Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 007_འདུལ་བ།_ཇ

Văn bản gốc(Tây Tạng)

Trang 6 / 18 (50.000 ký tự/trang)
ས་བཟུང་སྟེ་རྟ་དེ་དག་ཕྱིན་ཆད་སྣ་སྒྲ་འབྱིན་པར་ཡང་མི་
བརྩོན་ནས་དེད་དཔོན་གྱིས་བསམས་པ། རྟེའུ་སེམས་ཅན་སྐལ་ཆད་འདི་བྱུང་བས་འདིའི་ཉེས་པས་བདག་གི་རྟ་རྣམས་ལ་ནད་བྱུང་བར་གྱུར་ཏོ་སྙམ་ནས་དེས་རྒོད་མ་དེ་རྟག་ཏུ་ཞོན་ཞིང་དེ་ལ་རྩྭ་དང་ཆས་ཀྱང་སྦྱིན་པར་མི་བྱེད་དོ། །དེ་མཐར་གྱིས་མཆོད་གྱུར་ཅེས་བྱ་བའི་གནས་སུ་ཕྱིན་པ་དང་།
དེར་དེ་དབྱར་གྱི་ནམ་ལ་བབ་ནས་དེས་བསམས་པ། གལ་ཏེ་ང་སོང་བར་གྱུར་ན་རྟ་རྣམས་ཀྱི་རྨིག་པ་འདྲུལ་བར་འགྱུར་བས་ཟོང་དུ་མི་རུང་བར་འགྱུར་གྱིས་དབྱར་གྱི་ནམ་ལ་འདི་ཉིད་དུ་འདུག་པར་བྱའོ་སྙམ་ནས་དེ་དབྱར་གྱི་ནམ་ལ་དེ་ཉིད་དུ་འདུག་པ་དང་། དེ་ན་གནས་པའི་བཟོ་བོ་དག་གིས་དེ་ལ་
རང་རང་གི་བཟོ་དག་གིས་བསྙེན་བཀུར་བྱས་སོ། །དེ་འགྲོ་བའི་དུས་ཀྱི་ཚེ་བཟོ་བོ་དག་ལྷགས་པ་དང་། དེས་དེ་དག་ལ་བགོ་བཤའ་དག་བྱས་སོ། །དེ་ན་རྫ་མཁན་གཅིག་ཅིག་འདུག་པ་དེས་ཀྱང་དེ་ལ་བཟོས་བསྙེན་བཀུར་བྱས་པས་དེ་ལ་ཆུང་མས་སྨྲས་པ། རྗེའི་སྲས་དེད་དཔོན་དེ་མཆིས་
བཞུད་ལ་ཅུང་ཞིག་སློངས་ཤིག །རྫ་མཁན་དེས་དེད་དཔོན་འཕགས་པའི་མདུན་དུ་འཇིམ་པའི་གོང་བུ་ཐོགས་ཏེ་བསྡད་པ་དང་། དེད་དཔོན་དེས་དེ་མཐོང་ནས་དེ་ལ་སྨྲས་པ། ཀྭའི་ནང་རྗེ་ཁྱོད་ཧ་ཅང་འཕྱིས་ཏེ་འོངས་པས་ངའི་ཕན་ཐམས་ཅད་བྱས་སོ། །དེད་དཔོན་དེ་རྟེའུ་དེ་ལ་བཀྲ་མི་ཤིས་
པའི་བློ་སྐྱེས་པས་དེད་དཔོན་དེས་རྫ་མཁན་དེ་ལ་སྨྲས་པ། འདི་ལྟར་ཁོ་བོ་ལ་རྟེའུ་གཅིག་ཅིག་ཡོད་ཀྱི་གལ་ཏེ་འདོད་ན་ཁྲིད་དེ་སོང་ཤིག །རྫ་མཁན་གྱིས་སྨྲས་པ། མ་ནོངས་སོ། །བདག་ནི་རྫ་མ་བགྱིད་པར་འགྱུར་ལ། འདིས་ཀྱང་གཅོག་པར་འགྱུར་རོ། །དེ་ནས་རྟེའུ་དེས་རྫ་མཁན་དེའི་

རྐང་པ་གཉིས་ལ་ལྕེས་བལྡག་པར་བརྩམས་པ་དང་། རྫ་མཁན་དེ་རྟེའུ་དེ་ལ་རྗེས་སུ་ཆགས་པ་སྐྱེས་ནས་དེས་དེ་ཁྲིད་དེ་ཁྱིམ་དུ་སོང་ངོ་། །དེ་ལ་ཆུང་མས་སྨྲས་པ། རྗེའི་སྲས་ཁྱོད་ཀྱིས་དེ་ལས་ཅུང་ཟད་ཐོབ་བམ། རྟེའུ་འདི་ཐོབ་བོ། །མ་ནོངས་སོ། །ཁྱོད་ནི་རྫ་མ་བྱེད་པར་འགྱུར་ལ་
འདིས་ཀྱང་གཅོག་པར་འགྱུར་རོ། །རྟེའུ་དེ་ཆུང་མའི་རྐང་པ་གཉིས་ལ་ཡང་ལྕེས་བལྡག་པར་བརྩམས་པ་དང་། ཆུང་མ་དེ་ཡང་རྟེའུ་དེ་ལ་རྗེས་སུ་ཆགས་པ་སྐྱེས་སོ། །རྟེའུ་དེ་རྫ་མ་སོ་བཏང་བ་དང་མ་བཏང་བ་དག་གི་ནང་དུ་འགྲོ་བ་ན་རྫ་མ་འགའ་ཡང་མི་གཅོག་ནས་རྫ་མཁན་དེས་ཆུང་མ་ལ་
སྨྲས་པ། རྟེའུ་བཟང་པོ་ཞིག་སྟེ་ཤེས་བཞིན་དུ་འགྲོ་བར་བྱེད་དོ། །དུས་གཞན་ཞིག་ན་རྫ་མཁན་དེ་སྒྲོ་བ་ཐོགས་ཏེ་ས་ལེན་དུ་སོང་བ་དང་། རྟེའུ་དེ་ཡང་དེའི་ཕྱི་བཞིན་ཐོག་ཐག་འབྲང་ཞིང་འོངས་སོ། །རྫ་མཁན་དེས་སས་སྒྲོ་བ་བཀང་བ་དང་། རྟེའུ་དེས་རྒྱབ་བཟེད་ནས། རྫ་མཁན་དེས་
སའི་སྒྲོ་བ་དེ་རྟེའུ་དེའི་རྒྱབ་ཏུ་བཀལ་ནས་དེས་དེ་ཁྲིད་དེ་ཁྱིམ་དུ་འོངས་ནས་རྫ་མཁན་དེས་ཆུང་མ་ལ་སྨྲས་པ། བཟང་མོ་རྟེའུ་བཟང་པོ་ཞིག་སྟེ། ཁོ་བོས་ཕྱིན་ཆད་ས་བསྐུར་དགོས་པར་མི་འགྱུར་རོ། །ཁོ་བོས་དེར་ས་དགལ་བར་བྱས་ཁྱོད་ཀྱིས་འདིར་ཕོག་ཤིག་ཆུང་མ་དེ་ལེགས་སོ་ཞེས་རྟེའུ་དེ་
ལ་ཕུབ་མ་དང་སྲན་ཕུབ་དག་བྱིན་ནོ། །དེའི་ཚེ་ན་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་བྱིན་ཞེས་བྱ་བས་རྒྱལ་སྲིད་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། ཐབ་མོ་དང་། འཐབ་པ་དང་། འཁྲུག་ལོང་དང་། ནང་འཁྲུག་རབ་ཏུ་ཞི་བ། ཆོམ་རྐུན་དང་། མུ་གེ་དང་
ནད་དང་བྲལ་བ། སཱ་ལུ་དང་། བུ་རམ་ཤིང་གི་ཕྲེང་བ་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་བཅུག་སྟེ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོས་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་གོ། །དེའི་རྟ་ཅང་ཤེས་དུས་ལ་བབ་ནས་ཉི་འོག་གི་རྒྱལ་པོ་རྣམས་ཀྱིས་རྒྱལ་པོ་ཚངས་བྱིན་གྱི་རྟ་ཅང་ཤེས་
དུས་ལ་བབ་པོ་ཞེས་ཐོས་པ་དང་། དེ་དག་གིས་དེ་ལ་ཡང་ན་ནི་སྒྱུ་དཔྱ་འཇོལ་ཅིག་ཡང་ན་ནི་བཱ་རཱ་ཎ་སཱིའི་ཕྱི་རོལ་གྱི་སྐྱེད་མོས་ཚལ་དུ་མ་བྱུང་ཤིག །དེ་ལྟ་མི་བྱེད་ན་གཉའ་བ་ནས་བཏགས་ཏེ་བཀྲིའོ་ཞེས་ཕྲིན་སྤྲིང་ངོ་། །རྒྱལ་པོ་ཚངས་བྱིན་དེ་དག་ལ་སྒྱུ་དཔྱ་འཇལ་བར་ཡང་མི་བྱེད། འཇིགས་པས་

ཕྱི་རོལ་གྱི་སྐྱེད་མོས་ཚལ་དུ་ཡང་འབྱུང་བར་མི་བྱེད་ཅིང་འདུག་གོ། །དེད་དཔོན་དེ་ཡང་མཐར་གྱིས་བཱ་རཱ་ཎ་སཱིར་ཕྱིན་པ་དང་། རྒྱལ་པོ་ཚངས་བྱིན་གྱིས་བྱང་ལམ་ནས་དེད་དཔོན་ཞིག་གིས་ཟོང་རྟ་ལྔ་བརྒྱ་དེད་དེ་བཱ་རཱ་ཎ་སཱིར་ཕྱིན་ཅེས་ཐོས་ནས་དེས་བློན་པོ་རྣམས་ལ་སྨྲས་པ། ཤེས་
ལྡན་དག་ངས་ཡུན་ཇི་སྲིད་ཅིག་ཏུ་འདིར་ཞུགས་ཏེ་འདུག་པར་བྱ། དེང་ལ་རྟ་ཅང་ཤེས་ཚོལ་ཅིག །དེ་དག་དེད་དཔོན་དེའི་གན་དུ་དོང་སྟེ་དེ་དག་གིས་རྟ་དེ་དག་མཐོང་ནས་གཅིག་ལ་གཅིག་སྨྲས་པ། ཤེས་ལྡན་དག་རྟ་འདི་དག་ནི་རྟ་ཅང་ཤེས་ཀྱིས་བཏུལ་བ་ཤ་སྟག་ཡིན་ན་འདི་ན་རྟ་ཅང་ཤེས་ནི་
འགའ་ཡང་མི་སྣང་ངོ་། །དེ་དག་གིས་རྒོད་མ་དེ་མཐོང་ནས་སྨྲས་པ། ཤེས་ལྡན་དག་རྒོད་མ་འདི་ལས་རྟ་ཅང་ཤེས་འབྲངས་ན་དེ་ནི་མི་སྣང་ངོ་། །དེ་དག་དེད་དཔོན་གྱི་གན་དུ་སོང་སྟེ་དྲིས་པ། དེད་དཔོན་ཁྱོད་ཀྱིས་རྟ་འགའ་ཞིག་བཙོངས་པའམ། གཞན་ལ་བྱིན་པ་ཡོད་དམ། དེད་དཔོན་
གྱིས་སྨྲས་པ། བཙོངས་པ་ནི་འགའ་ཡང་མེད་དེ། འདི་ལྟར་ཁོ་བོས་མཆོད་གྱུར་གྱི་གནས་སུ་རྟེའུ་ཞིག་བཀྲ་མི་ཤིས་སོ་སྙམ་ནས་རྫ་མཁན་ཞིག་ལ་བྱིན་པ་ནི་ཡོད་དོ། །དེ་དག་གིས་གཅིག་ལ་གཅིག་སྨྲས་པ། ཤེས་ལྡན་དག་དེད་དཔོན་འདི་ནི་བླུན་པོ་ཞིག་ཡིན་ཏེ། སྙིང་པོ་གང་ཡིན་པ་
བོར་ནས་སྙིགས་མ་དག་དེད་དེ་འདིར་འོངས་སོ། །དེ་དག་གིས་རྒྱལ་པོ་ལ་ཞུས་ཏེ་མཆོད་གྱུར་དུ་དོང་ནས་དེ་དག་རྫ་མཁན་དེའི་དྲུང་དུ་དོང་སྟེ་དྲིས་པ། ཁྱོད་ལ་རྟེའུ་འདིས་ཅི་བྱ། རྫ་མཁན་གྱིས་སྨྲས་པ། འདི་ཁོ་བོའི་ས་དགལ་ལོ། །དེ་དག་གིས་སྨྲས་པ། ཁོ་བོ་ཅག་གིས་ཁྱོད་ལ་བོང་
བུ་སྦྱིན་གྱིས་ཁྱོད་ཀྱིས་ཁོ་བོ་ཅག་ལ་འདི་བྱིན་ཅིག །རྫ་མཁན་གྱིས་སྨྲས་པ། ཁོ་བོ་ལ་འདི་ཉིད་མཁོའོ། །དེ་དག་གིས་སྨྲས་པ། གླང་བཞི་དང་ལྡན་པའི་ཤིང་རྟ་སྦྱིན་ནོ། །རྫ་མཁན་གྱིས་སྨྲས་པ། ཁོ་བོ་ལ་འདི་ཉིད་མཁོའོ། །དེ་དག་གིས་སྨྲས་པ། ཁྱོད་དེང་གྲོས་གྱིས་ཤིག་
དང་ཁོ་བོ་ཅག་སང་ཡང་འོང་ངོ་ཞེས་ཟེར་ཏེ་དོང་ངོ་། །ཆོས་ཉིད་ཀྱིས་ན་འཇིག་རྟེན་གནས་པ་ཆགས་ནས་རིང་པོ་མ་ལོན་པའི་ཚེ་ན་དུད་འགྲོ་དག་ཀྱང་སྨྲ་ཤེས་པ་ཡིན་པས་རྟེའུ་དེས་རྫ་མཁན་དེ་ལ་སྨྲས་པ། དེ་དག་ཅི་འདོད། ཁྱོད་འདོད་དོ། །ཅིའི་ཕྱིར་སྦྱིན་པར་མི་བྱེད། ཅི་ཁྱོད་ཀྱི་སྙིང་

