བར་རབ་
ཏུ་ཤེས་སོ། །སྟོབས་ཀྱི་བརྩོན་འགྲུས་ཞེས་བྱ་བར་རབ་ཏུ་ཤེས་ཏེ། །ཀྱེ་རྒྱལ་བའི་སྲས་དག །དེ་དག་ལ་སོགས་པ་གླིང་བཞི་པ་དགའ་བ་ན། མཚན་སྟོང་ཕྲག་བཅུར། དེ་བཞིན་གཤེགས་པ་སེམས་ཅན་རྣམས་
ཀྱིས་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་གླིང་བཞི་པ་འདི་དང་འདབ་ཆགས་སུ་ལྷོ་ནུབ་ཀྱི་ཕྱོགས་མཚམས་ན་གླིང་བཞི་པ་སྙིང་པོ་དམ་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལ་མྱི་གཡོ་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །མཁས་པའི་རྒྱལ་པོ་
ཞེས་བྱ་བར་རབ་ཏུ་ཤེས་སོ། །ཡོངས་སུ་རྒྱས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །མྱི་སྐྱོད་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །མཛེས་པའི་སྤྱན་ཅན་ཞེས་བྱ་བར་རབ་ཏུ་ཤེས་སོ། །རྒྱལ་བའི་མཆོག་ཅེས་བྱ་བར་རབ་ཏུ་ཤེས་སོ། །དབྱངས་ཀྱི་དབང་ཕྱུག་ཅེས་བྱ་བར་རབ་
ཏུ་ཤེས་སོ། །ཐམས་ཅད་གཏོང་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དྲང་སྲོང་འཛིན་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རི་རབ་དཔལ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཀྱེ་རྒྱལ་བའི་སྲས་དག་གླིང་བཞི་པ་སྙིང་པོ་དམ་པ་ན་མཚན་སྟོང་ཕྲག་བཅུར་དེ་བཞིན་གཤེགས་པ་
སེམས་ཅན་རྣམས་ཀྱིས་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་གླིང་བཞི་པ་འདི་དང་འདབ་ཆགས་སུ་ནུབ་བྱང་གི་ཕྱོགས་མཚམས་ན་གླིང་བཞི་པ་ས་བཟང་པོ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལ་ཡང་དག་པའི་མཐའ་ཞེས་བྱ་བར་རབ་ཏུ་ཤེས་སོ།

འོད་འཕྲོ་བ་དང་ལྡན་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རིན་པོ་ཆེའི་གཙུག་ཕུད་ཅེས་བྱ་བར་རབ་ཏུ་ཤེས་སོ། །དྲན་པར་བྱ་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དོན་གྱི་མཆོག་ཅེས་བྱ་བར་རབ་ཏུ་ཤེས་སོ། །ཤིན་ཏུ་བཞད་པ་ཞེས་བྱ་བར་རབ་ཏུ་ཤེས་
སོ། །རིགས་གཙང་མ་ཞེས་བྱ་བར་རབ་ཏུ་ཤེས་སོ། །འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཕྱག་ཤིན་ཏུ་འཕྱང་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཐོག་མར་རབ་ཏུ་གནས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་དེ་དག་ལ་སོགས་པ་
གླིང་བཞི་པ་ས་བཟང་པོ་ན་མཚན་སྟོང་ཕྲག་བཅུར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་གླིང་བཞི་པ་འདི་དང་འདབ་ཆགས་སུ་འོག་ལོགས་ན་གླིང་བཞི་པ་འོད་འཕྲོ་བ་དང་ལྡན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་
པ་ལ་ཤིན་ཏུ་གྲུབ་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །སེང་གེའི་ཁ་དོག་ཅེས་བྱ་བར་རབ་ཏུ་ཤེས་སོ། །རྣོ་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །གསེར་གྱི་འོད་འཕྲོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཐམས་ཅད་ཀྱི་བཤེས་གཉེན་ཞེས་བྱ་བར་རབ་ཏུ་ཤེས་སོ། །གསུང་
མཐར་ཐུག་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཕན་པ་མཛད་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །མཐར་ཐུག་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ལྷ་མ་ནོར་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །སྦྱིན་པ་སྙོམས་པ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཀྱེ་རྒྱལ་བའི་སྲས་དག་དེ་དག་ལ་
སོགས་པ་གླིང་བཞི་པ་འོད་འཕྲོ་བ་དང་ལྡན་པ་ན་མཚན་བརྒྱ་སྟོང་ཕྲག་བཅུར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་གླིང་བཞི་པ་འདི་དང་འདབ་ཆགས་སུ་སྟེང་ལོགས་ན་གླིང་བཞི་པ་ནོར་འཛིན་ཅེས་བྱ་
བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལ་བློ་གྲོས་དང་ལྡན་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཞལ་དག་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །བཤེས་གཉེན་དང་ལྡན་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཐོག་མར་གཤེགས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །

བྱིན་རྣམ་པར་བཀོད་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དགའ་བར་མཛད་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དགོངས་པ་གྲུབ་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །མྱེ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །གཅིག་ལ་བརྟེན་པ་
ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཀྱེ་རྒྱལ་བའི་སྲས་དག །དེ་དག་ལས་སོགས་པ་གླིང་བཞི་པ་ནོར་འཛིན་ན་མཚན་སྟོང་ཕྲག་བཅུར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་མི་མཇེད་
འདི་ན་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཡོད་དེ། །དེ་དག་ཀུན་ན་ཡང་དེ་བཞིན་གཤེགས་པ་ལ་མཚན་གཞན་དང་གཞན་གྱིས་བརྗོད་དེ་མཚན་བྱེ་བ་བརྒྱ་སྟོང་ཕྲག་བཅུར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་
དག་འཇིག་རྟེན་གྱི་ཁམས་མྱི་མཇེད་འདི་དང་འདབ་ཆགས་སུ་ཤར་ཕྱོགས་ལོགས་ན་འཇིག་རྟེན་གྱི་ཁམས་ཁེབས་པ་དང་ལྡན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལ་མཉམ་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །འཕགས་པར་ལྷག་པ་ཞེས་བྱ་བར་རབ་
ཏུ་ཤེས་སོ། །དབུགས་ཕྱིན་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །བསམ་པ་གྲོལ་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཉན་པའི་བདག་པོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཁྱབ་པར་བཞུགས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབང་དུ་གྱུར་པ་ཞེས་བྱ་བར་རབ་ཏུ་ཤེས་སོ།
སཱ་ལའི་ལྷུན་ཞེས་བྱ་བར་རབ་ཏུ་ཤེས་སོ། །རྩལ་ཆེན་པོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །བློ་འདྲ་བ་མེད་པ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། །ཀྱེ་རྒྱལ་བའི་སྲས་དག་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཁེབས་པ་དང་ལྡན་པ་ན་མཚན་བྱེ་བ་བརྒྱ་སྟོང་ཕྲག་བཅུར་དེ་
བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་འདི་དང་འདབ་ཆགས་སུ་ལྷོ་ཕྱོགས་ལོགས་ན་འཇིག་རྟེན་གྱི་ཁམས་ལྷག་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལ་རང་བཞིན་ཐུགས་སུ་

ཆུད་ཅེས་བྱ་བར་རབ་ཏུ་ཤེས་སོ། །བསམ་པ་གྲོལ་བ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཀྱེ་རྒྱལ་བའི་སྲས་དག་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ལྷག་པ་ན་མཚན་བརྒྱ་སྟོང་ཕྲག་བཅུར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་རབ་ཏུ་
ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་འདི་དང་འདབ་ཆགས་སུ་ནུབ་ཕྱོགས་ལོགས་ན་འཇིག་རྟེན་གྱི་ཁམས་རྡུལ་བསྩལ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལ་དགོངས་པ་དང་ལྡན་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ལམ་རྣམ་པར་བསྒོམས་པ་
ཞེས་བྱ་བར་རབ་ཏུ་ཤེས་སོ། །བརྟེན་པའི་གཞི་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཁྱབ་ཅིང་གྲོལ་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དོན་མཁྱེན་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །བྱེ་བྲག་ལ་དགྱེས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །གཟིགས་པ་དམ་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །
འདུལ་བ་ཐུགས་སུ་ཆུད་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཀུན་ཏུ་སྙོམས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དགྱེས་པ་དང་ལྡན་པ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། །ཀྱེ་རྒྱལ་བའི་སྲས་དག་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་རྡུལ་བསྩལ་བ་ན། མཚན་བྱེ་བ་བརྒྱ་
སྟོང་ཕྲག་བཅུར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་མྱི་མཇེད་འདི་དང་འདབ་ཆགས་སུ་བྱང་ཕྱོགས་ལོགས་ན་འཇིག་རྟེན་གྱི་ཁམས་རྣམ་པར་བྱུང་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་
གཤེགས་པ་ལ་ཙམ་པ་ཀའི་ཁ་དོག་ཅེས་བྱ་བར་རབ་ཏུ་ཤེས་སོ། །ཉི་མའི་སྙིང་པོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །མཐུ་ཤིན་ཏུ་གནས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །བྱིན་གྱི་རླབས་ཡང་དག་པར་འབྱུང་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རང་བཞིན་དམ་པ་
ཞེས་བྱ་བར་རབ་ཏུ་ཤེས་སོ། །བློ་གྲོས་ཀྱི་ཉི་མ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཐོགས་པ་མེད་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཟླ་བ་ཤར་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རླུང་གི་ཤུགས་ཞེས་བྱ་བར་རབ་ཏུ་ཤེས་སོ། །སྒྲ་ཤིན་ཏུ་གསལ་བ་

ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཀྱེ་རྒྱལ་བའི་སྲས་དག་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་རྣམ་པར་བྱུང་བ་ན་མཚན་བྱེ་བ་བརྒྱ་སྟོང་ཕྲག་བཅུར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་
མྱི་མཇེད་འདི་དང་འདབ་ཆགས་སུ་བྱང་ཤར་གྱི་ཕྱོགས་མཚམས་ལོགས་ན་འཇིག་རྟེན་གྱི་ཁམས་འཕོ་བར་བྱེད་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལ་སྡུག་བསྔལ་དང་བྲལ་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཐམས་ཅད་ལས་གྲོལ་བ་
ཞེས་བྱ་བར་རབ་ཏུ་ཤེས་སོ། །རྒྱུ་དང་ལྡན་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །གྲོལ་ཞིང་མཁས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །འདས་པའི་གཏེར་ཞེས་བྱ་བར་རབ་ཏུ་ཤེས་སོ། །རིན་པོ་ཆེའི་འོད་ཅེས་བྱ་བར་རབ་ཏུ་ཤེས་སོ། །འཇིག་
རྟེན་སྟོན་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །གནས་མེད་པའི་ས་ཐུགས་སུ་ཆུད་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དང་བའི་སྙིང་པོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཐུགས་མྱི་སྒུལ་བ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཀྱེ་རྒྱལ་བའི་སྲས་དག་དེ་དག་
ལ་སོགས་པ་འཇིག་རྟེན་གྱི་ཁམས་འཕོ་བར་བྱེད་པ་ན་མཚན་བྱེ་བ་བརྒྱ་སྟོང་ཕྲག་བཅུར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདི་དང་འདབ་ཆགས་སུ་ཤར་ལྷོའི་ཕྱོགས་མཚམས་
ན་འཇིག་རྟེན་གྱི་ཁམས་ཕན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལ་རབ་ཏུ་འཇོམས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །བྱང་བ་ཐུགས་སུ་ཆུད་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །གསུང་སྙན་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རྩ་བ་ཁྱད་དུ་
འཕགས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རྒྱུན་གྱི་གདུགས་ཞེས་བྱ་བར་རབ་ཏུ་ཤེས་སོ། །རྒྱུ་ཤིན་ཏུ་སྦྱངས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རྣམ་པར་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དམ་པའི་བསམ་གཏན་མངའ་བ་

ཞེས་བྱ་བར་རབ་ཏུ་ཤེས་སོ། །རན་པར་གསུང་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །བློ་རྒྱ་མཚོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཀྱེ་རྒྱལ་བའི་སྲས་དག་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཕན་པ་ན་མཚན་བྱེ་བ་བརྒྱ་སྟོང་ཕྲག་བཅུར་དེ་
བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་འདི་དང་འདབ་ཆགས་སུ་ལྷོ་ནུབ་ཀྱི་ཕྱོགས་མཚམས་ན་འཇིག་རྟེན་གྱི་ཁམས་ཀུན་ཏུ་སོང་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལ་ཐུབ་པའི་
དབང་པོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །མངོན་པར་སེལ་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དུས་ལས་ཤིན་ཏུ་གྲོལ་བ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ངོ་བོ་ཉིད་ཡོངས་སུ་མཁྱེན་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །བཀའ་ཉམས་པ་མེད་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །
བསྐལ་པ་མཉམ་པ་མེད་པར་གཟིགས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབང་ཕྱུག་གི་དམ་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དྲང་སྲོང་སྟོན་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །འཕྲིན་ལས་བརྩམས་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རྡོ་རྗ