Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 009_འདུལ་བ།_ཏ
Văn bản gốc(Tây Tạng)
Trang 12 / 20 (50.000 ký tự/trang)
མོ་ཡུལ་ཀ་ཤི་དང་། ཀོ་ས་ལ་ཡོད་ཀྱང་གཏེར་མི་འཆའོ་ཞེས་བྱ་བ་ནས། རྣམ་གྲངས་བཅྭ་བརྒྱད་པ་དང་། ཉི་ཤུ་པ་དག་བགྱིས་ཏེ་ལག་མཐིལ་ ནས་ལྐོག་མར་བརྫངས་སོ་ཞེས་བྱ་བ་ནས། བདག་ནི་སྡེ་སྣོད་གསུམ་པ་ལགས་སོ་ཞེས་བྱ་བའི་བར་རོ། །དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གོས་ཀྱི་ཕྱིར་དངོས་པོ་གཞན་ རྙེད་པ་རང་གི་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དངོས་པོ་གཞན་ཞེས་བྱ་བ་ནི་གཞན་དུ་བསྔོས་པའོ། །གོས་ཀྱི་རྙེད་པ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ། །ཁའི་སྒོ་ཞེས་བྱ་བ་ནི་ ལྐོག་མར་མིད་པའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དགེ་སློང་མས་དངོས་པོ་གཞན་རྙེད་པ་དེ་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྤང་བའི་ལྟུང་བྱེད་ ཉི་ཤུ་བདུན་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོ་རང་གི་དབྱར་ཁང་གི་གནས་མལ་གྲུགས་ཤིང་ཆག་པ་དང་། དེ་ལ་བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱིས་གནས་མལ་གྲུགས་ཤིང་ ཆག་པ་དག་ཅིའི་སླད་དུ་མ་བཅོས། དེས་འདི་སྐད་ཅེས་སྨྲས་སོ། །ཅི་ཁོ་མོ་ལ་བུ་དང་ཁྱིམ་ཐབ་ལས་བྱེད་པ་ཡོད་སྙམ་མམ། དེ་དག་གིས་གནས་མལ་བཅོས་པའི་ཕྱིར་ཀཱར་ཥཱ་པ་ཎ་མང་པོ་བྱིན་ནོ། །ཞེས་བྱ་བ་ནས་དེས་ཁ་ཟས་ཀྱི་རྣམ་གྲངས་བཅྭ་བརྒྱད་པ་དང་། ཉི་ཤུ་པ་དག་བྱས་ཏེ་ཟོས་སོ་ཞེས་བྱ་བའི་བར་རོ། །ཡང་གྲུགས་ཤིང་ཆག་པ་མཐོང་ནས་ཞེས་བྱ་བ་ནས། འདི་སྐད་ཅེས་ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་ནོ་ཞེས་བྱ་བའི་བར་སྨྲས་པ་ན། དོན་ཉུང་བའི་དགེ་སློང་དག་སྨོད་པར་བྱེད་པའི་ཞེས་བྱ་བ་ནས། བསླབ་ པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབྱར་ཁང་གི་གནས་མལ་གྱི་རྙེད་པ་རང་གི་ཁའི་བཟའ་བར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །གནས་མལ་གྱི་རྙེད་པ་ཞེས་བྱ་བ་ནི་ གདིང་བ་དང་། གཡོག་པ་བཏགས་པའམ་རིན་ནོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དབྱར་ཁང་གི་རྙེད་པ་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་སྤང་ བའི་ལྟུང་བྱེད་དོ། །སྤང་བའི་ལྟུང་བྱེད་ཉི་ཤུ་བརྒྱད་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་ཚེས་བརྒྱད་དང་། བཅྭ་ལྔ་དག་ལ་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་ཆོས་ཉན་པའི་ཕྱིར་དབྱར་ཁང་དུ་འོངས་པ་དང་། དེ་ནས་མཚན་མོ་ཆར་བབ་པས་ དབྱར་ཁང་ཐམས་ཅད་ཐིགས་པ་འཛག་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ཁྱོད་ཀྱིས་ཅིའི་སླད་དུ་དབྱར་ཁང་མི་བཅོས། དེས་འདི་སྐད་ཅེས་ཅི་ཁོ་མོའི་ཁྱིམ་ན་ཡང་བུ་དང་ཁྱིམ་ཐབ་ཡོད་ སྙམ་ཞེས་སྨྲས་པ་དང་། དེ་དག་གིས་དབྱར་ཁང་བཅོས་པའི་ཕྱིར་ཀཱར་ཥཱ་པ་ཎ་དག་བྱིན་ཏེ། དེས་ཁ་ཟས་ཀྱི་རྣམ་གྲངས་བཅྭ་བརྒྱད་པ་དང་། ཉི་ཤུ་པ་དག་བྱས་ནས་ཟོས་སོ་ཞེས་བྱ་བ་ནས། ཡང་ཐིགས་པ་འཛག་པ་མཐོང་ནས་ཞེས་བྱ་བའི་བར་རོ། །དེ་དག་གིས་སྨྲས་ པ། འཕགས་མ་དབྱར་ཁང་མ་བཅོས་སམ་ཞེས་བྱ་བའི་བར་དུ་སྟེ། དེས་འདི་སྐད་ཅེས་ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་ནོ་ཞེས་བྱ་བའི་བར་དུ་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ནས་ བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབྱར་ཁང་བཅོས་པའི་རྙེད་པ་བདག་ཉིད་ཀྱི་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དབྱར་ཁང་ཞེས་བྱ་བ་ནི་གཙུག་ལག་ཁང་ངོ་། ། རྙེད་པ་ཞེས་བྱ་བ་ནི་གསེར་དང་དངུལ་ལམ། གཞན་ཅི་ཡང་རུང་བའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དབྱར་ཁང་བཅོས་པའི་རྙེད་པ་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་ སྤང་བའི་ལྟུང་བྱེད་དོ། །སྤང་བའི་ལྟུང་བྱེད་ཉི་ཤུ་དགུ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་ལྗོངས་ཤིག་ནས་དགེ་སློང་མ་རབ་ཏུ་མང་པོ་མཉན་ཡོད་དུ་ལྷགས་པ་དང་། དེ་དག་གི་ཕྱིར་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ཆུང་མས་རྙེད་པ་མང་དུ་གཏད་ ནས་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་གདུགས་ཚོད་མཛོད་ཅིག །དེས་འདི་སྐད་ཅེས་སྨྲས་སོ། །འདི་ལྟར་ཉུངས་ཀྱིས་ཡང་དང་ཡང་དུ་སྣོན་ཅིག །དེ་དག་གིས་ཡང་དང་ཡང་དུ་བྱིན་ནས་ཀྱང་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་གདུགས་ ཚོད་བགྱི་བའི་དུས་ནི་འདི་ལགས་སོ། །དེས་འདི་སྐད་ཅེས་སྨྲས་སོ། །ད་དུང་ཟན་བྱ་བའི་དུས་ལ་མ་བབ་བོ། །གང་གི་ཚེ་དགེ་སློང་མ་དེ་རྣམས་ལྗོངས་དག་ཏུ་དོང་བ་དེའི་ཚེ་དེས་རྙེད་པ་དེ་ལས་རྣམ་གྲངས་བཅྭ་བརྒྱད་པ་དང་། ཉི་ཤུ་པའི་བར་དག་བྱས་ཏེ་ཟོས་སོ་ཞེས་བྱ་བ་ ནས། ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་ནོ་ཞེས་བྱ་བའི་བར་རོ། །དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གློ་བུར་དུ་ལྷགས་པའི་དགེ་སློང་ མ་རྣམས་ཀྱི་ཕྱིར་རྙེད་པ་བསླངས་ཏེ། གཅིག་པུ་ཟ་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །གློ་བུར་དུ་ལྷགས་པའི་དགེ་སློང་མ་རྣམས་ཀྱི་ཕྱིར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་མ་རྣམས་སོ། །རྙེད་པ་ཞེས་བྱ་བ་ལ་རྙེད་པ་ནི་ གཉིས་ཏེ། ཟས་ཀྱི་རྙེད་པ་དང་། གོས་ཀྱི་རྙེད་པའོ། །དོན་འདི་ལ་ནི་ཟས་ཀྱི་རྙེད་པ་ཡིན་པར་དགོངས་སོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དགེ་སློང་མས་གློ་བུར་དུ་ལྷགས་པའི་དགེ་སློང་མ་རྣམས་ ཀྱི་ཕྱིར་རྙེད་པ་ཡོད་པ་གཅིག་པུ་ཟ་བར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྤང་བའི་ལྟུང་བྱེད་སུམ་བཅུ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་དགེ་སློང་མ་སྦོམ་དགའ་མོས་དགེ་འདུན་མའི་ཕྱིར་ཟས་དག་ཡང་དག་པར་སྐུལ་ བར་བྱེད་པ་ན། དེ་ནས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ཅིའི་སླད་དུ་དགེ་འདུན་མའི་ཟས་ཀྱི་རྙེད་པ་མི་བགྱི། འདི་ལྟར་ཉུངས་སོ་ཞེས་ཡང་དང་ཡང་དུ་བླངས་ནས་གཅིག་པུས་ ཀུན་དུ་གཡོས་པ་དང་། ལེགས་པར་གཡོས་པ་ནས། རྣམ་གྲངས་བཅྭ་བརྒྱད་པ་དང་། ཉི་ཤུ་པ་དག་གི་བར་དག་བྱས་ཏེ་ཟོས་སོ་ཞེས་བྱ་བ་ནས། རྗེས་སུ་ཡི་རང་བར་གྱིས་ཤིག་ཅེས་བྱ་བ་དང་། ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་ནོ་ཞེས་བྱ་བའི་བར་རོ། །དོན་ ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་ཞེས་བྱ་བ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་འདུན་གྱི་ཕྱིར་རྙེད་པ་བསླངས་ཏེ་བདག་ཉིད་ཀྱི་ཁའི་བཟའ་བར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་ དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དགེ་འདུན་མའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མའི་འོ། །རྙེད་པ་ཞེས་བྱ་བ་ལ་རྙེད་པ་ནི་གཉིས་ཏེ། ཟས་ཀྱི་རྙེད་པ་དང་། གོས་ཀྱི་རྙེད་པའོ། །དོན་འདི་ལ་ནི་ཟས་ ཀྱི་རྙེད་པ་ཡིན་པར་དགོངས་སོ། །བསླངས་ཏེ་ཞེས་བྱ་བ་ནི་ཕ་རོལ་ལས་སོ། །ཁའི་ཞེས་བྱ་བ་ནི་ཁའི་བཟའ་བར་རོ། །བྱིན་གྱིས་རློབ་པར་བྱེད་ན་ཞེས་བྱ་བ་ནི་ལྐོག་མར་མིད་པར་རོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་མའི་རྙེད་པ་བདག་ཉིད་ཀྱི་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྤང་བའི་ལྟུང་བྱེད་སུམ་བཅུ་གཅིག་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། ། དེའི་ཚེ་ཡུལ་ལུས་འཕགས་ཀྱི་རྒྱལ་པོས་ལ་བ་རིན་པོ་ཆེ་ཞིག་རྒྱལ་པོ་གསལ་རྒྱལ་ལ་སྐྱེས་སུ་བསྐུར་བ་ལས། དེས་རྒྱལ་རིགས་ཉམས་པའི་དམག་མི་རྣམས་ལ་བྱིན་ནོ། །དེ་རྣམས་ཀྱིས་ཀྱང་ཆོས་སྦྱིན་ནི་བདག་ཅག་གི་དགེ་བའི་བཤེས་གཉེན་ཡིན་ནོ་ཞེས་ལ་བ་རིན་ པོ་ཆེ་དེ་དེ་ལ་བྱིན་ནོ། །དེས་ཀྱང་ལ་བ་རིན་པོ་ཆེ་ཆོས་གོས་ཀྱི་གདང་ལ་གཟར་ཏེ་བཞག་གོ། །གཙུག་དགའ་མོ་གནས་ཁང་དུ་ཞུགས་པས་མཐོང་ནས། དེས་ཆོས་སྦྱིན་ལ་དྲིས་པ། འཕགས་མ་ལ་བ་རིན་པོ་ཆེ་འདི་སུའི་ལགས། དེས་འདི་སྐད་ཅེས་སྨྲས་ སོ། །ཁོ་མོའི་ཡིན་ནོ། །དེ་ནས་གཙུག་དགའ་མོས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བསོད་ནམས་དག་ནི་བྱ་བ་སྟེ། བསོད་ནམས་མ་བྱས་སྡུག་བསྔལ་འགྱུར། །འཇིག་རྟེན་འདི་དང་ཕ་རོལ་དུ། །བསོད་ནམས་བྱས་པ་དགའ་ བར་འགྱུར། །ཞེས་གསུངས་པ་ནི་ཐོག་ཏུ་བབ་སྟེ། ཁྱོད་ནི་བསོད་ནམས་བགྱིས་པས་ལྷ་དང་མིས་མཆོད་པར་གྱུར་ཏོ། །དེ་ནས་ཆོས་སྦྱིན་གྱིས་གཙུག་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་འདོད་ན་ཁྱེར་ཅིག །དེས་འདི་སྐད་ཅེས་སྨྲས་སོ། །འདི་ནི་ལྷའི་ ཕམ་ཕབས་ལགས་སོ་ཞེས་བྱས་ནས་ལ་བ་རིན་པོ་ཆེ་དེ་བླངས་ཏེ་བགོས་ནས་ལག་པ་གཉིས་བསྒྱུར་བ་བྱས་ཏེ། ལམ་པོ་ཆེ་དང་སྲང་དུ་འཁྱམ་པ་ན། དེ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །ཕ་བི་སུ་ཞིག་ཡིན་ཅི་ནོར་ཅན་གྱི་ ཆུང་མའམ། ཚོང་དཔོན་གྱི་ཆུང་མའམ། དེད་དཔོན་གྱི་ཆུང་མ་ཞིག་ཡིན། གཞན་དག་གིས་འདི་སྐད་ཅེས་སྨྲས་སོ། །གཙུག་དགའ་མོ་ཡིན་ནོ། །བལྟས་ནས་ཤེས་ལྡན་དག་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་གང་ཡིན་པ་དེ་དག་ཀྱང་ལྕི་ལ་རིན་ཆེ་བའི་གོས་དག་ གྱོན་ལ། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་མ་འདི་དག་ཀྱང་ལྕི་ལ་རིན་ཆེ་བའི་གོས་དག་གྱོན་ན་ཁྱད་པར་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད། ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །ཞེས་བྱ་བའི་སྐབས་ དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཙུག་དགའ་མོ་ལ་རྨད་པར་མཛད་ དེ། དགེ་སློང་མ་ཁྱེད་ཀྱིས་འདི་ལྟ་བུ་མཛེས་པ་མ་ཡིན་པ་བྱས་པ་བདེན་ནམ། བཅོམ་ལྡན་འདས་མད་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཙུག་དགའ་མོ་ལ་དགེ་སྦྱོང་མའི་ཚུལ་མ་ཡིན་པ་དང་། རུང་བ་མ་ཡིན་པ་ དང་། མཛེས་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་གཉི་གའི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་དག་བུད་མེད་ནི་ཁ་ཟས་དང་འདྲ་སྟེ། རེ་ཞིག་གོས་བཟང་པོ་མེད་ན་ཡང་འདོད་པར་བྱ་བ་ཡིན་ན། གོས་བཟང་པོ་བགོས་ན་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་ཐམས་ཅད་ནི་ལྕི་ལ་རིན་ཆེ་བའི་གོས་འཆང་བ་ལས་གྱུར་ཏོ་སྙམ་ནས་བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཡང་དགེ་སློང་མ་གང་ལྕི་ལ་རིན་ཆེ་བའི་གོས་འཆང་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ། །ལྕི་ལ་ཞེས་བྱ་བ་ནི་དགུན་གྱི་བགོ་བའོ། །རིན་ཆེ་བ་ཞེས་བྱ་བ་ནི་ཀཱར་ཥཱ་པ་ཎ་ཉི་ཤུའམ། ཉི་ཤུ་རྩ་ལྔ་རི་བའོ། ། འཆང་ན་ཞེས་བྱ་བ་ནི་གྱོན་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ལྕི་ལ་རིན་ཆེ་བའི་གོས་འཆང་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྤང་བའི་ལྟུང་བྱེད་སུམ་བཅུ་ གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་ཡུལ་ཀ་ལིང་ཀའི་རྒྱལ་པོས་སེང་རས་རིན་ཆེ་བ་ཞིག་རྒྱལ་པོ་གསལ་རྒྱལ་ལ་སྐྱེས་སུ་བསྐུར་བ་ལས། དེས་རྒྱལ་རིགས་ཉམས་པའི་དམག་མི་རྣམས་ལ་བྱིན་ནོ། །དེ་རྣམས་ཀྱིས་ཀྱང་ ཆོས་སྦྱིན་ནི་བདག་ཅག་གི་དགེ་བའི་བཤེས་གཉེན་ཡིན་ནོ་ཞེས་དེ་ལ་བྱིན་ནོ། །དེས་དེ་བླངས་ཏེ་ཆོས་གོས་ཀྱི་གདང་ལ་གཟར་ཏེ་བཞག་གོ། །གཙུག་དགའ་མོ་ཡང་གནས་ཁང་དུ་ཞུགས་པ་ན་མཐོང་ནས་དེས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་སེང་རས་ འདི་སུའི་ལགས། དེས་འདི་སྐད་ཅེས་སྨྲས་སོ། །ཁོ་མོའི་ཡིན་ནོ། །དེ་ནས་གཙུག་དགའ་མོས་ཆོས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི་བསོད་ནམས་བགྱིས་པས་ལྷ་དང་མིས་མཆོད་པར་གྱུར་ཏེ། ཁྱོད་ལ་དཔྱིད་ཀའི་བགོ་བ་འདི་ལྟ་བུ་མངའོ། །དེས་ འདི་སྐད་ཅེས་སྨྲས་སོ། །གལ་ཏེ་འདོད་ན་ཁྱེར་ཅིག །དེ་ནས་འདི་སྐད་ཅེས་སྨྲས་སོ། །ལྷའི་ཕམ་ཕབས་སུ་མི་འཚལ། དེ་ནས་ཆོས་སྦྱིན་གྱིས་སེང་རས་གཙུག་དགའ་མོ་ལ་བྱིན་ནོ། །དེས་དེ་བགོས་ཏེ་བགོས་ནས་སྲང་དུ་ཞུགས་ན་དེའི་ལུས་གཡོགས་ཀྱང་སྒྲེན་ མོ་འདྲ་བར་སྣང་ངོ་། །དེ་ནས་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་གཙུག་དགའ་མོ་རྒྱང་རིང་པོ་ཁོ་ན་ནས་འོང་བ་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །ཕ་བི་སུ་ཞིག་ཡིན། ནོར་ཅན་གྱིའམ། ཚོང་དཔོན་གྱིའམ། དེད་དཔོན་གྱི་བུ་མོ་ཞིག་འོངས་པར་ གྱུར་ཏམ། གཞན་དག་གིས་འདི་སྐད་ཅེས་སྨྲས་སོ། །དགེ་སློང་མ་གཙུག་དགའ་མོ་ཡིན་ནོ། །དེ་རྣམས་ཀྱིས་བལྟས་ནས་འདི་སྐད་ཅེས་སྨྲས་སོ། །འདི་ལྟ་སྟེ། སེང་རས་གྱོན་པ་འདི་ནི་དགེ་སློང་མ་རྣམས་ལ་མཛེས་པ་མ་ཡིན་ནོ་ཞེས་སྨོད་པར་བྱེད། ཕྱར་ཀ་ གཏོང་བར་བྱེད། ཁ་ཟེར་བར་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་རྒྱས་པར་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་ བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་ངའི་ཉན་ཐོས་མ་རྣམས་ཀྱིས་རྣམ་པར་ཤེས་པར་འགྱུར་བ་དང་། ངས་བསླབ་པའི་གཞི་ལེགས་པར་བཅས་པར་འགྱུར་བར་བྱ་བའི་ཕྱིར་གཉི་གའི་དགེ་འདུན་བསྡུ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་ འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ། མི་མཁྱེན་པར་མ་ཡིན་གྱི་མཁྱེན་བཞིན་དུ་རྨེད་པ་ཡིན་པས་ཞེས་བྱ་བ་ནས། དགེ་སློང་མ་ཁྱོད་ཀྱིས་མཛེས་པ་མ་ཡིན་པ་འདི་ལྟ་བུ་བྱས་པ་བདེན་ནམ་ཞེས་བྱ་བའི་བར་རོ། །བཙུན་པ་མད་དོ། །སངས་རྒྱས་ བཅོམ་ལྡན་འདས་ཀྱིས་སྨད་པར་མཛད་དེ། དགེ་སློང་མ་དག་བུད་མེད་ནི་ལེགས་པར་སྦས་ཀྱང་མཛེས་པ་མ་ཡིན་ན། མ་སྦས་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་ མ་དག་ངས་ཕན་ཡོན་བཅུ་ཡང་དག་པར་རྗེས་སུ་གཟིགས་ནས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་དེ། འདི་ལྟ་སྟེ། དགེ་འདུན་ཡང་དག་པར་བསྡུ་བའི་ཕྱིར་དང་། ཞེས་བྱ་བ་ནས་ལྷ་དང་མིའི་བར་ལ་ཡང་དག་པར་ལེགས་པར་རབ་ཏུ་བཤད་ པར་འགྱུར་བའི་བར་རོ། །ཡང་ངའི་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་སྐད་ཅེས་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་ཡང་ལ་རིན་ཆེ་བའི་གོས་གྱོན་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ། ། གོས་ཡང་ལ་ཞེས་བྱ་བ་ནི་སེང་རས་སོ། །རིན་ཆེ་བ་ཞེས་བྱ་བ་ནི་ཀཱར་ཥཱ་པ་ཎ་ཉི་ཤུ་རི་བའམ། ཀཱར་ཥཱ་པ་ཎ་ཉི་ཤུ་རྩ་ལྔ་རི་བའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་སེང་རས་གྱོན་ན་སྤང་བའི་ ལྟུང་བྱེད་དོ། །སྣ་ཚོགས་སུ་བཀྲ་བ་གྱོན་ནམ། སྲབ་མོ་གྱོན་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ། །སྤང་བའི་ལྟུང་བྱེད་སུམ་བཅུ་གསུམ་པ་རྫོགས་སོ། །དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་ པ་ལས་སྤང་བའི་ལྟུང་བྱེད་རྣམས་རྫོགས་སྷོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅྭ་ལྔ་པ། ད་ནི་ལྟུང་བྱེད་རྣམས་སྨྲ་བར་བྱ་སྟེ། བསྡུས་པའི་སྡོམ་ནི། ཤེས་བཞིན་དང་ནི་ས་བོན་དང་། །དེ་བཞིན་ཁུར་བ་ཉིད་དང་ནི། ། ཐལ་མོ་རྡེབས་དང་ཆེད་བསམས་དང་། །རྐུན་མ་བང་ཆེན་ཉིད་དང་ངོ་། །སྡོམ་ནི། ཤེས་བཞིན་དང་ནི་སྐྱོན་ནས་འདྲུ། །ཕྲ་མ་དང་ནི་སྐྱོ་སྔོགས་དང་། །སྐྱེས་པ་ལ་སྟོན་ཆོས་དང་ནི། །ཡིད་འོང་བསླབ་པ་ཁྱད་གསོད་པའོ། །སངས་རྒྱས་བཅོམ་ལྡན་འདས་ རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་ཤེས་བཞིན་དུ་དགེ་སློང་མ་རྣམས་ལ་བརྫུན་སྨྲ་བས་མཐོ་འཚམ་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་ བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཤེས་བཞིན་དུ་བརྫུན་སྨྲ་ན་ལྟུང་བྱེད་དོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་དཔྱད་ནས་ སོ། །བརྫུན་སྨྲ་ན་ཞེས་བྱ་བ་ལ། བརྫུན་དུ་སྨྲ་བ་རྣམ་པ་བརྒྱད་ཀྱང་ཡོད། བརྫུན་དུ་སྨྲ་བ་རྣམ་པ་བདུན་ཡང་ཡོད། བརྫུན་དུ་སྨྲ་བ་རྣམ་པ་དྲུག་ཀྱང་ཡོད། བརྫུན་དུ་སྨྲ་བ་རྣམ་པ་ལྔ་ཡང་ཡོད། བརྫུན་དུ་སྨྲ་བ་རྣམ་པ་བཞི་ཡང་ཡོད། བརྫུན་དུ་སྨྲ་བ་ རྣམ་པ་གསུམ་ཡང་ཡོད། བརྫུན་དུ་སྨྲ་བ་རྣམ་པ་གཉིས་ཀྱང་ཡོད་དོ། །བརྫུན་དུ་སྨྲ་བ་རྣམ་པ་བརྒྱད་གང་ཞེ་ན། གཞི་མེད་པར་ཕས་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་བརྒྱད་ཡིན་ནོ། །བརྫུན་དུ་སྨྲ་བ་རྣམ་པ་བདུན་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་ བ་ཉམས་པ་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་བདུན་ཡིན་ནོ། །བརྫུན་དུ་སྨྲ་བ་རྣམ་པ་དྲུག་གང་ཞེ་ན། དགེ་སློང་མ་བརྫུན་དུ་སྨྲ་བར་འདོད་པ་འདི་སྙམ་དུ་བརྫུན་དུ་སྨྲ་བར་བྱའོ་ སྙམ་པ་དང་། བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་སོ་སྙམ་པ་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་དྲུག་ཡིན་ནོ། །བརྫུན་དུ་སྨྲ་བ་རྣམ་པ་ལྔ་གང་ཞེ་ན། གཞི་མེད་པར་ཕས་ ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱིས་ཏེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་ལྔ་ཡིན་ནོ། །བརྫུན་དུ་སྨྲ་བ་རྣམ་པ་བཞི་གང་ཞེ་ན། གཞི་མེད་པར་ཚུལ་ ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་བཞི་ཡིན་ནོ། །བརྫུན་དུ་སྨྲ་བ་རྣམ་པ་གསུམ་གང་ཞེ་ན། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། འདི་ནི་ བརྫུན་དུ་སྨྲ་བ་རྣམ་པ་གསུམ་ཡིན་ནོ། །གཞན་ཡང་བརྫུན་དུ་སྨྲ་བ་རྣམ་པ་གསུམ་སྟེ། བརྫུན་དུ་སྨྲ་བར་འདོད་པ་ན་འདི་སྙམ་དུ་བདག་གིས་བརྫུན་སྨྲ་བར་བྱའོ་སྙམ་པ་དང་། སྨྲ་བ་ན་འདི་སྙམ་དུ་བདག་བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་པ་ན་འདི་སྙམ་དུ་ བདག་གིས་བརྫུན་སྨྲས་སོ་སྙམ་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་གསུམ་ཡིན་ནོ། །བརྫུན་དུ་སྨྲ་བ་རྣམ་པ་གཉིས་གང་ཞེ་ན། བརྫུན་སྨྲ་བ་ན་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་པ་ན་འདི་སྙམ་དུ་བདག་གིས་བརྫུན་སྨྲས་སོ་སྙམ་པ་སྟེ། འདི་ནི་ བརྫུན་དུ་སྨྲ་བ་རྣམ་པ་གཉིས་ཡིན་ནོ། །བརྫུན་དུ་སྨྲ་བ་ལ་རྣམ་པ་གཅིག་པུ་འབའ་ཞིག་ནི་མེད་དོ། །བརྫུན་དུ་སྨྲ་བ་ཕས་ཕམ་པར་འགྱུར་བ་ཡང་ཡོད། བརྫུན་དུ་སྨྲ་བ་དགེ་འདུན་ལྷག་མར་འགྱུར་བ་ཡང་ཡོད། བརྫུན་དུ་སྨྲ་བ་སྦོམ་པོར་འགྱུར་བ་ཡང་ཡོད། བརྫུན་ དུ་སྨྲ་བ་ལྟུང་བྱེད་དུ་འགྱུར་བ་ཡང་ཡོད། བརྫུན་དུ་སྨྲ་བ་ཉེས་བྱས་སུ་འགྱུར་བ་ཡང་ཡོད་དོ། །བརྫུན་དུ་སྨྲ་བ་ཕས་ཕམ་པར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་མིའི་ཆོས་བླ་མ་མེད་བཞིན་དུ་སྨྲ་བ་སྟེ། འདི་ནི་བརྫུན་དུ་སྨྲ་བ་ཕས་ཕམ་པར་འགྱུར་ བ་ཡིན་ནོ། །བརྫུན་དུ་སྨྲ་བ་དགེ་འདུན་ལྷག་མར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་གཞི་མེད་པར་དགེ་སློང་མ་དག་པ་ལ་ཕས་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་དགེ་འདུན་ལྷག་མར་འགྱུར་བ་ཡིན་ནོ། ། བརྫུན་དུ་སྨྲ་བ་སྦོམ་པོར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་ཆེད་དུ་བསམས་ཏེ་དགེ་འདུན་གྱི་ནང་དུ་ཆོས་མ་ཡིན་པ་ལ་ཆོས་དང་། ཆོས་ལ་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་ལ་འདུལ་བ་དང་། འདུལ་བ་ལ་འདུལ་བ་མ་ཡིན་པར་སྟོན་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་སྦོམ་པོར་འགྱུར་བ་ཡིན་ནོ། །བརྫུན་དུ་སྨྲ་བ་ལྟུང་བྱེད་དུ་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་ཤེས་བཞིན་དུ་བརྫུན་སྨྲ་བས་མཐོ་འཚམ་པར་བྱེད་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་ལྟུང་བྱེད་དུ་འགྱུར་བ་ཡིན་ ནོ། །བརྫུན་སྨྲ་བ་ཉེས་བྱས་སུ་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་སོ་སོ་ཐར་པའི་མདོ་འདོན་པས་ཅི་འདི་ནི་ཡོངས་སུ་དག་གམ་ཞེས་དྲིས་པ་ན་དེ་ཡོངས་སུ་མ་དག་བཞིན་དུ་ཅང་མི་སྨྲ་བས་དང་དུ་ལེན་པ་སྟེ། འདི་ནི་བརྫུན་དུ་ སྨྲ་བ་ཉེས་བྱས་སུ་འགྱུར་བ་ཡིན་ཏེ། དེ་ལ་རྣམ་པ་བཞི་མ་གཏོགས་པ་དེ་ལས་གཞན་པའི་བརྫུན་གང་ཡིན་པ་དེ་ཐམས་ཅད་དོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྲེག་པར་ བྱེད། འཚེད་པར་བྱེད། ལྟུང་བར་བྱེད་པའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།། །།བར་སྡོམ་ནི། མ་བརྗེད་པ་དང་ཡིད་གཉིས་དང་། །འདུ་ཤེས་མུ་བཞིར་སྦྱར་བའོ། །འདིས་མ་མཐོང་བ་དང་། མ་ཐོས་པ་དང་། མ་རྟོགས་པ་དང་། རྣམ་པར་མི་ ཤེས་ལ། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་མཐོང་ངོ་ཐོས་སོ། །རྟོགས་སོ། །རྣམ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །མཐོང་ལ་བརྗེད་ཅིང་ བདག་གིས་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་བརྗེད་ནས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ནས་འདི་སྐད་ཅེས་ངས་མཐོང་སྟེ་མ་བརྗེད་དོ། །ཐོས་རྟོགས། རྣམ་པར་ཤེས་ཏེ་མ་བརྗེད་ དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་གིས་མཐོང་ལ་ཡིད་གཉིས་ཟ་བ་དང་། བདག་གིས་མཐོང་བ་དང་། རྟོགས་པ་དང་། བདག་གིས་རྣམ་པར་ཤེས་ལ་ཡིད་གཉིས་ཟ་བ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ནས་འདི་སྐད་ཅེས་ངས་མཐོང་སྟེ་ཡིད་གཉིས་མི་ཟའོ། །ངས་རྟོགས། རྣམ་པར་ཤེས་ཏེ་ཡིད་གཉིས་མི་ཟའོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །མཐོང་ལ་མ་མཐོང་བར་འདུ་ཤེས་ཤིང་། ཐོས་རྟོགས། རྣམ་པར་ ཤེས་ལ་རྣམ་པར་མ་ཤེས་པར་འདུ་ཤེས་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་མ་མཐོང་ངོ་། །ཁོ་མོས་མ་ཐོས་སོ། །མ་རྟོགས་སོ། །རྣམ་པར་མ་ཤེས་སོ་ ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །འདིས་མ་མཐོང་མོད་ཀྱི། ཐོས་རྟོགས། རྣམ་པར་ཤེས་པ་ལས། དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས་ངས་མ་མཐོང་ངོ་། །མ་ཐོས་སོ། །མ་རྟོགས་སོ། །རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ་ འདིས་མ་ཐོས་མོད་ཀྱི། མཐོང་རྟོགས། རྣམ་པར་ཤེས་པ་ལས་དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་ཐོས་ཀྱི་མ་མཐོང་ངོ་། །མ་རིག་གོ། །རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །འདིས་མ་རྟོགས་མོད་ཀྱི། མཐོང་ཐོས་རྣམ་པར་ ཤེས་པ་ལས་དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྟོགས་ཀྱི་མ་མཐོང་ངོ་། །མ་ཐོས་སོ་རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །འདིས་རྣམ་པར་མ་ཤེས་མོད་ཀྱི། མཐོང་ཐོས་རྟོགས་པ་ལས་དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་ རྣམ་པར་ཤེས་ཀྱི་མ་ཐོས་སོ། །མ་རྟོགས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་གིས་མཐོང་ལ་མ་བརྗེད་ཅིང་བདག་གིས་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་མ་བརྗེད་པ་ལས་དེས་འདུ་ཤེས་བསྒྱུར་ནས་ཞེས་བྱ་བ་ནས་ངས་མཐོང་སྟེ་བརྗེད་ དོ། །ཁོ་མོས་ཐོས་རྟོགས། རྣམ་པར་ཤེས་ཏེ་བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་གིས་ཐོས་ལ་བརྗེད་ཅིང་བདག་གིས་མཐོང་བ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་བརྗེད་པ་ལས་དེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་ཐོས་ཏེ་མ་ བརྗེད་དོ། །ངས་མཐོང་རྟོགས། རྣམ་པར་ཤེས་ཏེ་མ་བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་གིས་རྟོགས་ལ་མ་བརྗེད་ཅིང་བདག་གིས་མཐོང་བ་དང་། ཐོས་པ་དང་། རྣམ་པར་ཤེས་ལ་མ་བརྗེད་པ་ལས། དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྟོགས་ཏེ་བརྗེད་དོ། །ངས་མཐོང་། རྟོགས། རྣམ་པར་ཤེས་ཏེ་བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་གིས་རྣམ་པར་ཤེས་ལ་མ་བརྗེད་ཅིང་། བདག་གིས་མཐོང་བ་དང་། ཐོས་པ་དང་། རྟོགས་ལ་མ་བརྗེད་པ་ལས་དེས་འདུ་ཤེས་བསྒྱུར་ཏེ་ ཞེས་བྱ་བ་ནས། ངས་རྣམ་པར་ཤེས་ཏེ་བརྗེད་དོ། །ཁོ་མོས་མཐོང་། ཐོས། རྟོགས་ཏེ་བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་གིས་མཐོང་ལ་ཡིད་གཉིས་ཟ་ཞིང་བདག་གིས་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་ཡིད་གཉིས་ཟ་བ་ ལས་ཞེས་བྱ་བ་ནས། ངས་མཐོང་སྟེ་ཡིད་གཉིས་མི་ཟའོ། །ཁོ་མོས་ཐོས། རྟོགས། རྣམ་པར་ཤེས་ཏེ་ཡིད་གཉིས་མི་ཟའོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་གིས་ཐོས་ལ་ཡིད་གཉིས་ཟ་ཞིང་བདག་གིས་མཐོང་བ་དང་། རྟོགས་པ་དང་། རྣམ་པར་ཤེས་ ལ་ཡིད་གཉིས་ཟ་བ་ལས་ཞེས་བྱ་བ་ནས། ངས་ཐོས་ཏེ་ཡིད་གཉིས་མི་ཟའོ། །ཁོ་མོས་མཐོང་། རྟོགས་རྣམ་པར་ཤེས་ཏེ་ཡིད་གཉིས་མི་ཟའོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་གིས་རྟོགས་ལ་ཡིད་གཉིས་ཟ་ཞིང་བདག་གིས་མཐོང་བ་དང་། ཐོས་པ་དང་། རྣམ་ པར་ཤེས་ལ་ཡིད་གཉིས་ཟ་བ་ལས་དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྟོགས་ཏེ་ཡིད་གཉིས་མི་ཟའོ། །ཁོ་མོས་མཐོང་ཐོས་ལ། རྣམ་པར་ཤེས་ཏེ་ཡིད་གཉིས་མི་ཟའོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་གིས་རྣམ་པར་ཤེས་ལ་ཡིད་གཉིས་ཟ་ཞིང་ བདག་གིས་མཐོང་བ་དང་། ཐོས་པ་དང་། རྟོགས་ལ་ཡིད་གཉིས་ཟ་བ་ལས། དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྣམ་པར་ཤེས་ཏེ་ཡིད་གཉིས་མི་ཟའོ། །ཁོ་མོས་མཐོང་ཐོས། རྟོགས་ཏེ་ཡིད་གཉིས་མི་ཟའོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་ བྱེད་དོ། །དེས་མཐོང་ལ་མ་མཐོང་བར་འདུ་ཤེས་ཤིང་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་རྣམ་པར་ཤེས་པར་འདུ་ཤེས་པ་ལས་དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་མཐོང་གིས་མ་ཐོས་སོ། །མ་རྟོགས་སོ། །རྣམ་པར་མ་ཤེས་སོ་ཞེས་ཟེར་ན་ སྨྲས་སོ་ཅོག་ལྟུང་བྱེད་དོ། །དེས་ཐོས་ལ་མ་ཐོས་པར་འདུ་ཤེས་ཤིང་མཐོང་བ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་རྣམ་པར་ཤེས་པར་འདུ་ཤེས་པ་ལས་དེས་བསྒྱུར་ཏེ་ཞེས་བྱ་བ་ནས་ངས་ཐོས་ཀྱིས། མ་མཐོང་ངོ་། །མ་རྟོགས་སོ། །རྣམ་པར་མ་ཤེས་སོ་ཞེས་ ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །རྟོགས་ལ་མ་རྟོགས་པར་འདུ་ཤེས་ཤིང་མཐོང་བ་དང་། ཐོས་པ་དང་། རྣམ་པར་ཤེས་ལ་རྣམ་པར་ཤེས་པར་འདུ་ཤེས་པ་ལས། དེས་བསྒྱུར་ཏེ་ཞེས་བྱ་བ་ནས། ཁོ་མོས་རྟོགས་ཀྱི་མཐོང་ངོ་། །མ་ཐོས་སོ། །རྣམ་པར་མ་ཤེས་ སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །རྣམ་པར་ཤེས་ལ་རྣམ་པར་མ་ཤེས་པར་འདུ་ཤེས་ཤིང་མཐོང་བ་དང་། ཐོས་པ་དང་། རྟོགས་པ་ལ་རྟོགས་པར་འདུ་ཤེས་པ་ལས་དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས་ངས་རྣམ་པར་ཤེས་ཀྱི། མ་མཐོང་ངོ་། །མ་ཐོས་སོ། ། མ་རྟོགས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །འདིས་མཐོང་བར་གྱུར་ཅིང་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་པར་གྱུར་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་ མ་མཐོང་ངོ་། །མ་ཐོས་སོ། །མ་རེག་གོ། །རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །འདིས་མཐོང་བར་གྱུར་ལ་མ་བརྗེད་པ་དང་། ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་མ་བརྗེད་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་མཐོང་སྟེ་བརྗེད་དོ། །ངས་ཐོས་ཏེ་བརྗེད་དོ། །ངས་རྟོགས་ཏེ་བརྗེད་དོ། །ངས་རྣམ་པར་ཤེས་ཏེ་བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་གིས་མཐོང་ལ་ཡིད་གཉིས་མི་ཟ་ཞིང་བདག་གིས་ ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་ཡིད་གཉིས་མི་ཟ་བ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་མཐོང་སྟེ་ཡིད་གཉིས་ཟའོ། །ངས་ཐོས་རྟོགས། རྣམ་པར་ ཤེས་ཏེ་ཡིད་གཉིས་ཟའོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །མཐོང་ལ་མཐོང་བར་འདུ་ཤེས་ཤིང་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་རྣམ་པར་ཤེས་པར་འདུ་ཤེས་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་མཐོང་ངོ་། །མ་ཐོས་སོ། །མ་རྟོགས་སོ། །རྣམ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །འདིས་མཐོང་མོད་ཀྱི་མ་ཐོས། མ་རྟོགས། རྣམ་པར་མ་ཤེས་པ་ལས་དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ ནས་ངས་མ་མཐོང་སྟེ་འོན་ཀྱང་ཐོས་སོ། །རྟོགས་སོ། །རྣམ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །འདིས་ཐོས་མོད་ཀྱི་མ་མཐོང་། མ་རྟོགས། རྣམ་པར་མ་ཤེས་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་ པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་མ་ཐོས་ཏེ་འོན་ཀྱང་མཐོང་ངོ་། །རྟོགས་སོ། །རྣམ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །འདིས་རྟོགས་མོད་ཀྱི་མ་མཐོང་བ་དང་། མ་ཐོས་པ་དང་། རྣམ་པར་མ་ཤེས་པ་ལས་དེས་འདུ་ཤེས་དང་། བཟོད་པ་ དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་མ་རྟོགས་ཏེ་འོན་ཀྱང་མཐོང་ངོ་། །ཐོས་སོ། །རྣམ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །འདི་རྣམ་པར་ཤེས་མོད་ཀྱི་མ་མཐོང་མ་ཐོས། མ་རྟོགས་པ་ལས་དེས་ བསྒྱུར་ཏེ་ཞེས་བྱ་བ་ནས། འདི་སྐད་ཅེས་ངས་རྣམ་པར་མ་ཤེས་ཏེ་འོན་ཀྱང་ངས་མཐོང་ངོ་། །ངས་ཐོས་སོ། །ངས་རྟོགས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་གིས་མཐོང་ལ་མ་བརྗེད་ཅིང་བདག་གིས་ཐོས་པ་དང་། རྟོགས་པ་དང་། རྣམ་ པར་ཤེས་པ་བརྗེད་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་མ་མཐོང་སྟེ། འོན་ཀྱང་ཐོས་སོ། །རྟོགས་སོ། །རྣམ་པར་ཤེས་སོ་ཞེས་དེ་སྐད་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་ གིས་མཐོང་ལ་མ་བརྗེད། བདག་གིས་ཐོས་ལ་མ་བརྗེད། བདག་གིས་རྟོགས་ལ་མ་བརྗེད། བདག་གིས་རྣམ་པར་ཤེས་ལ་མ་བརྗེད་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་མཐོང་སྟེ་ བརྗེད་དོ། །ངས་ཐོས་ཏེ་བརྗེད་དོ། །ངས་རྟོགས་ཏེ་བརྗེད་དོ། །ངས་རྣམ་པར་ཤེས་ཏེ་བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་གིས་རྟོགས་ལ་མ་བརྗེད། བདག་གིས་མཐོང་ལ་མ་བརྗེད། བདག་གིས་ཐོས་ལ་མ་བརྗེད། བདག་གིས་རྟོགས་ལ་མ་ བརྗེད། བདག་གིས་རྣམ་པར་ཤེས་ལ་མ་བརྗེད་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་རྟོགས་ཏེ་བརྗེད་དོ། །ངས་མཐོང་སྟེ་བརྗེད་དོ། །ངས་ཐོས་ཏེ་བརྗེད་དོ། །ངས་རྣམ་པར་ཤེས་ཏེ་ བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་གིས་རྣམ་པར་ཤེས་ལ་མ་བརྗེད་དོ། །བདག་གིས་མཐོང་ལ་མ་བརྗེད། བདག་གིས་ཐོས་ལ་མ་བརྗེད། བདག་གིས་རྟོགས་ལ་མ་བརྗེད་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་ པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་རྣམ་པར་ཤེས་ཏེ་བརྗེད་དོ། །ངས་མཐོང་སྟེ་བརྗེད་དོ། །ངས་ཐོས་ཏེ་བརྗེད་དོ། །ངས་རྟོགས་ཏེ་བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་གིས་མཐོང་ལ་ཡིད་གཉིས་མི་ཟ། བདག་གིས་ཐོས་ལ་ཡིད་གཉིས་མི་ཟ། བདག་གིས་རྟོགས་ལ་ཡིད་གཉིས་མི་ཟ། བདག་གིས་རྣམ་པར་ཤེས་ལ་ཡིད་གཉིས་མི་ཟ་བ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་མཐོང་སྟེ་ཡིད་གཉིས་ཟའོ། །ངས་ཐོས་ཏེ་ཡིད་ གཉིས་ཟའོ། །ངས་རྟོགས་ཏེ་ཡིད་གཉིས་ཟའོ། །ངས་རྣམ་པར་ཤེས་ཏེ་ཡིད་གཉིས་ཟའོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་གིས་ཐོས་ལ་ཡིད་གཉིས་མི་ཟ། བདག་གིས་མཐོང་ལ་ཡིད་གཉིས་མི་ཟ། བདག་གིས་རྟོགས་ལ་ཡིད་གཉིས་མི་ཟ། བདག་ གིས་རྣམ་པར་ཤེས་ལ་ཡིད་གཉིས་མི་ཟ་བ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་ཐོས་ཏེ་ཡིད་གཉིས་ཟའོ། །ངས་མཐོང་སྟེ་ཡིད་གཉིས་ཟའོ། །ངས་རྟོགས་ཏེ་ཡིད་གཉིས་ཟའོ། ། ངས་རྣམ་པར་ཤེས་ཏེ་ཡིད་གཉིས་ཟའོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་གིས་རྟོགས་ལ་ཡིད་གཉིས་མི་ཟ། བདག་གིས་མཐོང་ལ་ཡིད་གཉིས་མི་ཟ། བདག་གིས་ཐོས་ལ་ཡིད་གཉིས་མི་ཟ། བདག་གིས་རྣམ་པར་ཤེས་ལ་ཡིད་གཉིས་མི་ཟ་བ་ལས་ དེས་བསྒྱུར་ཏེ་ཞེས་བྱ་བ་ནས་ངས་རྟོགས་ཏེ་ཡིད་གཉིས་ཟའོ། །ངས་མཐོང་། ཐོས། རྣམ་པར་ཤེས་ཏེ་ཡིད་གཉིས་ཟའོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །བདག་གིས་རྣམ་པར་ཤེས་ལ་ཡིད་གཉིས་མི་ཟ་ཞིང་མཐོང་བ་དང་། ཐོས་པ་དང་། རྟོགས་ལ་ ཡིད་གཉིས་མི་ཟ་བ་ལས་དེས་ཞེས་བྱ་བ་ནས། ངས་རྣམ་པར་ཤེས་ཏེ་ཡིད་གཉིས་ཟའོ། །ངས་མཐོང་ཐོས། རིག་སྟེ་ཡིད་གཉིས་ཟའོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །མ་མཐོང་ལ་མཐོང་བར་འདུ་ཤེས་ཤིང་ཐོས་པ་དང་། རྟོགས་པ་དང་། རྣམ་ པར་ཤེས་ལ་རྣམ་པར་ཤེས་པར་འདུ་ཤེས་པ་ལས་དེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་མཐོང་གི་མ་ཐོས་སོ། །མ་རྟོགས་སོ། །རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །མ་ཐོས་ལ་ཐོས་པར་འདུ་ཤེས་ཤིང་མཐོང་བ་དང་། རྟོགས་པ་དང་། རྣམ་པར་ཤེས་པར་འདུ་ཤེས་པ་ལས་ངས་ཐོས་ཀྱི་མཐོང་ངོ་། །མ་རྟོགས་སོ། །རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ། །མ་རྟོགས་པ་ལ་རྟོགས་པར་འདུ་ཤེས་ཤིང་མཐོང་བ་ལ་མཐོང་བར་འདུ་ཤེས། ཐོས་པ་ལ་ཐོས་པར་འདུ་ཤེས་རྣམ་ པར་ཤེས་པ་ལ་རྣམ་པར་ཤེས་པར་འདུ་ཤེས་པ་ལས་དེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྟོགས་ཀྱི་མ་མཐོང་ངོ་། །མ་ཐོས་སོ། །རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །རྣམ་པར་ཤེས་ལ་རྣམ་པར་ཤེས་པར་འདུ་ཤེས་ཤིང་བདག་གིས་ མཐོང་བ་དང་། བདག་གིས་ཐོས་པ་དང་། བདག་གིས་རྟོགས་པ་ལས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་རྣམ་པར་ཤེས་ཀྱི། མ་མཐོང་ངོ་། །མ་ཐོས་སོ། །མ་རྟོགས་སོ་ཞེས་ཟེར་ན་སྨྲས་ སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་དང་པོ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་འདི་སྐད་ཅེས་ཞར་མ། ཐེང་མོ། སྒུར་མོ། མིའུ་ཐུང་མོ། མཆུ་འཕྱངས་མོ། མགོ་མོ་ཆེ། ལག་ཞ་མོ་ཞེས་བུད་ མེད་ཀྱི་སྐྱོན་ནས་འདྲུ་ཞིང་སྨྲ་བའི་ཀུན་དུ་སྤྱོད་པས་ཀུན་དུ་སྤྱོད་པར་བྱེད་པ་ན། དེ་རྣམས་དེ་ལྟར་བུད་མེད་ཀྱི་སྐྱོན་ནས་འདྲུ་ཞིང་སྨྲ་བའི་ཀུན་དུ་སྤྱོད་པས་སྡུག་བསྔལ་ཞིང་ཡིད་མི་བདེ་བ་མང་བར་གྱུར་ཏེ། ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་གཏོང་ཞིང་། ཆོས་འདུལ་བ་འདི་ལ་ཆོས་དང་ལྡན་པའི་སྣུམ་བག་ཉུང་ངུ་དག་བྱུང་བ་ཡང་བར་ཆད་དུ་གྱུར་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་ འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་སྔོན་བྱུང་བ་ལྗོངས་ཤིག་ན་ཁྱིམ་བདག་ཞིང་པ་ཞིག་ཡོད་པའི་དྲུང་དུ་ཁྱེའུ་ཞིག་འོངས་ཏེ་ཞེས་བྱ་བ་ནས། དེས་དེའི་སེམས་མགུ་བར་བྱས་སོ་ཞེས་བྱ་བའི་བར་རོ། །དེས་ ཁྱེའུ་དེ་ལ་བུ་མོ་བྱིན་ནོ་ཞེས་བྱ་བ་ནས། ཞིང་པ་དེས་ཆུང་མའི་ཚིག་མཉན་ནས་ཡང་མ་བྱིན་ནོ་ཞེས་བྱ་བའི་བར་རོ། །དེས་དེའི་གླང་དེ་དག་བརྡེགས་པ་ལས་གླང་དེ་གཉིས་ཀྱིས་ཁྱེའུ་དེ་ལ་དྲིས་པ་དང་། དེས་ཀྱང་སྨྲས་སོ། །དེ་ན་དེ་དག་ལས་གླང་གཉིས་ཤིག་གིས་རྒྱལ་ པོའི་ཕོ་བྲང་དུ་སོང་ཤིག་དང་། ཁོ་བོ་ཅག་གིས་དཔང་བྱའོ་ཞེས་བྱ་བ་ནས། དེས་ཡང་དང་ཡང་དུ་རྭ་ཆག་མཇུག་རྡུམ། ཞར་བ་ཞེས་ཀུན་དུ་སྨྲས་པ་གཅིག་ཅིག་ཡོད་པ་དེ་མ་བཏུབ་པོ་ཞེས་བྱ་བའི་བར་དང་། རྒྱལ་པོ་འཁོར་དང་བཅས་པའི་ཞེས་བྱ་བ་ནས། མོན་སྲན་ གྲེའུའི་ཞིང་ཕུན་སུམ་ཚོགས་པ་ལ་ཉི་མ་བདུན་དུ་མ་གཟན་པར་སྐྱེ་ཡང་ཅུང་ཟད་ཀྱང་མ་ཟོས་སོ་ཞེས་བྱ་བའི་བར་རོ། །དགེ་སློང་མ་དག་རེ་ཞིག་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་དེ་དག་ཀྱང་མིའི་སྐྱོན་ནས་སྨྲ་བས་ཀུན་དུ་སྤྱོད་པ་ན་གནོད་པར་བྱ་བར་སེམས་པར་བྱེད་ན་ མིར་གྱུར་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནས། སྔོན་གྱི་སྦྱོར་བ་འདི་རྒྱས་པར་བརྗོད་པར་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་སྔོན་བྱུང་བ་འདས་པ་ན་ཤིང་རྟས་སྤྱོད་པའི་མི་ཞིག་ལ་དགའ་བྱེད་མ་དང་། ས་ རི་མོ་ཞེས་བྱ་བའི་བ་བཞོན་གཉིས་ཤིག་ཡོད་པ་ལས་ཞེས་བྱ་བ་ནས། བེའུ་གཉིས་ཡོད་པའི་བར་རོ། །དེ་གཉིས་འཐབ་པ་ལས་གཅིག་གི་ནི་རྭ་ནི་ཆག་པར་གྱུར་ཏོ། །ཅིག་ཤོས་ནི་གདེངས་པར་གྱུར་ནས་དེས་རུ་རྡུམ་དང་། རུ་འདི་ལ་ཞེས་བྱ་བའི་བར་རོ། །ཤིང་རྟས་སྤྱོད་ པས་འདྲེན་པ་ན་ཞེས་བྱ་བ་ནས་སྐུགས་ཡལ་ལོ་ཞེས་བྱ་བའི་བར་རོ། །དགའ་བྱེད་དང་། ས་རི་ཞེས་སྨྲས་ནས་ཞེས་བྱ་བ་ནས། ཉིས་འགྱུར་ཐོབ་བོ་ཞེས་བྱ་བའི་བར་དང་། ཚིགས་སུ་བཅད་པས་སྨྲས་པ། གང་ཚེ་ལམ་ནི་ཆེས་དམའ་ལ། །གང་ཚེ་ཁལ་ནི་ཆེས་ལྕི་བ། །དེ་ ཚེ་ཁལ་དག་ཁྱེར་བྱེད་ཅིང་། །དེ་ཚེ་སྣ་ལ་འདྲེན་པར་བྱེད། །ཡིད་དུ་འོང་བ་སྨྲས་པ་ན། །ཁུར་ལྕི་བ་ཡང་སྒྲོལ་བར་བྱེད། །ཅེས་བྱ་བའི་བར་དུའོ། །དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་དག་ཀྱང་མིའི་སྐྱོན་ནས་སྨྲས་པ་ན་གནོད་པར་བྱ་བར་སེམས་པར་བྱེད་ན་མིར་ གྱུར་པ་ལྟ་སྨོས་ཀྱང་ཅི་དགོས། དགེ་སློང་མ་དག་དེ་ལྟ་བས་ན་བུད་མེད་ཀྱི་སྐྱོན་ནས་སྨྲ་ན་ལྟུང་བྱེད་དོ། །བུད་མེད་ཀྱི་སྐྱོན་ནས་སྨྲ་བའི་བསམ་པ་ཅན་གྱི་ངག་དང་། ཚིག་དང་། ཐ་སྙད་དང་། བརྗོད་པ་དང་། སྐད་དང་། ངེས་པའི་ཚིག་དང་། ཚིག་གི་ ལམ་དང་། ཚིག་གི་སྒྲ་དང་། རྗོད་བྱེད་དང་། རྗོད་པའི་ལས་དང་། ངག་གི་རྣམ་པར་རིག་བྱེད་གང་ཡིན་པ་དག་གོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།། །།བར་སྡོམ་ནི། རིགས་དང་བཟོ་དང་ལས་དང་ནི། །རྟགས་ནང་ལྟུང་བ་སྡེ་ལྔ་དང་། །ཉེ་བའི་ཉོན་མོངས་ རྣམས་དང་ནི། །སྤྱོ་བར་བྱེད་པ་ཐ་མ་ཡིན། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་འཕགས་མ་ཁྱོད་ནི་བྲམ་ཟེ་མོ་ལས་རབ་ཏུ་བྱུང་བ་ཡིན་ན་དགེ་སྦྱོང་གི་ཚུལ་གྱིས་ནི་ཅི་ཞིག་བྱ། ཚངས་པའི་ཚུལ་གྱིས་ནི་ཅི་ཞིག་བྱ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་ དུ་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་ཞེས་བྱ་བ་ནས། ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་བར་རོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་ཁྱོད་ནི་རྒྱལ་རིགས་མོ་ལས་རབ་ཏུ་བྱུང་བ་ཡིན་ན་ཁྱོད་ལ་དགེ་སྦྱོང་གི་ཚུལ་ལམ་ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ་ཞེས་སྨྲས་ན་ དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་ཁྱོད་ནི་རྗེའུ་རིགས་མོ་ལས་རབ་ཏུ་བྱུང་བ་ཡིན་ན། ཁྱོད་ལ་དགེ་སྦྱོང་གི་ཚུལ་ལམ། བྲམ་ཟེའི་ཚུལ་གྱིས་ཅི་ཞིག་བྱ་ཞེས་སྨྲས་ན། དགེ་སློང་མ་ སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ནི་དམངས་རིགས་མོ་ལས་རབ་ཏུ་བྱུང་བ་ཡིན་ན། དགེ་སྦྱོང་གི་ཚུལ་ལམ། ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ་ཞེས་སྨྲ་ན། དགེ་སློང་མ་སྤ་གོང་བ་ ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་རིགས་ཞེས་བྱ་བ་ཡིན་ནོ། །དེ་ལ་བཟོ་ལས་བརྗོད་པ་ནི།། །།བར་སྡོམ་ལ། བྲམ་ཟེའི་རིགས་དང་རྒྱལ་རིགས་དང་། །རྗེའུ་རིགས་དམངས་རིགས་བཟོ་དག་དང་། །ཐག་པ་དང་སྐུད་རིས་མཁན། །བཟང་ མཁན་མགར་བ་ལྕགས་མགར་དང་། །ལྷམ་མཁན་རྫ་མཁན་འདྲེག་མཁན་དང་། །ཤིང་མཁན་སྨྱིག་མཁན་བྲན་རིགས་སོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཁྱོད་ནི་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་པས་རང་གི་གཞུང་ལུགས་འདི་ལྟ་སྟེ་བྲམ་ཟེ་ རྣམས་ཀྱི་སྤྱོད་ཚུལ་དང་། སྤྱོད་པ་དང་། གཙང་སྦྲ་དང་། ཀུན་དུ་སྤྱོད་པ་དང་། ཐལ་བ་བླང་བ་དང་། བྱ་མ་བུམ་བླང་བ་དང་། ས་བླང་བ་དང་། རབ་བསྔགས་བྱ་བ་དང་། ཀྱེ་ཞེས་བྱ་བ་དང་། རྒྱལ་བར་གྱུར་ཅིག་ཅེས་བྱ་བ་དང་། ཀུན་དུ་བཟླས་བརྗོད་དང་། བཟླས་ བརྗོད་དང་། དུས་ཀྱི་བསྙེན་པ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན་བྱེད་པ་དང་། མཆོད་སྦྱིན་བྱེད་དུ་འཇུག་པ་དང་། ཀློག་པ་དང་། ཀློག་ཏུ་འཇུག་པ་དང་། སྦྱིན་པ་དང་། ལེན་པ་ཁོ་ན་བསླབ་དགོས་ཏེ། ལས་དྲུག་ལ་བརྩོན་པའི་བྲམ་ཟེ་མོ་ནི་ཚངས་པ་ཡིན་ནོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་ཁྱོད་ནི་རྒྱལ་རིགས་ལས་ རབ་ཏུ་བྱུང་བ་ཡིན་པས་རང་གི་གཞུང་ལུགས་འདི་ལྟ་སྟེ། བྲོ་དང་གླུ་དང་། པི་བང་དང་། པི་བང་རྒྱུད་གཅིག་པ་དང་། བ་བྷིས་ཀེ་ཞེས་བྱ་བ་དང་། མ་ནི་ཀ་པྲེ་བ་ནེ་ཞེས་བྱ་བ་དང་། དྲི་བཏག་པ་དང་། མགོའི་བྱི་དོར་དང་། གོས་བལྟབ་པ་དང་། བྱི་དོར་བསླབ་དགོས་སོ་ ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་ཁྱོད་ནི་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ཡིན་པས་རང་གི་གཞུང་ལུགས་འདི་ལྟ་སྟེ། ཡི་གེ་དང་། རྩིས་དང་། གྲངས་ དང་། ལག་རྩིས་བསླབ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་ཁྱོད་ནི་དམངས་རིགས་ལས་རབ་ཏུ་བྱུང་བ་ཡིན་པས་རང་གི་གཞུང་ལུགས་ འདི་ལྟ་སྟེ། འདྲུ་བ་དང་། འཐག་པ་དང་། གཏུན་དང་། གཏུན་ཤིང་དང་ཞེས་བྱ་བ་ནས། སེལ་བ་དང་། རྨེལ་བ་དང་། འཁལ་བའི་བར་བསླབ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་ལྟུང་བྱེད་ དུ་འགྱུར་རོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཁྱོད་ནི་ཐ་ག་མ་ལས་རབ་ཏུ་བྱུང་བ་ཡིན་པས་ཁྱོད་ཀྱིས་རང་གི་གཞུང་ལུགས་འདི་ལྟ་སྟེ། དར་དང་། རས་ཡུག་ཆེན་དང་། གོས་དང་། དར་ལ་དང་། མོན་དར་དག་བསླབ་དགོས་སོ་ཞེས་སྨྲས་ན། དགེ་ སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་ཁྱོད་ནི་སྐུད་རིས་མཁན་ལས་རབ་ཏུ་བྱུང་བ་ཡིན་པས་ཁྱོད་ཀྱིས་རང་གི་གཞུང་ལུགས་འདི་ལྟ་སྟེ། ཀླམ་དང་། པར་ཏང་དང་། རྒྱབ་རྟེན་ དང་། གོར་ཆེན་ནང་ཚངས་དང་། ཞྭ་དྲུབ་པ་དང་། ལྒོ་ཏོ་དག་བསླབ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་བཟང་མཁན་ལས་རབ་ཏུ་བྱུང་བ་ལ་བུས་པའི་གོས་དང་། ཞྭ་དང་། ཡན་ལག་ལྔ་ ཁེབས་པ་དང་། འཐབ་བེར་དག་ཅེས་བྱ་བ་ནས་ལྟུང་བྱེད་དོ། །ཞེས་བྱ་བའི་བར་རོ། །དེ་བཞིན་དུ་མགར་བ་ལས་རབ་ཏུ་བྱུང་བ་ལ་ལྷུང་བཟེད་དང་། ལྷུང་བཟེད་ཆུང་ངུ་དང་། མཚོན་ཆ་དང་། ཁབ་དང་། གསོར་བུ་དང་། ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་ བཞིན་དུ་ལྕགས་མགར་ལས་རབ་ཏུ་བྱུང་བ་ལ་ཞུགས་གླིང་དང་། གྲི་གུ་དང་། ཕོར་བུ་དང་། ཁ་གཟར་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་ལྷམ་མཁན་ལས་རབ་ཏུ་བྱུང་བ་ལ་ལྷམ་དང་། ལྷམ་ཡུ་ཆད་དང་། མཆིལ་ལྷམ་དང་། སྲབ་དང་། སྒ་ ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་རྫ་མཁན་ལས་རབ་ཏུ་བྱུང་བ་ལ་རྫ་མ་དང་། རིལ་བ་དང་། བྱ་བོ་དང་། ཁམ་ཕོར་དང་། ལྷུང་བཟེད་དང་། ལྷུང་བཟེད་ཆུང་ངུ་དག་ཅེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་འདྲེག་ མཁན་ལས་རབ་ཏུ་བྱུང་བ་ལ་ཁ་སྤུ་བྲེག་པ་དང་། བྱིན་སྤུ་བྲེག་པ་དང་། སེན་མོ་བྲེག་པ་དང་། སྐྲ་བྲེག་པ་དང་། ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་ཤིང་མཁན་ལས་རབ་ཏུ་བྱུང་བ་ལ་ཁྲི་དང་། ཁྲིའུ་དང་། མལ་ཁྲི་དང་། འདུག་ཁྲི་དང་། སྒོ་ཆ་དང་། སྒོ་འཕར་དང་ཞེས་བྱ་བ་ནས་ལྟུང་བྱེད་དོ། །ཞེས་བྱ་བའི་བར་རོ། །དེ་བཞིན་དུ་སྨྱུག་མ་མཁན་ལས་རབ་ཏུ་བྱུང་བ་ལ་གདུགས་དང་། བསིལ་ཡབ་དང་། དིར་དང་། སྐོན་བུ་དང་། ངུད་གཟེབ་དང་། སྦ་ཁྲིའུ་དང་། ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་ བའི་བར་རོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས་ཁྱོད་ནི་བྲན་མོ་ལས་རབ་ཏུ་བྱུང་བ་ཡིན་པས་ཁྱོད་ཀྱིས་རང་གི་གཞུང་ལུགས་འདི་ལྟ་སྟེ། བསྐུ་མཉེ་དང་། ཁྲུས་དང་། དྲིལ་ཕྱི་དང་། བང་ཆེན་དུ་འགྲོ་བ་དང་། འོང་བ་དང་། མངག་གཞུག་ དག་བསླབ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་བཟོ་ཞེས་བྱ་བ་ཡིན་ནོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས་ཁྱོད་ནི་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་པས་ཁྱོད་ཀྱིས་རང་ གི་གཞུང་ལུགས་འདི་ལྟ་སྟེ། བླུགས་གཟར་དང་། ཟངས་བུ་དང་། སྦྱིན་སྲེག་དང་། ཡམ་སྲེག་ཤིང་དང་། རྩྭ་དང་། མེ་དང་། བའི་ལྕི་བ་དག་གི་ལས་བྱ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ། ། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས་ཁྱོད་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཡིན་པས་ཁྱོད་ཀྱིས་རང་གི་གཞུང་ལུགས་འདི་ལྟ་སྟེ། པི་བང་དང་། པི་བང་རྒྱུད་གཅིག་པ་དང་། བ་བྷིས་ཀེའི་ལས་བྱ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དོ། །དེ་བཞིན་དུ་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས་ཡི་གེ་དང་། རྩིས་དང་། ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་དམངས་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས་སེལ་བ་ དང་། རྨེལ་བ་དང་། འཁལ་བ་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་ཐ་ག་པ་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས་འདི་ལྟ་སྟེ། ཐགས་བཟངས་དང་། སོན་མ་དང་། དྲུ་བུ་དང་། སྣས་དང་། སྣས་གྲི་དང་། སྐུད་པ་དང་། འབྲས་ཐུག་ཏུ་གཞུག་དང་། བརྒྱང་ཐག་གི་ལས་བྱ་དགོས་སོ་ཞེས་སྨྲས་ན་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་སྐུད་རིས་མཁན་ལས་རབ་ཏུ་བྱུང་བ་ལ་རྒྱང་ཤིང་དང་། ཐགས་བཟངས་དང་། སྤུན་གྱི་སྨྱུག་མ་དང་། སོ་མངས་དང་ཞེས་བྱ་བ་ནས་ལྟུང་བྱེད་དོ་ ཞེས་བྱ་བའི་བར་རོ། །དེ་བཞིན་དུ་བཟང་མཁན་ལས་རབ་ཏུ་བྱུང་བ་ལ་དྲ་གྲི་དང་། ཁབ་དང་། ལྕིབ་མོ་དང་། མཐེབ་ལྕིབ་དང་། ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་མགར་བ་ལས་རབ་ཏུ་བྱུང་བ་ལ་སྦུད་རུ་དང་། སོ་མལ་དང་། གྲི་ དང་། ཐེའུ་དང་། ཐོ་ཆེན་དང་། སྦུད་པ་དང་། སྐམ་པ་དང་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་རྫ་མཁན་ལས་རབ་ཏུ་བྱུང་བ་ལ་འཁོར་ལོ་དང་། དབྱུག་གུ་དང་། འཁོར་ལོའི་རྟེན་མ་དང་། གཞག་པ་དང་། དྲ་བའི་ཐེ་གུ་དང་། ཆུ་ སྣོད་དང་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་འདྲེག་མཁན་ལས་རབ་ཏུ་བྱུང་བ་ལ་ཆན་པ་དང་། སྤུ་གྲི་དང་། སྨང་ཚེར་དང་། སེན་མོ་བྲེག་པ་དང་། གདར་དང་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་ཤིང་མཁན་ལས་ རབ་ཏུ་བྱུང་བ་ལ་སྟེའུ་དང་། གཞི་དང་། གཟོང་དང་། སྟ་རེ་དང་། སོག་ལེ་དང་། སོག་ཆུང་དང་། གསོར་བུ་དང་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་སྨྱུག་མཁན་ལས་རབ་ཏུ་བྱུང་བ་ལ་སྨྱུག་མ་དང་། སྐུད་པ་དང་། གཤེག་གྲི་དང་། ཚོན་ རྩི་དང་། ལྷང་ཚེར་དང་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་བྲན་མོའི་རིགས་ལས་རབ་ཏུ་བྱུང་བ་ལ་ཐག་པ་དང་། བུམ་པ་དང་། འབྲུ་མར་དང་། བསྐུ་མཉེ་དང་། ཁྲུས་དང་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་ཏེ། འདི་ནི་ལས་ ཞེས་བྱ་བ་ཡིན་ནོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཐེང་མོ་ཞེས་སྨྲས་ན་ལྟུང་བྱེད་དོ། །སྒུར་མོ་དང་། མི་ཐུང་མོ་དང་། རྐང་ཞ་མོ་དང་། ལྦ་བ་ཅན་མོ་དང་། ལྐུགས་མ་དང་། ཐེང་མོ་དང་། འོན་པ་མོ་དང་། རྟེན་འཕྱེ་མོ་དང་། རྐང་བམ་མོ་ཞེས་སྨྲས་ན་ ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་རྟགས་ཞེས་བྱ་བ་ཡིན་ནོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། མཛེ་ཅན་མ་ཞེས་སྨྲས་ན་ལྟུང་བྱེད་དོ། །ཤུ་བ་དང་། འབྲུམ་བུ་ཕྲ་མོ་དང་། ངལ་སྐྱེན་པ་དང་། གཡལ་བ་དང་། ཁྱི་རྔོ་དང་། གཡན་ པ་དང་ཤུ་བ་གཡའ་བ་དང་། རྐང་ཤུ་དང་། སྐྱིགས་བུ་དང་། སྐྱུག་བྲོ་བ་དང་། རིམས་དང་། ཁོང་སྐེམ་དང་། ལུ་བ་དང་། དབུགས་མི་བདེ་བ་དང་། ཁ་སྐམ་པ་དང་། བརྗེད་བྱེད་དང་། བཀྲེས་ངབ་དང་། སྐྱ་རྦབ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་ ནད་དང་། མཚན་བར་རྡོལ་མ་ཞེས་དེ་ལ་སོགས་པ་སྨྲས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་ནད་ལས་ཞེས་བྱ་བ་ཡིན་ནོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ནི་ཕས་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་ཅན་ཡིན་ ནོ་ཞེས་སྨྲས་ན་ལྟུང་བྱེད་དོ། །སོ་སོར་བཤགས་པ་དང་། ཉེས་བྱས་ཅན་ཡིན་ནོ་ཞེས་སྨྲས་ན་ཐམས་ཅད་དུ་གཞི་ཇི་ལྟ་བ་བཞིན་དུ་འགྱུར་རོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་ པ་དང་། ཕྲག་དོག་དང་། སེར་སྣ་དང་། གཡོ་དང་། སྒྱུ་ཅན་མ་ཞེས་སྨྲས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་ཡིན་ནོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། སྤྱོ་བ་ན་རྒྱ་ཞེས་བྱ་བ་དང་། མངལ་ཞེས་བྱ་བ་དང་། བོང་བུ་དང་ལྡན་པ་དག་གིས་སྤྱོས་པ་ན་དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་མང་པོ་ཞིག་མིང་མཐུན་ན་ལྟུང་བ་མེད་དོ། །དེ་ལ་ཡང་དམིགས་ཀྱིས་བསལ་བ་མེད་པར་མི་བརྗོད་ཀྱི་རྒྱུའི་ཆེད་ཀྱིས་མིང་ནས་ བརྗོད་པར་བྱའོ། །ལས་དང་པོ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ། །ལྟུང་བྱེད་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཕྲ་མས་ཀུན་དུ་སྤྱོད་པར་བྱེད་དེ། ཚུ་བི་ལས་ཐོས་ནས་ཕ་བི་དག་ལ་ རྗོད་པར་བྱེད། ཕ་བི་ལས་ཐོས་ནས་ཚུ་བི་དག་ལ་རྗོད་པར་བྱེད་པ་ན་དེ་དག་ཕྱེ་སྟེ་ཕྱོགས་གཉིས་སུ་གྱུར་པས་ཕན་ཚུན་སྡུག་བསྔལ་ཞིང་ཡིད་མི་བདེ་བ་སྐྱེས་ལ། ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ ཀྱི་ཞི་གནས་ཀྱང་སྟོང་པར་བྱེད་ཅིང་གནས་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ ལ་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་གཅིག་ལ་གཅིག་ཕྲ་མས་ཀུན་དུ་སྤྱོད་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་དག་སྔོན་བྱུང་བ་ན་ནགས་ཚང་ཚིང་ཞིག་ན་སེང་གེ་མོ་སྦྲུམ་མ་ཞིག་ཡོད་དེ། དེ་རྣམས་ཀྱི་རང་བཞིན་ནི་བདག་གི་ཕྲུ་གུས་ནུ་མ་ལ་ ཟ་བའམ། ལྟོགས་པར་གྱུར་ན་མི་རུང་ངོ་ཞེས་དེ་ཉིད་ཁ་ཟས་སུ་བྱ་བའི་ཕྱིར་ཤ་ཁོ་ནའི་ཚོགས་བྱས་ཏེ་འབྲང་བར་བྱེད་དོ་ཞེས་བྱ་བ་ནས་བ་ཞིག་བསད་དེ་འབྲངས་སོ། །བ་དེ་ལ་ཡང་བེའུ་ཞིག་ཡོད་པ་སེང་གེ་མོ་དེ་ཉིད་ཀྱི་ནུ་མ་ལ་འཐུང་ངོ་ཞེས་བྱ་བའི་བར་དུའོ། །ཇི་ཙམ་ ན་གཉིས་ཀ་ཆེན་པོར་གྱུར་ནས་དེ་ཡང་འཆི་བའི་དུས་ཀྱི་ཚེ་ཞེས་བྱ་བ་ནས། མཛའ་བ་འབྱེད་པ་ནི་མང་དུ་ཡོད་དོ་ཞེས་ཡང་དག་པར་གཏམས་ནས་ཞེས་བྱ་བའི་བར་རོ། །ཝ་ཞིག་གིས་གཉིས་ཀ་ཕྱེ་ནས་ཞེས་བྱ་བ་ནས། དེ་གཉིས་ཀྱང་གཅིག་གིས་གཅིག་སྲོག་དང་ཕྲལ་ ལོ་ཞེས་བྱ་བའི་བར་རོ། །ཇི་ཙམ་ན་ལྷས་ཚིགས་སུ་བཅད་དེ་སྨྲས་པ། སྐྱེ་བོ་སྡིག་ཅན་འགྲོགས་པ་ལས། །མི་ཡིས་བཟང་པོ་མཐོང་མི་འགྱུར། །སེང་གེ་ཁྱུ་མཆོག་མཛའ་བ་ལས། །ཝ་ཡིས་ཐ་དད་ཕྱེ་ལ་ལྟོས། །དགེ་སློང་མ་དག་རེ་ཞིག་དུད་འགྲོའི་སྐྱེ་ གནས་སུ་སོང་བའི་སྲོག་ཆགས་དེ་དག་ཀྱང་ཕྲ་མས་ཀུན་དུ་སྤྱད་པ་ན་ཇི་ཙམ་ན་གཅིག་ལ་གཅིག་གསོད་པར་བྱེད་ན་བུད་མེད་ལྷག་པར་ཁྲོ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྔོན་གྱི་སྦྱོར་བ་འདི་རྒྱས་པར་བརྗོད་པར་བྱའོ། །གཞན་ཡང་སྔོན་གྱི་སྦྱོར་བ་ནི་དགེ་སློང་མ་དག་སྔོན་ བྱུང་བ་སེང་གེ་ཕྲུ་གུ་བཙས་ནས་རིང་པོ་མ་ལོན་པ་ཞིག་མ་སྤྱོད་ཡུལ་དུ་སོང་བ་དང་ལྟོགས་ཤིང་འཕྱན་པ་ན། དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་སྟག་མོ་ཞིག་འབྲངས་སོ། །དེ་འཕྱན་པ་ན་སྟག་མོ་ཞིག་དང་ཕྲད་ནས་ནུ་མ་བསྣུན་པར་བརྩམས་སོ་ཞེས་བྱ་བ་ནས། གནས་ གཅིག་ཏུ་འཁོད་དོ་ཞེས་བྱ་བའི་བར་རོ། །དེ་ལ་ཡང་སེང་གེའི་མིང་ནི་མཆེ་བཟངས་ཞེས་བྱའོ། །སྟག་གི་མིང་ནི་དཔུང་བཟངས་ཞེས་བྱའོ་ཞེས་བྱ་བ་ནས། དེ་གཉིས་ལ་ཡང་ཝ་ཞིག་གིས་དབྱེན་བྱ་བར་བརྩམས་སོ་ཞེས་བྱ་བའི་བར་རོ། །ཇི་ཙམ་ན་སེང་གེས་ཚིགས་ སུ་བཅད་དེ་སྨྲས་པ། ཆུ་ཞེང་ཕུན་སུམ་ཚོགས་པ་དང་། །རྩལ་དང་ཤུགས་དང་ལྡན་པ་ཡི། །མཆེ་བཟངས་ལ་ནི་རྒོལ་བྱེད་པ། །དཔུང་བཟངས་དེ་ནི་ལེགས་པ་མིན། །དཔུང་བཟངས་ཀྱིས་སྨྲས་པ། ཆུ་ཞེང་ཕུན་སུམ་ཚོགས་པ་དང་། །རྩལ་དང་ཤུགས་དང་ལྡན་ པ་ཡི། །དཔུང་བཟངས་ལ་ནི་རྒོལ་བྱེད་པ། །མཆེ་བཟངས་དེ་ནི་ལེགས་པ་མིན། །དེ་གཉིས་ཀྱིས་གཅིག་ལ་གཅིག་དྲིས་ནས་ཞེས་བྱ་བ་ནས་ཝ་བསད་དོ་ཞེས་བྱ་བའི་བར་རོ། །ཇི་ཙམ་ན་ལྷས་ཚིགས་སུ་བཅད་དེ་སྨྲས་པ། གཞན་གྱི་ཚིག་གིས་གྲོགས་པོ་མི་ སྤང་སྟེ། །གཞན་གྱིས་སྨྲས་པ་དག་ནི་བརྟག་པར་བྱ། །དབྱེ་བར་འདོད་པ་རྣམས་ནི་གླགས་ཚོལ་བྱེད། །དེ་བས་སྐྱེ་བོ་ཕྲ་མ་ཡིད་མི་རྟོན། །གྲོགས་པོ་འབྱེད་པའི་ཕྲ་མ་ཅན། །བརྫུན་དུ་སྨྲ་བའི་ཝ་སྐྱེས་པོ། །གྲོང་རྒྱུན་སྐྱེས་ཏེ་རོ་འདི་ནི། །བསད་ནས་བདེ་ བས་དགའ་བར་བྱེད། །དགེ་སློང་མ་དག་རེ་ཞིག་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་དེ་དག་ཀྱང་གཅིག་ལ་གཅིག་ཕྲ་མས་ཀུན་དུ་སྤྱད་པ་ན། སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོ་གནས་པར་བྱེད་ན། བུད་མེད་ལྷག་པར་ཁྲོ་བ་ལྟ་སྨོས་ཀྱང་ཅི་དགོས། དགེ་སློང་མ་དག་དེ་ལྟ་བས་ན་ཕྲ་མས་ཀུན་དུ་སྤྱད་པར་མི་བྱའོ། །ཀུན་དུ་སྤྱོད་ན་ལྟུང་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་ཕྲ་མ་སྨྲས་ན་ལྟུང་བྱེད་དོ། ། ཕྲ་མའི་བསམ་པ་ཅན་གྱི་གང་ཞེས་བྱ་བ་ནས་ངག་དང་། ཚིག་དང་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་ལྟུང་བར་བྱེད་ཅེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་བྲམ་ཟེ་ལས་རབ་ཏུ་བྱུང་བའི་ དྲུང་དུ་སོང་སྟེ་འདི་སྐད་ཅེས་འཕགས་མ་ཁྱོད་ལ་དགེ་སློང་མ་ཆེ་གེ་མོ་ཞིག་འདི་སྐད་ཅེས་ཁྱོད་ལ་དགེ་སྦྱོང་གི་ཚུལ་དང་། ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ། ཁྱོད་ནི་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་ནོ་ཞེས་ཟེར་རོ་ཞེས་སྨྲ་ཞིང་རིགས་སྒྲོགས་པར་བྱེད་ན་ཉེས་བྱས་སོ། ། རུས་སྒྲོགས་པར་བྱེད་ན་ཡང་ཉེས་བྱས་སོ། །དེ་བཞིན་དུ་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཞེས་བྱ་བ་ནས། ཉེས་བྱས་སོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་དམངས་རིགས་ ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་ཏེ། འདི་ནི་རིགས་ཞེས་བྱ་བ་ཡིན་ནོ། །དགེ་སློང་མས་བྲམ་ཟེ་ལས་རབ་ཏུ་བྱུང་བའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་འཕགས་མ་ཁྱོད་ལ་དགེ་སློང་མ་ཆེ་གེ་མོ་ཞིག་འདི་སྐད་ཅེས་ཁྱོད་ལ་དགེ་སྦྱོང་གི་ཚུལ་ དང་། ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ། ཁྱོད་ནི་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་པས་ཁྱོད་ནི་རང་གི་གཞུང་ལུགས་ལ་བསླབ་དགོས་སོ་ཞེས་ཟེར་རོ་ཞེས་སྨྲས་ཤིང་བཟོ་སྒྲོགས་པར་བྱེད་ན་ཉེས་བྱས་སོ། །དེ་བཞིན་དུ་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཞེས་བྱ་བ་ནས་ ཉེས་བྱས་སོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་དམངས་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་ཏེ། དེ་ལྟར་བར་སྡོམ་དེ་ཇི་ལྟར་ གོང་དུ་བཤད་པ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །དེ་ལ་སྐུད་རིས་མཁན་དང་བཟང་མཁན་དང་། །ལྕགས་མགར་དང་ནི་ལྷམ་མཁན་དང་། །རྫ་མཁན་འདྲེག་མཁན་ཤིང་མཁན་དང་། །སྨིག་མ་མཁན་དང་བྲན་མོའོ། །འདི་ནི་བཟོ་ཞེས་བྱ་བ་ཡིན་ནོ། །དགེ་ སློང་མས་བྲམ་ཟེ་ལས་རབ་ཏུ་བྱུང་བའི་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། འཕགས་མ་ཁྱོད་ལ་དགེ་སློང་མ་ཆེ་གེ་མོ་ཞིག་འདི་སྐད་ཅེས་ཁྱོད་ལ་དགེ་སྦྱོང་གི་ཚུལ་དང་། ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ། ཁྱོད་ནི་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་པས་ཁྱོད་ ཀྱིས་རང་གི་གཞུང་ལུགས་ཀྱི་ལས་བྱ་དགོས་སོ་ཞེས་ཟེར་རོ་ཞེས་སྨྲས་ཤིང་། ལས་སྒྲོགས་པར་བྱེད་ན་ཉེས་བྱས་སོ། །དེ་བཞིན་དུ་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ཉེས་བྱས་སོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ ལ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་དམངས་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་ཏེ། ཇི་ལྟར་གོང་དུ་བཤད་པ་བཞིན་བར་སྡོམ་དེ་རྒྱས་པར་བརྗོད་པར་བྱའོ། །རིགས་དང་བཟོ་དང་ལས་དང་ནི། ། རྟགས་དང་ནད་ནི་ལྔ་པ་ཡིན། །ལྟུང་བ་དང་ནི་ཉེ་ཉོན་མོངས། །སྤྱོ་བར་བྱེད་པ་ཐ་མ་ཡིན། །ལྟུང་བྱེད་གསུམ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་རྩོད་པ་ཉེ་བར་ཞི་བར་བྱས་པ་རྣམས་རྩོད་པ་འདི་ནི་ཤད་ཀྱིས་མ་བྱང་ སྟེ། ཡང་ཤད་ཀྱིས་སྦྱང་བར་བྱའོ། །རྩོད་པ་འདི་ནི་ངེས་པར་མ་བརྟགས་ཏེ་ཡང་ངེས་པར་བརྟག་པར་བྱའོ། །རྩོད་པ་འདི་ནི་ལེགས་པར་གཏན་ལ་མ་ཕབ་སྟེ་ཡང་ལེགས་པར་གཏན་ལ་དབབ་པར་བྱའོ། །རྩོད་པ་འདི་ནི་ཉེ་བར་ཞི་བར་མ་བྱས་ཏེ་ཡང་ཉེ་བར་ཞི་བར་བྱའོ་ ཞེས་ཡང་དང་ཡང་དུ་སྐྱོ་སྔོགས་བྱེད་དོ། །དེ་ནས་དགེ་སློང་མ་དེ་རྣམས་འཐབ་མོ་དང་། མཚང་འདྲུ་བ་དང་། རྩོད་པ་བྱུང་ཞིང་མཚང་འདྲུ་བར་གྱུར་པས་གནས་ཤིང་ལུང་མནོད་པ་དང་། ཀློག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་དང་། ནང་གི་ སེམས་ཀྱི་ཞི་གནས་གཏོང་བར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་ སློང་མ་གང་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་ཤེས་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །ཆོས་བཞིན་དུ་ཞེས་བྱ་བ་ནི་ འདུལ་བ་ཇི་ལྟ་བ་བཞིན་དང་སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་དུའོ། །རྩོད་པ་ཞེས་བྱ་བ་ནི་རྩོད་པ་བཞི་པོ་འཐབ་པའི་ཕྱིར་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པའོ། །ཆོས་བཞིན་དུ་སྦྱངས་པ་ལས་ཞེས་བྱ་བ་ནི་ གསོལ་བ་དང་། བཞིའི་ལས་ཀྱིས་སོ། །ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ཞེས་བྱ་བ་ནི་ཡང་བྱེད་འདོད་པའི་ཕྱིར་རོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་འཐབ་པའི་ཕྱིར་རྩོད་པ་ལ་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ ཤིང་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། །དགེ་སློང་མས་ཤད་ཀྱིས་བྱང་བ་ལ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། །ཡིད་གཉིས་ཟ་ན་ལྟུང་བྱེད་དོ། ། དགེ་སློང་མས་ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ། །ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མས་འཐབ་པའི་ཕྱིར་རྩོད་པ་ལ་མི་གདམས་པའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་། ཡང་ལས་ཀྱི་སྐྱོ་ སྔོགས་བྱེད་ན་ལྟུང་བྱེད་དོ། །ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ། །ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མས་འཐབ་པའི་ཕྱིར་རྩོད་པ་ལ་ལྟུང་བའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱང་ བར་འདུ་ཤེས་ཤིང་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། །ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ། །ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མས་འཐབ་པའི་ཕྱིར་རྩོད་པ་ལ་བྱ་བའི་ཕྱིར་རྩོད་པར་འདུ་ ཤེས་ནས་ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། །ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ། །ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མས་ མི་གདམས་པའི་ཕྱིར་རྩོད་པ་ལ་འཐབ་པའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། །ཤད་ཀྱིས་བྱང་བ་ལ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་ བྱང་བར་འདུ་ཤེས་ན་ཉེས་བྱས་སོ། །ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མས་མི་གདམས་པའི་ཕྱིར་རྩོད་པ་ལ་ལྟུང་བའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ། །ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །ཤད་ཀྱིས་ བྱང་བ་ལ་ཤད་ཀྱིས་མ་བྱང་བར་འདུ་ཤེས་ན་ཉེས་བྱས་སོ། །ཡིད་གཉིས་ཟ་ན་ཉེས་བྱས་སོ། །མི་གདམས་པའི་ཕྱིར་རྩོད་པ་ལ་བྱ་བའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ། །ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །ཤད་ ཀྱིས་བྱང་བ་ལ་ཤད་ཀྱིས་མ་བྱང་བར་འདུ་ཤེས་ན་ཉེས་བྱས་སོ། །ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་མ་བྱང་བར་འདུ་ཤེས་ན་ཉེས་བྱས་སོ། །ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མས་ལྟུང་བའི་ཕྱིར་རྩོད་པ་ལ་འཐབ་པའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱང་ བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ། །ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་མ་བྱང་བར་འདུ་ཤེས་ན་ཉེས་བྱས་སོ། །ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མས་ལྟུང་བའི་ཕྱིར་རྩོད་པ་ལ་མི་གདམས་པའི་ཕྱིར་རྩོད་པར་འདུ་ ཤེས་ནས་ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ། །ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་ལྟུང་བའི་ཕྱིར་རྩོད་པ་ལ་བྱ་བའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ། ། ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ། །ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མས་བྱ་བའི་ཕྱིར་རྩོད་པ་ལ་འཐབ་པའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་ བར་འདུ་ཤེས་ན་ལྟུང་བྱེད་དོ། །ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ། །ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མས་བྱ་བའི་ཕྱིར་རྩོད་པ་ལ་མི་གདམས་པའི་ཕྱིར་རྩོད་པར་འདུ་ཤེས་ནས་ ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ། །ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ། །ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མས་བྱ་བའི་ཕྱིར་རྩོད་པ་ལ་ལྟུང་བའི་ཕྱིར་རྩོད་པར་ འདུ་ཤེས་ནས་ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ། །ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ། །ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མ་ནི་ལྔ་སྟེ། ལྔ་གང་ཞེ་ན། དགེ་སློང་མ་གཉུག་མར་གནས་པ་དང་། ལས་བྱེད་པ་དང་། འདུན་པ་དབུལ་བ་དང་། ལྟ་བ་སྨྲ་བ་དང་། ལྔ་པ་ནི་གློ་བུར་དུ་འོངས་པའོ། །དགེ་སློང་མ་གཉུག་མར་གནས་པ་གང་ཞེ་ན། གང་གིས་རྩོད་པ་དེའི་ཐོག་མ་དང་། བར་དང་། ཐ་མ་དག་ཤེས་པའོ། ། ལས་བྱེད་པ་གང་ཞེ་ན། གང་གིས་དེར་ལས་བྱས་པར་གྱུར་པའོ། །འདུན་པ་འབུལ་བ་གང་ཞེ་ན། གང་གིས་དེར་རང་གིས་འདུན་པ་ཕུལ་བར་གྱུར་པའོ། །ལྟ་བ་སྨྲ་བ་གང་ཞེ་ན། གང་གིས་དེར་འདི་ནི་བདག་བཟོད་དོ། །འདི་མི་བཟོད་དོ། །འདི་ནི་བདག་འདོད་ དོ། །འདི་ནི་བདག་མི་འདོད་དོ་ཞེས་རང་གི་ལྟ་བ་བརྗོད་པར་གྱུར་པའོ། །གློ་བུར་དུ་འོངས་པ་གང་ཞེ་ན། དེར་གང་གིས་ཐོག་མ་དང་། བར་དང་། ཐ་མ་དག་མི་ཤེས་པའོ། །དང་པོའི་གསུམ་པོ་གང་ཡིན་པ་གཉུག་མར་གནས་པ་དང་། ལས་བྱེད་པ་དང་། འདུན་པ་འབུལ་བ་སྟེ། འདི་དག་གིས་ཆོས་བཞིན་དུ་རྩོད་པ་སྦྱངས་པ་ལས་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ཐ་མ་གཉིས་ཀྱིས་སྐྱོ་སྔོགས་བྱེད་ན་ཉེས་བྱས་སོ། །གལ་ཏེ་ཤད་ཀྱིས་ཉེས་པར་སྦྱངས་པ་ཡིན་ན་ལྟུང་བ་མེད་དོ། །ལྟུང་བྱེད་བཞི་ པ་རྫོགས་སྷོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་དྲུག་པ། གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོ་ཁྱིམ་བདག་གི་ཁྱིམ་དེ་དང་དེ་རྣམས་སུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ་བྲམ་ཟེ་དང་། ཁྱིམ་བདག་དེ་དག་ལ་ གཅིག་པུ་འདུག་ཅིང་ཆོས་སྟོན་པ་ན་དེས་བུད་མེད་རྣམས་ཀྱི་བུད་མེད་ཀྱི་གསང་བ་དང་། བུད་མེད་ཀྱི་གསང་ཆེན་གང་ཡིན་པ་ཐམས་ཅད་སྐྱེས་པ་དེ་དག་ལ་བསྟན་ཏོ། །སྐྱེས་པ་དེ་དག་གིས་ཀྱང་ཆུང་མ་དེ་དག་ལ་སྨྲས་སོ། །བུད་མེད་ནི་ཕྲག་དོག་ཅན་ཡིན་པས་དེ་ནས་ དགེ་སློང་མ་གནས་བརྟན་གནས་བརྟན་དག་བསོད་སྙོམས་ལ་རྒྱུ་བ་ན་འཇིག་རྟེན་ལ་ཅོ་འདྲི་བར་བྱེད་པ་ཁྱེད་ཅག་ལ་སུ་ཞིག་བསོད་སྙོམས་སྦྱིན་པར་བྱེད་པར་སེམས་པར་འགྱུར་ཞེས་ཁ་ཟེར་བ་དང་། ཨེ་མའོ་ཕུ་ནུ་མོ་དག་འདི་ཅི་ཉེས་ན་གཤེ་བར་གྱུར། དེ་དག་གིས་འདི་ སྐད་ཅེས་སྨྲས་སོ། །འཕགས་མ་སྦོམ་དགའ་མོས་བདག་ཅག་ཁྱིམ་ཐབ་དག་གི་མདུན་དུ་ཅོ་དྲིས་སོ། །དེ་རྣམས་ཀྱིས་བསོད་སྙོམས་མ་རྙེད་དེ། དེ་རྣམས་ཀྱིས་བསོད་སྙོམས་མ་རྙེད་པ་ན་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་ བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་དེ་ཐམས་ཅད་ནི་ཆོས་བསྟན་པ་ལས་གྱུར་གྱིས་དེ་ལྟ་བས་ན་ཆོས་བསྟན་པར་མི་བྱའོ། །དེ་དག་ཡང་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ན་བྲམ་ཟེ་དང་། ཁྱིམ་ བདག་རྣམས་ཀྱིས་སྨྲས་པ། འཕགས་མ་དག་ཆོས་ཤོད་ཅིག །དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀག་གོ། །བྲམ་ཟེ་དང་། ཁྱིམ་བདག་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །བདག་ཅ