ལམ་ན་ཁོ་བོ་ཇི་སྲིད་འཚོའི་བར་དུ་ཁྱོད་ཀྱི་ས་ཁལ་བྱེད་ཅིང་ཕུབ་མ་དང་སྲན་ཕུབ་ཟ་སྙམ་མམ་ཁོ་བོས་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་བཀུར་བར་བྱ་ཞིང་གསེར་གྱི་སྣོད་ནས་བཟང་ཆས་ཟིལ་དངར་གྱིས་བཅིན་པ་དག་བཟའ་བར་བྱ་དགོས་སོ། །དེ་དག་རྟེའུ་ཞེས་ཟེར་ན་དེ་དག་ལ་རྟ་ཅང་ཤེས་
ཞེས་ཟེར་དུ་ངོ་ཚ་འམ་ཅི་ཞེས་བརྗོད་པར་བྱའོ། །གལ་ཏེ་རིན་གྱི་ཕྱིར་བྱིན་ཅིག་ཅེས་ཟེར་ན་དེ་དག་ལ་ཡང་ན་གསེར་འབུམ་བྱིན་ཅིག །ཡང་ན་འདིའི་བརླ་གཡས་པས་གསེར་ཇི་ཙམ་འདྲེན་ནུས་པ་དེ་ཙམ་བྱིན་ཅིག་ཅེས་བརྗོད་པར་བྱའོ། །ཕྱི་དེ་ཉིན་བར་དེ་དག་འོངས་ཏེ་རྫ་མཁན་ལ་དྲིས་པ། ཀྭའི་ནང་
རྗེ་ཁྱོད་ཀྱིས་གྲོས་བྱས་སམ། གྲོས་བྱས་སོ། །འོ་ན་རྟེའུ་འདི་བྱིན་ཅིག་ཁྱེད་རྟ་ཅང་ཤེས་ཞེས་ཟེར་དུ་ངོ་ཚའམ་ཅི། དེ་དག་གིས་བསམས་པ། གླེན་པ་འདིས་འདི་རྟ་ཅང་ཤེས་ཡིན་ནམ་མ་ཡིན་ཅི་ཤེས་ཏེ། འདི་ལྟར་རྟ་འདི་ཉིད་བྱས་པ་གཟོ་བ་ཡིན་པས་འདི་ཉིད་ཀྱིས་འདི་ལ་སྨྲས་པར་གྱུར་གོར་མ་
ཆག་སྙམ་ནས་དེ་དག་གིས་སྨྲས་པ། རྟ་ཅང་ཤེས་ཡིན་ཡང་རུང་། རྟེའུ་ཡིན་ཡང་རུང་གིས་རིན་གྱི་ཕྱིར་བྱིན་ཅིག །རྫ་མཁན་གྱིས་སྨྲས་པ། ཡང་ན་གསེར་འབུམ་བྱིན་ཅིག །ཡང་ན་འདིའི་བརླ་གཡས་པས་གསེར་ཇི་ཙམ་འདྲེན་ནུས་པ་དེ་ཙམ་བྱིན་ཅིག །དེ་དག་གིས་བསམས་པ། འདི་
མཐུ་དང་ལྡན་པ་ཡིན་པས་ཆོས་མང་པོ་དག་འདྲེན་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་སྙམ་ནས་སྨྲས་པ། གསེར་འབུམ་སྦྱིན་ནོ། །དེ་དག་གིས་རྒྱལ་པོ་ཚངས་སྦྱིན་ལ་གསེར་འབུམ་གྱིས་རྟ་ཅང་ཤེས་ཁུགས་སོ་ཞེས་སྤྲིང་པ་དང་། རྒྱལ་པོ་ཚངས་པས་བྱིན་གྱིས་དེ་
དག་ལ་རིན་ཇི་ཙམ་གྱིས་ཁུག་པ་དེ་ཙམ་གྱིས་ལོང་ཤིག་ཅེས་སྤྲིང་ངོ་། །དེ་དག་གིས་གསེར་འབུམ་གྱིས་བླངས་ནས་དེ་དག་རྟ་ཅང་ཤེས་དེ་ཁྲིད་དེ་བཱ་རཱ་ཎ་སཱིར་ལྷགས་ནས་དེ་དག་གིས་དེ་རྟ་བྲེས་ཀྱི་དང་པོར་བཏགས་ཏེ་དེ་ལ་རྩྭ་དང་ཆས་བྱིན་ན་དེ་དེ་མི་ཟ་ནས་རྒྱལ་པོས་སྨྲས་པ། ཁྱེད་ཀྱི་རྟ་ཅང་ཤེས་
ནད་པ་ཞིག་ཁྲིད་དེ་འོངས་སམ། ཅི་དེ་དག་གིས་སྨྲས་པ། འདི་བྲོ་འཚལ་བ་མ་ལགས་ཏེ། འདི་ལྟར་ཇེ་འདི་ལ་རྨའོ་ཞེས་དེ་ནས་འདུལ་སྦྱོང་བས་ཚིགས་སུ་བཅད་པ་སྨྲས་པ། མགྱོགས་འགྲོ་གང་ཚེ་རན་ཆས་ཆུ་མེད་པའི། །རྫ་མཁན་བྲེས་ན་མགོ་སྐམས་རུས་ལྤགས་ཙམ། །རང་སོས་

གཏུབས་པའི་རྩ་དག་ཟ་བ་སོམས། །དེ་ཚེ་མང་པོས་ཁྱོད་ལ་བསམས་མ་གྱུར། །འདི་ན་མགྱོགས་འགྲོ་སྟོང་གི་ཐོག་འདྲེན་ཅིང་། །རྒྱལ་པོས་ཆིབས་རན་མཆོག་དག་ཉེར་བསྟབས་པ། །ཅིའི་ཕྱིར་མི་ཟ་དྲིས་པ་བདག་ལ་སྨྲོས། །དེ་ནས་རབ་མགྱོགས་དྲང་པོ་བརྟན་
ལྡན་པ། །མི་བཟོད་འཁྲུགས་བཅས་མགྱོགས་འགྲོ་མཆོག་གིས་ནི། །དེ་ལས་ཉེར་ཞི་ལེགས་པར་བསམས་བྱས་ནས། །འདུལ་སྦྱོང་བློ་ལྡན་མི་མཆོག་དེ་ལ་སྨྲས། །འདིར་ཁྱོད་ཁོ་བོའི་ཡོན་ཏན་དེ་ཉིད་ཤེས། །ཁོ་བོ་ཇི་བཞིན་ཁྱོད་ཀྱིས་མ་རིག་མིན། །མཁས་པས་བརྙས་ན་ས་སྟེང་མི་རྒྱུ་ཞིང་། །
ཁོ་བོ་འདིར་ནི་མྱུར་དུ་ཤི་ཡང་བླ། །སྐྱེ་བོ་ངན་པས་ཡུན་རིང་བརྙས་གྱུར་ཀྱང་། །གལ་ཏེ་ཡོན་ཏན་ཁྱོད་ལྡན་དེ་བརྙས་མིན། །སྐྱེ་བོ་མཛངས་པས་སྐད་ཅིག་བརྙས་གྱུར་ན། །ཞི་བ་གལ་ཏེ་ཡོན་ཏན་དེ་བརྙས་ཡིན། །འདུལ་སྦྱོང་བས་རྒྱལ་པོ་ལ་སྨྲས་པ། ལྷ་འདི་ནི་བྲོ་འཚལ་བ་མ་ལགས་ཀྱི་འདི་ལྟར་
རིམ་པ་མ་བགྱིས་པས་དེའི་སླད་དུ་འདི་རན་དང་ཆས་མི་འཚལ་ལོ། །འདིའི་རིམ་པ་ཇི་ལྟར་བྱ། ལྷ་ཤུལ་དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་མཛེས་པར་བགྱི་ཞིང་གྲོང་ཁྱེར་ཡང་མཛེས་པར་བགྱི། རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པས་
བསུ་བར་བགྱི། ཕྱོགས་གང་དུ་བཞག་པའི་ཕྱོགས་དེ་ཟངས་མའི་གླེགས་བུ་དག་གིས་གཡོག་པར་བགྱི། རྒྱལ་པོའི་སྲས་བུ་ཐུ་བོས་མགོའི་སྟེང་དུ་གདུགས་སྲོག་ཤིང་བརྒྱ་པ་གཟུང་བར་བགྱི། རྒྱལ་པོའི་སྲས་མོ་ཐུ་མོས་རྔ་ཡབ་གསེར་ཅན་ནོར་བུས་སྤྲས་པས་སྦྲང་མ་དག་བསྐྱབ་པར་བགྱི། རྒྱལ་
པོའི་བཙུན་མོ་དམ་པས་གསེར་གྱི་སྣོད་ནས་ཟིལ་དངར་གྱིས་བཅིན་པའི་བཟང་ཆས་ཀྱི་ཟས་བསྟབས་པར་བགྱི། རྒྱལ་པོའི་བློན་པོ་དམ་པས་གསེར་གྱི་ཆོལ་ཟངས་ཀྱིས་རྟུག་པ་དོར་བར་བགྱིའོ། །རྒྱལ་པོས་སྨྲས་པ། དེ་ལྟ་ན་འདི་རྒྱལ་པོ་ཡིན་གྱི་ང་རྒྱལ་པོ་མ་ཡིན་ནོ། །འདུལ་སྦྱོང་བས་སྨྲས་པ།
ལྷ་འདི་ལ་དུས་ཐམས་ཅད་དུ་བསྙེན་བཀུར་དེ་ལྟར་བགྱི་མི་འཚལ་ཏེ། འདི་ལྟར་དགུང་བདུན་གྱི་བར་དུ་བགྱིའོ། །དགུང་བདུན་འདས་ནས་བཀའ་ཉན་པར་འགྱུར་རོ། །འདས་པ་གང་ལགས་པ་དེ་ད་བགྱི་བར་མི་སྤྱོད་ཀྱང་ལྷག་མ་གང་ལགས་པ་དེ་མཛད་དུ་གསོལ། རྒྱལ་པོས་ཕྱོགས་གང་

