Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 009_འདུལ་བ།_ཏ
Văn bản gốc(Tây Tạng)
Trang 1 / 20 (50.000 ký tự/trang)
༄༅། །འདུལ་བ་ཏ་པ་བཞུགས་སོ། ། ༄༅༅། །རྒྱ་གར་སྐད་དུ། བྷིཀྵུ་ཎཱི་པྲ་ཏི་མོཀྵ་སཱུ་ཏྲ། བོད་སྐད་དུ། དགེ་སློང་མའི་སོ་སོར་ཐར་པའི་མདོ། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ ལོ། །སངས་རྒྱས་འགྲོ་མགོན་གཅིག་དང་དམ་ཆོས་དང་། །འཕགས་ཚོགས་དཀོན་མཆོག་རྣམས་ལ་ཕྱག་འཚལ་ཏེ། །བདག་གིས་སྡུག་བསྔལ་རྣམ་པར་ཐར་པའི་རྒྱུ། །སོ་སོར་ ཐར་པ་བཤད་ཀྱིས་འབད་པས་ཉོན། །སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད་བརྙེས་ པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་རྒལ་བ། །འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐམས་ཅད་མཁྱེན་པའི་ བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །སངས་རྒྱས་འདུལ་བ་གང་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་ དང་སྙིང་པོ་ནི། །སོ་སོར་ཐར་པ་འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག །འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཚུལ་ཁྲིམས་འཆལ་པས་ཟིན་རྣམས་ཀྱི། ། གདུག་པ་རྣམ་སེལ་སྨན་འདི་ཡིན། །འདི་ནི་ལང་ཚོ་རྣམ་འཕྲུལ་བའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན། །མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟམ་པ་ ཡིན། །འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ང་ནི་མྱ་ངན་འདས་གྱུར་ནས། །འདི་ནི་ཁྱེད་ཀྱི་སྟོན་པའོ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་ པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་། །འཇིག་རྟེན་དག་ན་རབ་ཏུ་དཀོན། །མི་ཉིད་རྙེད་པ་ཤིན་ཏུ་དཀོན། །རབ་ཏུ་འབྱུང་བ་ཤིན་ཏུ་དཀོན། །དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི། །ཚུལ་ཁྲིམས་ཕུན་ སུམ་ཚོགས་རབ་དཀོན། །ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང་། །གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ། །འཇིག་རྟེན་སངས་རྒྱས་འབྱུང་བ་དང་། །མི་དང་རབ་ཏུ་འབྱུང་བ་དང་། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། །གྲོགས་བཟང་རྙེད་དཀའ་ རྙེད་གྱུར་ནས། །མཁས་པ་བདག་ལ་ལེགས་འདོད་ཅིང་། །དེ་དག་འབྲས་བཅས་བྱེད་འདོད་པས། །སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར། །མཉན་པའི་ཕྱིར་ནི་འབད་པར་བྱ། །དགེ་སློང་དབང་དུལ་ཀུན་དབང་པོ། །སངས་རྒྱས་མི་འགྱུར་རབ་བྱུང་བ། ། ངེས་པར་ཐར་པ་འདོད་རྣམས་ཀྱི། །སོ་སོར་ཐར་པ་རྟག་ཏུ་སྲུངས། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །སོ་སོར་ཐར་པ་ཐོས་པ་དང་། །གཟུང་དང་འཛིན་པ་རྙེད་དཀའ་ཞིང་། །སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་ པ་ཡང་བདེ་བ་ཡིན། །དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཚུལ་ཁྲིམས་ལྡན་པ་ མཐོང་བ་བདེ། །མང་དུ་ཐོས་པ་མཐོང་བ་བདེ། །ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ངའོ་ང་རྒྱལ་ཟད་པ་བདེ། །ངེས་ པར་བྱས་ཤིང་དབང་པོ་ཐུལ་བ་དག །དགོན་པ་ཞི་བ་རྣམས་སུ་རྒས་གྱུར་དང་། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། །འཕགས་མ་དག་སོ་ག་རྣམས་ཀྱི་འདས་པ་དང་། །ལྷག་མ་ཇི་ཙམ་པ་དེ་ཙམ་མོ། །འཕགས་མ་དག་ རྒ་བ་དང་འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར། ཆོས་ཀྱི་རི་རབ་ཀྱང་འཇིག་པར་འགྱུར། ཆོས་ཀྱི་ཤིང་ལྗོན་པའང་འཆག་པར་འགྱུར། ཆོས་ཀྱི་འཁོར་ལོ་ཡང་ཉམས་པར་འགྱུར། ཆོས་ཀྱི་སྒྲོན་མའང་འཆི་བར་འགྱུར། ཆོས་ཀྱི་རྒྱ་མཚོ་ཡང་སྐམས་ པར་འགྱུར་ལ། མ་རིག་པའི་མུན་ནག་ནི་མཐུ་ཆེ་བར་འགྱུར། སྒྲུབ་པར་བྱེད་པ་ནི་ཡོངས་སུ་ཉམས་པར་འགྱུར་ཏེ། སྒྲུབ་པ་པོ་དག་མེད་ན་ཡུན་མི་རིང་བར་འཇིག་རྟེན་འདི་ན་སྣང་བ་མེད་པར་འགྱུར་བས་དེའི་ཕྱིར་འཕགས་མ་དག་བག་ཡོད་པས་རྣལ་འབྱོར་དུ་བྱའོ། །དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་བག་ཡོད་པས་འཐོབ་བོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་བྱ་བ་ ཉུང་བ་ཡིན་པས་དགེ་འདུན་ཐོག་མར་བྱ་བ་ཅི་ཡོད། འཕགས་མ་དག་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག། དྲིས་ནས་ཀྱང་བརྗོད་པར་བྱའོ། །ཤཱཀྱ་སེང་གེ་དེ་ལ་ནི། །སོར་མོ་བཅུ་ཡིས་ཐལ་སྦྱར་ནས། །སོ་སོར་ཐར་པ་གདོན་ པར་བྱ། །གདུལ་བའི་དོན་དུ་ང་ལས་ཉོན། །ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཇི་སྐད་གསུངས་བཞིན་བསྒྲུབ་བྱ་ཞིང་། །ཁ་ན་མ་ཐོ་ཕྲ་རྣམས་ལ། །བརྟུན་ཅིང་བྱེད་པ་ཉིད་དུ་གྱིས། །རྟག་ཏུ་འབད་པས་འདའ་བ་ཡི། །སེམས་རྟ་ཁ་བླན་དཀའ་བ་ལ། །མཐུན་པ་ གཟེར་རྣོན་བརྒྱ་པ་ཡི། །སྲབ་འདི་སོ་སོར་ཐར་འདི་ཡིན། །ཆེ་བ་གང་དག་ངག་ཙམ་གྱིས། །ལྡོག་ཅིང་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར། །སུ་ལ་སྲབ་འདི་མེད་པ་དང་། །ནམ་དུའང་འདོད་པར་མི་འགྱུར་ བ། །དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས། །འཇོག་བྲལ་རྣམ་པར་འཁྱམ་པར་འགྱུར། །དགེ་འདུན་འཕགས་མ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅྭ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་ འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གསོ་སྦྱོང་མཛད་དེ་སོ་སོར་ཐར་པའི་མདོ་གདོན་པ་གདོན་ཏོ། །འདི་ནི་གསོལ་བའོ། །འཕགས་མ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། བདག་གིས་སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱིས་ལེགས་པར་ཉོན་ལ་རབ་ ཏུ་ཡིད་ལ་གྱིས་ཤིག་དང་བདག་གིས་ཁྱེད་ལ་བཤད་དོ། །ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེ་མཐོལ་ཅིག། ལྟུང་བ་མེད་ན་ཅང་མ་སྨྲ་ཤིག། ཅང་མི་སྨྲ་ན་བདག་གིས་འཕགས་མ་དག་ཡོངས་སུ་དག་པར་རིག་པར་བྱའོ། །ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་མས་ལན་བཏབ་པ་དེ་ བཞིན་དུ་དགེ་སློང་མའི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲགས་པར་བྱ་བ་ཡིན་ནོ། །ཡང་དགེ་སློང་མ་གང་དགེ་སློང་མའི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡིན་ནོ། ། འཕགས་མ་དག་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །དེ་བས་ན་དགེ་སློང་མ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ལྟུང་བ་ཡོད་ལ་དྲན་བཞིན་དུ་མཐོང་བ་མཐོལ་བར་བྱའོ། །མཐོལ་ན་བདེ་བ་ལ་རེག་པར་གནས་ པར་འགྱུར་རོ། །མ་མཐོལ་མ་བཤགས་ན་མི་འགྱུར་རོ། །འཕགས་མ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ། །དེ་ལ་བདག་གིས་འཕགས་མ་དག་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་ དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་འཕགས་མ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །།སྡོམ་ལ། མི་ཚངས་སྤྱོད་དང་རྐུ་བ་དང་། །མི་གསོད་བརྫུན་དུ་སྨྲ་བ་དང་། །ས་གའི་བུ་དང་སྤོས་འཚོང་ཁྱེའུ། ། མཛའ་མོ་དང་ནི་གྲེ་སྐྱེས་པའོ། །འཕགས་མ་དག་ཕམ་པར་འགྱུར་བའི་ཆོས་བརྒྱད་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་། །ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ་བསླབ་པ་ ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་མ་གང་གཞན་དག་གིས་གྲོང་ན་འདུག་པ་དང་དགོན་ པ་ན་འདུག་པ་མ་བྱིན་པར་ལེན་པ་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན་ཇི་ཙམ་མ་བྱིན་པར་བླངས་པས་དེ་རྒྱལ་པོའམ་བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས། ཀྱེ་བུད་མེད་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་མོའོ། །རྐུ་བའོ་ཞེས་ཟེར་ཞིང་གསོད་དམ། འཆིང་ ངམ། སྤྱུག་ཀྱང་རུང་སྟེ་དགེ་སློང་མ་དེ་ལྟར་མ་བྱིན་པར་ལེན་ན་དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་མ་གང་མིའམ་མིར་ཆགས་པ་ལ་བསམས་བཞིན་དུ་རང་གིས་ལག་དར་ཏེ་སྲོག་བཅད་དམ། དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ ཐོགས་པ་གཉེར་ཏམ། དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་བླའོ་ཞེས་ཟེར་ཞིང་། སེམས་ཀྱི་འདོད་པ་དང་སེམས་ཀྱི་ ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང་རྩོམ་པ་དེས་དུས་བྱས་ན་དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་མ་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ་མིའི་ ཆོས་བླ་མ་མཐའ་དང་། འཕགས་པ་དང་། བྱེ་བྲག་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་རེག་པར་སྤྱོད་པ་མེད་ལ། མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས་དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲིས་ ཀྱང་རུང་འདི་སྐད་ཅེས། འཕགས་མ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོག་གསོབ་བརྫུན་དུ་སྨྲས་སོ་ཞེས་ཟེར་ན་མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། ། ཡང་དགེ་སློང་མ་གང་ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་དང་། ལྷན་ཅིག་མིག་མན་ཆད་པུས་མོ་ཡན་ཆད་ཀྱི་བར་དུ་སྤྲད། ཀུན་ཏུ་སྤྲད་པ་ཉམས་སུ་མྱོང་བར་བྱེད་ན་དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་མ་གང་ ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་དང་ལྷན་ཅིག་གཞོགས་སྟེགས་དང་། འཕྱར་གཡེང་དང་། རྩབ་ཧྲལ་དང་། ཡུལ་ཕྱོགས་དང་། བརྡ་དང་། མཚན་མ་དང་། སྐྱེས་པ་འོང་བ་དང་། འགྲོ་བ་བདག་གིར་བྱེད་པ་དང་། གང་དུ་སྐྱེས་པས་བུད་མེད་ བགྲོད་དུ་རུང་བ་དེ་ལྟ་བུའི་ཕྱོགས་སུ་ལུས་བཀན་པ་གཞི་བརྒྱད་པོའི་གནས་འདི་ལྟ་བུ་དགེ་སློང་མས་བྱས་ན་དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་མ་གང་དགེ་སློང་མ་ཞིག་ལ་ཕམ་པར་འགྱུར་བ་བྱུང་བར་ཤེས་བཞིན་དུ་འཆབ་པར་བྱེད་ཅིང་ གང་གི་ཚེ་དེ་ཉམས་སམ། ཤིའམ། འཁྱམས་སམ། ཡུལ་འཁོར་གཞན་དང་ཡུལ་གཞན་དུ་བྲོས་པར་གྱུར་པ་དེའི་ཚེ་འདི་སྐད་ཅེས། འཕགས་མ་དག་བདག་གིས་དགེ་སློང་མ་དེ་ལ་ཇི་ལྟར་ཕམ་པར་གྱུར་པ་བྱུང་བར་སྔ་ནས་ཤེས་སོ་ཞེས་ཟེར་ན། དགེ་སློང་མ་ དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་མ་གང་དགེ་སློང་གི་དགེ་འདུན་མཐུན་པས་དགེ་སློང་གང་ལ་གནས་ནས་དབྱུང་བའི་ལས་བྱས་ཏེ་དགེ་སློང་མའི་དགེ་འདུན་མཐུན་པས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན། སྐྲ་འགྲེང་བར་གྱུར། སྐྲ་ འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་བསྐྱོད། མཚུངས་པ་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་འདུག་སྟེ། བཟོད་པར་གསོལ་བར་ཤེས་བཞིན་དུ་དེ་ལ་འདི་སྐད་ཅེས། འཕགས་པ་ཁྱོད་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་བསྐྱོད་ཅིག། མཚུངས་པ་ཉེ་བར་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པར་གསོལ་བར་མ་བྱེད་ཅིག། བདག་གིས་འཕགས་པ་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་ དང་། ཕོར་བུ་དང་། སྐ་རགས་དང་། བཀླག་པ་དང་། ཁ་ཏོན་བྱ་བ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། འཕགས་པ་ལ་ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་ཟེར་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་ མ་ཁྱོད་དགེ་སློང་གི་དགེ་འདུན་མཐུན་པས་དགེ་སློང་གང་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དེ། དགེ་སློང་མའི་དགེ་འདུན་མཐུན་པས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པ། སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་ བར་བྱེད། འབྱུང་བར་བསྐྱོད། མཚུངས་པ་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པར་གསོལ་བར་ཤེས་བཞིན་དུ་དེ་ལ་འདི་སྐད་ཅེས་འཕགས་པ་ཁྱོད་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་ བར་མ་བསྐྱོད་ཅིག། མཚུངས་པ་ཉེ་བར་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པར་གསོལ་བར་མ་བྱེད་ཅིག། བདག་གིས་འཕགས་པ་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། བཀླག་པ་དང་། ཁ་ཏོན་བྱ་བ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། འཕགས་པ་ལ་ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་དེ་སྐད་མ་ཟེར་ཅིག། འཕགས་མ་ཁྱོད་གནས་ནས་དབྱུང་བའི་རྗེས་སུ་ཕྱོགས་པའི་གཞི་འདི་ལྟ་བུ་ཐོང་ཤིག་ཅེས་བསྒོ་བར་བྱའོ། ། དགེ་སློང་མ་དེ་ལ། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །འཕགས་མ་དག་བདག་གིས་ཕམ་པར་གྱུར་པའི་ཆོས་བརྒྱད་པོ་དག་བཏོན་ཟིན་ཏོ། ། དགེ་སློང་མས་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ན་ཐོག་མ་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་དུ་ཕམ་པར་འགྱུར་བ་ཡིན་ཏེ། དགེ་སློང་མ་རྣམས་དང་ལྷན་ཅིག་གནས་པ་དང་ལོངས་སྤྱད་དུ་མི་དབང་གིས་གནས་པར་མི་བྱའོ། །དེ་ལ་བདག་གིས་འཕགས་མ་དག་ལ་ཅི་འདི་ལ་ཁྱོད་ ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་འཕགས་མ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །།སྡོམ་ལ། སྨྱན་བྱེད་པ་དང་གཞི་མེད་དང་། །གསུམ་པ་བག་ཙམ་ ཆ་ལས་ལེན། །བཞི་པ་ཅི་ཡང་རུང་བར་བྱ། །ལྔ་པ་ཆགས་པ་མེད་པ་སྟེ། །མཚན་མོ་ཉིན་མོ་ལམ་འགྲོ་དང་། །ཆུ་ཀླུང་ཕ་རོལ་ཡིད་མཐུན་ནོ། །འཕགས་མ་དག་དགེ་འདུན་ལྷག་མའི་ཆོས་ཉི་ཤུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ ངོ་། །ཡང་དགེ་སློང་མ་གང་བུད་མེད་ལ་སྐྱེས་པའི་ཚིག་དང་། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དམ་མཛའ་ན་མོ་ཉིད་དུ་སྨྱན་བྱེད་ན་ཐ་ན་ཐང་འགའ་ཕྲད་པ་ལ་ཡང་རུང་སྟེ། ཆོས་འདི་ནི་དང་པོས་ལྟུང་བར་འགྱུར་བ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །ཡང་ དགེ་སློང་མ་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས་དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་རྩོད་པ་དེ་ཡང་གཞི་མེད་པ་ ཡིན་ལ་དགེ་སློང་མ་ཡང་ཞེ་སྡང་ལ་གནས་ཤིང་ཞེ་སྡང་གིས་སྨྲས་སོ་ཞེ་ན། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་ སྙམ་ནས་དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་རྩོད་པ་དེ་ཡང་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པས་བག་ཙམ་ལས་བསམས་པ་ཙམ་གྱིས་བླངས་པར་ གྱུར་ལ། དགེ་སློང་མ་ཡང་ཞེ་སྡང་ལ་གནས་པ་ཞེ་སྡང་གིས་སྨྲས་སོ་ཞེ་ན། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་ཆགས་པར་གྱུར་ལ་སྐྱེས་པ་ཆགས་པར་གྱུར་པ་ལས་ཅི་ཡང་རུང་བ་བདག་གིར་བྱེད་ ན། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་དགེ་སློང་མ་ཞིག་ལ་འདི་སྐད་ཅེས་ཀྱེ་ཁྱོད་ཆགས་པར་མ་གྱུར་ན་ཆགས་པ་མེད་པས་སྐྱེས་པ་ཆགས་པར་གྱུར་པ་ལས་ཅི་ཡང་རུང་བ་བདག་གིར་བྱར་རུང་ངོ་ཞེས་ཟེར་ན། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་གཅིག་པུ་མཚན་མོ་དབྱར་ཁང་ནས་འབྲལ་བར་བྱེད་ན། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །དགེ་སློང་མ་གང་ གཅིག་པུ་ཉིན་པར་དབྱར་ཁང་ནས་འབྲལ་བར་བྱེད་ན། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་གཅིག་པུ་ལམ་དུ་ཞུགས་ཤིང་འགྲོ་ན་ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་ བཅས་པ་སྟེ་དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་གཅིག་པུ་ཆུ་ཀླུང་གི་ཕ་རོལ་དུ་རྒལ་ན་ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་བུད་མེད་གང་ཞིག་ཚོགས་པ་ཡིད་མཐུན་པ་བདག་པོས་ཡོངས་ སུ་བཏང་བ་རྒྱལ་པོས་རྗེས་སུ་གནང་བར་ཤེས་བཞིན་དུ་རབ་ཏུ་མི་འབྱིན་ན། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་ཏེ་དགེ་འདུན་ལྷག་མའོ།། །།སྡོམ་ལ། ཤི་བའི་ནོར་རྫས་ལེན་པ་དང་། །དགེ་སློང་མ་ལ་བཟོད་བྱེད་དང་། །སྤོང་དང་འཐབ་ ཀྲོལ་བྱེད་པ་དང་། །སྟེན་དང་སྟེན་དུ་འཇུག་པ་དང་། །དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། །སུན་འབྱིན་བཀའ་བློ་མི་བདེ་བའོ། །ཡང་དགེ་སློང་མ་གང་ཤི་བའི་ནོར་རྫས་ཆགས་རྒྱ་དེད་ན་ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་ མའོ། །ཡང་དགེ་སློང་མ་གང་དགེ་སློང་མ་ཞིག་ལ་དགེ་སློང་མའི་དགེ་འདུན་མཐུན་པས་གནས་ནས་དབྱུང་བའི་ལས་བྱས་པར་ཤེས་བཞིན་དུ་དེ་མཚམས་ཀྱི་ཕྱི་རོལ་དུ་ཁྲིད་དེ་བཟོད་པ་གསོལ་དུ་བཅུག་ན་ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ ལྷག་མའོ། །ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་འདི་སྐད་ཅེས་སངས་རྒྱས་གཏོང་ངོ་། །ཆོས་གཏོང་ངོ་། །དགེ་འདུན་གཏོང་ངོ་། །ཤཱཀྱའི་བུའི་དགེ་སྦྱོང་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ། དགེ་ བའི་ཆོས་ཅན་མ་ཡིན་གྱི། དགེ་སྦྱོང་དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ། དགེ་བའི་ཆོས་ཅན་གཞན་དག་ཀྱང་ཡོད་ཀྱིས་ང་དེ་དག་ལས་ཚངས་པར་སྤྱོད་པ་སྤྱད་དོ་ཞེས་ཟེར་ན་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་ཁྱོད་ ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་འདི་སྐད་ཅེས་སངས་རྒྱས་གཏོང་ངོ་། །ཆོས་གཏོང་ངོ་། །དགེ་འདུན་གཏོང་ངོ་། །ཤཱཀྱའི་བུའི་དགེ་སྦྱོང་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ། དགེ་བའི་ཆོས་ཅན་མ་ཡིན་གྱི། དགེ་སྦྱོང་ དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ། དགེ་བའི་ཆོས་ཅན་གཞན་དག་ཀྱང་ཡོད་ཀྱིས་དེ་དག་ལས་ཚངས་པར་སྤྱད་པ་སྤྱོད་དོ། །ཞེས་མ་ཟེར་ཅིག། འཕགས་མ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། ། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་ བསྒོ། ཡང་དག་པར་བསྟན་པ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ནི་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་འཐབ་ཀྲོལ་བྱེད་ཅིང་གནས་པ་ལ་དགེ་སློང་མ་ རྣམས་ཀྱིས་ཕུ་ནུ་མོ་ཁྱོད་འཐབ་ཀྲོལ་མ་བྱེད་ཅིག །མཚང་མ་འདྲུ་ཞིག། མ་རྩོད་ཅིག། མ་འགྱེད་ཅིག་ཅེས་དེ་སྐད་བསྒོ་སྟེ། དེ་ལྟར་བཟློག་ན་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་ པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་དགེ་སློང་མ་འཐབ་ཀྲོལ་བྱེད་པ། ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་ཟེར་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་ཕུ་ནུ་མོ་ཁྱོད་དགེ་སློང་མ་རྣམས་ཀྱིས་འཐབ་ཀྲོལ་མ་བྱེད་ཅིག། མཚང་མ་ འདྲུ་ཞིག། མ་རྩོད་ཅིག། མ་འགྱེད་ཅིག་ཅེས་དེ་སྐད་ཅེས་བསྒོ་སྟེ་དེ་ལྟར་བཟློག་པ་ན་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་དགེ་སློང་མ་འཐབ་ཀྲོལ་ བྱེད་པ་ཁ་ཅིག་ནི་སྐྲོད་པར་བྱེད་ལ་ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །ཕུ་ནུ་མོ་ཁྱོད་འདུན་པས་འགྲོ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ ཤིག་ཅེས་བསྒོ་བར་བྱ་སྟེ། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་བུད་མེད་དང་ གཞོགས་སྟེགས་དང་། འཕྱར་གཡེང་དང་། རྩབ་ཧྲལ་གྱི་རྒྱུར་གྱུར་པ་དག་གིས་སྡེ་ཞིང་གནས་པར་བྱེད་ལ། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་ཕུ་ནུ་མོ་ཁྱོད་བུད་མེད་དང་སྡེ་ཞིང་གནས་པར་མ་བྱེད་ཅིག །སྡེ་ཞིང་གནས་ནས་གཞོགས་སྟེགས་དང་། འཕྱར་གཡེང་ དང་། རྩབ་ཧྲལ་དག་མ་བྱེད་ཅིག །དགེ་སློང་མ་ཁྱེད་ཐ་དད་དུ་གྱིས་ཤིག །ཁྱེད་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་དུ་ཤེས་པར་བྱའི་འགྲིབ་པར་ནི་མ་ཡིན་ནོ་ཞེས་བསྒོ་བར་བྱའོ། །དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་ དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་ལ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གལ་ཏེ་གཞི་དེ་གཏོང་ ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་དགེ་སློང་མའི་དགེ་འདུན་མཐུན་པས་དགེ་སློང་མ་གང་དག་ཐ་དད་དུ་གནས་པར་བསྒོ་བ་སྡེ་ཞིང་གནས་པ་ དེ་བཏང་སྟེ་ཐ་དད་དུ་གནས་པར་ཤེས་བཞིན་དུ་དེ་ཉིད་ཀྱི་གན་དུ་སོང་སྟེ། འདི་སྐད་ཅེས་ཕུ་ནུ་མོ་ཁྱེད་གཉིས་ཐ་དད་དུ་གནས་པར་མ་བྱེད་ཅིག །ཁྱེད་གཉིས་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འབྲི་བ་ཉིད་དུ་ཤེས་པར་བྱའི་འཕེལ་བར་ནི་མ་ཡིན་ནོ། །ཁྱེད་གཉིས་སྡེ་ཞིང་ གནས་པར་གྱིས་ཤིག །ཁྱེད་གཉིས་སྡེ་ཞིང་གནས་ནས་དགེ་བའི་ཆོས་འཕེལ་བ་ཉིད་དུ་ཤེས་པར་བྱའི་འབྲི་བར་ནི་མ་ཡིན་ནོ་ཞེས་ཟེར་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་ཕུ་ནུ་མོ་ཁྱོད་དགེ་སློང་མ་གང་དག་སྡེ་ཞིང་གནས་ནས་གཞོགས་སྟེགས་དང་། འཕྱར་གཡེང་ དང་། རྩབ་ཧྲལ་བྱེད་པ་ལས་དེ་གཉིས་ཐ་དད་དུ་གནས་པར་ཤེས་བཞིན་དུ་འདི་སྐད་ཅེས་ཕུ་ནུ་མོ་ཁྱེད་གཉིས་ཐ་དད་དུ་གནས་པར་མ་བྱེད་ཅིག །ཁྱེད་གཉིས་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འབྲི་བ་ཉིད་དུ་ཤེས་པར་བྱའི་འཕེལ་བར་ནི་མ་ཡིན་ནོ། །ཁྱེད་གཉིས་སྡེ་ཞིང་གནས་པར་ གྱིས་ཤིག །ཁྱེད་གཉིས་སྡེ་ཞིང་གནས་ནས་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་དུ་ཤེས་པར་བྱའི་འབྲི་བར་ནི་མ་ཡིན་ནོ་ཞེས་མ་ཟེར་ཅིག །ཕུ་ནུ་མོ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་ སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་དགེ་འདུན་འཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་ དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཤིག །དགེ་འདུན་ མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད། ཀུན་ཏུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག །ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་གནས་པར་འགྱུར་གྱིས་འཕགས་མ་ཁྱོད་ དགེ་འདུན་འབྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་ བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ ལྷག་མའོ། །དགེ་སློང་མ་དེའི་གྲོགས་བྱེད་པའི་དགེ་སློང་མ་མི་མཐུན་པར་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་གཅིག་གམ་གཉིས་སམ་མང་པོ་དག་ཡོད་ཅིང་། གལ་ཏེ་དེ་དག་དགེ་སློང་མ་རྣམས་ལ་འདི་སྐད་ཅེས། འཕགས་མ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་ མ་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། འཕགས་མ་དག་དགེ་སློང་མ་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་མ་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲའི་ མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་འདོད་ཅིང་བཟོད་དོ་ཞེས་ཟེར་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་ཅེས་འཕགས་མ་དག་ཁྱེད་ཅག་དག་ཡང་རུང་སྡིག་ཀྱང་རུང་དགེ་སློང་མ་འདི་ལ་ཅི་ཡང་མ་སྨྲ་ཤིག ། དེ་ཅིའི་ཕྱིར་ཞེ་ན། འཕགས་མ་དག་དགེ་སློང་མ་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་མ་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་མ་འདི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་ སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། འཕགས་མ་དག་དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པར་ ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་མ་འདི་ནི་མི་ཤེས་བཞིན་དུ་སྨྲའི་ཤེས་པར་སྨྲ་བ་མ་ཡིན་པའི་ཕྱིར་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་འཕགས་མ་དག་བཟོད་པར་མ་བྱེད་ཅིག །འཕགས་མ་དག་ཁྱེད་དགེ་ འདུན་འབྱེད་འདོད་པར་མ་བྱེད་པར་འཕགས་མ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །འཕགས་མ་དག་དགེ་འདུན་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད། ཀུན་ཏུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག །ཆུ་དང་འོ་མ་འདྲེས་པ་ལྟ་བུར་ གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། འཕགས་མ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་ བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་ གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གཉིས་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །དགེ་སློང་མ་རབ་ཏུ་མང་པོ་དག་གྲོང་ངམ་གྲོང་རྡལ་ཞིག་ན་ཉེ་བར་བརྟེན་ཅིང་གནས་པར་གྱུར་པ་དེ་དག་ཀྱང་ཁྱིམ་སུན་ འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་གྱུར་ཅིག་དེ་དག་གིས་ཁྱིམ་དག་སུན་འབྱིན་པར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་སམ། དེ་དག་སྡིག་པ་ཀུན་ཏུ་སྤྱོད་པར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ན་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་ མ་དག་ཁྱེད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་དག་གི་སུན་ཕྱུང་བར་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཀྱིས། འཕགས་མ་དག་ཁྱེད་འདི་ན་གནས་པས་ཆོག་ གིས་གནས་འདི་ནས་དེང་ཤིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དེ་དག་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་འཕགས་མ་དག་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་ བ་འདྲ་བ་ཁོ་ན་ལས་དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་ཟེར་ན་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་ཁྱེད་དེ་སྐད་ཅེས་འཕགས་མ་དག་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་ མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལ་དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད་ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་འཕགས་མ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུང་བ་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་ མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། འཕགས་མ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་མ་དེ་དག་ ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་ བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །འདི་ན་དགེ་སློང་མ་འགའ་ཞིག་བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་ལ། དེ་ལ་དགེ་སློང་མ་རྣམས་ ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ན། འཕགས་མ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཤིག། བདག་ ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་འཕགས་མ་དག་ལ་ཅི་ཡང་མི་སྨྲའོ། །འཕགས་མ་དག་གིས་བདག་ལ་ཚིག་གིས་ལམ་འདི་ཐོང་ཤིག །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ ཀྱིས་འདི་སྐད་ཅེས་འཕགས་མ་ཁྱོད་དགེ་སློང་མ་རྣམས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱི་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ འཕགས་མས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག་དགེ་སློང་མ་རྣམས་ཀྱིས་འཕགས་མ་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན་འཕགས་མ་ཡང་དགེ་སློང་མ་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ། གཅིག་ ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་ འགྱུར་གྱིས། འཕགས་མ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་ གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །འཕགས་མ་དག་བདག་གིས་དགེ་འདུན་ལྷག་མའི་ཆོས་ཉི་ཤུ་པོ་དག་བཏོན་ཟིན་ཏོ། །དེ་དག་ལས་བཅུ་གཉིས་ནི་ལྟུང་བ་དང་པོ་ཉིད་ཀྱིས་སོ། །བརྒྱད་ནི་ལན་གསུམ་གྱི་བར་གྱིས་ སོ། །དགེ་སློང་མས་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ལ་ཇི་སྲིད་དུ་ཤེས་བཞིན་དུ་འཆབ་པར་བྱེད་པ་དེ་སྲིད་དུ་དེ་མི་འདོད་བཞིན་དུ་སྤོ་བ་བྱའོ། །དགེ་སློང་མས་མི་འདོད་བཞིན་དུ་སྤོ་བ་བྱས་ནས་དེའི་འོག་ཏུ་ཟླ་བ་ཕྱེད་ཀྱི་བར་དུ་གཉི་གའི་དགེ་འདུན་མགུ་བར་བྱ་བ་སྤྱད་པར་ བྱའོ། །དགེ་སློང་མས་མགུ་བར་བྱ་བ་སྤྱད་ནས་དབྱུང་བ་ལ་ཐོགས་ཏེ་ཆོས་དང་མཐུན་པར་བྱས་ལ་གཉི་གའི་སེམས་མགུ་བར་བྱས་ནས་གང་ན་གཉི་གའི་དགེ་འདུན་བཞི་བཅུའི་ཚོགས་ཡོད་པ་དེར་དགེ་སློང་མ་དབྱུང་བར་བྱའོ། །གཉི་གའི་དགེ་འདུན་བཞི་བཅུར་གཅིག་གིས་མ་ ཚང་བའི་ཚོགས་ཀྱིས་དགེ་སློང་མ་དེ་འབྱིན་པར་བྱེད་ན་དགེ་སློང་མ་དེ་ཡང་མ་ཕྱིན་ལ། གཉི་གའི་དགེ་འདུན་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །དེ་ལ་བདག་གིས་འཕགས་མ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲི་བར་བྱའོ། །ཅི་འདི་ ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་འཕགས་མ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །།སྡོམ་ལ། འཆང་བ་འབྲལ་བ་འཇོག་པ་དང་། །འཁྲུ་བ་དང་ནི་ལེན་པ་དང་། །སློང་དང་སྟོད་གཡོགས་སྨད་ གཡོགས་བཅས། །རིན་ཐང་སོ་སོར་བསྐུར་བའོ། །འཕགས་མ་དག་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་རྩ་གསུམ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་། །དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ནས་ཞག་བཅུའི་བར་དུ་གོས་ལྷག་པ་རུང་ བ་མ་བྱས་པ་བཅང་བར་བྱའོ། །དེ་ལས་ལྷག་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས་ལྔ་ལས་གང་ཡང་རུང་བ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ནས་དུས་མ་ཡིན་པའི་གོས་ཤིག་རྙེད་ལ་འདོད་ན་དགེ་སློང་མ་དེས་གོས་བླང་བར་བྱའོ། །བླངས་ནས་གལ་ཏེ་ལངས་ན་མྱུར་བ་ཁོ་ནར་གོས་སུ་བྱས་ཏེ་བཅང་བར་བྱའོ། །གལ་ཏེ་མི་ལངས་ན་ཁ་མ་ལངས་པ་ ཁ་སྐོང་བའི་གོས་ལ་རེ་བ་ཡོད་ན་དགེ་སློང་མ་དེས་གོས་དེ་ཟླ་བ་གཅིག་གི་མཐར་གཞག་པར་བྱའོ། །དེ་ལས་འདས་པར་འཇོག་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་དགེ་སློང་ཉེ་དུ་མ་ཡིན་པའི་གོས་རྙིང་པ་འཁྲུའམ། འཚེད་དམ། འཆག་ན་སྤང་བའི་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་དགེ་སློང་ཉེ་དུ་མ་ཡིན་པ་ལས་གོས་ལེན་ན་བརྗེ་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་གོས་སློང་ན་དུས་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ ཡིན་ཏེ། དགེ་སློང་མ་གོས་ཕྲོགས་སམ། གོས་བརླག་གམ། གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ། གོས་ཆུས་ཁྱེར་ན་དེ་ནི་དུས་ཡིན་ནོ། །དགེ་སློང་མ་གོས་ཕྲོགས་སམ། གོས་བརླག་གམ། གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ། གོས་ཆུས་ཁྱེར་ ན། ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ལ་བསླང་བར་བྱའོ། །གལ་ཏེ་དེ་ལ་བྲམ་ཟེའམ་ཁྱིམ་བདག་དད་པ་ཅན་ཞིག་གིས་གོས་མང་པོ་སྟོབས་ལ་འདོད་ན་དགེ་སློང་མ་དེས་དེ་ལས་གོས་སྟོད་གཡོགས་དང་སྨད་གཡོགས་དང་བཅས་པའི་མཐར་ཐུག་པ་བླང་བར་ བྱའོ། །དེ་ལས་ལྷག་པར་ལེན་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མའི་ཕྱིར་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་འདི་དག་སྤགས་ནས་བདག་གིས་གོས་ཀྱི་རིན་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་ པ་དང་། དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས་དེ་ནས་གལ་ཏེ་དགེ་སློང་མ་དེ་ལས་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ། བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ནས་འདི་སྐད་ཅེས་ཚེ་ དང་ལྡན་པས་བདག་གི་གོས་ཀྱི་རིན་དག་སྤགས་པའི་གོས་ཀྱི་རིན་དེ་དག་གིས་ཚེ་དང་ལྡན་པ་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ་བདག་ལ་གོས་རུང་བ་དུས་སུ་སྐོན་ཅིག་ཅེས་སྨྲས་ཏེ་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་ པས་གོས་ཀྱི་རིན་སོ་སོ་བདག་སྤགས་ནས་བདག་ཅག་གཉིས་ཀྱིས་གོས་ཀྱི་རིན་སོ་སོ་བ་འདི་དག་གིས་གོས་འདི་དང་འདི་ལྟ་བུ་སོ་སོ་བ་འདི་དག་ཉོས་ལ་དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་པ་དང་བདག་ཅག་གཉིས་ཀྱིས་སོ་སོ་ནས་དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས། དེ་ལ་ གལ་ཏེ་དགེ་སློང་མ་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ། བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ནས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་བདག་གི་ཕྱིར་གོས་ཀྱི་རིན་སོ་སོ་བ་གང་དག་སྤགས་པའི་གོས་ ཀྱི་རིན་སོ་སོ་བ་འདི་དག་གིས་ཚེ་དང་ལྡན་པ་དག་གོས་འདི་དང་འདི་ལྟ་བུ་སོ་སོ་བདག་ཉོས་ལ་གཉི་ག་འདུས་ཏེ་བདག་ལ་གོས་རུང་བ་ཅིག་དུས་སུ་ལེགས་པར་སྐོན་ཅིག་ཅེས་སྨྲས་ཏེ་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མའི་ཕྱིར་རྒྱལ་པོའམ། བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མིའམ། ཡུལ་གྱི་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་གྱི་ཕོ་ཉའི་ལག་ཏུ་གོས་ཀྱི་རིན་དག་བསྐུར་བར་གྱུར་ལ། དེ་ལས་ཕོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ནས་དགེ་སློང་མ་ག་ལ་བ་དེར་སོང་སྟེ། དགེ་སློང་མ་དེ་ལ་འདི་སྐད་ཅེས་ འཕགས་མ་མཁྱེན་པར་མཛོད་ཅིག །ཁྱོད་ལ་རྒྱལ་པོའམ། བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མིའམ། ཡུལ་གྱི་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་ནམ། དེད་དཔོན་ཆེ་གེ་མོས་གོས་ཀྱི་རིན་འདི་དག་བསྐུར་གྱིས་ འཕགས་མ་ཐུགས་བརྩེ་བའི་སླད་དུ་དེ་དག་བཞེས་ཤིག་ཅེས་ཟེར་ན། དགེ་སློང་མ་དེས་ཕོ་ཉ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་མ་དག་ནི་གོས་ཀྱི་རིན་དག་ལེན་དུ་མི་རུང་སྟེ། བདག་ཅག་གོས་རུང་བ་དུས་སུ་རྙེད་ན་ལེན་ཏོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ཕོ་ཉ་དེ་ དགེ་སློང་མ་དེ་ལ་འདི་སྐད་ཅེས་འཕགས་མ་རྣམས་ཀྱི་ཞལ་ཏ་བགྱིད་པ་འཕགས་མ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་པ་འགའ་མཆིས་སམ་ཞེས་ཟེར་ན། དགེ་སློང་མ་གོས་འདོད་པས་ཕོ་ཉ་འདི་ནི་དགེ་སློང་མ་རྣམས་ཀྱི་ཞལ་ཏ་བྱེད་པ་སྟེ། འདི་ནི་དགེ་སློང་མ་ རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པའོ་ཞེས་ཀུན་དགའ་ར་བའམ། དགེ་བསྙེན་ཞལ་ཏ་བྱེད་པ་བསྟན་པར་བྱའོ། །དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དག་ཁྱེར་ནས་ཞལ་ཏ་བྱེད་པ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་ པར་གྱིས་ཤིག །ཁྱེད་ཀྱིས་གོས་ཀྱི་རིན་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ་དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་པ་དང་། དེ་ལ་གོས་རུང་བ་དུས་སུ་སྐོན་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ ཞིང་ཡང་དག་པར་བསྟན་ནས། དགེ་སློང་མ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས་དགེ་སློང་མ་དེ་ལ་འདི་སྐད་ཅེས། འཕགས་མས་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱིས་དེའི་གན་དུ་བཞུད་ཅིག་དང་། དེས་ཁྱོད་ལ་ གོས་རུང་བ་དུས་སུ་སྐོན་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །དགེ་སློང་མ་གོས་འདོད་པས་ཞལ་ཏ་བྱེད་པའི་གན་དུ་སོང་ལ་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ། །ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ། །ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་ བྱ་དྲན་པར་བྱའོ། །ལན་གཉིས་ལན་གསུམ་དུ་བསྐུལ་ཞིང་དྲན་པར་བྱས་པ་ན་གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལེགས། གལ་ཏེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ། །ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་ མི་སྨྲ་བར་བསྡད་པ་ན་གལ་ཏེ་གོས་གྲུབ་ན་དེ་ལྟ་ན་ལེགས། གལ་ཏེ་མ་གྲུབ་ན་དེའི་འོག་ཏུ་གོས་སྒྲུབ་པའི་ཕྱིར་རྩལ་ཏེ་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་མ་གྲུབ་ན་ཕྱོགས་གང་ན་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག་འགྲོ་བར་བྱའོ། །ཡང་ན་ ཡིད་བརྟན་པའི་ཕོ་ཉ་ལས་ཚེ་དང་ལྡན་པ་དག་གིས་དགེ་སློང་མ་ཆེ་གེ་མོའི་ཕྱིར་གོས་ཀྱི་རིན་བསྐུར་བ་དེ་དག་ནི་དགེ་སློང་མ་དེའི་དོན་ཅི་ཡང་མ་གྲུབ་ཀྱིས་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་དག་གིས་རང་གི་ནོར་ཆུད་མ་གསན་ཅིག་ཅེས་སྤྲིང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ།། །། སྡོམ་ལ། གསེར་དངུལ་མངོན་ཚན་ཉོ་ཚོང་དང་། །ཚོལ་དང་འཐག་པ་སྐྱེད་པ་དང་། །བྱིན་ཕྲོགས་བསྔོས་དང་གསོག་འཇོག་དང་། །འཆང་དང་བྱིན་གྱིས་མི་རློབ་པའོ། །ཡང་དགེ་སློང་མ་གང་རང་གི་ལག་གིས་གསེར་དང་དངུལ་ལེན་ཏམ་ལེན་དུ་འཇུག་ན་སྤང་བའི་ལྟུང་བྱེད་ དོ། །ཡང་དགེ་སློང་མ་གང་མངོན་ཚན་ཅན་གྱི་སྤྱོད་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཉོ་ཚོང་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ལྷུང་བཟེད་ལྷན་པ་ལྔ་མེད་པ་སྤྱད་བཟོད་པ་ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་ གསར་པ་གཞན་ཚོལ་ཞིང་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་དེས་ལྷུང་བཟེད་དེ་དགེ་སློང་མའི་འཁོར་ལ་དབུལ་བར་བྱའོ། །དགེ་སློང་མ་འཁོར་དེའི་ལྷུང་བཟེད་མཐར་གྱུར་པ་གང་ཡིན་པ་དེ་དགེ་སློང་མ་དེ་ལ་དགེ་སློང་མ་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་ མི་བྱ། གཏད་པར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་པའི་བར་དུ་ཁད་ཀྱིས་དལ་བུ་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །ཡང་དགེ་སློང་མ་གང་རང་གིས་བླངས་པའི་དོག་པ་ཐག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་བཅུག་ནས་གོས་ གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་བཅུག་པ་ལས་དེ་ལ་གལ་ཏེ་དགེ་སློང་མ་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་ནས་ཐ་ག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་ འདི་སྐད་ཅེས་ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག །གོས་འདི་ཁོ་མོའི་ཕྱིར་འཐག་གིས་ཚེ་དང་ལྡན་པ་ཐ་ག་པ་གོས་འདི་ཞེང་ཆེ་བ་དང་། ཁྲུན་རིང་བ་དང་། ཐར་གྱིས་ཞག་པ་དང་། ཐག་རན་བཟང་བ་ལེགས་པར་གྱིས་ཤིག །ཚེ་དང་ལྡན་པ་ཐ་ག་པ་ཁོ་མོས་གླ་རྔན་འདི་ ལྟ་སྟེ། བཟའ་བའམ་བཅའ་བའམ། བཟའ་རྒྱུ་ཅུང་ཟད་སྦྱིན་ནོ་ཞེས་སྨྲས་ནས་དེ་ལ་གལ་ཏེ་དགེ་སློང་མ་དེས་གོས་སྒྲུབ་པའི་ཕྱིར་གླ་རྔན་འདི་ལྟ་སྟེ། བཅའ་བའམ་བཟའ་བའམ་བཟའ་རྒྱུ་ཅུང་ཟད་ཅིག་བྱིན་ཞིང་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་དགེ་ སློང་མ་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་འཕྲོག་གམ་འཕྲོག་ཏུ་འཇུག་ཅིང་། དེ་ལ་འདི་སྐད་ཅེས་དགེ་སློང་མ་ཁྱོད་ལ་གོས་མི་སྦྱིན་གྱིས་ཕྱིར་བྱིན་ཅིག་ཟེར་ན་དགེ་སློང་མ་དེ་ལ་ལྷག་མ་ཡོད་ན་དེ་ལ་ཕྱིར་སྦྱིན་པར་བྱ་ཞིང་གཏད་ན་སྤང་བའི་ལྟུང་ བྱེད་དོ། །ཡང་དགེ་སློང་མ་གང་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་གང་ཟག་ལ་སྒྱུར་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ན་བ་རྣམས་ལ་ཕན་པ་སོ་སོ་བསྟེན་པར་བྱ་བའི་སྨན་གང་དག་བཀའ་སྩལ་པ་འདི་ལྟ་སྟེ། ཞུན་མར་དང་། འབྲུ་མར་ དང་། བུ་རམ་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དེ་དག་ལས་དགེ་སློང་མ་ན་བས་འདོད་ན་རང་གིས་ཞག་བདུན་བར་བྱིན་གྱིས་བརླབས་ཏེ་གསོག་འཇོག་གིས་ཡོངས་སུ་སྤྱད་པས་ཡོངས་སུ་ལོངས་སྤྱད་པར་བྱའོ། །དེ་ལས་འདས་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་སྤང་ བའི་ལྟུང་བྱེད་དོ། །དགེ་སློང་མས་ལྷུང་བཟེད་ལྷག་པ་ཞག་གཅིག་གི་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཆོས་གོས་བྱིན་གྱིས་བརླབ་ཏུ་རུང་བ་ཉི་མ་དང་པོ་ལའམ་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མི་རློབས་ན་སྤང་བའི་ ལྟུང་བྱེད་དོ།། །།སྡོམ་ལ། འབྱིན་དང་མི་འབྱིན་སློང་བ་དང་། །གོས་དང་གོས་རྒྱུ་མལ་ཆ་རྒྱུ། །དབྱར་ཁང་རྒྱུ་དང་སྐྱེ་བོ་དང་། །དགེ་འདུན་བཅིངས་བཀྲོལ་ལྕི་ཡང་ངོ་། །ཡང་དགེ་སློང་མ་གང་དུས་མ་ཡིན་པར་སྲ་བརྐྱང་འབྱིན་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་ སློང་མ་གང་དུས་སུ་སྲ་བརྐྱང་མི་འབྱིན་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་བདག་གི་ཕྱིར་མངོན་ཚན་ཅན་སློང་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་གཞན་གྱི་ཆེད་དུ་རྙེད་པའི་གོས་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་ན་ སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་གོས་ཀྱི་ཆེད་དུ་རྙེད་པ་གང་ཡང་རུང་བ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་མལ་ཆའི་ཆེད་དུ་རྙེད་པ་གང་ཡང་རུང་བ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་ན་སྤང་བའི་ལྟུང་ བྱེད་དོ། །ཡང་དགེ་སློང་མ་གང་དབྱར་ཁང་གི་ཆེད་དུ་རྙེད་པ་གང་ཡང་རུང་བ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་དགེ་སློང་མའི་སྐྱེ་བོ་མང་པོའི་ཕྱིར་སྦྱོར་དུ་བཅུག་པའི་རྙེད་པ་གང་ཟག་ལ་ཡོངས་སུ་སྒྱུར་ན་སྤང་བའི་ ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་དགེ་སློང་མའི་དགེ་འདུན་གྱི་ཕྱིར་སྦྱོར་དུ་བཅུག་པའི་རྙེད་པ་གང་ཟག་བདག་ལ་ཡོངས་སུ་སྒྱུར་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཆགས་པར་གྱུར་པས་ཐུམ་པོ་བཅིངས་ཤིང་བཅིངས་ཤིང་འགྲོལ་དུ་བཅུག་ན་སྤང་ བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་གོས་ལྕིད་དང་རིན་ཐང་ལྕི་བ་འཆང་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ལྕིད་ཡང་བ་རིན་ཐང་ལྕི་བ་འཆང་ན་སྤང་བའི་ལྟུང་བྱེད་དོ།། །།སྡོམ་ལ། སྲིན་བལ་འབའ་ཞིག་ཆ་གཉིས་དང་། །དྲུག་དང་མཐོ་གང་ལམ་ དང་ནི། །འཁྲུ་དང་འཆང་དང་རྟ་དང་དགོན། །རས་ཆེན་མ་གཏོགས་ལྷག་མ་ཡིན། །འཕགས་མ་དག་བདག་གིས་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་རྩ་གསུམ་པོ་དག་བཏོན་ཟིན་ཏོ། །དེ་ལ་བདག་གིས་འཕགས་མ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་འཕགས་མ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །།དགེ་སློང་མའི་སོ་སོར་ཐར་པའི་མདོ། བམ་པོ་གཉིས་པ་སྟེ་ཐ་མའོ། །སྤྱི་སྡོམ་ ལ། བརྫུན་དང་ས་བོན་འདུག་གནས་དང་། །སྲོག་ཆགས་བདེ་དང་དུད་འགྲོ་དང་། །རྐུ་བ་དང་ནི་ཟས་བཅས་པ། །དེ་དག་ཐུན་མོང་ཡིན་པར་འདོད།། །།སྡོམ་ལ། བརྫུན་སྐྱོན་དགེ་སློང་ཕྲ་མ་དང་། །སྐྱོ་སྔོགས་བྱེད་དང་སྟོན་པ་དང་། །འདོན་དང་གནས་ ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །འཕགས་མ་དག་ལྟུང་བྱེད་ཀྱི་ཆོས་བརྒྱ་བརྒྱད་བཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་། །ཤེས་བཞིན་དུ་བརྫུན་དུ་སྨྲ་ན་ལྟུང་བྱེད་དོ། །མིའི་སྐྱོན་ནས་སྨྲ་ན་ལྟུང་བྱེད་ དོ། །དགེ་སློང་མ་ལ་ཕྲ་མ་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པ་ཤེས་བཞིན་དུ་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་སྐྱེས་པའི་ཡུལ་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ ཆོས་སྟོན་ན་རིག་པའི་བུད་མེད་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཟག་བསྙེན་པར་མ་རྫོགས་པ་དང་ཚིག་གིས་ཆོས་འདོན་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བ་རྗོད་ན་དགེ་འདུན་གྱིས་ གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པར་སྨྲ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་སྔར་ལེགས་པར་རུང་བར་བྱས་ནས་དེའི་འོག་ཏུ་འདི་སྐད་ཅེས་འཕགས་མ་དག་འདི་ལྟར་བཤེས་ ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པར་བསྔོས་པ་བདག་གི་གང་ཟག་ལ་བསྔོས་སོ་ཞེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་ན་འདི་སྐད་ཅེས་འཕགས་མ་དག་གང་དག་གིས་དགེ་སློང་མ་རྣམས་འགྱོད་པ་དང་ཡིད་ལ་ གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་ཞིག་བྱ་ཞེས་ཟེར་ཞིང་བསླབ་པ་ཁྱད་དུ་གསོད་ན་ལྟུང་བྱེད་དོ།། །།སྡོམ་ལ། ས་བོན་འཕྱ་ བ་བསྒོ་བ་དང་། །ཁྲི་དང་གདིང་དང་ཕྱིས་གནོན་དང་། །འབྱུང་བ་དང་ནི་འདེབས་པ་དང་། །རིམ་པ་གཉིས་སུ་རྩིག་པའོ། །ས་བོན་གྱི་ཚོགས་སམ་འབྱུང་པོའི་གནས་འཇིག་གམ་འཇིག་ཏུ་འཇུག་ན་ལྟུང་བྱེད་དོ། །འཕྱའམ་གཞོགས་འཕྱས་བྱེད་ན་ལྟུང་ བྱེད་དོ། །བསྒོ་བ་རྣ་ལ་གཟོན་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་དགེ་འདུན་གྱི་ཁྲིའམ། ཁྲིའུའམ། སྟན་ནང་ཚངས་ཅན་ནམ། ལ་བའམ། སྔས་སམ། གོར་བུ་བླ་གབ་མེད་པར་བཏིང་ངམ་འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་ མ་འཁོད་པ་ལ་ཡང་མ་བཅོལ་བར་དེ་ནས་སོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་དགེ་འདུན་གྱི་དབྱར་ཁང་དུ་རྩྭའི་གདིང་བའམ། ལོ་མའི་གདིང་བ་བཏིང་ངམ། འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་ སློང་མ་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་དགེ་འདུན་གྱི་དབྱར་ཁང་ནས་དགེ་སློང་མ་སྔ་ནས་འཁོད་པར་ཤེས་བཞིན་དུ་ཕྱིས་འོངས་ནས་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ ཏེ་ཕྱིས་གནོན་བྱས་ནས་སྟན་ལ་ཉལ་ལམ་འདུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་དགེ་འདུན་གྱི་དབྱར་ཁང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ་ཁྲིའུ་རྩ་བ་འབྱུང་བར་ཤེས་བཞིན་དུ་ལྗིད་ཀྱིས་ཕབ་སྟེ་འདུག་གམ་ཉལ་ན་ལྟུང་བྱེད་དོ། །ཡང་དགེ་ སློང་མ་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭའམ། ལྕི་བའམ། ས་ལ་འདེབས་སམ། འདེབས་སུ་འཇུག་ན་ལྟུང་བྱེད་དོ། །དགེ་སློང་མས་དབྱར་ཁང་ཆེན་པོ་ཞིག་རྩིག་གམ། རྩིག་ཏུ་འཇུག་ན་སྒོའི་སྦུབས་དང་། གཏན་པ་དང་། སྣང་ བའི་གནས་ཇི་ཙམ་པའི་འདུ་ཤེས་ཀྱིས་ས་བརྟག་པ་ནས་བཟུང་སྟེ། ཕ་གུ་རིམ་པ་གཉིས་སམ་གསུམ་བརྩིག་པར་བྱའོ། །དེ་ལས་ལྷག་པར་རྩིག་ན་ལྟུང་བྱེད་དོ།། །།སྡོམ་ལ། འདུག་གནས་གཅིག་དང་ཕྱེ་དང་ནི། །བཅའ་བ་དང་ནི་སྟོབས་པ་དང་། ། འདུས་པ་དང་ནི་དུས་མིན་དང་། །གསོག་འཇོག་དང་ནི་ཁ་ནས་མིད། །དགེ་སློང་མ་གང་འདུག་གནས་གཅིག་ཏུ་ཞག་ལོན་པའི་དགེ་སློང་མ་གང་མི་ན་བས་བསོད་སྙོམས་གཅིག་བཟའ་བར་བྱའོ། །དེ་ལས་ལྷག་པར་ཟ་ན་ལྟུང་བྱེད་དོ། །དགེ་སློང་མ་རབ་ཏུ་མང་པོ་ དག་ཁྱིམ་རྣམས་སུ་དོང་བ་ལས་གལ་ཏེ་དེ་དག་ལས་བྲམ་ཟེའམ། ཁྱིམ་བདག་དད་པ་ཅན་དག་གིས་ཕྱེ་དང་ཁུར་བ་དག་དུས་ཀྱིས་སྟོབས་པར་གྱུར་ལ་འདོད་ན་དགེ་སློང་མ་དེ་དག་གིས་ལྷུང་བཟེད་གང་བ་གཉིས་སམ། གསུམ་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་ ལྟུང་བྱེད་དོ། །ལྷུང་བཟེད་གང་བ་གཉིས་སམ་གསུམ་བླངས་ནས་ཕྱི་རོལ་ཀུན་དགའ་ར་བར་དོང་ལ་དགེ་སློང་མ་འཁོད་པ་རྣམས་ལ་ཡང་བགོ་བཤའ་བྱ། བདག་ཅག་ཀྱང་བཟའ་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །ཡང་དགེ་སློང་མ་གང་ཟས་ཟོས་ཟིན་ཅིང་སྤངས་ པ་ལས་ལྷག་པོར་མ་བྱས་པར་བཅའ་བའམ་བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཤེས་བཞིན་དུ་དགེ་སློང་མ་གང་ཟས་ཟོས་ཟིན་ཅིང་སྤངས་པ་ལ་སྐབས་ཚོལ་ཅིང་ཅི་ནས་ཀྱང་དགེ་སློང་མ་འདི་ཉེས་པ་དབྱུང་བར་བྱའོ། །སྙམ་པ་དེ་ཉིད་རྐྱེན་དུ་ བྱས་ནས་འཕགས་མ་འདི་འཆོ་ཤིག །འདི་ཟོས་ཤིག་ཅེས་ལྷག་པོར་མ་བྱས་པའི་བཟའ་བ་དང་བཅའ་བ་དུས་ཀྱིས་སྟོབས་པར་བྱེད་ན་ལྟུང་བྱེད་དོ། །འདུས་ཏེ་ཟ་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ། །ལས་དུས་སོ། ། ལམ་དུས་སོ། །གྲུར་ཞུགས་པ་དང་། འདུས་པ་ཆེན་པོ་དང་། དགེ་སྦྱོང་གི་ཟས་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། །ཡང་དགེ་སློང་མ་གང་དུས་མ་ཡིན་པར་བཅའ་བའམ་བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་བཅའ་བའམ་བཟའ་བ་ གསོག་འཇོག་བྱས་པ་ཟའམ་འཆའ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་བྱིན་ལེན་མ་བྱས་པར་ཁ་ནས་མིད་པའི་ཟས་ཟ་ན་ཆུ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བྱེད་དོ།། །།སྡོམ་ལ། སྲོག་ཆགས་བཅས་དང་གཅེར་བུ་དང་། །དམག་ལ་ལྟ་དང་ ཞག་གཉིས་དང་། །བཤམས་པ་འཁྲུག་དང་རྡེག་པ་དང་། །གཟས་པ་དང་ནི་གནས་ངན་ལེན། །ཡང་དགེ་སློང་མ་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་གཅེར་བུ་མོའམ། ཀུན་ ཏུ་རྒྱུའམ། ཀུན་ཏུ་རྒྱུ་མོ་ལ་རང་གི་ལག་ནས་བཟའ་བ་དང་བཅའ་བ་བྱིན་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་དམག་ཆས་པ་ལ་ལྟར་འགྲོ་ན་ལྟུང་བྱེད་དོ། །དགེ་སློང་མ་དམག་ཆས་པ་ལ་ལྟར་འགྲོ་བ་དེ་ལྟ་བུའི་རྐྱེན་འགའ་ཞིག་བྱུང་ན་དགེ་སློང་མ་དེས་དམག་དེའི་ ནང་དུ་ཞག་གཉིས་ཚུན་ཆད་གནས་པར་བྱའོ། །དེ་ལས་ལྷག་པར་གནས་ན་ལྟུང་བྱེད་དོ། །དགེ་སློང་མ་ཞག་གཉིས་དམག་དེའི་ནང་ན་གནས་པའི་ཚེ་ཡང་གལ་ཏེ་བཤམས་པ་འཁྲུག་ཏུ་འགྲོའམ། རྒྱལ་མཚན་གྱི་ཚོགས་མཆོག་གམ། དཔུང་གི་ཚོགས་སམ། གཡུལ་བཤམས་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་སློང་མ་ལ་རྡེག་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡིད་མ་རངས་ ནས་དགེ་སློང་མ་ལ་རྡེག་པར་གཟས་ནས་ཐ་ན་ཐལ་མོས་ཀྱང་རུང་སྟེ་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཤེས་བཞིན་དུ་དགེ་སློང་མའི་གནས་ངན་ལེན་གྱི་ལྟུང་བ་འཆབ་ན་ལྟུང་བྱེད་དོ།། །།སྡོམ་ལ། བདེ་དང་མེ་དང་འདུན་པ་དང་། །བསྙེན་པར་མ་རྫོགས་ཆོས་ དང་སྨྲ། །དགེ་ཚུལ་ཁ་དོག་བསྒྱུར་བ་དང་། །རིན་པོ་ཆེ་དང་ཚ་བའི་དུས། །ཡང་དགེ་སློང་མ་གང་ཀླན་ཀ་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་མ་ལས་ཀླན་ཀ་བཙལ་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་མ་ལ་འདི་སྐད་ཅེས་འཕགས་མ་ཚུར་ཤོག་ཁྱོད་ཁྱིམ་དག་ཏུ་ འདོང་དང་། དེར་ཁྱོད་ལ་བཅའ་བ་དང་བཟའ་བ་བསོད་པ་ཇི་ཙམ་འདོད་པ་སྦྱིན་དུ་གཞུག་གོ་ཞེས་སྨྲས་ནས། དེས་དེ་ལ་སྦྱིན་དུ་མ་བཅུག་པར་དེའི་འོག་ཏུ་འདི་སྐད་ཅེས་འཕགས་མ་ཁོ་མོ་ལ་ཁྱོད་དང་ལྷན་ཅིག་སྨྲའམ་འདུག་པ་བདེ་བ་མ་ཡིན་གྱི། འདི་ལྟར་ཁོ་མོ་གཅིག་ པུ་ཁོ་ན་སྨྲའམ་འདུག་ན་བདེ་བས་ཁྱོད་སོང་ཤིག་ཅེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་མིན་བར་བདག་ཉིད་ཀྱི་ཕྱིར་མེ་ལ་རེག་གམ་རེག་ཏུ་འཇུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་དགེ་སློང་མ་ལ་འདུན་པ་ཕུལ་ནས། དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་སྤོང་བའི་ཆོས་སུ་བྱེད་ཅིང་འདི་སྐད་ཅེས་དགེ་སློང་མ་འདུན་པ་ཕྱིར་བྱིན་ཅིག །ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་ གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་དག་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་ པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་ གསུང་ངོ་། །འཕགས་མ་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས་འཕགས་མ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་ བསྒོ་བར་བྱའོ། །དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། ། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཤེས་བཞིན་དུ་དེ་སྐད་ཟེར་བའི་གང་ཟག་ཆོས་བཞིན་དུ་མ་བྱས་པའི་སྡིག་པ་ཅན་གྱི་ ལྟ་བའི་རྣམ་པ་དེ་དག་མ་སྤངས་པ་དང་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་ཏུ་གནས་པར་བྱེད། ཀུན་ཏུ་ལོངས་སྤྱོད་པར་བྱེད་ཅིང་དེ་དག་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། །དགེ་ཚུལ་མ་ཞིག་ཀྱང་འདི་སྐད་ཅེས། འདི་ལྟར་བཅོམ་ལྡན་ འདས་ཀྱིས་འདོད་པ་རྣམས་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན། དགེ་ཚུལ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ ཅེས་དགེ་ཚུལ་མ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མ་ཟེར་ཅིག ། བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །དགེ་ཚུལ་མ་འདོད་པ་བར་དུ་གཅོད་པ་དག་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་ གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས་དགེ་ཚུལ་མ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་ཚུལ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་ཚུལ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེང་ཕྱིན་ཆད་དགེ་ཚུལ་མ་ཁྱོད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་ བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུའང་མ་འགྲོ་ཤིག །དགེ་སློང་མ་རྣམས་དང་། དགེ་ཚུལ་མ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེང་ཚུན་ཆད་ཁྱོད་ལ་མེད་དེ་བུད་མེད་གཏི་མུག་ཅན་ཁྱོད་བསྙིལ་གྱིས་གཞན་དུ་ སོང་ཤིག་ཅེས་བསྒོ་བར་བྱའོ། །ཡང་དགེ་སློང་མ་གང་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་མ་ཉེ་བར་འཇོག་པར་བྱེད་དམ། ཉེ་བར་སྟོན་པར་བྱེད་དམ། ཀུན་ཏུ་ལོངས་སྤྱོད་པར་བྱེད་དམ། ཀུན་ཏུ་གནས་པར་བྱེད་དམ། དེ་དང་ལྷན་ཅིག་གནས་ གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་གོས་སར་པ་ཞིག་རྙེད་ན་ཁ་སྒྱུར་ག་གསུམ་པོ་སྔོན་པོའམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བར་ཁ་བསྒྱུར་བར་བྱའོ། །གལ་ཏེ་དགེ་སློང་མས་གོས་སར་པ་ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་པོའམ། ངུར་སྨྲིག་པས་གང་ཡང་རུང་བར་ཁ་མ་བསྒྱུར་བར་ཀུན་ཏུ་ལོངས་སྤྱོད་པར་བྱེད། ཀུན་ཏུ་གནས་པར་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པར་རང་གི་ལག་གིས་ལེན་ཏམ་ལེན་དུ་འཇུག་ན་ཀུན་དགའ་ར་བར་ གཏོགས་པ་ན་འདུག་གམ། གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །དགེ་སློང་མས་ཀུན་དགའ་ར་བར་གཏོགས་པ་ན་རིན་པོ་ཆེར་སྨྲོས་པ་འདུག་པ་ལ་འདི་སུའི་ཡིན་པ་དེ་ལེན་པར་འགྱུར་གྲང་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བླང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱ་བར་གསུངས་པ་དེ་ལས་དུས་མ་ཡིན་པར་བྱེད་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས། དབྱར་རྣམས་ཀྱི་དང་པོ་ དང་ཟླ་བ་ཕྱེད་དང་གསུམ་པོ་འདི་ནི་ཚ་བའི་དུས་སོ། །ལྷག་མ་ནི་ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །རླུང་དུས་སོ། །ཆར་དུས་སོ། །རྫི་ཆར་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ།། །།སྡོམ་ལ། དུད་འགྲོ་འགྱོད་པ་སོར་མོ་ དང་། །རྩེ་དང་ལྷན་ཅིག་སྔངས་བྱེད་དང་། །སྦེད་པ་དང་ནི་གཞི་མེད་དང་། །བུད་མེད་མེད་པར་ལམ་འགྲོ་བའོ། །ཡང་དགེ་སློང་མ་གང་བསམས་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་གསོད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་བསམས་ བཞིན་དུ་ཅི་ནས་ཀྱང་དགེ་སློང་མ་འདི་ཡུད་ཙམ་ཞིག་ཀྱང་བདེ་བ་ལ་མི་རེག་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་མ་ལ་འགྱོད་པ་སྐྱེད་ན་ལྟུང་བྱེད་དོ། །སོར་མོས་ག་ག་ཚིལ་བྱེད་ན་ལྟུང་བྱེད་དོ། །ཆུ་ལ་རྩེ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ སྐྱེས་པའི་ཡུལ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་དགེ་སློང་མ་ལ་སྔངས་པར་བྱེད་དམ། སྔངས་པར་བྱེད་དུ་འཇུག་ན་ཐ་ན་བཞད་གད་བྱ་བར་བསམས་ཀྱང་རུང་སྟེ་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་དགེ་སློང་མ་ འམ། དགེ་སློབ་མའམ། དགེ་ཚུལ་མའི་ལྷུང་བཟེད་དམ། །ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སློང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་སྦེད་དམ་སྦེད་དུ་འཇུག་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་ དགེ་སློང་མ་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་བུད་མེད་མེད་པར་སྐྱེས་པ་དང་འགྲོན་ལམ་དུ་འགྲོ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ།། །། སྡོམ་ལ། རྐུ་བ་དང་ནི་ས་རྐོ་དང་། །མགྲོན་དུ་བོས་དང་བསླབ་པ་དང་། །འཐབ་དང་མི་སྨྲ་འགྲོ་བ་དང་། །མི་གུས་ཆང་འཐུང་དུས་མིན་པའོ། །ཡང་དགེ་སློང་མ་གང་དོན་མཐུན་རྐུན་མ་དང་ལྷན་ཅིག་འགྲོ་ན་ཐ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ རང་གི་ལག་གིས་ས་རྐོའམ་རྐོར་འཇུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་མས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན་ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་དང་། ཡང་ཡང་མགྲོན་དུ་བོས་པ་དང་། དུས་ཀྱིས་མགྲོན་དུ་ བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། །ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་ཀྱིས་འཕགས་མ་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ། །ཞེས་བསྒོ་བ་ན་དེ་དག་ལ་འདི་སྐད་ཅེས་བདག་དགེ་སློང་མ་མདོ་སྡེ་ འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་འདྲི་བའི་བར་དུ་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ་ཁྱོད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་ན་ལྟུང་བྱེད་དོ། །དགེ་སློང་མ་ཀུན་ཤེས་པར་འདོད་པས་ བསླབ་པ་དེ་ལ་བསླབ་པར་བྱའོ། །དགེ་སློང་མ་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་ཡང་འདྲི་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་དང་འཐབ་པར་གྱུར། མཚང་འདྲུ་བར་ གྱུར། མི་མཐུན་པར་གྱུར། རྩོད་པར་འགྱུར་ཞིང་འཁོད་པ་ལ། དགེ་སློང་མ་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ། དེ་ལྟ་དེ་ལྟར་ཐ་སྙད་གདགས་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ་ཅང་མི་སྨྲ་བར་ཉན་རྣས་འདུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་ མ་གང་དགེ་འདུན་གྱིས་ཆོས་དང་མཐུན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ན་ཅང་མི་སྨྲ་བར་སྟན་ལས་ལངས་ཤིང་འགྲོ་ན། དགེ་སློང་མ་འདུག་པ་ལ་མི་སྨྲ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །གུས་པར་མི་བྱེད་ན་ལྟུང་བྱེད་དོ། །འབྲུའི་ཆང་དང་། བཅོས་མའི་ཆང་མྱོས་པར་འགྱུར་བ་འཐུང་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་དུས་མ་ཡིན་པར་གྲོང་དུ་འགྲོ་ཞིང་དགེ་སློང་མ་འདུག་པ་ལ་མི་སྨྲ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། །།སྡོམ་ལ། ཟས་བཅས་སྐྱ་རེངས་ད་གདོད་དང་། །ཁབ་རལ་ དང་ནི་ཁྲི་རྐང་དང་། །བདལ་དང་གདིང་དང་གཡན་པ་དང་། །བདེ་བར་གཤེགས་པའི་ཆོས་གོས་སོ། །ཡང་དགེ་སློང་མ་གང་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་ཞིང་ཁྱིམ་པ་འདུག་པ་ལ་མི་བསྒོ་ན་དེ་འདྲ་བའི་རྐྱེན་མ་ གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ནམ་མ་ལངས་སྐྱ་རེངས་མ་ཤར་བར་རིན་པོ་ཆེ་དག་གམ་རིན་པོ་ཆེར་སྨོས་པ་དག་མ་བསུམ་པར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་སྒོ་གཏན་ནམ་སྒོ་གཏན་གྱི་ཉེ་འཁོར་ལས་འདས་ནས་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་ བྱེད་དོ། །ཡང་དགེ་སློང་མ་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་འདི་སྐད་ཅེས། འཕགས་མ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས་སོ། །མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་ཟེར་ལ། དེ་ལ་གལ་ཏེ་དགེ་ སློང་མ་རྣམས་ཀྱིས་ཀྱང་དགེ་སློང་མ་འདི་སྔོན་གསོ་སྦྱོང་གི་ལས་གཉིས་སམ་གསུམ་གྱི་ཚེ་འདུག་པར་ཤེས་ཤིང་ལན་མང་དུ་ལྟ་ཅི་སྨོས་ན། དགེ་སློང་མ་དེ་མི་ཤེས་པས་མི་འགྲོལ་བས་དེ་ལྟུང་བ་གང་བྱུང་བ་ཆོས་བཞིན་དུ་བྱེད་དུ་གཞུག་གི་སྟེང་དུ་ཁྱོད་ཟླ