Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 009_འདུལ་བ།_ཏ
Văn bản gốc(Tây Tạng)
Trang 20 / 20 (50.000 ký tự/trang)
་གྱི་ བསླབ་པ་བཅས་པའི་ཁྱིམ་གང་དག་ཡིན་པ་ནི་བསླབ་པའི་སྡོམ་པ་བཅས་པ་ཡིན་ཏེ། ཡང་དགེ་སློང་མ་གང་སློབ་པར་གྲགས་པའི་ཁྱིམ་བསླབ་པའི་སྡོམ་པ་བཅས་པ་དེ་ལྟ་བུ་དག་ཏུ་སྔར་མ་བོས་བཞིན་དུ་སོང་ནས། རང་གི་ལག་གིས་བཅའ་བ་དང་བཟའ་བ་བླངས་ཏེ་ འཆའ་འམ་ཟ་ན་དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས་ལ་འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ། ། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །སློབ་པར་གྲགས་པའི་ཁྱིམ་གང་དག་ཡིན་པ་ཞེས་བྱ་བ་ནི་བདེན་པ་མཐོང་བ་དག་གིའོ། །བསླབ་པའི་སྡོམ་པ་བཅས་པ་ཞེས་བྱ་བ་ནི་ གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །སྔར་མ་བོས་བཞིན་དུ་ཞེས་བྱ་བ་ནི་མགྲོན་དུ་མ་གཉེར་བར་རོ། །སོང་སྟེ་ཞེས་བྱ་བ་ནི་སོང་ནས་སོ། །རང་གི་ལག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་ བ་ལྔའོ། །བླངས་ཏེ་འཆའམ་ཟ་ན་ཞེས་བྱ་བ་ནི་ལྐོག་མར་ཁམ་གྱིས་མིད་པའོ། །དགེ་སློང་མ་དེས་ཞེས་བྱ་བ་ནི་གང་ཡིན་པའི་དགེ་སློང་མ་དེས་སོ། །དབྱར་ཁང་དུ་ཞེས་བྱ་བ་ནི་གཙུག་ལག་ཁང་དུའོ། །དགེ་སློང་མ་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་པ་དག་ལའོ། ། སོ་སོར་བཤགས་པར་བྱའོ་ཞེས་བྱ་བ་ནི་མཐོལ་བར་བྱ་བའོ། །འཕགས་མ་སྨད་པའི་གནས་ཞེས་བྱ་བ་ནི་དགེ་སློང་མས་དེ་བྱ་བ་མ་ཡིན་པའོ། །མི་རིགས་པ་ཞེས་བྱ་བ་ནི་ཆགས་པར་འགྱུར་བའོ། །སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་ བྱ་བ་ནི་ངེས་པར་མཐོལ་བའོ། །ཆོས་འདི་ནི་སོ་སོར་བཤགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་གདོན་མི་ཟ་བར་མཐོལ་བར་བྱ་བའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སློབ་པར་གྲགས་པའི་ཁྱིམ་བསླབ་པའི་སྡོམ་པ་བཅས་པ་དག་ཏུ་སྔར་ མ་བོར་བཞིན་དུ་ཞེས་བྱ་བ་ནས། འཆོས་སམ་ཟོས་ན་ཐམས་ཅད་དུ་སོ་སོར་བཤགས་པར་བྱ་བར་འགྱུར་རོ། །ཞེས་བྱ་བའི་བར་རོ། །གལ་ཏེ་ཐོག་མ་ཉིད་ནས་བོས་པའམ། བསླབ་པའི་སྡོམ་པ་བག་ཡངས་སུ་གནང་བ་བྱིན་པ་ལ་ནི་ལྟུང་བ་མེད་དོ། །སོ་སོར་བཤགས་པར་བྱ་བ་བཅུ་ གཅིག་པ་རྫོགས་སྷོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས་སོ་སོར་བཤགས་པར་བྱ་བ་རྣམས་རྫོགས་སྷོ།། །།ད་ནི་བསླབ་པ་རྣམས་སྨྲ་བར་བྱ་སྟེ། དེ་ལ་བསླབ་པ་རྣམས་ཀྱི་སྡོམ་གྱི་ཚིགས་སུ་བཅད་པ་འདི་ཡིན་ཏེ། སྡོམ་ལ། ཆོས་གོས་ལེགས་བགོ་མགོ་མི་གཡོག ། མཆོང་དང་ལུས་ནི་སྒྱུར་བ་དང་། །འདུག་པ་དང་ནི་རྐང་པ་དག །ཚོགས་སུ་ཡང་དག་བསྡུས་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་སྒྲ་ཅན་གྱི་དྲང་སྲོང་ཀུན་འཛི་ཀའི་འདུག་གནས་ན་བཞུགས་སོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ཤཱཀྱ་མོ་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་བགོས་ པ་ལྔ་བརྒྱ་ཙམ་དང་ལྷན་ཅིག་སྒྲ་ཅན་གང་ན་བ་དེར་རྒྱུ་ཞིང་དོང་སྟེ། རིམ་གྱིས་རྒྱུ་ཞིང་དོང་བ་ན་སྒྲ་ཅན་གྱི་དྲང་སྲོང་ཀུན་འཛི་ཀའི་འདུག་གནས་སུ་ལྷགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་བརྟེན་ནས་ཆོས་འདུལ་བ་འདི་ལ་དགེ་སློང་མ་རྣམས་རབ་ཏུ་འབྱུང་ བ་དང་བསྙེན་པར་རྫོགས་པར་རྗེས་སུ་གནང་བར་མཛད་པ་དེའི་ཚེ་དེ་དག་བདག་ཅག་གིས་ཇི་ལྟར་གོས་དག་བགོ་བར་བྱ་ཞེས་མ་ཤེས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་ཟླུམ་པོར་བགོ་བར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་གོས་དེ་ལྟར་བགོ་བར་བྱའོ་ཞེས་གསུངས་པ་དེའི་ཚེ། སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་ཏེ་རང་བཞིན་དུ་གནས་པའི་དགེ་སློང་མ་དེ་རྣམས་ ཀྱིས་ཆོས་གོས་དང་ཤམ་ཐབས་བགོས་སོ། །དེ་ནས་དུས་གཞན་ཞིག་ན་དགེ་སློང་མ་བཅུ་གཉིས་སྡེ་དག་ཤམ་ཐབས་ཧ་ཅང་རྩེངས་པར་གྱོན་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་ཅིའི་ཕྱིར་ཤམ་ཐབས་ཧ་ཅང་རྩེངས་པར་གྱོན། དེ་དག་ གིས་འདི་སྐད་ཅེས་ཁོ་མོ་ཅག་ཁྱིམ་པ་ན་འདི་ལྟར་གོམས་སོ་ཞེས་སྨྲས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གོས་དང་ཤམ་ཐབས་ཧ་ཅང་རྩེངས་པར་བགོ་བར་མི་བྱའོ། །དེ་བཞིན་དུ་ཤམ་ཐབས་ཧ་ཅང་འཇོལ་བར་བགོ་བར་མི་བྱའོ། །ཞེས་ དེ་ལྟར་བསླབ་པའི་གཞི་བཅའ་བར་མཛད་པ་དང་། དེ་དག་ཤམ་ཐབས་གྱོན་པ་ན་གློ་དག་ཏུ་ལྟེབས་པར་བྱེད་ནས་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་ཅིའི་ཕྱིར་ཤམ་ཐབས་གྱོན་པ་ན་གློ་དག་ཏུ་ལྟེབས་པར་བྱེད། དེ་དག་གིས་འདི་སྐད་ཅེས་སྨྲས་ སོ། །ཁྱིམ་པ་མོ་དག་འདི་ལྟར་གྱོན་ནོ། །དེ་དག་ལ་དགེ་སློང་མ་རྣམས་ཀྱིས་ཅི་ཁྱེད་ཅག་ཁྱིམ་པ་མོ་ཡིན་ནམ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤམ་ཐབས་ ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་། ཤམ་ཐབས་དང་ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་བཅུ་གཉིས་སྡེ་དག་ཆོས་གོས་གླང་པོ་ཆེའི་སྣ་ལྟར་གྱོན་པ་དང་། དེ་ དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་ཁྱེད་ཅིའི་ཕྱིར་ཆོས་གོས་གླང་པོ་ཆེའི་སྣ་ལྟར་གྱོན། དེ་དག་གིས་འདི་སྐད་ཅེས་ནོར་ཅན་དང་། ཚོང་དཔོན་དང་། དེད་དཔོན་དག་འདི་ལྟར་གྱོན་ནོ་ཞེས་སྨྲས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གོས་དང་ཤམ་ཐབས་གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་དང་། ཏ་ལའི་ལོ་མ་ལྟར་བལྟབ་པ་མ་ཡིན་པ་དང་། འབྲུའི་ཕུར་མ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་དགུ་པོ་ལྟར་མ་ཡིན་པར་བགོ་བར་བྱའོ།། །། གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་བཅུ་གཉིས་སྡེ་དག་ཕྲག་པ་ཕྱུང་ནས་ཁྱིམ་དག་ཏུ་འདོང་བ་ན་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་ཁྱེད་ཅག་ཅིའི་ཕྱིར་ཕྲག་པ་ཕྱུང་ཞིང་འདོང་། དེ་དག་གིས་འདི་སྐད་ཅེས་རེ་ཞིག་ གཡོན་ཅན་དག་གིས་མཐོང་ན་དེ་དག་གི་སྙིང་འགས་པར་འགྱུར་བར་བྱའོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་བསྡམས་པ་དང་། ལེགས་པར་བགོས་པས་ཁྱིམ་གྱི་ནང་དུ་འཇུག་པར་བྱའོ། །ཁྱིམ་དག་ཏུ་འཇུག་པ་ན་སྒྲ་མཐོན་ པོ་དང་། སྒྲ་ཆེན་པོས་འདོང་བ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅོམ་སྐྱུང་ཞིང་འཇུག་པར་བྱའོ། །དེ་ནས་ཕན་ཚུན་དུ་བལྟ་ཞིང་འདོང་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་མི་གཡེང་བར་ཁྱིམ་གྱི་ནང་དུ་འཇུག་པར་བྱའོ། ། དེ་དག་མདུན་དུ་མི་ལྟ་བར་འདོང་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་བསྡམས་པ་དང་། ལེགས་པར་བགོས་པ་དང་། གཅོམ་བསྐྱུངས་པ་དང་། མིག་མི་གཡེང་ཞིང་གཉའ་ཤིང་གང་ཙམ་དུ་ལྟ་བས་ཁྱིམ་གྱི་ནང་དུ་འཇུག་པ་དང་། འདུག་ པར་བསླབ་པར་བྱའོ། །དེ་ནས་བཅུ་གཉིས་སྡེ་དག་མགོ་གཡོགས་ནས་འདོང་བ་ན་དེ་དག་ལ་ཁྱེད་ཅག་ཅིའི་ཕྱིར་དེ་ལྟར་བྱེད་ཅིང་འདོང་ཞེས་དྲིས་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་ཅག་སྔོན་དྲ་མ་དག་གི་མནའ་མར་གྱུར་པ་ན་ཁྱིམ་དག་ན་འདི་ལྟར་བྱེད་དོ། ། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཅི་ཁྱེད་ད་དུང་ཡང་དྲ་མ་དག་གི་མནའ་མ་ཡིན་ནམ། དེ་དག་འདི་སྐད་ཅེས་མི་ཤེས་པ་གང་ཡིན་པ་དེ་སྤངས་པར་འགྱུར་ཞིང་། ཁྱེད་ཅག་ཀྱང་བསླབ་པ་ལ་བསླབ་པར་འགྱུར་རོ། །ཞེས་སྨྲས་པ་ན་བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། མགོ་གཡོགས་ཏེ་ཁྱིམ་གྱི་ནང་དུ་འདོང་བར་མི་བྱའོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་བརྒྱད་པ་སྟེ་ཐ་མའོ། །དེ་ནས་བཅུ་གཉིས་སྡེ་དག་ལག་པ་གཉིས་ཀྱིས་ཤིང་དཔུང་ཆད་བརྫེས་ནས་འདོང་བ་ན། དེ་རྣམས་ཀྱིས་ཁྱེད་ཅག་ཅིའི་ཕྱིར་དེ་ལྟར་བྱེད་ཅིང་འདོང་ཞེས་དྲིས་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །དྲ་མའི་མནའ་མ་དག་འདོང་ན་དེ་ལྟར་བྱེད་དོ། །དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཅི་ཁྱེད་ཅག་དྲ་མའི་མནའ་མ་ཡིན་ནམ། བཅུ་གཉིས་སྡེ་ དག་གིས་འདི་སྐད་ཅེས་མི་ཤེས་པ་གང་ཡིན་པ་དེ་སྤངས་པར་འགྱུར་ཞིང་། ཁྱེད་ཅག་ཀྱང་བསླབ་པ་ལ་བསླབ་པར་འགྱུར་རོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་བརྫེ་བར་ཁྱིམ་དེར་འཇུག་པར་བྱའོ། །དེ་ནས་བཅུ་གཉིས་སྡེ་དག་ཇི་ལྟར་ ཕྱུགས་རྫི་དག་འདོང་བ་བཞིན་དུ་ཆོས་གོས་དག་ཕྲག་པ་ལ་གཟར་ཏེ་འདོང་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་གཟར་བར་ཁྱིམ་གྱི་ནང་དུ་འཇུག་པར་བྱའོ། །དེ་ནས་བཅུ་གཉིས་སྡེ་དག་ཁྱེའུ་དག་བྱིས་པའི་གྲྭ་གང་དུ་འདི་ལྟར་འདོང་ངོ་ཞེས་ གཉའ་གོང་དུ་བསྣོལ་ཏེ་ཁྱིམ་གྱི་ནང་དུ་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉའ་གོང་དུ་མི་བསྣོལ་བར་ཁྱིམ་གྱི་ནང་དུ་འཇུག་པར་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་ཕྲག་པ་གཉིས་ལ་གཟར་ནས་ཁྱིམ་གྱི་ནང་དུ་ འདོང་བ་ནས། ཞེས་བྱ་བ་ནས། འདི་སྐད་ཅེས་གཡོག་དག་འགྲོ་བ་ལྟར་འདོང་ངོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མགོ་མི་གཡོག་པ་དང་། མི་བརྫེ་བ་དང་མི་གཟར་བ་དང་། གཉའ་གོང་དུ་མི་བསྣོལ་བ་དང་། ཕྲག་པ་ གཉིས་ལ་མི་གཟར་བར་ཁྱིམ་གྱི་ནང་དུ་འཇུག་པ་དང་། འདུག་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་གཡོན་ཅན་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་གད་རྒྱངས་དག་བྱེད་ཅིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་བཅོས་མ་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་འཕྲུམ་ཞིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་ རོ། །དེ་ནས་བཅུ་གཉིས་སྡེ་དག་རྐང་པའི་བྲང་བ་དྲས་པ་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་རྐང་པ་བྲང་བས་འཛུགས་ཤིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ། ། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་འབིགས་པ་དག་འདི་ལྟར་འདོང་ངོ་། །ཞེས་ཁྱིམ་གྱི་ནང་དུ་འཕྱེ་ཞིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་ནོར་ཅན་དང་། ཚོང་ དཔོན་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་དཀུར་བརྟེན་ཅིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་བགད་པ་དང་། མི་མཆོང་བ་དང་། བྲང་བས་མི་གཟུག་པ་དང་། མི་འཕྱེ་བ་དང་། དཀུར་མི་བརྟེན་པར་ཁྱིམ་གྱི་ ནང་དུ་འཇུག་པ་དང་། འདུག་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་གླང་པོ་ཆེ་དག་འདི་ལྟར་འགྲོའོ་ཞེས་ལུས་སྒྱུར་ཞིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་སྒྱུར་ཞིང་ཁྱིམ་གྱི་ནང་དུ་འཇུག་ པར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་ནོར་ཅན་དང་ཚོང་དཔོན་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་ལག་པ་དཀྱོགས་ཀ་བྱེད་ཅིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་ ནས་བཅུ་གཉིས་སྡེ་དག་སྲོག་ཆགས་རྩངས་པ་དག་འདི་ལྟར་འགྲོའོ་ཞེས་ཁྱིམ་གྱི་ནང་དུ་མགོ་སྒྱུར་ཞིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་གཡོན་ཅན་དག་འདི་ ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་ལག་པ་སྦྲེལ་ཏེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་ཤེད་མཐུན་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་ཕྲག་པ་སྤྲད་ཅིང་འགྲོ་ཞེས་བྱ་བ་ ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་མི་སྒྱུར་བ་དང་། ལག་པ་མི་དཀྱོག་པ་དང་། མགོ་མི་བསྒྱུར་བ་དང་། ལག་པ་མི་སྦྲེལ་བ་དང་། ཕྲག་པ་མི་སྤྲད་པར་ཁྱིམ་གྱི་ནང་དུ་འཇུག་པ་དང་། འདུག་པར་བསླབ་པར་བྱའོ་ཞེ་བྱ་བའི་བར་རོ། ། དེ་ནས་བཅུ་གཉིས་སྡེ་དག་བྲམ་ཟེ་དང་། ཁྱིམ་བདག་དག་གིས་ཁྱིམ་དུ་མ་བསྒོ་བར་སྟན་དག་ལ་འདུག་པ་དང་དེ་དག་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་པར་མི་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་འཆར་ཀ་ལ་ བརྟེན་ཏེ་སྟན་ལ་སོ་སོར་བརྟགས་ཏེ་འདུག་པར་བྱའོ་ཞེས་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་ཡང་བཅུ་གཉིས་སྡེ་དག་ཁྱིམ་གྱི་ནང་དུ་སྟན་ལ་མ་བརྟགས་པར་འདུག་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་འདུག་པར་མི་ བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སེར་སྐྱའི་གཞིར་འཆར་ཀ་ལ་བརྟེན་ཏེ་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མནན་ཏེ་འདུག་པར་མི་བྱའོ་ཞེས་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་གྱི་ནང་དུ་ལུས་ཐམས་ཅད་ཀྱི་ ལྗིད་ཀྱིས་མནན་ཏེ་འདུག་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་འདུག་པར་མི་བྱའོ། །དེ་ནས་བཅུ་གཉིས་སྡེ་དག་གཡོན་ཅན་དག་འདི་ལྟར་འདུག་གོ་ཞེས་ཁང་པའི་ནང་དུ་རྐང་པ་བསྣོལ་ནས་འདུག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། འདུག་པར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་ནོར་ཅན་དང་། ཚོང་དཔོན་དག་འདི་ལྟར་འདུག་གོ་ཞེས་ཁྱིམ་གྱི་ནང་དུ་བརླ་བསྣོལ་ཏེ་འདུག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་གྱི་ ནང་དུ་མ་བསྒོ་བར་སྟན་ལ་འདུག་པར་མི་བྱ་བ་དང་། སོ་སོར་མ་བརྟགས་པ་མ་ཡིན་པ་དང་། ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་མནན་པ་དང་། རྐང་པ་མི་བསྣོལ་བ་དང་། བརླ་མི་བསྣོལ་བར་ཁྱིམ་གྱི་ནང་དུ་འདུག་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ། ། དེ་ནས་བཅུ་གཉིས་སྡེ་དག་གར་ལ་ལྟ་བ་དག་འདི་ལྟར་འཁོད་དོ་ཞེས་སྟན་ཅིག་ལ་དཀུ་དང་དཀུར་སྤྲད་ནས་འདུག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་པར་མི་བྱའོ། །ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་ དག་སེམས་ཁོང་དུ་ཆུད་པ་དག་འདི་ལྟར་འཁོད་དོ་ཞེས་ལོང་བུའི་སྟེང་དུ་ལོང་བུ་བཞག་སྟེ་འདུག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་པར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་རྐང་པ་བཀུག་སྟེ་འདུག་པ་དང་། དེ་ནས་བྲམ་ཟེ་ དང་ཁྱིམ་བདག་གི་ཆུང་མ་དག་འོངས་ནས་རྐང་པ་ལ་ཕྱག་བྱེད་པ་ན་དེ་དག་གིས་རྐང་པ་ཕྱེ་བ་དང་། དེ་དག་གིས་མགོ་བོ་ས་ལ་ཐུག་ནས་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་བཀུག་སྟེ་འདུག་པར་མི་བྱའོ། །དེ་ནས་བཅུ་གཉིས་སྡེ་ དག་ཁྱིམ་གྱི་ནང་དུ་རྐང་པ་གདངས་ནས་འདུག་པ་དང་། བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དེ་དག་འོངས་ནས་རྐང་པ་ལ་ཕྱག་བྱས་པ་དང་། དེ་ནས་བཅུ་གཉིས་སྡེ་དག་གིས་དེ་དག་ལ་ནད་མེད་པར་གྱུར་ཅིག་ཅེས་བྱ་བའི་ཚིག་ཕྱེད་སྨྲས་པ་ན། འདི་སྐད་ཅེས་དེ་ཅིའི་ ཕྱིར་ནད་མེད་པར་གྱུར་ཅིག་ཅེས་རྫོགས་པར་མི་གསུང་ཞེས་སྨྲས་པ་དང་། བཅུ་གཉིས་སྡེ་དག་གིས་འདི་སྐད་ཅེས་འདི་ལྟར་ཁྱེད་ཀྱིས་རྐང་པ་ཡ་གཅིག་ལ་ཕྱག་བྱས་ཀྱིས་རྐང་པ་ཡ་གཅིག་ལ་ཡང་ཕྱག་བྱོས་ཤིག་དང་བྱའོ་ཞེས་སྨྲས་པ་ན་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་གདངས་ཏེ་འདུག་པར་མི་བྱའོ། །དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་གྱི་ནང་དུ་རྐང་པ་ཧ་ཅང་བཀུག་སྟེ་འདུག་པ་དང་། ཇི་ཙམ་ན་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དག་ཕྱག་བྱེད་པ་ན་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དཀུ་དང་དཀུར་མི་སྤྲད་པ་དང་། ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པ་དང་། རྐང་པ་མི་དགུག་པ་དང་། རྐང་པ་མི་གདང་བར་ཁྱིམ་གྱི་ནང་དུ་འདུག་པར་བསླབ་པར་བྱའོ།། །།སྡོམ་ལ། ལེགས་པར་བླང་དང་མ་འོངས་དང་། །ཙུག་ཙུག་ འབྲུ་ནི་འབྱེད་པ་དང་། །ལག་པ་དང་ནི་ཁ་ཟེར་དང་། །མ་བཏིང་བ་དང་འགྲེང་སྟེ་མིན། །སངས་རྒྱས་བཅོམ་ལྡན་འདས་ཡུལ་བྷར་གའི་ཆུ་སྲིན་བྱིས་པ་གསོད་ཀྱི་རི་འཇིགས་རུང་གི་ཚལ་རི་དགས་ཀྱི་ནགས་ན་བཞུགས་སོ། །དེའི་ཚེ་རྒྱལ་བུ་རྟོགས་ལྡན་གྱིས་ཆུ་སྲིན་ བྱིས་པ་གསོད་ཀྱི་རི་ལ་ཁང་བཟངས་པད་མ་དཀར་པོ་སར་པ་ཅན་ཞེས་བྱ་བ་ཞིག་རྩིག་ཏུ་བཅུག་ནས་དེར་སངས་རྒྱས་བཅོམ་ལྡན་འདས་དགེ་སློང་དང་དགེ་སློང་མ་རྣམས་དང་ཐབས་ཅིག་སྤྱན་དྲངས་སོ། །དེ་ནས་རྒྱལ་བུ་གཞོན་ནུ་རྟོགས་ལྡན་གྱི་འཁོར་ནི་མ་དད་པ་ཡིན་པས་ དེ་དག་གིས་ཁ་ཟས་ཀྱི་གོང་བུ་དྲག་ཏུ་བོར་བས་དགེ་སློང་མ་རྣམས་ཀྱི་ལག་པ་དང་ལྷུང་བཟེད་གཅོག་པར་བྱེད་དོ། །དེ་ནས་ཡང་ཕྱོགས་གཅིག་ན་བཅུ་གཉིས་སྡེ་དག་འཁོད་པས་དེ་དག་གིས་གཅིག་ལ་གཅིག་འདི་སྐད་ཅེས་གཙུག་དགའ་མོ། ཉེ་དགའ་མོ། སྦོམ་ དགའ་མོ། །བདག་ཅག་གིས་བུ་གསོད་མོའི་བུ་འདི་དག་བསླབ་པར་བྱའོ་ཞེས་སྨྲས་ནས་གང་གི་ཚེ་ཁ་ཟས་འོང་བ་དེའི་ཚེ་ལྷུང་བཟེད་བཟེད་ནས་ཕྱིར་བཀྱེད་པ་དང་འབྲས་ཆན་དེ་དག་ས་ལ་བོ་བ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ལེགས་པར་ཁ་ཟས་བླང་བར་བྱའོ། །དེ་བཞིན་དུ་ཁྱིམ་ཞིག་ཏུ་སྤྱན་དྲངས་པ་དང་ཞེས་བྱ་བའི་བར་དུ་སྟེ། འབྲས་ཆན་དང་ཚོད་མ་ཇི་སྙེད་ཀྱིས་ལྷུང་བཟེད་ནས་ས་ལ་འབོ་བ་དེ་སྙེད་བླངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མུ་ དང་ཁ་ད་ཆད་མ་ཡིན་པར་ཁ་ཟས་བླང་བར་བྱའོ། །མཉན་ཡོད་དུ་ཁྱིམ་བདག་ཅིག་གིས་ཞེས་བྱ་བ་ནས་ཁྱིམ་དུ་སྤྱན་དྲངས་སོ་ཞེས་བྱ་བའི་བར་ཏེ། བཅུ་གཉིས་སྡེ་དེ་དག་ལ་འབྲས་ཆན་དང་ཚོད་མ་མཉམ་པར་བྲིམས་པ་ན་ལྷག་པར་སློང་བར་བྱེད་པ་ནས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཟན་འབྲས་ཆན་དང་མཉམ་པར་བཟའ་བར་བྱའོ། །དེ་བཞིན་དུ་ཡང་ཁྱིམ་བདག་ཅིག་གི་ཁྱིམ་དུ་སྤྱན་དྲངས་པ་དང་ཞེས་བྱ་བའི་བར་ཏེ། དེ་ནས་ཡང་འབྲས་ཆན་ནི་མང་ལ་ཚོད་མ་ནི་ཆེས་ཉུང་བ་དང་། དེ་དག་འབྲས་ཆན་ གྱིས་ཚོད་མ་བཀབ་ནས་ཡང་སློང་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྲས་ཆན་གྱིས་ཚོད་མ་དགབ་པར་མི་བྱའོ། །དེ་བཞིན་དུ་གཞན་དུ་ཡང་ཞེས་བྱ་བའི་བར་ཏེ། ཚོད་མ་ནི་མང་ལ་འབྲས་ཆན་ནི་ཉུང་བ་དང་། དེ་དག་མང་དུ་འདོད་པའི་ ཕྱིར་ཚོད་མས་འབྲས་ཆེན་བཀབ་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པར་ཁ་ཟས་བླངས་ཏེ་བཟའ་བ་དང་། ཁ་ད་ཆད་དུ་མ་ཡིན་པ་དང་། ཚོད་མ་དང་མཉམ་པ་དང་། མང་དུ་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ་པ་དང་ཚོད་མས་ འབྲས་ཆན་མི་དགབ་པར་བསླབ་པར་བྱའོ། །དེ་ནས་བཅུ་གཉིས་སྡེ་དག་བཅའ་བ་རྣམས་མ་འོངས་པར་ལྷུང་བཟེད་བཟེད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟེད་པར་མི་བྱའོ། །དེ་ནས་སྦོམ་དགའ་མོའི་མདུན་ན་གྲལ་གྱི་སྣ་ལ་དགེ་སློང་མ་རབ་ཏུ་ ཕྱུང་བ་རྒན་མོ་ཞིག་ཁ་གདངས་ཏེ་འདུག་པ་དང་། དེ་ནས་སྦོམ་དགའ་མོས་དེའི་ཁར་ལ་དུ་ཞིག་བཙངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁམ་མ་གཟས་པར་ཁ་གདང་བར་མི་བྱའོ། །དེ་ནས་བཅུ་གཉིས་སྡེ་དག་ཁ་ཟས་ཟ་བ་ན་སྒྲ་འབྱིན་པར་བྱེད་པ་དང་། དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཀྱེ་ཕུ་ནུ་མོ་དག་དེ་ལྟར་བྱེད་པ་ཅི་ཐ་ཚིག་དེ་དག་གིས་འདི་སྐད་ཅེས་མིང་བརྗེད་ན་མི་རུང་ངོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ཁམ་གྱིས་བཀང་བ་དང་བཅས་པས་སྨྲ་བར་མི་བྱའོ། །དེ་ནས་བཅུ་གཉིས་སྡེ་ དག་འབྲས་ཆན་འབྲུ་གཉིས་སམ་གསུམ་ཞིག་ཁར་འཇུག་པ་དང་། ཞེས་བྱ་བ་ནས་འདི་སྐད་ཅེས་ཡི་གར་མི་འོང་བ་ལ་བྱིན་པ་དག་འདི་ལྟར་ཟའོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁམ་ཧ་ཅང་ཆུང་བར་མ་ཡིན་པར་བྱའོ། །དེ་ནས་བཅུ་ གཉིས་སྡེ་དག་ཁམ་ཧ་ཅང་ཆེ་བར་ཁར་འཇུག་པར་བྱེད་པ་དང་ཞེས་བྱ་བ་ནས་འདི་སྐད་ཅེས་ལྟོགས་པ་དག་འདི་ལྟར་ཟའོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་བཟེད་པར་མི་བྱ་བ་དང་། ཁམ་མ་ བཟས་པར་ཁ་གདང་བར་མི་བྱ་བ་དང་། ཁ་ཁམ་གྱིས་བཀང་བ་དང་བཅས་པས་སྨྲ་བར་མི་བྱ་བ་དང་། ཁམ་ཧ་ཅང་ཆུང་བ་མ་ཡིན་པ་དང་། ཁམ་ཧ་ཅང་ཆེ་བ་མ་ཡིན་པར་ཁམ་རན་པར་བྱ་བ་ལ་བསླབ་པར་བྱའོ། །ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་ཁ་ ཟས་ཙུག་ཙུག་བྱེད་ཅིང་ཟ་བ་ན་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ་དེ་ལྟར་བྱེད་པ་ཅི་ཐ་ཚིག་དེ་དག་གིས་འདི་སྐད་ཅེས་བྱིས་པ་དག་ཟ་བ་འདི་ལྟར་བྱེད་དོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཙུག་ཙུག་མི་བྱ་བར་ཁ་ཟས་བཟའ་བར་བྱའོ་ཞེས་ བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་ཧུ་ཧུ་བྱེད་ཅིང་ཁ་ཟས་ཟ་བ་ན་ཞེས་བྱ་བ་ནས་འདི་སྐད་ཅེས་ནད་པ་ཡི་གར་མི་འོང་བ་དག་འདི་ལྟར་ཟའོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟའ་བར་མི་བྱའོ་ཞེས་བྱ་བའི་བར་རོ། །ཇི་ཙམ་ན་ ཁྱིམ་བདག་ཅིག་གི་ཁྱིམ་དུ་དགེ་སློང་མའི་དགེ་འདུན་མགྲོན་དུ་བོས་པ་ན་དེས་འབྲས་ཆན་ནི་མང་ལ་ཚོད་མ་ཉུང་ངུ་བྲིམས་པ་དང་། དེ་དག་དགོད་པའི་བསམ་པས་བལྕག་བལྕག་བྱེད་ཅིང་ཟ་བ་དང་། དེ་ནས་ཁྱིམ་བདག་དེ་ཞུམ་ཞུམ་པོར་གྱུར་ནས་འདི་སྐད་ཅེས་འཕགས་མ་ དག་འབྲས་ཆན་སྐམ་པར་བདག་གིས་འཚལ་མོད་ཀྱི། ཚོད་མའི་རྫེའུ་ཆག་ལགས་སོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བལྕག་བལྕག་མི་བྱ་བར་ཁ་ཟས་བཟའ་བར་བྱའོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་ཁྱིམ་བདག་ཅིག་གིས་ མགྲོན་དུ་བོས་པ་ན་ཁྱིམ་བདག་དེ་ཡང་དབུལ་པོ་ཞིག་ཡིན་པས་དེས་དགུན་ཀའི་དུས་ན་ཁ་ཟས་གྲང་མོ་དག་བྲིམས་པ་དང་། དེ་དག་དགོད་པའི་བསམ་པས་ཕུ་ཕུ་ཞེས་བྱས་ཏེ་ཟ་བར་བྱེད་དོ། །དེ་ནས་ཁྱིམ་བདག་དེ་ཞུམ་ཞུམ་པོར་གྱུར་ནས་འདི་སྐད་ཅེས་ འཕགས་མ་དག་བདག་གིས་འཚལ་མོད་ཀྱི། བདག་གཞི་ངན་པས་ཅི་བགྱིར་ཡང་མ་མཆིས་སོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུ་ཕུ་མི་བྱ་བར་ཁ་ཟས་བཟའ་བར་བྱའོ། །ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་ལྗོངས་རྒྱུ་ཞིང་ དོང་བ་ན་ཞིང་པའི་ཁྱིམ་ཞིག་ཏུ་ཕྱིན་པ་དང་དེ་དག་གིས་གནས་དེར་ཆོས་གོས་དག་སྤྲུགས། རྐང་པ་དང་ལག་པ་དག་བཀྲུས་ནས་ཟས་ཀྱི་བྱ་བ་ལ་ཞུགས་པ་དང་། དེ་ནས་ཁྱིམ་ཅིག་ཤོས་སུ་ཡང་གཅེར་བུ་པ་དག་ལྷགས་ནས་ཇི་ཙམ་ན་དེ་དག་ཀྱང་ཟས་ཀྱི་བྱ་བ་ལ་ ཞུགས་སོ། །དེ་ནས་བཅུ་གཉིས་སྡེ་དགོད་པའི་བསམ་པ་ཅན་དག་གིས་ཁ་ཟས་ལ་རྫོགས་བྱེད་ཅེས་བྱ་བའི་མཆོད་རྟེན་བྱས་ནས་ལ་ཕུག་གི་སྲོག་ཤིང་བཙུགས་དེ་གཅེར་བུ་པ་དེ་དག་ལ་འདི་སྐད་ཅེས་འདི་ནི་ཁྱེད་ཀྱི་སྟོན་པའི་མཆོད་རྟེན་ཡིན་ནོ་ཞེས་སྨྲས་ནས། དེ་ནས་མཆོད་རྟེན་ དེ་ལས་ཁམ་གྱིས་བཅད་དེ་ཟ་ཤིང་སྒྲ་གཅིག་ཏུ་འདི་སྐད་ཅེས་རྫོགས་བྱེད་ཀྱི་མཆོད་རྟེན་ཞིག་གོ་ཞེས་སྨྲས་པ་དང་། དེ་ནས་གཅེར་བུ་པ་དེ་དག་སྡུག་བསྔལ་ཞིང་ཡིད་མི་བདེ་བ་སྐྱེས་ནས་ངུ་ཞིང་འདི་སྐད་ཅེས་དེ་རིང་བདག་ཅག་གི་སྟོན་པ་དུས་ལས་འདས་པ་ལྟ་ཞེས་ཟེར་རོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཙུག་ཙུག་མི་བྱ་བ་དང་། ཧུ་ཧུ་མི་བྱ་བ་དང་། བལྕག་བལྕག་མི་བྱ་བ་དང་། ཕུ་ཕུ་མི་བྱ་བ་དང་། མཆོད་རྟེན་འདྲ་བར་སྦྲུས་ཏེ་ཟས་ཟ་བར་མི་བྱ་བར་བསླབ་པར་བྱའོ། །དེ་ནས་བཅུ་གཉིས་སྡེ་དག་སྤང་ལེབ་ཀྱི་སྟེང་དུ་ཁ་ཟས་བཀྲམ་ནས་འབྲུ་རེ་ནས་ བླངས་ཏེ་ཁར་འཇུག་པར་བྱེད་པ་ནས། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། དེ་ལྟར་བྱེད་ན་ཅི་ཐ་ཚིག་དེ་དག་གིས་འདི་སྐད་ཅེས་བྱ་གག་དག་གཏོར་མ་ཐུ་ན་འདི་ལྟར་བྱེད་དོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་ལ་འབྲུ་རེ་ནས་བསལ་བར་ མི་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་ཞིག་ཏུ་མགྲོན་དུ་བོས་ནས་དེས་དེ་དག་ལ་ཁ་ཟས་ཕལ་པ་དག་བྲིམས་པ་དང་། དེ་དག་གིས་ཁ་ཟས་དེ་ལ་བསྔགས་པ་དག་བརྗོད་དོ། །གཞན་གྱིས་ཡང་ཁ་ཟས་བསོད་པ་དག་བྲིམས་པ་ན་དེ་དག་ལ་སྐྱོན་དག་ བརྗོད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་ལ་བསྔགས་པ་དང་སྐྱོན་གདགས་པར་མི་བྱའོ། །དེ་ནས་བཅུ་གཉིས་སྡེ་དག་ཟས་ཀྱི་ཁམ་མཁུར་བ་ནས་མཁུར་བར་སྦེད་ཅིང་ཟ་བ་ན་ཞེས་བྱ་བ་ནས། འདི་སྐད་ཅེས་ནད་པ་དག་འདི་ལྟར་ཟའོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་མཁུར་བ་སྤོ་བར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་ཁམ་ཕྱེད་བཅད་ཅིང་ལྕེའི་གྲྭར་བཞག་སྟེ། ཕན་ཚུན་དུ་སྟོན་ཅིང་སླར་ཡང་མིད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ཟས་ལ་ལྕེ་ ཕྱིར་དབྱུང་བར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་ཟས་ཀྱི་ཁམ་སོས་བཅད་ནས་དེ་དག་ལས་ཁམ་གཅིག་ནི་ཁར། གཉིས་པ་ནི་ལག་པར་གསུམ་པ་ནི་ལྷུང་བཟེད་དུ་འཇོག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྲུ་རེ་ནས་བསལ་བར་ མི་བྱ་བ་དང་། བསྔགས་པ་དང་སྐྱོན་མི་གདགས་པ་དང་། མཁུར་བར་མི་སྤོ་བ་དང་། ལྕེ་མི་དབྱུང་བ་དང་། ཁམ་འཕྲོ་མི་བཅད་པར་ཟས་བཟའ་བར་བསླབ་པར་བྱའོ། །ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་ཁ་ཟས་ཡོད་བཞིན་དུ་ལག་པ་ལ་ལྡག་པར་བྱེད་པ་ནས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་ལ་བལྡག་པར་མི་བྱའོ། །ཞེས་བྱ་བའི་བར་རོ། །དེ་བཞིན་དུ་ལྷུང་བཟེད་བྱོག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་བྱོག་པར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་སྦོམ་དགའ་མོ་ཁ་ཟས་ཁར་བཅུག་ནས་ ལག་པ་སྤྲུག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་སྤྲུག་པར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་ཞིག་ཏུ་མགྲོན་དུ་བོས་པ་ན་དེ་ནས་སྦོམ་དགའ་མོས་ཕྱེ་དག་རྙེད་པ་དང་། ལྷུང་བཟེད་བསྐྱམས་ནས་འདི་སྐད་ཅེས་ ཁོ་མོའི་ལྷུང་བཟེད་འདི་བླངས་པ་ཡིན་གྱིས་ལུགས་ཤིག་ལུགས་ཤིག་ཅེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་བསྐྱམ་པར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་ཡང་ཁྱིམ་བདག་ཅིག་གིས་ཁྱིམ་དུ་དགེ་སློང་མའི་དགེ་འདུན་མགྲོན་དུ་བོས་ནས་དེས་ བཅའ་བ་དང་བཟའ་བ་བསོད་པ་རབ་ཏུ་མང་པོ་དག་སྟ་གོན་བྱས་སོ། །ཡང་བཅུ་གཉིས་སྡེ་དག་གི་ནང་ན་དགེ་སློང་མ་རབ་ཏུ་བྱུང་བ་རྒན་མོ་ཞིག་འདུག་གོ། །ཁྱིམ་བདག་དེས་ཀྱང་ཐོག་མར་དགེ་སློང་མའི་དགེ་འདུན་ལ་ཞུན་མར་དང་ཕྱེ་དག་བྲིམས་པ་ལས་དེ་ནས་བཅུ་གཉིས་སྡེ་དག་ གིས་ཕྱེ་རབ་ཏུ་མང་དུ་བླངས་སོ། །ཁྱིམ་བདག་དེས་ཡང་གཡོས་ཀྱི་རྣམ་གྲངས་ཉི་ཤུ་རྩ་བརྒྱད་རྒན་པའི་མཐའ་ནས་བྲིམས་པ་དང་། དེ་ནས་རབ་ཏུ་བྱུང་བ་རྒན་མོ་དེ་རྒན་རིམས་གང་ན་བ་དེ་ལོགས་སུ་ལྟ་བར་བྱེད་པ་ན་བཅུ་གཉིས་སྡེ་དེ་དག་གིས་ཡང་རྒན་མོ་རབ་ཏུ་བྱུང་ བ་དེའི་མདུན་དུ་ཁ་ཟས་ཀྱི་གོང་བུ་དག་གཏོར་ནས་འདི་སྐད་ཅེས་རྒྱལ་པོ་ང་ལས་ནུ་ལ་རིན་པོ་ཆེའི་ཆར་དག་འབབ་པོ་ཞེས་དེ་སྐད་གྲག་ན་ཁྱོད་ཀྱང་བསོད་ནམས་དང་ལྡན་ནས་ཁ་ཟས་ཀྱི་ཆར་བབ་བོ་ཅེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་མི་ལྡག་པ་དང་། ལྷུང་བཟེད་མི་བྱོག་པ་དང་། ལག་པ་མི་སྤྲུག་པ་དང་ལྷུང་བཟེད་མི་བསྐྱམ་པ་དང་། ལྷུང་བཟེད་ཀྱི་འདུ་ཤེས་ཀྱིས་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་གྲལ་ཟླའི་དགེ་སློང་མ་རྣམས་ཀྱི་ལྷུང་བཟེད་ལ་བལྟས་ན་འདིར་ནི་མང་དུ་བྲིམས་ ལ་ཁོ་མོ་ཅག་ལ་ཉུང་དུ་བྲིམས་སོ་ཞེས་ཁ་ཟེར་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ཟེར་བར་འདོད་པས་དགེ་སློང་མ་གྲལ་ཟླ་རྣམས་ཀྱི་ལྷུང་བཟེད་བལྟ་བར་མི་བྱའོ། །ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་ལག་པ་ཁ་ཟས་ཀྱིས་ འབགས་པས་བྱ་མ་བུམ་ལེན་པ་ན་དེ་ཁ་ཟས་ཀྱིས་འབགས་པས་སྦྲང་བུ་དག་གིས་ཟི་ཟི་སྟོན་པ་དང་། ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་ཟས་ཀྱིས་འབགས་པས་ཆུ་སྣོད་ལ་གཟུང་བར་མི་བྱའོ་ ཞེས་བྱ་བའི་བར་རོ། །དེ་ནས་ཡང་ཁྱིམ་བདག་ཅིག་གིས་དགེ་སློང་མའི་དགེ་འདུན་མགྲོན་དུ་བོས་པ་དང་། དེ་ནས་འདུན་མ་དང་། ཉེ་དགའ་མོའི་བར་ན་དགེ་སློང་མ་སྣམ་སྦྱར་དམར་སེར་གྱོན་པ་ཞིག་འདུག་པ་དང་། དེས་དེ་ལ་ལྷུང་བཟེད་བཤལ་བའི་ཆུས་གཏོར་ནས་དེ་དག་འདི་སྐད་ ཅེས་བཀྲེན་མ་ངན་པ་མོ་ཁྱོད་འབའ་ཞིག་ལ་སྣམ་སྦྱར་ཡོད་དམ་ཞེས་ཁ་ཟེར་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་ཀྱིས་འབགས་པའི་ཆུས་གཏོར་བར་མི་བྱའོ་ཞེས་བྱ་བའི་བར་རོ། །གང་གི་ཚེ་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་ཁང་བཟངས་པད་མ་དཀར་པོ་ ཅན་ལ་བརྟེན་ནས་ཁྱིམ་གྱི་ནང་དུ་ཟས་ཀྱིས་འབགས་པའི་ཆུ་དབོ་བར་མི་བྱའོ་ཞེས་དགག་པ་མཛད་པ་ཁྱིམ་བདག་གཞན་ཞིག་ལ་བརྟེན་ནས་རྗེས་སུ་གནང་སྟེ་ཁྱིམ་བདག་ཡོད་པ་ལ་དྲིས་ནས་དབོ་བར་བྱའོ། །དེ་ནས་ཡང་བཅུ་གཉིས་སྡེ་དག་གིས་མ་དྲིས་པར་ཁྱིམ་གྱི་ནང་དུ་འབོ་བར་བྱེད་པ་ ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཡོད་པ་ལ་མ་དྲིས་པར་ཟས་དང་འབགས་པའི་ཆུ་ཁྱིམ་གྱི་ནང་དུ་དབོ་བར་མི་བྱའོ། །ཞེས་བྱ་བའི་བར་རོ། །མཉན་ཡོད་ན་བྲམ་ཟེ་ཞིག་གི་བུ་སེམས་འཁྲུགས་ནས་དེ་མཉན་ཡོད་དུ་སོང་བ་ལས་དགེ་སློང་ཞིག་གི་ལྷུང་ བཟེད་ཀྱི་ཆུས་རེག་པར་བྱས་པ་དང་། རང་གི་སེམས་སླར་རྙེད་པར་གྱུར་ཏོ། །དེ་ནས་ཡང་བྲམ་ཟེ་ཞིག་གི་བུ་སེམས་འཁྲུགས་པ་དང་། དེ་ནས་བྲམ་ཟེ་དེས་བྲམ་ཟེ་དེ་ལས་ཐོས་ནས་དགེ་སློང་མའི་དབྱར་ཁང་དུ་སོང་སྟེ། ཇི་ཙམ་ན་སྦོམ་དགའ་མོ་ལས་ལྷུང་བཟེད་ཀྱི་ཆུ་བསླངས་པ་ དང་། ཞེས་བྱ་བ་ནས་དེས་དགེ་འདུན་གྱི་ཟས་ཀྱི་ལྷག་མས་ལྷུང་བཟེད་བཀང་ནས་བྱིན་པ་དང་། བྲམ་ཟེ་དེས་བདག་གི་བུ་ཤི་བ་ནི་བླའི་མནོམ་པར་ནི་མི་བྱའོ། །ཞེས་བྱས་ཏེ། མ་བླངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲལ་ཟླའི་དགེ་སློང་མ་རྣམས་ལ་ཁ་ཟེར་བར་ འདོད་པས་བལྟ་བར་མི་བྱ་བ་དང་། ལག་པས་ཟས་ཀྱིས་འབགས་པས་ཆུ་སྣོད་མི་གཟུང་བ་དང་། ཟས་ཀྱིས་འབགས་པའི་ཆུས་དགེ་སློང་མ་གྲལ་ཟླ་ལ་མི་གཏོར་བ་དང་། ཁྱིམ་བདག་ཡོད་པ་ལ་མ་དྲིས་པར་ཟས་འབགས་པའི་ཆུ་ཁང་པའི་ནང་དུ་མི་དབོ་བ་དང་། ལྷུང་བཟེད་ཀྱི་ནང་དུ་ཟས་ ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་འོག་གཞི་མེད་པའི་སར་ལྷུང་བཟེད་འཇོག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞག་པར་མི་བྱའོ། །དེ་ནས་བཅུ་གཉིས་སྡེ་དག་གིས་གཡང་སར་ལྷུང་བཟེད་ བཞག་པ་དང་དེ་ནས་ལྷུང་བཟེད་ལྷུང་ནས་དུམ་བུར་ཆག་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་གཡང་སར་གཞག་པར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་དག་འབབ་ཆུའི་འགྲམ་དུ་འཇོག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབབ་ ཆུའི་འགྲམ་དུ་གཞག་པར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་དག་ལམ་ཀར་འཇོག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་ཀར་གཞག་པར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་དག་ལྷུང་བཟེད་བྱེ་མ་དང་བཅས་པའི་ལྕི་བས་རུང་བར་བྱེད་པ་ ན་དེ་དག་རིང་པོ་མ་ལོན་པར་སྐྱ་སྐྱ་བོར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོག་གཞི་མ་བཏིང་བའི་ས་ལ་ལྷུང་བཟེད་གཞག་པར་མི་བྱ་བ་དང་། གཡང་སར་མི་གཞག་པ་དང་། འབབ་ཆུའི་འགྲམ་དུ་མི་གཞག་པ་དང་། ལམ་ཀར་མི་གཞག་པ་ དང་། བྱེ་མ་དང་བཅས་པའི་ལྕི་བས་ལྷུང་བཟེད་མི་ཕྱི་བར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ། །ཇི་ཙམ་ན་གཞོན་ནུ་མ་ཞིག་འགྲེང་སྟེ་ལྷུང་བཟེད་འཁྲུ་བ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་འགྲེང་སྟེ་ལྷུང་བཟེད་མ་འཁྲུ་ཤིག །དེས་འདི་སྐད་ཅེས་ཅིར་འགྱུར་ཞེས་ སྨྲ་བ་ན་དེའི་ལྷུང་བཟེད་དེ་ལག་ནས་ལྷུང་ནས་ཆག་པ་དང་། དེ་ལ་འདི་སྐད་ཅེས་འདིར་འགྱུར་རོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་སྟེ་ལྷུང་བཟེད་བཀྲུ་བར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་སྐོམས་པར་བྱེད་པ་ནས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་སྟེ་བསྐམས་པར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་འཕྱི་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་སྟེ་ཕྱི་བར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་ལྷུང་བཟེད་ཀྱི་སྣོད་དུ་འཇུག་པར་བྱེད་ པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་སྟེ་ལྷུང་བཟེད་ཀྱི་སྣོད་དུ་གཞུག་པར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་ལྷུང་བཟེད་ཀྱི་སྣོད་ནས་འབྱིན་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་སྟེ་ལྷུང་བཟེད་བཀྲུ་བ་དང་། བསྐམ་ པ་དང་ཕྱི་བ་དང་། ལྷུང་བཟེད་ཀྱི་སྣོད་དུ་གཞུག་པ་དང་། དབྱུང་བ་མི་བྱ་བར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། །།སྡོམ་ལ། འགྲེང་སྟེ་མ་ཡིན་མགོ་གཡོགས་མིན། །གླང་ཆེན་དོ་ཀེར་ལག་ན་མིན། །རྩྭ་དང་ཆུ་ལ་བཤང་མི་བྱ། །ཤིང་ལ་མི་གང་ཙམ་མ་ཡིན། ། དེ་ནས་བཅུ་གཉིས་སྡེ་དག་འགྲེང་ནས་འདུག་པ་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ། །ཇི་ཙམ་ན་ནད་པ་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ལ་བཤད་པར་བྱའོ་ཞེས་ བྱ་བའི་བར་རོ། །དེ་བཞིན་དུ་འདུག་པ་དང་ཉལ་བ་ལ་ཡང་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བ་ལ་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་སྟན་དམའ་བ་ལ་འདུག་ནས་སྟན་མཐོན་པོ་ལ་འདུག་པ་ལ་ཆོས་འཆད་ པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བ་ལ་ཆོས་བཤད་པར་མི་བྱའོ། །ཞེས་བྱ་བའི་བར་རོ། །དེ་དག་གི་མདུན་དུ་འགྲོ་བ་ལ་དེའི་ཕྱི་བཞིན་དུ་འབྲང་ཞིང་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བ་ལ་ཆོས་ བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་ནས་མི་ན་བར་འདུག་པ་ལ་ཆོས་བཤད་པར་མི་བྱ་སྟེ། ཉལ་བ་ལ་མ་ཡིན་པ་དང་། སྟན་དམའ་བ་ལ་འདུག་སྟེ་སྟན་མཐོན་པོ་ལ་འདུག་པ་ལ་མ་ཡིན་པ་དང་། མདུན་དུ་འགྲོ་བ་ལ་དེའི་ཕྱི་བཞིན་འབྲང་ཞིང་མ་ཡིན་པ་དང་། མི་ན་བར་ལམ་དུ་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་ མགོ་གཡོགས་པ་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ། །ཇི་ཙམ་ན་མིག་ནད་ཅན་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་ནད་ཅན་ལ་ཆོས་བཤད་པར་བྱའོ། །དེ་བཞིན་ དུ་བརྫེས་པ་ལ་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ། །ཇི་ཙམ་ན་ལས་མི་དག་འོངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་གཟར་བའི་བར་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བ་ལ་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ། །རྟ་གད་བྱེད་བྱེད་པའི་བར་དག་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བ་ལ་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ། །གཉའ་གོང་དུ་བསྣོལ་བའི་བར་དག་ལ་ ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ། །ཞེས་བྱ་བའི་བར་རོ། །ཇི་ཙམ་ན་གཉའ་གོང་དུ་བསྣོལ་བའི་བར་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བར་མགོ་གཡོགས་པ་ལ་ཆོས་བཤད་པར་ མི་བྱ་སྟེ། བརྫེས་པ་ལ་མ་ཡིན་པ་དང་། གཟར་བ་ལ་མ་ཡིན་པ་དང་། ཕྲག་པ་གཉིས་ཀ་ལ་གཟར་བ་ལ་མ་ཡིན་པ་དང་། མི་ན་བར་གཉའ་གོང་དུ་བསྣོལ་བ་ལ། ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་གླང་པོ་ཆེ་ ཞོན་པ་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་གླང་པོ་ཆེ་ཞོན་པ་དག་གཡུལ་དུ་ཆས་ནས་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ཆོས་བཤད་དུ་གསོལ། དེ་དག་གིས་ འདི་སྐད་ཅེས་སྨྲས་སོ། །བོབས་ཤིག་དང་ཆོས་བཤད་དོ། །དེ་དག་གིས་འདི་སྐད་ཅེས་བདག་ཅག་འགུམས་པར་བགྱིད་པ་ཕས་ཀྱིས་རྒོལ་བ་དག་རྟིང་ལ་ཐུག་ལགས་སོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ཡིན་ནོ་ཞེས་བྱ་སྟེ་བཤད་པར་ བྱའོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་རྟ་ཞོན་པ་དང་ཤིང་རྟར་ཞུགས་པ་ལ་ཡང་བརྗོད་པར་བྱའོ། །དེ་ནས་མིའི་ཕྲག་པ་དང་། མགོ་ལ་ཞོན་ཞིང་འགྲོ་བ་ནས་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ། །ཇི་ཙམ་ན་ནད་པར་གྱུར་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་རོ། །ལྷམ་མཐོན་པོ་གྱོན་པའི་བར་དག་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བར་གླང་པོ་ཆེ་ཞོན་པ་ལ་ཆོས་བཤད་པར་མི་བྱ་སྟེ། རྟ་ཞོན་པ་ལ་མ་ཡིན་པ་དང་། ཤིང་རྟར་ཞུགས་པ་ལ་མ་ཡིན་པ་ དང་། མི་ལ་ཞོན་པ་མ་ཡིན་པ་དང་། མི་ན་བར་ལྷམ་མཐོན་པོ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་སྐྲ་དོ་ཀེར་ཅན་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་ བའི་བར་རོ། །རྒྱལ་པོ་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་མགོ་དཀྲིས་པ་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ། །ཇི་ཙམ་ན་བློན་པོ་ཆེན་ པོ་འམ་ནད་པ་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་མགོ་ཕྲེང་བས་བཅིངས་པ་དག་འོངས་པ་ནས་བཤད་པར་མི་བྱའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ལ་བཤད་པར་ བྱའོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་མགོ་ཅོད་པན་གྱིས་བཅིངས་པ་དག་འོངས་པ་ནས་བཤད་པར་མི་བྱའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོང་དཔོན་ནམ་ནད་པ་ལ་བཤད་པར་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་ཡང་ཞྭ་གྱོན་པ་དག་འོངས་པ་ནས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ། །ནད་པ་དག་འོངས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བར་སྐྲ་དོ་ཀེར་ཅན་ལ་ཆོས་བཤད་པར་མི་བྱ་སྟེ། མགོ་དཀྲིས་པ་ལ་མ་ཡིན་པ་དང་། མགོ་ཕྲེང་བས་བཅིངས་པ་ལ་མ་ཡིན་པ་དང་། མགོ་ཅོད་ པན་གྱིས་བཅིངས་པ་ལ་མ་ཡིན་པ་དང་། མི་ན་བར་ཞྭ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་དག་ལག་པ་ན་མཚོན་ཐོགས་པ་ལ་ཆོས་འཆད་པར་བྱེད་པ་ནས། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ། །ཇི་ཙམ་ན་གཡུལ་དུ་ཆས་ པའམ། ནད་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་གདུགས་ཐོགས་པའི་བར་དག་འོངས་ནས་བཤད་པར་མི་བྱའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ལ་བཤད་པར་བྱའོ་ཞེས་ བྱ་བའི་བར་རོ། །དེ་བཞིན་དུ་ལག་ན་ཁར་བ་ཐོགས་པ་འོངས་ནས། བཤད་པར་མི་བྱའོ་ཞེས་བྱ་བ་ནས། ཡང་ནད་པའམ་རྒས་པ་ཁར་བ་མེད་པར་འཚོ་བར་མི་ནུས་པ་ཞིག་ཡིན་ན་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ལ་ཆོས་བཤད་པར་བྱའོ་ཞེས་བྱ་བའི་བར་ རོ། །དེ་བཞིན་དུ་ལག་ན་རལ་གྲི་ཐོགས་པ་འོངས་པ་དང་ཞེས་བྱ་བ་ནས། བཤད་པར་མི་བྱའོ་ཞེས་བྱ་བའི་བར་གོང་མ་ཇི་ལྟ་བ་བཞིན་དུའོ། །དེ་བཞིན་དུ་གོ་ཆ་སྣ་ལྔ་གྱོན་པ་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བར་ལག་ན་མཚོན་ཆ་ཐོགས་པ་ལ་ཆོས་བཤད་ པར་མི་བྱ་སྟེ། ལག་ན་གདུགས་ཐོགས་པ་ལ་མ་ཡིན་པ་དང་། ལག་ན་ཁར་བ་ཐོགས་པ་ལ་མ་ཡིན་པ་དང་། ལག་ན་རལ་གྲི་ཐོགས་པ་ལ་མ་ཡིན་པ་དང་། ལག་ན་དགྲ་ཆ་ཐོགས་པ་ལ་མ་ཡིན་པ་དང་། གོ་ཆ་སྣ་ལྔ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ། །དེ་ ནས་བཅུ་གཉིས་སྡེ་དག་འགྲེང་སྟེ་བཤང་གཅི་བྱེད་པ་དང་ཞེས་བྱ་བ་ནས་མི་བྱའོ་ཞེས་བྱ་བའི་བར་རོ། །ནད་པར་གྱུར་ཏེ་འདུག་མི་ནུས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ཡིན་ན་རྗེས་སུ་གནང་ངོ་། །དེ་ནས་སྦོམ་དགའ་མོ་སེར་སྐྱའི་གཞིར་འོངས་པ་ན་རང་གི་ཀུན་དགའ་ར་བ་སྲུང་ བ་མཐོང་ནས། དེས་འདི་སྐད་ཅེས་སྨྲས་སོ། །གང་གི་ཚེ་ཁོ་མོ་རབ་ཏུ་བྱུང་བར་མ་གྱུར་ན་ཁོ་མོ་ཁྱོད་ཀྱི་ཅིར་འགྱུར། དེས་འདི་སྐད་ཅེས་སྨྲས་སོ་ཇོ་མོར་འགྱུར་རོ། །སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ། །ད་ཁྱོད་ཅིའི་ཕྱིར་ཁོ་མོ་ལ་ཚོད་སྔོན་དང་མེ་ཏོག་གི་མཁོ་བས་མི་སྟོབས། ཀུན་དགའ་ར་བ་སྲུང་བས་ ཀྱང་འདི་སྐད་ཅེས་སྨྲས་སོ། །དེའི་ཚེ་ཁྱོད་ཀྱིས་བདག་ལ་ཟས་དང་གོས་ཀྱི་མཁོ་བ་སྦྱར་བ་ན་ནི་ཁོ་བོས་ཀྱང་ཁྱོད་ལ་བསྙེན་བཀུར་བྱས་སོ། །ད་ནི་ཁྱོད་རབ་ཏུ་བྱུང་ལ་ཁོ་བོ་ནི་ཁྱིམ་པ་ཡིན་ན་ཁྱོད་ལ་ཁོ་བོས་ཇི་ལྟར་བསྙེན་བཀུར་བྱ། དེ་ནས་སྦོམ་དགའ་མོས་བཀྲུ་སྨན་ཟོས་ནས། དེས་གྱོ་མོ་ཞིག་བཞག་ ནས་བཤང་བ་དང་གཅི་བ་ཕལ་མོ་ཆེ་བླུགས་ནས། ཇི་ཙམ་ན་ངན་སྐྱུགས་ཀྱིས་བཀང་བའི་གྱོ་མོ་དང་ཕྱགས་མ་ཁྱེར་ཏེ། ཀུན་དགའ་ར་བར་སོང་ནས་ཚོད་སྔོན་དེ་ཐམས་ཅད་དང་། མེ་ཏོག་གི་ཤིང་རྣམས་མི་གཙང་བས་གཏོར་ཏོ། །མི་གཙང་བའི་དྲི་དེས་དེར་ཝ་དང་ཁྱི་དག་གིས་བཅགས་ སོ། །ཕྱི་དེ་ཉིན་པར་ཀུན་དགའ་ར་བ་སྲུང་བས་ཚོད་སྔོན་དེ་མཐོང་ནས་ཡིད་མི་བདེ་བར་གྱུར་པ་དང་། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ། །ཀུན་དགའ་རབ་སྲུང་བ་ཇི་ལྟ་ཁྱོད་ཀྱི་ཀུན་དགའ་ར་བ་དྲི་ཞིམ་པ་དང་། ཚོད་སྔོན་མང་ངམ། དེས་འདི་སྐད་ཅེས་འཕགས་མ་འདི་ནི་ཁྱོད་ཀྱིས་བྱས་མོད་ ཅེས་སྨྲས་པ་དང་། དེས་བགད་ནས་འདི་སྐད་ཅེས་ཁྱོད་དེ་ལྟར་བཅོས་སོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩྭ་སྔོན་པོ་ལ་བཤང་བ་དང་གཅི་བ་དོར་བར་མི་བྱའོ་ཞེས་བྱ་བ་ནས། ནད་པ་ཡིན་ན་རྗེས་སུ་གནང་ངོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་མཆིལ་མ་འདོར་བར་ བྱེད་པ་དང་། དོར་བར་མི་བྱའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ཡིན་ན་རྗེས་སུ་གནང་ངོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་སྣབས་ལ་ཡང་བརྗོད་པར་བྱའོ། །ཇི་ཙམ་ན་སྐྱུགས་པ་དང་། རླུགས་པ་དག་འདོར་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། མི་ན་བར་འགྲེང་སྟེ་བཤང་བ་དང་གཅི་བ་མི་བྱ་བ་དང་། མི་ན་བར་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་བ་དང་གཅི་བ་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པར་མི་དོར་བར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་གོང་དུ་སེར་སྐྱའི་གཞིར་ཀུན་ དགའ་ར་བའི་སྲུང་མ་དང་སྦོམ་དགའ་མོ་ཇི་ལྟ་བ་དེ་བཞིན་དུ་བཙོ་བླག་མཁན་ལ་ཡང་བརྗོད་པར་བྱ་སྟེ། ཇི་ཙམ་ན་བཀྲུ་སྨན་ཟོས་ནས་ཞེས་བྱ་བ་ནས། མི་གཙང་བས་བཀང་བའི་སྣོད་དང་། བརྡབ་པའི་གཞི་དང་གོས་བཤལ་བའི་ཆུ་སྣོད་མ་རུང་བར་བྱས་སོ། །དེ་ནས་བཙོ་བླག་མཁན་དེ་གོས་འཁྲུ་བ་ ན་གོས་དེ་ཚོན་ཁྲ་བོ་སྣ་ཚོགས་ཀྱི་ཚོན་གྱིས་བཀྲ་བ་དང་། མནམ་པ་མཐོང་ངོ་ཞེས་བྱ་བའི་བར་རོ། །དེ་ནས་སྦོམ་དགའ་མོ་འོངས་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་ནང་རྗེ་གོས་དག་ཅི་སྟེ་སྐྱ་བོར་གྱུར་དེས་འདི་སྐད་ཅེས་འཕགས་མ་ཁྱོད་ཀྱིས་མ་བྱས་གྲང་ཞེས་སྨྲས་པ་དང་། སྦོམ་ དགའ་མོས་འདི་སྐད་ཅེས་ཁྱོད་དེ་ལྟར་བཅོས་སོ་ཞེས་སྨྲས་པ་ན་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུའི་ནང་དུ་བཤང་གཅི་དོར་བར་མི་བྱའོ་ཞེས་བྱ་བའི་བར་རོ། །ན་བ་དག་དེ་ཉིད་དུ་འདོར་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་ སུ་གནང་ངོ་། །དེ་བཞིན་དུ་མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་ཞེས་བྱ་བ་ནས། ནད་པ་ཡིན་ན། རྗེས་སུ་གནང་ངོ་ཞེས་བྱ་བའི་བར་རོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཉན་ཡོད་དུ་དགེ་སྐོས་ལ་བརྟེན་ནས་ཤིང་ལ་འཛེག་པའི་བསླབ་པའི་གཞི་བཅའ་ བ་མཛད་པ་དེའི་ཚེ་སྦོམ་དགའ་མོ་བྱ་བ་འགའ་ཞིག་གི་ཕྱིར་ཤིང་ཁར་འཛེག་པ་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེས་འདི་སྐད་ཅེས་དགེ་སློང་རྣམས་ལ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བར་ཆུའི་ནང་དུ་བཤང་བ་དང་། གཅི་བ་དང་མཆིལ་མ་དང་། སྣབས་དང་སྐྱུགས་པ་དང་། རླུགས་པ་དོར་བར་མི་བྱ་བ་དང་། གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་ བསླབ་པར་བྱའོ་ཞེས་བྱ་བའི་བར་རོ། །བསླབ་པ་མང་པོ་རྫོགས་སྷོ། །དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས་བསླབ་པ་མང་པོ་རྫོགས་སྷོ།། །།ད་ནི་རྩོད་པ་ཞི་བར་བྱེད་པ་རྣམས་སྨྲ་བར་བྱ་སྟེ། སྡོམ་ལ། མངོན་སུམ་དང་ནི་དྲན་པ་དང་། །མ་མྱོས་འདུལ་དང་དེའི་ངོ་བོ། །ཚུལ་ཤིང་ མང་པོ་བྲིམ་པ་དང་། །ཁས་བླང་བ་དང་རྩྭ་བཀྲམ་པའོ། །མངོན་སུམ་གྱིས་འདུལ་བར་འོས་པ་ལ་ནི་མངོན་སུམ་གྱིས་འདུལ་བ་སྦྱིན་ནོ། །དྲན་པས་འདུལ་བར་འོས་པ་ལ་ནི་དྲན་པས་འདུལ་བ་སྦྱིན་ནོ། །མ་མྱོས་པས་འདུལ་བར་འོས་པ་ལ་ནི་མ་མྱོས་པས་འདུལ་བ་སྦྱིན་ནོ། །དེའི་ངོ་བོ་ཉིད་ཚོལ་ དུ་གཞུག་པར་འོས་པ་ལ་ནི་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་ནོ། །གང་ཚུལ་ཤིང་མང་པོ་བྲིམ་པར་འོས་པ་ལ་ནི་གང་ཚུལ་ཤིང་མང་པོ་བྲིམ་པ་སྦྱིན་ནོ། །ཁས་བླང་བར་འོས་པ་ལ་ནི་ཁས་བླང་བ་སྦྱིན་ནོ། །རྩྭ་བཀྲམ་པ་ལྟ་བུར་འོས་པ་ལ་ནི་རྩྭ་བཀྲམ་པ་ལྟ་བུ་སྦྱིན་ཏེ། རྩོད་པ་ ཞི་བར་བྱེད་པའི་ཆོས་བདུན་པོ་འདི་དག་གིས་རྩོད་པ་བྱུང་བར་གྱུར་པ་རྣམས་ཆོས་དང་། འདུལ་བ་དང་། སྟོན་པའི་བསྟན་པ་བཞིན་དུ་དུལ་བར་བྱ། ཞི་བར་བྱ། རྣམ་པར་ཞི་བར་བྱ་བར་བསླབ་པར་བྱའོ། །རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་རྫོགས་སྷོ།། །།དགེ་ སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས་རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་རྫོགས་སྷོ།། །།མཐའ་བརྒྱད་དགེ་འདུན་ལྷག་མ་ཉི་ཤུ་དང་། །དེ་བཞིན་སྤང་བ་སུམ་བཅུ་རྩ་གསུམ་དང་། །གཞན་ཡང་ལྟུང་བྱེད་བརྒྱ་ནི་བརྒྱད་བཅུ་དང་། །སོ་སོར་བཤགས་པར་བྱ་བ་བཅུ་གཅིག་ནི། །བསླབ་ པ་ཡི་ནི་ཕྲེང་བ་ལྷག་པ་སྟེ། །ཞི་བར་བྱེད་པ་དགེ་སློང་པ་དང་མཐུན། །བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ཡི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །མིག་ལྡན་ཕ་རོལ་གནོན་ཡོད་ན། །ཉམ་ ང་བ་དག་ཇི་བཞིན་དུ། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤོང་། །སྐུར་པ་མི་གདབ་གནོད་མི་བྱ། །སོ་སོར་ཐར་པའང་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །བས་མཐའི་གནས་སུ་གནས་པར་བྱ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། ། འདི་ནི་སངས་རྒྱས་བསྟན་པ་ཡིན། །ཇི་ལྟར་བུང་བ་མེ་ཏོག་ལས། །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་བཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །བདག་གི་རིགས་དང་མི་རིགས་ལ། །བརྟག་པར་བྱ་སྟེ་གཞན་རྣམས་ཀྱི། །མི་མཐུན་པ་དང་གཞན་རྣམས་ ཀྱི། །བྱས་དང་མ་བྱས་རྣམས་ལ་མིན། །ལྷག་པའི་སེམས་ལ་བག་བྱ་སྟེ། །ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པ། །སྐྱོབ་པ་མྱ་ངན་མེད་པ་ཡིན། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ལེགས་བསྡམས་དགྲ་སོགས་མི་འགྱུར་ རོ། །དགེ་དང་ལྡན་པས་སྡིག་པ་སྤོང་། །ཉོན་མོངས་ཟད་པས་མྱ་ངན་འདའ། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་ སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་དུ་གདམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་། ། ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ནས། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་། །ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ ཡི་ལྷ། །མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད། །འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག །སངས་རྒྱས་དཔའ་བོ་བདུན་པོ་དག །གྲགས་ལྡན་རྣམས་ཀྱི་སོ་སོར་ཐར། །འདི་ནི་རབ་ཏུ་རྒྱས་པར་བཏོན། །འདི་ལ་སངས་རྒྱས་རྣམས་དང་གང་། །སངས་རྒྱས་ཉན་ཐོས་ རྣམས་ཀྱང་གུས། །འདི་ལ་གུས་པར་བཅས་གྱུར་པས། །འདུས་མ་བྱས་པ་ཐོབ་པར་གྱིས། །བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་སོ་སོར་ཐར་པ་དང་བཅས་པ་རྫོགས་སྷོ།། །། ཁ་ཆེའི་མཁན་པོ་སརྦ་ཛྙཱ་དེ་བ་དང་། །དྷརྨཱ་ཀ་ར་དང་། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་ཙྪ་བ་བན་དེ་དཔལ་གྱི་ལྷུན་པོས་བསྒྱུར། །རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ ལ་ཕབ་པའོ། །སྔ་ཞུས་ཀུན་དགའོ་ཤཱཀྱ་དཔལ། །གཉིས་ཀྱིས་མ་དག་དྲི་མ་བསལ། །གསུམ་ཞུས་མཁས་པ་སྣར་ཐང་དཔོན་སློབ་པས། །ས་ཡི་སྟེང་འདིར་ལེགས་པར་དག་བགྱིས་སོ།། །།