དུ་གཞག་པའི་ཕྱོགས་དེ་ཟངས་མའི་གླེགས་བུ་དག་གིས་ཀྱང་གཡོགས། རྒྱལ་པོའི་བུ་ཐུ་བོ་ཡང་མགོའི་སྟེང་དུ་གདུགས་སྲོག་ཤིང་བརྒྱ་པ་འཛིན་དུ་བཅུག །རྒྱལ་པོའི་བུ་མོ་ཐུ་མོ་ཡང་རྔ་ཡབ་གསེར་ཅན་ནོར་བུས་སྤྲས་པས་སྦྲང་མ་དག་སྐྱོབ་ཏུ་བཅུག །རྒྱལ་པོའི་བཙུན་མོ་དམ་པ་ཡང་
གསེར་གྱི་སྣོད་ནས་ཟིལ་དངར་གྱིས་བཅིན་པའི་བཟང་ཆས་ཀྱི་ཟས་སྟོབས་སུ་བཅུག །རྒྱལ་པོའི་བློན་པོ་དམ་པ་ཡང་གསེར་གྱི་ཆོལ་ཟངས་ཀྱིས་རྟུག་པ་འདོར་དུ་བཅུག་གོ། །ས་བདག་འདུལ་སྦྱོང་བཅས་པ་དེ་ལ་ཆགས། །ཤིན་ཏུ་དྲི་ཞིམ་བྱུག་པ་མཆོག་འཆང་ཞིང་། །ས་བདག་བཙུན་མོ་
ཟིལ་དངར་བཟང་ཆས་ཀྱིས། །སྣོད་བཀང་མགྱོགས་འགྲོ་མཆོག་ཕྱིར་འཛིན་པར་བྱེད། རྒྱལ་པོ་སྐྱེད་མོས་ཚལ་གྱི་སར་འགྲོ་བར་འདོད་པ་ལ་རྟ་ཅང་ཤེས་ཕུལ་བ་དང་། དེས་རྒྱབ་སྨད་ནས་རྒྱལ་པོས་འདུལ་སྦྱོང་བ་ལ་རྨས་པ། འདི་རྒྱབ་མི་ནའམ། དེས་སྨྲས་པ། ལྷ་བྲོ་མི་འཚལ་ཏེ།
འདི་ལྟར་རྒྱལ་པོ་བཅིབས་དཀའ་བར་འགྱུར་སྙམ་ནས་དེའི་སླད་དུ་འདིས་རྒྱབ་སྨད་དོ། །རྒྱལ་པོས་ཞོན་ཏེ་སོང་བ་དང་། དེ་འགྲོ་བ་ན་ཆུ་བྱུང་ནས་དེ་དེ་ལ་མི་རྒལ་བ་དང་། རྒྱལ་པོས་འདུལ་སྦྱོང་བ་ལ་རྨས་པ། འདི་མི་འཇིགས་སམ། ལྷ་མི་འཇིགས་ཏེ་འདི་ལྟར་རྔ་མའི་ཆབ་ཀྱིས་རྒྱལ་པོ་
གཤེར་བར་གྱུར་ན་མི་རུང་ངོ་སྙམ་པས་དེའི་སླད་དུ་རྒལ་བར་མི་བགྱིད་དོ། །རྒྱལ་པོས་དེའི་རྔ་མ་གསེར་གྱི་སྦུབས་སུ་བཅུག་པ་དང་དེ་དེ་ལས་རྒལ་ཏོ། །རྒྱལ་པོ་དེ་སྐྱེད་མོས་ཚལ་དུ་སོང་སྟེ་བག་མེད་པར་འདུག་པ་དང་། ཉི་འོག་གི་རྒྱལ་པོ་དག་གིས་རྒྱལ་པོ་ཚངས་བྱིན་སྐྱེད་མོས་ཚལ་དུ་སོང་ངོ་
ཞེས་ཐོས་ནས། དེ་དག་ལྷགས་ནས་གྲོང་ཁྱེར་གྱི་སྒོ་དག་བཟུང་ངོ་། །རྒྱལ་པོ་ཚངས་བྱིན་གྱིས་ཉི་འོག་གི་རྒྱལ་པོ་དག་གིས་གྲོང་ཁྱེར་གྱི་སྒོ་དག་བཟུང་ངོ་ཞེས་ཐོས་ནས་དེ་རྟ་ཅང་ཤེས་ལ་ཞོན་པ་དང་། བཱ་རཱ་ཎ་སཱི་དང་སྐྱེད་མོས་ཚལ་གྱི་བར་དུ་རྫིང་བུ་ཚངས་ལྡན་ཞེས་བྱ་བ་ཨུཏྤ་ལ་དང་། པད་མ་དང་།
ཀུ་མུ་ད་དང་། པད་མ་དཀར་པོས་ཁེབས་པ་ཞིག་གིས་ཆོད་ནས་རྟ་ཅང་ཤེས་ཀྱིས་བསམས་པ། རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ། གནོད་པ་དང་། ཉམ་ང་བ་དང་། ཕོངས་པར་གྱུར་པ་བདག་གིས་ཡལ་བར་དོར་བ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་ནོ་སྙམ་ནས། རྟ་ཅང་

ཤེས་དེས་པད་མའི་འདབ་མ་དག་གི་སྟེང་དུ་རྐང་པ་བཞག་སྟེ་སྒེའུ་ཅུང་ནས་བཱ་རཱ་ཎ་སཱིར་ཞུགས་པ་དང་། རྒྱལ་པོ་དགའ་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་གང་གིས་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་སྲོག་ཕྱུང་བ་དེ་ལ་ཅི་སྦྱིན། ལྷ་རྒྱལ་
སྲིད་ཀྱི་ཕྱེད་དོ། །རྒྱལ་པོས་སྨྲས་པ། འདི་ནི་དུད་འགྲོ་ཡིན་པས་འདི་ལ་རྒྱལ་སྲིད་ཀྱི་ཕྱེད་ཀྱིས་ཅི་བྱ་སྟེ། འདི་ལྟར་འདི་ལས་རྟེན་ཏེ་ཞག་བདུན་དུ་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱ་ཞིང་དུས་མ་ཡིན་པར་ཀུ་མུ་དའི་དུས་སྟོན་བྱའོ་སྙམ་ནས། རྒྱལ་པོ་དེ་ལས་རྟེན་ཏེ་ཞག་བདུན་དུ་སྦྱིན་
པ་དག་སྦྱིན་པ་དང་། བསོད་ནམས་དག་བྱ་བར་བརྩམས་ཤིང་ཞག་བདུན་དུ་དུས་མ་ཡིན་པར་ཀུ་མུ་དའི་དུས་སྟོན་དག་བྱས་པ་དང་། དེད་དཔོན་དེས་མི་དག་ལ་དྲིས་པ། ཤེས་ལྡན་དག་ཅིའི་ཕྱིར་དུས་མ་ཡིན་པར་ཀུ་མུ་དའི་དུས་སྟོན་འདི་བྱུང་བར་གྱུར། དེ་དག་གིས་དེ་ལ་སྨྲས་པ། རྒྱལ་
པོས་མཆོད་གྱུར་ཅེས་བྱ་བའི་གནས་དེ་ནས་རྫ་མཁན་ཞིག་ལས་གསེར་འབུམ་གྱིས་རྟ་ཅང་ཤེས་ཉོས་ཏེ་འདིར་འོངས་ནས་དེས་རྒྱལ་པོ་འདིའི་སྲོག་ཕྱུང་ནས། རྒྱལ་པོས་དེ་ལས་རྟེན་ཏེ་ཞག་བདུན་དུ་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱེད་ཅིང་དུས་མ་ཡིན་པར་ཀུ་མུ་དའི་དུས་སྟོན་
བྱས་སོ། །དེད་དཔོན་གྱིས་བསམས་པ། མ་ལ་རྟེའུ་དེ་ཅང་ཤེས་སུ་མ་གྱུར་ཏམ་ཇེ་སོང་ལ་དེ་བལྟའོ་སྙམ་ནས་དེའི་གན་དུ་སོང་བ་དང་། རྟ་ཅང་ཤེས་དེས་སྨྲས་པ། ཀྭའི་ནང་རྗེ་ཁྱོད་ཀྱིས་རྟ་ལྔ་བརྒྱ་པོ་དག་གིས་ཅི་ཐོབ། གསེར་འབུམ་མོ། །ཁོ་བོ་གཅིག་པུས་ཀྱང་རྫ་མཁན་དེ་ལ་གསེར་
འབུམ་བྱིན་ནོ། །དེ་བརྒྱལ་ཏེ་ས་ལ་འགྱེལ་ནས་ཆུ་གདབ་པས་སྲོག་ཕྱིར་རྙེད་ནས་རྟ་ཅང་ཤེས་ཀྱི་རྐང་པ་གཉིས་ལ་གཏུགས་ཏེ་བཟོད་པ་གསོལ་ཏོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་དེད་དཔོན་གང་ཡིན་པ་དེ་ནི་འཚོ་བྱེད་གཞོན་ནུས་གསོས་འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྟ་ཅང་ཤེས་
གང་ཡིན་པ་དེ་ནི་ལམ་པ་འདི་ཉིད་ཡིན་ཏེ། དེའི་ཚེ་ཡང་དེས་གང་གི་ཚེ་དེའི་ཡོན་ཏན་དག་མངོན་པར་མི་ཤེས་པ་དེའི་ཚེ་ན་དེ་ལ་གུས་པ་མ་ཡིན་པ་ལ་ཞུགས་པར་གྱུར་ལ། གང་གི་ཚེ་དེའི་ཡོན་ཏན་དག་མངོན་པར་ཤེས་པར་གྱུར་པ་དེའི་ཚེ་ན་རྐང་པ་གཉིས་ལ་གཏུགས་ཏེ་བཟོད་པ་གསོལ་བར་གྱུར་

ལ། ད་ལྟར་ཡང་དེས་གང་གི་ཚེ་འདིའི་ཡོན་ཏན་དག་མངོན་པར་མི་ཤེས་པ་དེའི་ཚེ་ན་འདི་ལ་གུས་པ་མ་ཡིན་པ་ལ་ཞུགས་ལ། གང་གི་ཚེ་ཡོན་ཏན་དག་མངོན་པར་ཤེས་པར་གྱུར་པ་དེའི་ཚེ་ན་རྐང་པ་གཉིས་ལ་གཏུགས་ཏེ་བཟོད་པ་གསོལ་བར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་ལ་དགེ་
སློང་རྣམས་ཀྱིས་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ལམ་པས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་བཅོམ་ལྡན་འདས་ཀྱིས་སེམས་སྒྱུར་བ་ལ་མཁས་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་གིས་སོ། །གང་དུ་སྨོན་ལམ་
བཏབ། དགེ་སློང་དག་སྔོན་བྱུང་བ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་རབ་ཏུ་བྱུང་བར་གྱུར་པ་ན་གང་ལས་རབ་ཏུ་བྱུང་བའི་མཁན་པོ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་སེམས་སྒྱུར་བ་ལ་མཁས་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ཏོ། །དེ་ན་འདིས་
ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་ནས་དེའི་འོག་ཏུ་འཆི་བའི་ཚེ་སྨོན་ལམ་འདི་སྐད་ཅེས་བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་བླ་ན་མེད་པ་འོད་སྲུང་ལ་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་
པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་སྟེ། བདག་གིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་
པའི་དུས་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་
རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་ཅིང་ཇི་ལྟར་མཁན་པོ་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་འོད་སྲུང་གིས་སེམས་སྒྱུར་བ་ལ་མཁས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཤཱཀྱའི་སེང་གེ་ཤཱཀྱའི་རྒྱལ་པོའི་གཙོ་བོ་དེས་སེམས་སྒྱུར་བ་ལ་མཁས་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་གདབ་པར་
བརྩམས་པས་སྨོན་ལམ་དེའི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་སེམས་སྒྱུར་བ་ལ་མཁས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་
གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་དང་། འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །
ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །མ་བསྐོས་པར་སྟོན་པའི་ལྟུང་བྱེད་དེ་ཉི་ཤུ་གཅིག་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་
ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་འདོམས་ཤིག །དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་རྗེས་སུ་སྟོན་ཅིག །དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཤིག་ཅེས་བཀའ་སྩལ་ནས། དེ་ནས་ཨུཏྤ་ལའི་མདོག་འཁོར་
དགེ་སློང་མ་ལྔ་བརྒྱ་ཚེ་དང་ལྡན་པ་དགའ་བྱེད་ག་ལ་བ་དེར་སོང་སྟེ། ཕྱིན་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་དུ་འདུག་གོ། །ཚེ་དང་ལྡན་པ་དགའ་བྱེད་ཀྱིས་བསམས་པ། བུད་མེད་ཀྱི་ཡུལ་ནི་ཤེས་རབ་ཆུང་བ་ཡིན་ནོ་སྙམ་ནས་དེས་དེ་
ལ་དོན་དང་། ཚིག་དང་། ཡི་གེ་མདོར་འདུས་པ་འདུས་པ་དག་གིས་ཆོས་བསྟན་ཏོ། །དེ་ཤེས་རབ་ཅན་ཡིན་པས་གོང་ནས་གོང་དུ་འདྲི་བར་བྱེད་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་ལན་བཏབ་ཅིང་། དེས་དེ་ལ་ཇི་ཙམ་ན་ཉི་མ་ནུབ་པའི་དུས་ལ་བབ་པ་དེ་ཙམ་གྱི་བར་དུ་ཆོས་བསྟན་ནས་དེ་དག་གིས་

དེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ཏེ་དོང་བ་དང་། ཇི་ཙམ་ན་མཉན་ཡོད་ཀྱི་སྒོ་དག་བཅད་པར་གྱུར་ནས་དགེ་སློང་མ་རྣམས་ཀྱིས་སྒོ་བཙལ་བ་དང་། སྒོ་བས་སྨྲས་པ། སྒོ་བཅད་ལགས་སོ། །དེ་དག་གིས་སྨྲས་པ། ཕྱེ་ཤིག་ལྡེ་མིག་དག་རྒྱལ་པོའི་ཕོ་བྲང་དུ་
འཚལ་ཏོ། །དེ་དག་གིས་བསམས་པ། འདི་ཉིད་དུ་འཁོད་དོ་སྙམ་ནས་མཉན་ཡོད་དང་ཧ་ཅང་མི་རིང་བ་ན་ཀུན་དགའ་ར་བ་ཞིག་འདུག་པ་དེར་དེ་དག་དོང་ངོ་། །བཅོམ་ལྡན་འདས་ཀྱིས་ཤིང་ལྗོན་པ་ཡང་རྒན་རིམས་ཀྱིས་བསྐོ་བར་བྱའོ་ཞེས་བཀའ་སྩལ་པས་དེ་དག་གིས་ཤིང་ལྗོན་པ་དག་
རྒན་རིམས་ཀྱིས་བསྐོ་བར་བརྩམས་པ་དང་། དེ་ན་དེ་དག་ཤིང་ལྗོན་པ་དག་སྒོ་བ་རྣམས་ལ་ཨ་ཡྱེ་ཨ་ཡྱ་ཧ་ཌེ་ཨ་ག་ཨེ་ཨ་ག་ཧ་ཌེ་ཞེས་འབོད་པའི་སྒྲ་མཐོན་པོ་དང་། སྒྲ་ཆེན་པོ་བྱུང་ངོ་། །གཡོན་ཅན་ལྔ་བརྒྱ་ཙམ་མཉན་ཡོད་འཇོམས་པར་འདོད་པ་དག་ལྷགས་པ་དེ་དག་གིས་སྒྲ་མཐོན་
པོ་དང་། སྒྲ་ཆེན་པོ་དེ་ཐོས་ནས། དེ་དག་གིས་སྨྲས་པ། ཤེས་ལྡན་དག་མཉན་ཡོད་ན་རེ་ཞིག་སྡོད་ཅིག །ཤེས་ལྡན་དག་རྗེ་བཙུན་མོའི་འཁོར་གྱིས་མ་ཐོས་པར་འདི་དག་གཞོམ་པར་བྱའོ། །ཨུཏྤ་ལའི་མདོག་གིས་བསམས་པ། མི་མཛེས་པ་འགའ་ཞིག་རིག་པར་མི་འགྱུར་
རམ་སྙམ་ན། ཇི་ཙམ་ན་འཇོམས་པར་འདོད་པའི་གཡོན་ཅན་ལྔ་བརྒྱ་ཙམ་པོ་དེ་དག་མཐོང་ནས་དེས་འཕགས་སྐྱེས་པོའི་དཔུང་སྤྲུལ་ཏེ་རྔ་པ་ཊ་ཧ་བརྡུངས་པ་དང་། དེ་དག་གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་འཕགས་སྐྱེས་པོའི་དཔུང་གིས་བསྐོར་ཏེ་བདག་ཅག་ཟིན་པར་གྱུར་ན་མི་རུང་གིས་
འབྲོས་པར་བྱའོ་ཞེས་དེ་ལྟར་རིག་ནས་དེ་དག་བྲོས་སོ། །ཨུཏྤ་ལའི་མདོག་གིས་དགེ་སློང་མ་དེ་དག་ལ་སྨྲས་པ། ཕུ་ནུ་མོ་དག་གཡོན་ཅན་འཇོམས་པར་འདོད་པ་ལྔ་བརྒྱ་ཙམ་འདིར་ལྷགས་ནས་ཁོ་མོས་དེ་དག་བསྡིགས་ནས་བྲོས་ཀྱིས། ཁད་ཀྱི་དལ་བུ་དལ་བུས་ལག་བརྡས་སྒོ་ཕྱེ་ཤིག །དེ་
དག་ནང་པར་སྔར་ལངས་ཏེ་མཉན་ཡོད་དུ་ཞུགས་པ་དང་། བྲམ་ཟེ་དང་། ཁྱིམ་བདག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱིས་ཆོས་འདྲེ་བ་དང་། ལྷག་པར་འདྲེ་ཞིང་ཚངས་པར་སྤྱད་པ་སྤྱོད་པར་བྱེད་པ་བཟང་ངོ་། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་

སློང་དག་ཉི་མ་ནུབ་པའི་དུས་ཀྱི་བར་དུ་དགེ་སློང་མ་ལ་སྟོན་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་
སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བྱེད་ལ་
རྨས་པ། དགའ་བྱེད་ཁྱོད་ཉི་མ་ནུབ་པའི་དུས་ཀྱི་བར་དུ་དགེ་སློང་མ་ལ་སྟོན་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་བརྩོན་པ་དང་མི་སྦྱོར་བ་དང་། མ་བརྟགས་པར་སྤྱོད་པ་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བརྩོན་པ་དང་།
སྦྱོར་བ་དང་བརྟགས་ཏེ་སྤྱོད་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་
ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་དགེ་འདུན་གྱིས་བསྐོས་ཀྱང་ཉི་མ་ནུབ་པའི་དུས་ཀྱི་བར་དུ་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །དགེ་འདུན་གྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་
འདུན་གྱིས་སོ། །བསྐོས་ཀྱང་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །ཉི་མ་ནུབ་པའི་དུས་ཀྱི་བར་དུ་ཞེས་བྱ་བ་ནི་ཉི་མ་ནུབ་པའི་དུས་ལ་བབ་པར་རོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །སྟོན་ན་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་།
ལྷག་པའི་ཤེས་རབ་བོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་

བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གི་ཉི་མ་ནུབ་པ་ལ་ཉི་མ་ནུབ་པར་འདུ་ཤེས་པས་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གི་ཉི་མ་ནུབ་པ་ལ་ཡིད་གཉིས་ཟ་བས་
དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཉི་མ་མ་ནུབ་པ་ལ་ཉི་མ་ནུབ་པར་འདུ་ཤེས་པས་དགེ་སློང་མ་ལ་སྟོན་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གི་ཉི་མ་མ་ནུབ་པ་ལ་ཡིད་གཉིས་ཟ་བས་དགེ་སློང་མ་ལ་སྟོན་ན་ཉེས་བྱས་སུ་འགྱུར་རོ། །མཚན་ཐོག་ཐག་ཆོས་ཉན་པར་གྱུར་པ་
དང་། གཙུག་ལག་ཁང་གི་སྒོ་དྲུང་དུ་སྟོན་པ་དང་། སྒོ་མ་བཅད་པར་འདུག་པ་དང་། གྲོང་ཁྱེར་གྱི་ནང་ན་གཙུག་ལག་ཁང་ངམ། དབྱར་ཁང་འདུག་པ་དང་། ཁྱིམ་གཞན་དུ་སོང་སྟེ་སྟོན་པ་ལ་ལྟུང་བ་མེད་དོ། ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་
གིས་ཉེན་པ་ལ་ལྟུང་བ་མེད་དོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཨུཏྤ་ལའི་མདོག་གིས་དགེ་སློང་མ་ལྔ་བརྒྱ་གཡོན་ཅན་གྱི་འཇིགས་པ་ལས་ཡོངས་སུ་བསྐྱབས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དགེ་སློང་དག་ད་ལྟར་དུ་མ་ཟད་དེ། འདི་ལྟར་འདས་པའི་དུས་ན་ཡང་འདིས་དོན་མཐུན་མང་པོ་སེང་གེའི་འཇིགས་པ་ལས་ཡོངས་སུ་བསྐྱབས་པར་གྱུར་ཏེ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་བྲགས་ཤིག་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་
པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེས་ཆུང་མ་ལ་སྨྲས་པ། བཟང་མོ་ཁོ་བོ་ཟོང་ཐོགས་ཏེ་ཡུལ་གཞན་དུ་འགྲོའོ། །ཆུང་མས་སྨྲས་པ། རྗེའི་སྲས་བདག་ཀྱང་མཆིའོ། །ཁྱིམ་བདག་གིས་སྨྲས་པ།
ལམ་དུ་ཁྱོད་ཀྱི་གཡོག་སུས་བྱེད་པར་འགྱུར། ཁྱོད་འདི་ཉིད་དུ་འདུག་ཤིག་ཆུང་མས་བདག་མི་ཁྲིད་དོ་སྙམ་ནས་ངུ་བར་བརྩམས་པ་དང་། ཞོ་ཤས་འཚོ་བ་དག་གིས་ཁྱིམ་བདག་ལ་དྲིས་པ། ཇོ་བོས་ཅིའི་སླད་དུ་འདི་ངུར་སྩལ། ཁྱིམ་བདག་གིས་སྨྲས་པ། མི་ཁྲིད་དོ་སྙམ་ནས་སོ། །དེ་དག་གིས་

སྨྲས་པ། ཅིའི་སླད་དུ་མི་བཀྲི། ཁྱིམ་བདག་གིས་སྨྲས་པ། དེར་འདིའི་གཡོག་སུ་བྱེད་པར་འགྱུར། དེ་དག་གིས་སྨྲས་པ། དེར་བདག་ཅག་གིས་འདིའི་གཡོག་བགྱིའོ། །ཁྱིམ་བདག་དེས་དེ་ཁྲིད་དེ་སོང་ནས་དོན་མཐུན་དེ་དག་དགོན་པའི་ལམ་ཞིག་ཏུ་མཚན་
མོ་བཏབ་པ་དང་། དོན་མཐུན་དེ་དག་ལམ་གྱིས་དུབ་པས་ཉལ་ནས། ཁྱིམ་བདག་གི་ཆུང་མ་དེ་མེལ་ཚེ་བྱེད་དོ། །ཇི་ཙམ་ན་དེར་སེང་གེ་འོངས་ནས་དེས་མགལ་དུམ་ཐོགས་ཏེ་དེ་བསྡིགས་པ་དང་བྲོས་པར་གྱུར་ནས་ལྷས་ཚིགས་སུ་བཅད་པ་སྨྲས་པ། གང་ཕྱིར་བྱ་བ་ཐམས་ཅད་ལ། །སྐྱེས་པ་
འབའ་ཞིག་མཁས་པ་མིན། །དེ་དང་དེ་ལ་བུད་མེད་ཀྱང་། །ཟིན་ལ་མཁས་པ་ཉིད་དུ་འགྱུར། །དགེ་སློང་དག་དེའི་ཚེ་དེའི་དུས་ན་ཁྱིམ་བདག་གི་ཆུང་མ་གང་ཡིན་པ་དེ་ནི་ཨུཏྤ་ལའི་མདོག་འདི་ཉིད་ཡིན་ལ། དེའི་ཚེ་དེའི་དུས་ན་དོན་མཐུན་ལྔ་བརྒྱ་གང་ཡིན་པ་དེ་དག་ནི་དགེ་སློང་མ་ལྔ་བརྒྱ་འདི་དག་
ཡིན་ཏེ། དེའི་ཚེ་ཡང་འདིས་དོན་མཐུན་མང་པོ་སེང་གེའི་འཇིགས་པ་ལས་ཡོངས་སུ་བསྐྱབས་པར་གྱུར་ལ། ད་ལྟར་ཡང་འདིས་དགེ་སློང་མ་ལྔ་བརྒྱ་གཡོན་ཅན་གྱི་འཇིགས་པ་ལས་ཡོངས་སུ་བསྐྱབས་སོ། །ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་དེ་ཉི་ཤུ་གཉིས་པ་རྫོགས་སྷོ།། །།
སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་ཐོམས་ཤིག་དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་རྗེས་སུ་སྟོན་ཅིག་དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་རྣམས་ལ་ཆོས་དང་
ལྡན་པའི་གཏམ་གྱིས་ཤིག་ཅེས་བཀའ་སྩལ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འཁོར་དགེ་སློང་མ་ལྔ་བརྒྱ་དང་ཚེ་དང་ལྡན་པ་དགའ་བྱེད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །ཚེ་དང་ལྡན་པ་དགའ་
བྱེད་ཀྱིས་དེ་ལ་དོན་དང་། ཚིག་དང་། ཡི་གེ་ཟབ་པ་ཟབ་པ་དག་གིས་ཆོས་བསྟན་ཏོ། །བུད་མེད་ཀྱི་ཡུལ་ནི་ཤེས་རབ་འཆལ་པའི་ཕྱིར་བརྡ་མི་ཕྲད་ཅིང་འཇིགས་པའི་ཕྱིར་འདྲི་མི་ནུས་སོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་སྨྲས་པ་ལ་མངོན་པར་དགའ་

བ་དང་རྗེས་སུ་ཡི་རང་བ་བྱས་ཏེ་ཚེ་དང་ལྡན་པ་དགའ་བྱེད་ཀྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ནས་སྟན་ལས་ལངས་ཏེ་སོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་
ཏུ་འདུག་ནས་བཅོམ་ལྡན་འདས་ལ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འཕགས་པ་དགའ་བྱེད་ཀྱིས་དགེ་སློང་མ་རྣམས་ལ་དོན་དང་། ཚིག་དང་། ཡི་གེ་ཟབ་པ་ཟབ་པ་དག་གིས་ཆོས་བསྟན་ན། བུད་མེད་ཀྱི་ཡུལ་ནི་ཤེས་རབ་འཆལ་པའི་སླད་དུ་བརྡ་
མི་མཇལ་ཅིང་། འཇིགས་པའི་སླད་དུ་འདྲི་བའི་རྔོ་མི་ཐོག་སྟེ། བཅོམ་ལྡན་འདས་ཀྱིས་སྦྱིན་པ་ནི་མི་འཇིགས་པའི་རྒྱུ་ལགས་སོ་ཞེས་བཀའ་སྩལ་ན། གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་ཀུན་དགའ་བར་འགྱུར་བ་དག་བགྱིའོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་ན་གནོང་གིས་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་ཀུན་དགའ་བར་འགྱུར་བ་དག་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་ཀུན་དགའ་བར་འགྱུར་བ་དག་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གིས་ཇི་ལྟར་བྱ་
བ་དག་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅའ་བ་ལྔ་པོ་རྩ་བ་དང་སྡོང་བུ་དང་འདབ་མ་དང་། མེ་ཏོག་དང་། འབྲས་བུ་དག་དང་། བཟའ་བ་ལྔ་པོ་འབྲས་ཆན་དང་། ཟན་དྲོན་དང་། འདེ་གུ་དང་། ཤ་དང་། སྣུམ་ཁུར་དག་དང་། ལྷུང་བཟེད་དང་། ཆོས་གོས་དང་།
དྲ་བ་དང་། ཕོར་བུ་དང་། ཤུར་བུ་དང་། ལྕག་ཕོད་དང་། ཤུར་བུ་ཕྲེའུ་དང་། རྒྱ་ཅང་དག་གིས་བྱའོ། །དགེ་སློང་མ་ཞིག་གིས་འོ་ཐུག་ཁྱེར་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་འདིར་བདག་ཅག་གིས་བྲམ་ཟེ་དང་། ཁྱིམ་བདག་འོངས་ཤིང་ལྷགས་པ་ལ་ཡང་
ཆོས་བསྟན་པར་བྱ། རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱའོ་སྙམ་ནས། དྲུག་སྡེ་ལས་གང་ཡང་རུང་བས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས་ཉེ་དགའ་ནང་པར་སྔར་ལངས་ཏེ་སོ་ཤིང་བོར་ནས་སྣམ་སྦྱར་དམར་སེར་གྱོན་ཏེ་རྒྱལ་བྱེད་ཀྱི་ཚལ་གྱི་

སྒོ་ན་འཆག་ཅིང་འདུག་གོ། །ཉེ་དགའས་དགེ་སློང་མ་དེ་མཐོང་ནས་དེ་ལ་དྲིས་པ། ཁྱེར་ཏེ་འོངས་པ་འདི་ཅི། འོ་ཐུག་གོ། །སུ་ལ་བླུད། འཕགས་པ་དགའ་བྱེད་དོ། །གལ་ཏེ་ཉེ་དགའས་ཀྱང་འོ་ཐུག་རྙེད་པར་འགྱུར་ན་རྟག་པ་ཁོ་ནར་དགེ་སློང་མ་ལ་སྟོན་པར་འགྱུར་རོ། །དེ་
བཞིན་དུ་དགེ་སློང་མ་ཁ་ཅིག་གིས་ནི་ཞོ་ཐུག་ཁྱེར་ཏེ་འོངས། ཁ་ཅིག་གིས་ནི་ཧྭགས་ཀྱི་ལ་དུ་ཁྱེར་ཏེ་འོངས་པ་དང་། ཉེ་དགའས་སྨྲས་པ། ཁོ་བོ་ཀོ་ཚེ་དང་ལྡན་པ་དགའ་བྱེད་ཆོས་བཟང་པོའི་ཆོས་ཀྱིས་དགེ་སློང་མ་ལ་སྟོན་སྙམ་གྱི། ཁོ་བོ་ཀོ་ཚེ་དང་ལྡན་པ་དགའ་བྱེད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་
སློང་མ་ལ་སྟོན་སྙམ་མི་སེམས་སོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རྣམས་ལ་འདི་སྐད་ཅེས་དགེ་སློང་དག་ཟས་ཆུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་རྣམས་ལ་སྟོན་པར་བྱེད་ཅེས་ཟེར་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་
ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་
ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ་ཁྱོད་དགེ་སློང་རྣམས་ལ་འདི་སྐད་ཅེས་དགེ་སློང་དག་ནི་ཟས་ཆུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་ཟེར་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་
འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་
པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་

དགེ་སློང་རྣམས་ལ་འདི་སྐད་ཅེས་དགེ་སློང་དག་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ལའོ། །འདི་སྐད་ཅེས་
ཞེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །དགེ་སློང་དག་ཅེས་བྱ་བ་ནི་ཆོས་འདི་པ་དག་གོ། །ཟས་ཅུང་ཟད་ཙམ་གྱི་ཕྱིར་ཞེས་བྱ་བ་ནི་བཅའ་བ་ལྔ་དང་། བཟའ་བ་ལྔའི་ཕྱིར་རོ། །དགེ་སློང་མ་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །སྟོན་ཏོ་ཞེས་ཟེར་ན་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་
པའི་སེམས་དང་། ལྷག་པའི་ཤེས་རབ་བོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དགས་ངན་སོང་དང་། ངན་འགྲོ་དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་
བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་ཙམ་དགེ་སློང་རྣམས་ལ་འདི་སྐད་ཅེས་དགེ་སློང་དག་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་ཟེར་ན་ཐམས་ཅད་དུ་
ལྟུང་བྱེད་དུ་འགྱུར་རོ། །ཟས་ཆུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་པ་བདེན་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་དེ་ཉི་ཤུ་གསུམ་པ་རྫོགས་སྷོ།། །།
སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཚོང་དཔོན་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །
དེ་རྒས་པའི་གནས་སྐབས་སུ་ཉེ་དུ་ཟད་པར་གྱུར་ཅིང་ནོར་ཟད་པ་དང་། ལོངས་སྤྱོད་ཟད་པར་གྱུར་ནས་དེས་ཆུང་མ་ལ་སྨྲས་པ། བཟང་མོ་ཁོ་བོས་ད་ནོར་སྒྲུབ་པར་མི་ནུས་ཀྱིས་ཁོ་བོ་རབ་ཏུ་འབྱུང་དུ་འགྲོའོ། །ཆུང་མས་སྨྲས་པ། རྗེའི་སྲས་བདག་ཀྱང་རབ་ཏུ་འབྱུང་ངོ་། །དེ་ལྟར་གྱིས་ཤིག་

ཅེས་དེས་ཆུང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་གན་དུ་ཁྲིད་དེ་སྨྲས་པ། འཕགས་མ་བདག་གི་མཆིས་འབྲང་འདི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་འཚལ་ན་འཕགས་མས་འདི་རབ་ཏུ་དབྱུང་དུ་གསོལ། རྫོགས་པར་བསྙེན་པར་མཛད་དུ་གསོལ།
སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་དེ་རབ་ཏུ་ཕྱུང་ཞིང་རྫོགས་པར་བསྙེན་པར་བྱས་སོ། །དེས་ཚོང་དཔོན་ལ་སྨྲས་པ། རྗེའི་སྲས་བུད་མེད་ཀྱི་ཡུལ་ནི་སྲིད་པ་སྤྱད་པ་ལགས་ཀྱིས་དུས་དང་དུས་སུ་སྤྱོན་ཅིག །ཚོང་དཔོན་དེ་ཡང་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་དགེ་སློང་གི་གན་དུ་རབ་ཏུ་བྱུང་ངོ་། །མཉན་
ཡོད་པའི་ཚོང་དཔོན་རབ་ཏུ་བྱུང་ངོ་ཞེས་དེ་གྲགས་ཤིང་བསོད་ནམས་ཆེ་བས་དེས་དེའི་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ན་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་གྲུབ་པོ། །དེ་དུས་གཞན་ཞིག་ན་སྣམ་སྦྱར་དམར་སེར་གྱོན་ཏེ་དགེ་སློང་མ་དེའི་དབྱར་ཁང་དུ་སོང་བ་དང་།
དགེ་སློང་མ་དེས་དེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མདུན་དུ་འདུག་ནས་དེས་དེའི་སྣམ་སྦྱར་དེ་ལ་ཡང་དང་ཡང་དུ་རྟོག་ནས་དགེ་སློང་དེས་སྨྲས་པ། སྲིང་མོ་སྣམ་སྦྱར་འདི་འདོད་དམ། དེས་སྨྲས་པ། ལྷའི་གནས་ཀྱི་ལྷག་མ་བཞིན་དུའོ། །དེས་བསམས་པ། བདག་གི་འདི་
ལ་སྣམ་སྦྱར་འདི་སྦྱིན་པར་བྱ་ཞིང་བདག་གིས་སྣམ་སྦྱར་གཞན་བཙེམ་པར་བྱའོ་སྙམ་ནས། དེས་དེ་ལ་སྣམ་སྦྱར་དེ་བྱིན་ཏེ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དགེ་སློང་དག་དེ་བཞིན་གཤེགས་
པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག་ཅེས་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་
རྣམས་ལ་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག་ཅེས་བསྒོའོ། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ་དང་ལྡན་པ། ཞི་བ་འཁོར་

ཞི་བ་དང་ལྡན་པ། གྲོལ་བ་འཁོར་གྲོལ་བ་དང་ལྡན་པ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ་དང་ལྡན་པ། ཐུལ་བ་འཁོར་ཐུལ་བ་དང་ལྡན་པ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ་དང་ལྡན་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ་དང་ལྡན་པ། མཛེས་པ་
འཁོར་མཛེས་པ་དང་ལྡན་པ། ཁྱུ་མཆོག་ལྟར་བ་ལང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གླང་པོ་ཆེ་ལྟར་གླང་པོ་ཆེའི་ཕྲུག་གུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སེང་གེ་ལྟར་མཆེ་བ་ཅན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ངང་པའི་རྒྱལ་པོ་ལྟར་ངང་པའི་ཚོགས་ཀྱིས་ཡོངས་སུ་
བསྐོར་བ། ནམ་མཁའ་ལྡིང་ལྟར་བྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བྲམ་ཟེ་ལྟར་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སྨན་པ་མཁས་པ་ལྟར་ནད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དཔའ་བོ་ལྟར་རུ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ས་མཁན་ལྟར་ལམ་དུ་
ཞུགས་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དེད་དཔོན་ལྟར་ཚོང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚོང་དཔོན་ལྟར་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མཁར་གྱི་རྒྱལ་པོ་ལྟར་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཁོར་ལོས་སྒྱུར་བ་ལྟར་བུ་སྟོང་གི་
ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཟླ་བ་ལྟར་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཉི་མ་ལྟར་འོད་ཟེར་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཡུལ་འཁོར་སྲུང་ལྟར་དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཕགས་སྐྱེས་པོ་ལྟར་གྲུལ་བུམ་གྱི་ཚོགས་ཀྱིས་ཡོངས་
སུ་བསྐོར་བ། མིག་མི་བཟང་ལྟར་ཀླུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནོར་སྦྱིན་ལྟར་གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཐགས་ཟངས་རིས་ལྟར་ལྷ་མ་ཡིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བརྒྱ་བྱིན་ལྟར་སུམ་བཅུ་རྩ་གསུམ་པའི་ཚོགས་ཀྱིས་ཡོངས་
སུ་བསྐོར་བ། ཚངས་པ་ལྟར་ཚངས་རིས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དབང་པོ་རྣམས་ཀྱིས་ཤིན་ཏུ་དུལ་བ། སྤྱོད་ལམ་དང་སྤྱོད་པ་མ་འཁྲུགས་པ། ཆུ་གཏེར་ལྟར་ཏིང་ངེ་བ། སྤྲིན་ལྟར་ཆུ་དང་བཅས་པ། གླང་པོ་ཆེའི་རྒྱལ་པོ་ལྟར་དྲེགས་པ་དང་བྲལ་བ། སྐྱེས་

བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་གཟུགས་ཅན་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ཏུ་བཟང་བ།
སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང་། རླངས་པ་དང་། མིང་ཆེན་དང་། མ་འགགས་པ་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་དང་། འོད་སྲུང་དང་། ཀུན་
དགའ་བོ་དང་། ནམ་གྲུ་ལ་སོགས་པ་ཉན་ཐོས་ཆེན་པོ་དག་དང་། གཞན་ཡང་དགེ་སློང་གི་དགེ་འདུན་མང་པོས་བསྐོར་ཏེ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་སོ། །ཆོས་ཉིད་ཀྱིས་ན་སངས་རྒྱས་བཅོམ་ལྡན་འདས་དག་ལྗོངས་རྒྱུར་གཤེགས་པ་ན་འགའ་ཞིག་ཆོས་གོས་སྟོད་གཡོགས་སྨད་
གཡོགས་དང་བཅས་པས་ལྗོངས་རྒྱུ་བར་མི་འགྱུར་རམ་སྙམ་པས་སྐུ་ཐམས་ཅད་ཀྱིས་གཡས་ཕྱོགས་ནས་གླང་པོ་ཆེའི་ལྟ་སྟངས་ཀྱིས་རྣམ་པར་གཟིགས་པ་ཡིན་པས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུར་འགྲོ་བ་གཟིགས་
སོ། །གཟིགས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་དབྱར་གནས་པ་དག་གིས་ཆོས་གོས་ཀྱི་རྙེད་པ་མ་གྲུབ་བམ། བཅོམ་ལྡན་འདས་གྲུབ་བོ། །ཀུན་དགའ་བོ་འོ་ན་ཅིའི་ཕྱིར་དགེ་སློང་འདི་ཆོས་གོས་སྟོད་གཡོགས་སྨད་གཡོགས་
དང་བཅས་པས་ལྗོངས་རྒྱུར་འགྲོ། ཚེ་དང་ལྡན་པ་ཀུན་དགའ་བོས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་དག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་དག་སྦྱིན་ནམ། བཙུན་པ་སྩལ་
ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་མ་ཉེ་དུ་མ་ཡིན་པ་ནི་འདི་སྙམ་དུ་འདིའི་ཆོས་གོས་གསུམ་ཚང་ངམ། འོན་ཏེ་མ་ཚང་སྙམ་དུ་མི་སེམས་པར་འདི་ལྟར་ཐོབ་བོ་ཅོག་ལེན་པར་བྱེད་ཀྱི་ཉེ་དུ་ལ་ནི་བྱིན་ཡང་ལེན་པར་མི་བྱེད་དོ། །དེ་ནས་བཅོམ་

ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་
ལྡན་འདས་ཀྱིས་དགེ་སློང་དེ་ལ་རྨས་པ། དགེ་སློང་ཁྱོད་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་སྦྱིན་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་
དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམས་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་
བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་སྦྱིན་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །
དགེ་སློང་མ་ཞེས་བྱ་བ་ཡང་ཆོས་འདི་པའོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་མོ་དང་། མེས་པོ་དང་། ཕྲུགས་ལས་བརྟེན་པའི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་
ལའི་གོས་དང་། རས་བལ་གྱི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། །སྦྱིན་ན་ཞེས་བྱ་བ་ནི་བསླང་མི་དགོས་པར་རོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་
དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་

ན། དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པས་གོས་བྱིན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཡིད་གཉིས་ཟ་བས་གོས་བྱིན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་ལ་ཉེ་དུ་མ་
ཡིན་པར་འདུ་ཤེས་པས་གོས་བྱིན་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་ལ་ཉེ་དུ་མ་ཡིན་པར་ཡིད་གཉིས་ཟ་བས་གོས་བྱིན་ན་ཉེས་བྱས་སུ་འགྱུར་རོ། །བོར་བརླག་བྱུང་བ་ལ་སྦྱིན་པ་དང་། ལེགས་པར་སྨྲ་བ་ལ་སྦྱིན་པ་དང་། དགེ་སློང་མའི་དགེ་འདུན་ལ་གོས་ཀྱི་
སྦྱིན་པ་སྦྱིན་པ་དང་། རྫོགས་པར་བསྙེན་པར་བྱེད་པ་ལ་སྦྱིན་པ་དང་། རིན་གྱི་ཕྱིར་སྦྱིན་པ་དང་། བརྗེ་བའི་ཕྱིར་སྦྱིན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །གོས་སྦྱིན་པའི་ལྟུང་བྱེད་
དེ་ཉི་ཤུ་བཞི་པ་རྫོགས་སྷོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཞི་བཅུ་དགུ་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་མ་སྦེད་མའི་ཆོས་གོས་ལྔ་ངན་ཅིང་སྣམ་སྦྱར་ཡང་
རྙིངས་ནས། དེས་རས་ཡུག་ཆེན་ཅིག་རྙེད་པ་དང་དེ་སུ་ཞིག་བདག་གི་ཆོས་གོས་ཚེམ་པར་འགྱུར་སྙམ་དུ་སེམས་ཁོང་དུ་ཆུད་ཅིང་འདུག་པ་ན། དགེ་སློང་མ་རྣམས་ཀྱིས་དེ་ལ་སྨྲས་པ། སྦེད་མ་ཁྱོད་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འདུག །ཕུ་ནུ་མོ་དག་ཁོ་མོ་ཆོས་གོས་ལྔ་ངན་ཅིང་
སྣམ་སྦྱར་ཡང་རྙིངས་ནས་ཁོ་མོས་རས་ཡུག་ཆེན་ཞིག་རྙེད་ན། ཁོ་མོའི་ཆོས་གོས་སུ་འདྲུབ་པར་འགྱུར་མི་ཤེས་སོ། །སྦེད་མ་ཁྱོད་གསེར་གྱི་སྣོད་ཀྱིས་སློང་མོ་ལ་རྒྱུའམ། ཁྱོད་ཀྱི་དགེ་སློང་འཕགས་པ་འཆར་ཀ་རབ་ཏུ་བཤེས་པ་ཡིན་ནོ། །སྦེད་མས་སྨྲས་པ། དེས་ཁོ་མོའི་ཆོས་གོས་
དྲུབས་པར་མི་འགྱུར་རོ། །ཁྱོད་ཀྱིས་དེ་ལ་ལན་འགའ་བཅོལ་བ་ཡོད་དམ། ལན་འགའ་ཡང་བཅོལ་བ་མེད་དོ། །ཅི་ཁྱོད་ཆུ་སྒྲ་གྲགས་པས་ལྷམ་འབུད་དམ། སོང་ལ་ཆོལ་ཅིག་དང་འདྲུབ་པར་འགྱུར་རོ། །སྦེད་མ་འཆར་ཀའི་གན་དུ་སོང་སྟེ། དེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་

འཚལ་ནས་མདུན་དུ་འདུག་པ་དང་། ཚེ་དང་ལྡན་པ་འཆར་ཀས་དེའི་རས་ཡུག་ཆེན་མཐོང་ནས་དེ་ལ་སྨྲས་པ། སྦེད་མ་གང་ལ་རས་ཡུག་ཆེན་འདི་ལྟ་བུ་ཡོད་པ་དེས་རས་སར་པ་ལས་སྣམ་སྦྱར་ཉི་རིམ་བྱས་ཏེ་སྙིང་ལས་ཆུང་ངུས་དགེ་བའི་ཕྱོགས་ལ་ཏྲོན་བྱས་པར་འགྱུར་རོ། །སྦེད་མས་
སྨྲས་པ། འཕགས་པ་བདག་ཁྱོད་ལ་རས་ཡུག་ཆེན་མི་འབུལ་བ་ནི་མ་ལགས་ན་འདི་ལྟར་བདག་གི་ཆོས་གོས་ལྔ་ངན་ཅིང་སྣམ་སྦྱར་ཡང་རྙིངས་པས་ཁྱོད་ཀྱིས་བདག་གི་སྣམ་སྦྱར་ཚེམས་ཏེ་སྩོལ་ཅིག །འཆར་ཀས་བསམས་པ། གལ་ཏེ་རེ་ཞིག་བཙེམ་པར་བྱར་ཡང་བཅུ་གཉིས་སྡེ་དག་
ལས་གང་དང་གང་དག་ལ་ཆོས་གོས་བཙེམ་པར་བྱ་བ་བྱུང་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་བདག་གི་གན་དུ་ཁྱེར་ཏེ་འོང་བས་དེ་སྙེད་ཅིག་བཙེམ་པར་ཡང་ཇི་ལྟར་ནུས། གལ་ཏེ་མི་བཙེམ་དུ་ནི་ཚིག་པའི་གཡར་ཚུས་ཀྱང་མི་སྟེར་བར་འགྱུར་བས་འདི་ལྟར་ཅི་ནས་ཀྱང་ཤིང་གི་སྣོད་དུ་བསྐོལ་
བ་བཞིན་དུ་དང་པོ་གང་ཡིན་པ་དེ་ཉིད་ཐ་མར་འགྱུར་བ་དེ་ལྟར་བཙེམ་པར་བྱའོ་སྙམ་ནས་དེས་དེ་ལ་སྨྲས་པ། ཞོག་ལ་སོང་ཤིག །སྦེད་མས་བཞག་སྟེ་སོང་བ་དང་། དྲུག་སྡེ་དག་དེར་དོང་ནས་དེ་དག་གིས་རས་ཡུག་ཆེན་དེ་མཐོང་ནས་སྨྲས་པ། བཙུན་པ་འཆར་ཀ་རས་ཡུག་ཆེན་
འདི་སུའི། ལས་བདག་གིར་བྱ་བ་དེའིའོ། །གང་གི་སྦེད་མའིའོ། །འོ་ན་འཁོད་དེ་ཅི་རུང་བཙེམ་པར་བྱའོ། །དེ་ལྟར་གྱིས་ཤིག །དེ་དག་གིས་རས་ཡུག་ཆེན་དེ་བརྒྱངས་ཏེ་དྲས་ཤིང་དྲུབས་ནས་འཆར་ཀས་སྣམ་སྦྱར་དེ་དང་ཚོན་སྣ་ལྔའི་སྐུད་པ་ཁྱེར་ཏེ་འཆག་ཏུ་སོང་ནས། དེས་
དེར་སོང་སྟེ་སྣམ་སྦྱར་དེ་ལ་ཚོན་སྣ་ལྔའི་སྐུད་པས་བདག་ཉིད་སྦེད་མའི་མགུལ་ནས་འཁྱུད་དེ་འདུག་པ་ཞིག་སྐུད་རིས་སུ་བཙེམ་ནས་དེ་གཙུག་ལག་ཁང་དུ་འོངས་ཏེ་སྣམ་སྦྱར་དེ་བལྟབ་ནས་ཆོས་གོས་ཀྱི་གདང་ལ་བཀལ་ཏེ་བཞག་པ་དང་། སྦེད་མ་ཡང་འོངས་ནས་འཆར་ཀས་སྨྲས་པ།
སྦེད་མ་ཁོ་བོས་ཀྱང་སྣམ་སྦྱར་བཙེམས་ན་ཁྱོད་ཀྱང་འོངས་སོ། །དེས་སྣམ་སྦྱར་དེ་བལྟབ་བཞིན་དུ་སྦེད་མའི་ཕྲག་པ་ལ་བཀལ་ཏེ་སྨྲས་པ། རེ་ཞིག་ཇི་སྲིད་དུ་ཚོན་གྱིས་མ་བཅལ་བ་དེ་སྲིད་དུ་མ་དབྱེ་ཤིག །ལྟུང་བ་དང་བཅས་པར་གྱུར་ཏ་རེ། སྦེད་མས་སྣམ་སྦྱར་དེ་དེ་བཞིན་བལྟབ་

བཞིན་ཁོ་ནར་དབྱར་ཁང་དུ་འཕགས་པ་དང་། དེ་ལ་དགེ་སློང་མ་ཁྲིམས་ཟླས་སྨྲས་པ། སྦེད་མ་འཕགས་པ་འཆར་ཀས་སྣམ་སྦྱར་ཇི་ལྟར་བཙེམས་པ་བལྟས་འོན་ཅིག །སྦེད་མས་དེ་ལ་སྨྲས་པ། འཕགས་པ་འཆར་ཀ་ན་རེ་རེ་ཞིག་ཇི་སྲིད་དུ་ཚོན་གྱིས་མ་བཅལ་
བ་དེ་སྲིད་དུ་མ་དབྱེ་ཤིག །ལྟུང་བ་དང་བཅས་པར་གྱུར་ཏ་རེ་ཞེས་ཟེར་རོ་ཞེས་ལྟར་མ་སྟེར་རོ། །སྦེད་མ་དབྱར་ཁང་དུ་སོང་བ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། སྦེད་མ་འཕགས་པ་འཆར་ཀས་སྣམ་སྦྱར་ཇི་ལྟར་བཙེམས་པ་བལྟས་འོན་ཅིག །སྦེད་མས་སྨྲས་པ། འཕགས་
པ་འཆར་ཀ་ན་རེ་རེ་ཞིག་ཇི་སྲིད་དུ་ཚོན་གྱིས་མ་བཅལ་བ་དེ་སྲིད་དུ་མ་དབྱེ་ཤིག །ལྟུང་བ་དང་བཅས་པར་གྱུར་ཏ་རེ་ཞེས་ཟེར་རོ། །དགེ་སློང་མ་གྲོགས་མོ་དག་གིས་འདི་ལ་ལྟུང་བར་འགྱུར་བ་ཅི་ཡོད་ཅེས་དེའི་རྒྱབ་ལོགས་སུ་འདུག་སྟེ་སྣམ་སྦྱར་ཧུར་ཅེས་ཕྲོགས་ནས་ཕྱེ་སྟེ་བལྟས་པ་དང་།
དགེ་སློང་མ་རྣམས་ཀྱིས་དེ་ལ་ཚོན་སྣ་ལྔའི་སྐུད་པས་འཆར་ཀ་སྦེད་མའི་མགུལ་ནས་འཁྱུད་དེ་འདུག་པ་སྐུད་རིས་སུ་བཙེམས་པ་མཐོང་ནས་རྟ་གད་ཀྱིས་བཏབ་སྟེ་སྨྲས་པ། སྦེད་མ་ཁྱོད་ལ་འཕགས་པ་འཆར་ཀས་ཡུན་རིང་མོ་ཞིག་གིས་གཟོད་འཁྱུད་དོ། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་
མཱིས་ཐོས་ནས་དེས་སྨྲས་པ། ནུ་མོ་དག་ཁྱེད་མགོ་ཕྱི་ཞིང་མཆན་ཁུང་སྤུན་པ་ཡིན་ན་ཅི་དགོད། དེ་དག་གིས་སྨྲས་པ། འཕགས་མ་ཇི་ལྟ་ཇི་ལྟར་འཕགས་པ་འཆར་ཀས་མི་མཛེས་པ་བགྱིས་པ་ལ་གཟིགས། ནུ་མོ་དག་དྲུག་སྡེ་གནས་ངན་ལེན་ཀུན་དུ་སྤྱོད་པ་དག་གིས་འདྲུམས་པ་
ལྟུང་བས་བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་པར་བྱེད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་བརྗོད་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་
དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལ་རྨས་པ། འཆར་

ཀ་ཁྱོད་དགེ་སློང་མ་ཉེ་དུ་མ་ཡིན་པའི་གོས་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་
སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་
པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པའི་གོས་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་
མ་ཞེས་བྱ་བ་ནི་ཆོས་འདི་པའོ། །ཉེ་དུ་མ་ཡིན་པའི་ཞེས་བྱ་བ་ནི་ཕྱི་མོ་དང་། མེས་པོ་དང་། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་
དང་། རབ་བལ་གྱི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། །བྱེད་ན་ཞེས་བྱ་བ་ནི་འཚེམ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་
དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད་ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དགེ་སློང་མ་
ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པས་གོས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཡིད་གཉིས་ཟ་བས་གོས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པས་གོས་བྱེད་ན་ཉེས་བྱས་སུ་

འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་ལ་ཡིད་གཉིས་ཟ་བས་གོས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །གོས་བྱེད་པའི་ལྟུང་བྱེད་དེ་ཉི་ཤུ་ལྔ་
པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ལྷུང་བཟེད་ནག་པོ་ཅན་འདི་དག་ནི་རྐང་པ་སྤྲེའུ་ཞག་གིས་བསྐུས་ཏེ་འགྲོ་ན་ཡང་འགྲོ་བར་ཆས་པའི་
རྙེད་པ་སྒྲུབ་པར་བྱེད། འོང་ན་ཡང་བློ་བུར་དུ་འོངས་པའི་རྙེད་པ་སྒྲུབ་པར་བྱེད་ཅིང་། སྐྱེ་བོ་མང་པོ་དགའ་བ་དང་། ཡིད་དུ་འོང་བར་ཡང་འགྱུར་རོ། །ཡུ་བུ་ཅག་ནི་ཁྲོན་པའི་རུས་སྦལ་དང་འདྲ་བར་གར་ཡང་མི་འདོང་། གང་ནས་ཀྱང་མི་འོང་བས་རྙེད་པ་འཐོབ་པ་དང་། སྐྱེ་བོ་མང་པོ་དགའ་བ་དང་།
ཡིད་དུ་འོང་བར་ག་ལ་འགྱུར་གྱིས། ཡུ་བུ་ཅག་ཀྱང་འདོང་ངོ་། །གང་དུ་འདོང་། ལྗོངས་རྒྱུར་འདོང་ངོ་། །ཇེ་སྲིང་མོ་དག་བལྟའོ་ཞེས་དེ་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་དེ་དག་དགེ་སློང་མའི་དབྱར་ཁང་དུ་དོང་སྟེ་བཅུ་
གཉིས་སྡེ་དག་གི་གན་དུ་སོང་ནས་སྨྲས་པ། སྲིང་མོ་དག་ཁྱེད་ཅག་བལྟས་ཀྱིས་ཁོ་བོ་ཅག་ལྗོངས་རྒྱུར་འདོང་ངོ་། །དེ་དག་ངུས་པ་དང་། དྲུག་སྡེ་དག་གིས་སྨྲས་པ། སྲིང་མོ་དག་ངུར་ཅི་ཡོད། གལ་ཏེ་ཁྱེད་ཅག་ལྗོངས་རྒྱུར་བཞུད་ན་བདག་ཅག་ལ་རྒྱལ་བྱེད་ཀྱི་ཚལ་སྟོངས་པར་འགྱུར་རོ། །
དྲུག་སྡེ་དག་གིས་སྨྲས་པ། སྲིང་མོ་དག་བཅོམ་ལྡན་འདས་འཁོར་སྟོང་ཉིས་བརྒྱ་ལྔ་བཅུ་དང་བཞུགས་ན་ཁྱེད་ཅག་བདག་ཅག་ལ་རྒྱལ་བྱེད་ཀྱི་ཚལ་སྟོངས་པར་འགྱུར་རོ་ཞེས་ཟེར་རམ། དེ་དག་གིས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་དག་བདག་ཅག་མཐོང་བར་ཡང་མི་དགའ་ན་མཆི་བ་དང་།
སྟན་འདིང་བ་དང་། ཆོས་སྟོན་པར་ལྟ་ག་ལ་འགྱུར། ཉེ་དགའས་སྨྲས་པ། སྲིང་མོ་དག་འོ་ན་ལྷན་ཅིག་འདོང་ངོ་། །སྦོམ་དགའ་མོས་སྨྲས་པ། དགེ་སློང་མ་དག་དགེ་སློང་རྣམས་དང་ལྷན་ཅིག་མཆིར་རུང་ངམ། ཉེ་དགའས་སྨྲས་པ། ལེགས་པར་རུང་ངོ་ཤིན་ཏུ་རུང་ངོ་གང་དུ་བཀག་

སུས་བཀག་ལམ་རྒྱགས་མང་པོ་དག་སྟ་གོན་གྱིས་ཤིག །དེ་དག་གིས་ལམ་རྒྱགས་མང་པོ་དག་སྟ་གོན་བྱས་སོ། །དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། དེ་དག་མཉན་ཡོད་དུ་བསོད་སྙོམས་བརྒྱུས་ནས་དགེ་
སློང་མའི་དབྱར་ཁང་དུ་དོང་བ་དང་། དེ་དག་ལ་བཅུ་གཉིས་སྡེ་དག་གིས་སྨྲས་པ། ཇོ་བོ་ཅག་ཇེ་ཞལ་ཚུས་གསོལ་ཅིག །དེ་དག་གིས་གཡར་ཚུས་བྱས་བྱས་པ་ན་དེ་དག་གིས་ལམ་རྒྱགས་སྦྱར་བ་ཐམས་ཅད་ཟོས་ནས་དེ་དག་གིས་སྨྲས་པ། སྲིང་མོ་དག་ཁྱེད་ཀྱིས་ལམ་རྒྱགས་ཇི་སྙེད་
སྟ་གོན་བྱས་པ་བལྟས་འོན་ཅིག །དེ་དག་གིས་སྨྲས་པ། ཁྱེད་ཀྱིས་གསོལ་བ་དེ་དག་ལགས་སོ། །དྲུག་སྡེ་དག་གིས་སྨྲས་པ། ལམ་རྒྱགས་དེ་ཙམ་གྱིས་ལྗོངས་རྒྱུར་ཇི་ལྟར་ནུས། འདི་ལྟར་ལམ་ཀར་ལྷག་པར་བཀྲེས་པར་འགྱུར་གྱིས་ལམ་རྒྱགས་མང་དུ་སྟ་གོན་གྱིས་ཤིག །དེ་དག་
གིས་ལམ་རྒྱགས་མང་པོ་དག་སྟ་གོན་བྱས་ཏེ་དྲུག་སྡེ་དག་དང་ལྷན་ཅིག་ལྗོངས་རྒྱུར་འཕགས་སོ། །བསོད་སྙོམས་པ་ཞིག་ཀྱང་དེ་དག་དང་ལྷན་ཅིག་ལྗོངས་རྒྱུར་འཕགས་པ་དང་དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། བསོད་སྙོམས་པ་འདི་དག་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་གྱིས་ཁྱོད་
འདི་དག་དང་ལྷན་ཅིག་ལྗོངས་རྒྱུར་མ་འགྲོ་ཤིག །ཁྱོད་ལ་མཐོ་འཚམ་པར་འགྱུར་རོ། །བསོད་སྙོམས་པས་སྨྲས་པ། ཁོ་བོ་ལོ་འདས་པ་ཡིན་པས་འདི་དག་ལ་ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། ཡོངས་སུ་དྲི་བ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་འགའ་ཡང་རག་
མ་ལས་པས་འདི་དག་གིས་ཁོ་བོ་ལ་ཐོ་བཙམ་དུ་ཅི་ཡོད་ཅེས་དེས་དེ་དག་གི་ཚིག་ཚིག་མ་ཡིན་པར་བྱས་ཏེ་དྲུག་སྡེ་དག་དང་ལྷན་ཅིག་ལྗོངས་རྒྱུར་འཕགས་སོ། །དེ་དག་གིས། གང་གི་ཚེ་མཚམས་ཀྱི་ཕྱི་རོལ་ཏུ་སོན་པ་དེའི་ཚེ་ན་སྨྲས་པ། དགའ་བོ་ཉེ་དགའ་བདག་ཅག་གིས་ཡུན་ཇི་སྲིད་དུ་གཞན་
གྱི་སྤྱོད་ལམ་གྱིས་འཁོད་པར་བྱ། ཚུར་ཤེག་བདག་ཅག་རང་རང་གི་སྤྱོད་ལམ་གྱིས་འཁོད་པར་བྱའོ་ཞེས་དང་པོར་དགའ་བོ་འདུག་ནས་དེའི་འོག་ཏུ་དགའ་མོ་འདུག །དེའི་འོག་ཏུ་དགའ་བོའི་ལྷན་ཅིག་གནས་པ་འདུག །དེའི་འོག་ཏུ་དགའ་མོའི་ལྷན་ཅིག་གནས་པ་འདུག །དེའི་འོག་ཏུ་དགའ་

བོའི་དགེ་ཚུལ་འདུག །དེའི་འོག་ཏུ་དགའ་མོའི་དགེ་ཚུལ་འདུག་གོ། །དེ་བཞིན་དུ་ཉེ་དགའ་དང་། གཙུག་དགའ་མོ་ལ་སོགས་པ་ཡང་སྤེལ་མར་བཀོད་དེ་དོང་ངོ་། །དོན་མཐུན་དེ་དང་བྲམ་ཟེ་ཞིག་འགྲོ་བ་དེས་དེ་དག་མཐོང་ནས་དེས་སྨྲས་པ། འདི་ནི་དགེ་སྦྱོང་ཡིན། དེའི་
ཆུང་མ་ནི་འདི་ཡིན། དེའི་བུ་ནི་འདི་ཡིན། དེའི་མནའ་མ་ནི་འདི་ཡིན། དེའི་ཚ་བོ་འདི་ཡིན། དེའི་ཚ་བོའི་ཆུང་མ་ནི་འདི་ཡིན་པར་ཤེས་སོ། །ཉེ་དགའས་ཐོས་ནས་དེས་སྨྲས་པ། བཀྲེན་པ་ཁྱོད་ཀྱི་གཉའ་བ་རྡོག་པས་མནན་ནས་འདི་ནི་ཁོ་བོའི་ཆུང་མ་ཡིན། འདི་ནི་ཁོའི་བུ་ཡིན། འདི་
ནི་ཁོའི་མནའ་མ་ཡིན། འདི་ནི་ཁོ་བོའི་ཚ་བོ་ཡིན། འདི་ནི་ཁོ་བོའི་ཚ་བོའི་ཆུང་མ་ཡིན། བསོད་སྙོམས་པ་དེས་བསམས་པ་བདག་ཤི་བ་ནི་བླའི་གནས་ངན་ལེན་ཀུན་ཏུ་སྤྱོད་པ་འདི་དག་དང་ལྷན་ཅིག་ལྗོངས་རྒྱུར་འགྲོ་བ་ནི་མི་རུང་ངོ་སྙམ་ནས་དེ་ཕྱིར་ལོག་སྟེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། དགེ་
སློང་རྣམས་ཀྱིས་དེ་མཐོང་ནས་སྨྲས་པ། བསོད་སྙོམས་པ་ཇི་ལྟ་བདེ་བར་བརྒྱུས་སམ། ཚེ་དང་ལྡན་པ་དག་ཇི་ལྟར་བདེ་བར་བརྒྱུས། དྲུག་སྡེ་གནས་ངན་ལེན་ཀུན་ཏུ་སྤྱོད་པ་དག་གིས་འདྲུམས་པ་ལྟུང་བས་བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་པར་བྱེད་དོ། །ཅི་བྱས། དེས་སྐབས་དེ་
དགེ་སློང་རྣམས་ལ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་འཇུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་
ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་
སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་འཇུག་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་

སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ་ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་
པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་
སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་འཇུག་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་
ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་མ་རབ་ཏུ་མང་པོ་དག་རྒྱལ་པོའི་ཁབ་ཏུ་དགེ་སློང་མའི་དབྱར་ཁང་རྒྱལ་པོའི་ཀུན་དགའ་ར་བར་དབྱར་གནས་པར་ཁས་བླངས་ནས་དེ་དག་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་
དུ་མཉན་ཡོད་དུ་འཕགས་ནས་དེ་དག་གིས་མཉན་ཡོད་དུ་འགྲོ་བའི་དོན་མཐུན་བཙལ་བར་བརྩམས་པ་དང་། ཇི་ཙམ་ན་དེ་དག་གིས་དགེ་སློང་དང་བཅས་པའི་དོན་མཐུན་མཐོང་ནས་སྨྲས་པ། ཕུ་ནུ་མོ་དག་དོན་མཐུན་འདི་ནི་དགེ་སློང་དང་བཅས་པ་ཡིན་གྱིས། དགེ་སློང་མེད་པའི་
དོན་མཐུན་གཞན་བཙལ་བར་བྱའོ། །ཞེས་དེ་དག་གིས་དགེ་སློང་མེད་པའི་དོན་མཐུན་གཞན་བཙལ་བར་བརྩམས་པ་དང་། ཇི་ཙམ་ན་དགེ་སློང་མེད་པའི་དོན་མཐུན་མ་རྙེད་ནས་དེ་དག་གིས་སྨྲས་པ། ཕུ་ནུ་མོ་དག་བདག་ཅག་གིས་ཤིན་ཏུ་ཡུན་རིང་པོར་བསྡད་ན་ཡང་དགེ་སློང་མེད་
པའི་དོན་མཐུན་མ་རྙེད་ཀྱིས་དོན་མཐུན་འདི་ཉིད་དང་མགོ་སྣང་ཙམ་གྱིས་འདོང་བར་བྱའོ། །ཞེས་དེ་དག་དོན་མཐུན་དེ་དང་ལྷན་ཅིག་མགོ་སྣང་ཙམ་གྱིས་འཕགས་སོ། །དོན་མཐུན་དེ་ཤིན་ཏུ་རིངས་པར་སོང་ནས་དེ་དག་ཕྱི་བཞིན་འབྲང་ཞིང་འགྲོ་བ་ན་ཆོམ་རྐུན་པ་དག་གིས་བཅོམ་ནས་དེ་

དག་མཐར་གྱིས་མཉན་ཡོད་དུ་ཕྱིན་ཏེ་དགེ་སློང་མའི་དབྱར་ཁང་དུ་དོང་བ་དང་དགེ་སློང་མ་རྣམས་ཀྱིས་མཐོང་ནས་སྨྲས་པ། ཕུ་ནུ་མོ་དག་ཇི་ལྟ་བདེ་བར་བརྒྱུས་སམ། ཇི་ལྟར་བདེ་བར་བརྒྱུས། བདག་ཅག་ཆོམ་རྐུན་པ་དག་གིས་བཅོམ་མོ། །ཕུ་ནུ་མོ་དག་ཇི་ལྟར་
བདག་ཅག་བཅོམ་ལྡན་འདས་ཀྱིས་ཡོངས་སུ་བཏང་བ་དེ་ལྟར་ནི་ཡ་མཚན་ཅན་དགུ་བཅུ་རྩ་དྲུག་པོ་དག་གིས་ཀྱང་བུད་མེད་ཀྱི་ཡུལ་འགའ་ཡང་ཡོངས་སུ་མ་བཏང་ངོ་། །ཞེས་ཟེར་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་བརྗོད་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་
ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དུས་མ་གཏོགས་སོ། །དགེ་སློང་དག་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུར་འདོང་བ་ན་དེ་དག་བསོད་སྙོམས་ཀྱིས་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལམ་རྒྱགས་བསྐུར་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ལམ་རྒྱགས་བསྐུར་བར་བྱའོ་ཞེས་བཀའ་སྩལ་ནས་དེ་དག་གིས་སུས་བསྐུར་བར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩེ་རྒོད་ཀྱིས་བསྐུར་བར་བྱའོ། །རྩེ་རྒོད་
མེད་ན་རྩེ་རྒོད་མོས་བསྐུར་བར་བྱའོ། །རྩེ་རྒོད་མོ་མེད་ན་དགེ་ཚུལ་གྱིས་བསྐུར་བར་བྱའོ། །དགེ་ཚུལ་མེད་ན་དགེ་ཚུལ་མས་བསྐུར་བར་བྱའོ། །དགེ་ཚུལ་མ་མེད་ན་དགེ་སློང་རྣམས་ཀྱིས་དགེ་སློང་མའི་ལམ་རྒྱགས་བསྐུར་བར་བྱ་ཞིང་། དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་
ཀྱི་ལམ་རྒྱགས་བསྐུར་བར་བྱ་སྟེ། དགེ་སློང་རྣམས་ཀྱིས་དགེ་སློང་མ་རྣམས་ཀྱི་བྱིན་ལེན་བསྟབ་པར་བྱ་ཞིང་། དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ཀྱི་བྱིན་ལེན་བསྟབ་པར་བྱའོ། །དགེ་སློང་དག་ལྗོངས་རྒྱུ་ཞིང་འདོང་བ་ན་ན་བར་གྱུར་ནས་དགེ་སློང་མ་དག་གིས་དེ་དག་
བོར་ཏེ་དོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་རྣམས་ཀྱིས་ཀྱང་དགེ་སློང་དག་བཀུར་བར་བྱའོ། །དགེ་སློང་མ་དག་རྐང་པ་ལོགས་ནས་འཛིན་ཅིང་དགེ་སློང་དག་མགོ་ལོགས་ནས་འཛིན་པ་ན་དགེ་སློང་མ་དག་འདོད་ཆགས་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། དགེ་སློང་དག་གིས་རྐང་པ་ལོགས་ནས་གཟུང་བར་བྱ་ཞིང་། དགེ་སློང་མ་དག་གིས་མགོ་ལོགས་ནས་གཟུང་བར་བྱའོ། །དེ་དག་གྲོང་དུ་ཕྱིན་ནས་ཐམས་ཅད་སྡོད་པ་ན། དེ་དག་བསོད་སྙོམས་ཀྱིས་ཕོངས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཐམས་ཅད་ཀྱིས་བསྡད་པར་མི་བྱ་བར་དེ་ན་བའི་སྨན་དང་ཟན་ལེགས་པར་སྦྱར་ཏེ་དགེ་སློང་གཅིག་བཞག་ནས་ལྷག་མ་རྣམས་འདོང་བར་བྱའོ། །དགེ་སློང་མ་རྣམས་ལ་ཡང་དེ་བཞིན་དུ་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་།
བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་
གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་འཇུག་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། ལམ་དོན་མཐུན་གྱིས་
བགྲོད་པར་བྱ་བ་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ན་དེ་ལ་དེ་ནི་དུས་ཡིན་ནོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །
དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་ཅེས་བྱ་བ་ནི་ཆོས་འདི་པའོ། །འཐམས་ནས་ཞེས་བྱ་བ་ནི་བརྡའ་བྱས་ནས་སོ། །འགྲོན་ལམ་དུ་ཞེས་བྱ་བ་ནི་དགོན་པའི་ལམ་དུའོ། །འཇུག་ན་ཞེས་བྱ་བ་ནི་འགྲོ་ནའོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་
བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་

ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་དུས་ནི་འདི་ཡིན་ཏེ་ལམ་དོན་མཐུན་གྱིས་བགྲོད་པར་བྱ་བ་ཞེས་བྱ་བ་ནི་དོན་མཐུན་མེད་པར་བགྲོད་མི་ནུས་པའོ། །དོགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་ཆོམ་རྐུན་པ་དང་གཡོན་
ཅན་གྱིས་འཇིགས་པར་གྲགས་པའོ། །འཇིགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་སེང་གེ་དང་། སྟག་དང་། གུང་གིས་འཇིགས་པར་གྲགས་པའོ། །འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ན་ཞེས་བྱ་བ་ནི་ཤ་སྦྲང་དང་། སྦྲང་
བུ་མཆུ་རིངས་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ནའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་
འཇུག་ན་རྒྱང་གྲགས་ཕྱེད་ཕྱེད་དུ་ཉེས་བྱས་སུ་འགྱུར་རོ། །རྒྱང་གྲགས་རེ་རེར་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་གྲོང་ནས་དགོན་པའི་འགྲོན་ལམ་དུ་འཇུག་ན་གྲོང་རྒྱང་གྲགས་ཀྱིས་བར་དུ་ཆོད་པ་བདུན་པོ་དག་གི་རྒྱང་གྲགས་
ཕྱེད་ཕྱེད་དུ་ཉེས་བྱས་སུ་འགྱུར་ལ། རྒྱང་གྲགས་རེ་རེར་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་དགོན་པ་ནས་གྲོང་གི་འགྲོན་ལམ་དུ་འཇུག་ན་གྲོང་རྒྱང་གྲགས་ཀྱིས་བར་དུ་ཆོད་པ་བདུན་པོ་དག་གི་རྒྱང་གྲགས་ཕྱེད་ཕྱེད་དུ་ཉེས་བྱས་
སུ་འགྱུར་ལ། རྒྱང་གྲགས་རེ་རེར་ལྟུང་བྱེད་དུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །དགེ་སློང་མ་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་པའི་ལྟུང་བྱེད་དེ་ཉི་ཤུ་དྲུག་པ་རྫོགས་སྷོ།། །།
སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ལྷུང་བཟེད་ནག་པོ་ཅན་འདི་དག་ནི་རྐང་པ་སྤྲེའུ་ཞག་གིས་བསྐུས་ཏེ། འགྲོན་ན་ཡང་འགྲོ་བར་ཆས་པས་རྙེད་

པ་སྒྲུབ་པར་བྱེད། འོང་ན་ཡང་བློ་བུར་དུ་འོངས་པའི་རྙེད་པ་སྒྲུབ་པར་བྱེད་ཅིང་། སྐྱེ་བོ་མང་པོ་དག་དགའ་བ་དང་། ཡིད་དུ་འོང་བར་ཡང་འགྱུར་རོ། །ཡུ་བུ་ཅག་ནི་ཁྲོན་པའི་རུས་སྦལ་དང་འདྲ་བར་གར་ཡང་མི་འདོང་། གང་ནས་ཀྱང་མི་འོང་བས་རྙེད་པ་ཐོབ་པ་དང་། སྐྱེ་བོ་མང་
པོ་དག་དགའ་བ་དང་། ཡིད་དུ་འོང་བར་ག་ལ་འགྱུར་གྱིས་ཡུ་བུ་ཅག་ཀྱང་འདོང་ངོ་། །གང་དུ་འདོང་། ལྗོངས་རྒྱུར་འདོང་ངོ་། །ཇེ་སྲིང་མོ་དག་བལྟའོ་ཞེས་དེ་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་