Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 007_འདུལ་བ།_ཇ
Văn bản gốc(Tây Tạng)
Trang 10 / 18 (50.000 ký tự/trang)
། །ཚེ་དང་ལྡན་པ་འདི་འཆོ་ཤིག །འདི་ཟོ་ཤིག་ཅེས་བྱ་བ་ནི་བཅའ་ བ་དང་བཟའ་བའོ། །ལྷག་པོར་མ་བྱས་པའི་ཞེས་བྱ་བ་ནི་ལྷག་མར་མ་བྱས་ཤིང་མ་བོར་ཡོངས་སུ་མ་བཏང་བའོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དང་བཟའ་བ་ལྔ་པོ་དག་གོ། །དུས་ཀྱིས་སྟོབས་ན་ཞེས་བྱ་བ་ནི་ཡང་དང་ཡང་དུ་སྟོབས་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་ སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་ བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ན་ཅུང་ཟད་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་པ་ལ་སྐབས་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ཉེས་པ་འབྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས། ཚེ་དང་ལྡན་པ་ འདི་འཆོ་ཤིག །འདི་ཟོ་ཤིག་ཅེས་ལྷག་པོར་མ་བྱས་པའི་བཅའ་བ་དང་བཟའ་བ་དུས་ཀྱིས་སྟོབས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །སྤངས་པ་ལ་སྟོབས་པའི་ལྟུང་ བྱེད་དེ་སུམ་བཅུ་རྩ་ལྔ་པ་རྫོགས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་ལྔ་བཅུ་རྩ་གསུམ་པ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་ལྷས་བྱིན་དགེ་སློང་རབ་ཏུ་མང་པོ་དག་དང་ལྷན་ཅིག་ ཀུན་དགའ་ར་བའི་ནང་ན་འདུས་ཤིང་ཟ་བ་ཟ་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཀུན་དགའ་ར་བའི་ནང་ན་འདུས་ཤིང་ཟ་བ་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་ རྒྱས་བཅོམ་ལྡན་འདས་ཀྱིས་ལྷས་བྱིན་ལ་རྨས་པ། ལྷས་བྱིན་ཁྱོད་དགེ་སློང་རབ་ཏུ་མང་པོ་དག་དང་ལྷན་ཅིག་ཀུན་དགའ་ར་བའི་ནང་ན་འདུས་ཤིང་ཟ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་ པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འདུས་ཤིང་ཟ་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །དགེ་སློང་རབ་ཏུ་མང་པོ་ན་བ་དག་སྨན་པའི་གནས་སུ་དོང་སྟེ། དེ་དག་གིས་དེ་མཐོང་ནས་སྨྲས་པ། བཞིན་བཟངས་ཁོ་བོ་ཅག་ལ་ཇེ་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་པ་དག་ཞལ་ཚུས་གསོལ་ཅིག །སུས་སྦྱིན་ པར་འགྱུར། བདག་གིས་གསོལ་ལོ། །ཅི་དགེ་འདུན་ཐམས་ཅད་དམ། མ་ལགས་ཏེ་དགེ་སློང་བསྙུང་བ་ཇི་སྙེད་པ་དག་གོ། །བཞིན་བཟངས་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ། །འཕགས་པ་དག་ཁྱེད་ཀྱི་སྟོན་པ་ཐུགས་རྗེ་ཅན་ ལགས་པས་དེ་ཉིད་རྐྱེན་དུ་མཛད་ནས་གནང་བར་འགྱུར་བ་དེ་ལྟ་བུའི་གནས་མཆིས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ན་བའི་དུས་མ་གཏོགས་སོ། །དགེ་སློང་དག་ གིས་དགེ་འདུན་གྱི་དང་། མཆོད་རྟེན་གྱི་ལས་དག་བྱས་ནས། དེ་དག་བཀྲེས་པས་གློས་ཕབ་སྟེ་ཉལ་ཞིང་དགེ་བའི་ཕྱོགས་ལ་ཏྲོན་བྱེད་པར་མི་ནུས་པ་ན། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གཙུག་ལག་ཁང་དུ་ལྷགས་ནས། དེ་དག་གིས་དྲིས་པ། འཕགས་པ་དག་བསྟན་ པ་ལ་གཅིག་ཏུ་བརྩོན་པར་བགྱི་བ་ལགས་ན། ཅིའི་སླད་དུ་གློས་ཕབ་སྟེ་གཟིམས་ཤིང་དགེ་བའི་ཕྱོགས་ལ་ཏྲོན་མི་མཛད། དེ་དག་གིས་སྨྲས་པ། ཁོ་བོ་ཅག་བཀྲེས་སོ། །ཅིའི་སླད་དུ་ཞལ་ཚུས་མི་གསོལ། སུས་སྦྱིན་པར་འགྱུར། བདག་ཅག་གིས་གསོལ་ལོ། །ཅི་ དགེ་འདུན་ཐམས་ཅད་གསོལ་ལམ། མ་ལགས་ཏེ་ཁྱེད་ཅག་ཁོ་ན་གསོལ་ལོ། །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལས་ཀྱི་དུས་མ་གཏོགས་སོ། །དགེ་སློང་དག་དོན་མཐུན་དང་ལྷན་ཅིག་འགྲོན་ལམ་དུ་འདོང་བ་ན། ཇི་ཙམ་ན་རི་བྲགས་ཤིག་ཏུ་ཕྱིན་ནས་དེ་དག་གིས་སྨྲས་པ། བཞིན་བཟངས་དག་ཁོ་བོ་ཅག་རི་བྲགས་སུ་བསོད་སྙོམས་ལ་རྒྱུའི་བར་དུ་ རེ་ཞིག་ཡུད་ཙམ་ཞིག་སྡོད་ཅིག །དོན་མཐུན་དག་གིས་སྨྲས་པ། འཕགས་པ་དག་ཤུལ་འདི་ན་ཆོམ་རྐུན་པའི་འཇིགས་པ་མཆིས་ཀྱིས། ཚུར་གཤེགས་དང་བདག་ཅག་ཉིད་ཀྱིས་བསོད་སྙོམས་གསོལ་ལོ། །ཅི་གཅིག་གིས་ཐམས་ཅད་སྦྱིན་ནམ། མ་ལགས་ཏེ་ལ་ལས་བཞི་ ལའོ། །ལ་ལས་ལྔ་ལའོ། །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་དགེ་སློང་དེ་དག་གིས་ཤས་ཆེར་ཟན་བཅད་པར་བྱས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལམ་གྱི་དུས་མ་གཏོགས་སོ། །དགེ་སློང་རབ་ཏུ་མང་པོ་དག་དོན་མཐུན་དང་ལྷན་ཅིག་གྲུར་ཞུགས་ཏེ་ལྗོངས་རྒྱུར་འདོང་བ་ན་རི་བྲགས་ཤིག་ཏུ་ཕྱིན་ནས་དེ་དག་གིས་སྨྲས་པ། བཞིན་བཟངས་དག་ཁོ་བོ་ཅག་རི་བྲགས་སུ་བསོད་སྙོམས་ལ་རྒྱུའི་བར་དུ་རེ་ཞིག་ ཡུད་ཙམ་ཞིག་སྡོད་ཅིག །དོན་མཐུན་དག་གིས་སྨྲས་པ། འཕགས་པ་དག་གྲུའི་ཤུལ་འདི་ན་ཆོམ་རྐུན་པའི་འཇིགས་པ་མཆིས་ཀྱིས་ཚུར་གཤེགས་དང་བདག་ཅག་ཉིད་ཀྱིས་བསོད་སྙོམས་གསོལ་ལོ། །ཅི་གཅིག་གིས་ཐམས་ཅད་སྦྱིན་ནམ། མ་ལགས་ཏེ་ལ་ལས་བཞི་ལའོ། ། ལ་ལས་ལྔ་ལའོ། །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་དགེ་སློང་དེ་དག་གིས་ཤས་ཆེར་ཟན་བཅད་པར་བྱས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དེ་ལྟ་བས་ན་གྲུར་ཞུགས་པའི་དུས་མ་གཏོགས་སོ། །བཅོམ་ལྡན་འདས་ཀྱིས་གཙུག་ཕུད་ཀྱི་དུས་སྟོན་དང་། དུས་སྟོན་ཆེན་པོ་དང་། ལོ་ལྔའི་དུས་སྟོན་བྱའོ་ཞེས་བཀའ་སྩལ་ནས། དེ་ན་དགེ་སློང་རྣམས་ཀྱི་འདུས་པ་ཆེན་པོ་བྱུང་བར་གྱུར་ནས་བྲམ་ཟེ་དང་། ཁྱིམ་ བདག་དད་པ་ཅན་དག་གིས་དགེ་སློང་རྣམས་ལ་སྨྲས་པ། འཕགས་པ་དག་ཚུར་གཤེགས་གདུགས་ཚོད་གསོལ་ཅིག །དགེ་སློང་རྣམས་ཀྱིས་སྨྲས་པ། ཅི་དགེ་འདུན་ཐམས་ཅད་གསོལ་ལམ། འཕགས་པ་དག་བདག་ཅག་ལ་དགེ་འདུན་ཐམས་ཅད་གསོལ་བའི་འབྱོར་པ་ གང་ལགས་པ་དེ་ལྟ་བུ་ག་ལ་མཆིས་ཏེ། འདི་ལྟར་ལ་ལས་ཉི་ཤུ་གསོལ་ལོ། །ལ་ལས་སུམ་བཅུ་གསོལ་ལོ། །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་འདུས་པ་ཆེན་པོའི་དུས་མ་གཏོགས་སོ། །གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས་བདེན་པ་དག་མ་མཐོང་བ་དེའི་ཚེ་ན་འོད་མའི་ཚལ་ཀུན་དུ་འཚོ་དག་ལ་ཕུལ་བར་གྱུར་ཏོ། །གང་གི་ཚེ་བདེན་པ་ དག་མཐོང་བ་དེའི་ཚེ་འོད་མའི་ཚལ་ཀུན་དུ་འཚོ་དག་ལས་ཕྲོགས་ཏེ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལ་ཕུལ་ལོ། །རྒྱལ་པོ་གཟུགས་ཅན་སྙིང་པོའི་ཞང་པོ་ཀུན་དུ་འཚོ་དག་གི་ནང་དུ་རབ་ཏུ་བྱུང་ནས། རྒྱལ་པོས་སྨྲས་པ། འཕགས་པ་དག་འདི་བདག་གི་ ཞང་པོ་ལགས་ཀྱིས་ཇི་སྲིད་དུ་འགྱུར་བ་སྟེན་པར་མི་བགྱིད་ཀྱི་བར་དུ་འདི་གཅིག་པུ་གཞག་ཏུ་གསོལ། གང་གི་ཚེ་འགྱུར་བ་སྟེན་པར་འགྱུར་བ་དེའི་ཚེ་ན་བདག་གིས་འདི་ཡང་བསྐྲད་པར་བགྱིའོ་ཞེས་རྒྱལ་པོ་གཟུགས་ཅན་སྙིང་པོས་ཀུན་དུ་འཚོ་དེ་ལ་ཁ་ཟས་ཀྱི་མཁོ་བ་སྟོབས་པར་བྱེད་དོ། །དགེ་ སློང་དག་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པར་གནས་པ་དེ་དག་ཀུན་དུ་འཚོ་དེས་མཐོང་ནས་དེ་ཤིན་ཏུ་དང་བ་སྐྱེས་ཏེ། དེས་དགེ་སློང་རྣམས་ལ་སྨྲས་པ། བདག་གིས་ཀྱང་དགེ་སློང་རྣམས་ཀྱི་གདུགས་ཚོད་བགྱིའོ། །དེ་ལྟར་གྱིས་ཤིག །ཅི་དགེ་ འདུན་ཐམས་ཅད་ཀྱི་བྱེད་དམ། མ་ལགས་ཏེ་བདག་གིས་རྒྱལ་པོས་ཞལ་ཟས་ཀྱི་མཁོ་བ་སྟོབས་པར་བགྱིད་པ་ལྟར་བདག་ལ་དགེ་འདུན་ཐམས་ཅད་ཀྱི་གདུགས་ཚོད་བགྱི་བའི་འབྱོར་པ་གང་ལགས་པ་དེ་ལྟ་བུ་མ་མཆིས་ཏེ། འདི་ལྟར་དགེ་སློང་ཉི་ཤུའམ། ཉི་ཤུ་རྩ་ལྔའི་གདུགས་ཚོད་ བགྱིའོ། །དགེ་སློང་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སྦྱོང་གི་ཟས་ ཀྱི་དུས་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་ བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འདུས་ཤིང་ཟ་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། ། དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །གྲུར་ཞུགས་པ་དང་། འདུས་པ་ཆེན་པོ་དང་། དགེ་སྦྱོང་གི་ཟས་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། །འདུས་ཤིང་ཟ་ན་ཞེས་བྱ་བ་ནི་མི་མཐུན་པར་ཟ་ནའོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་ན་བ་ཟས་གཅིག་གིས་འཚོ་བར་མི་ནུས་པའོ། །ལས་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་དགེ་འདུན་གྱིའམ། མཆོད་རྟེན་གྱི་ལས་ ཐ་ན་ཕྱག་དར་རེ་ལྡེ་ཙམ་མམ། དཀྱིལ་འཁོར་བ་མལ་ཙམ་བྱས་པའོ། །ལམ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་དཔག་ཚད་ཕྱེད་དུ་སོང་བའམ། དེའི་ཕྱེད་དུ་སོང་སྟེ་ཕྱིར་འོངས་པའོ། །གྲུར་ཞུགས་པ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གྲུར་ཞུགས་ཏེ་དཔག་ཚད་ཕྱེད་དུ་ སོང་བའམ། དེའི་ཕྱེད་དུ་སོང་སྟེ་ཕྱིར་འོངས་པའོ། །འདུས་པ་ཆེན་པོ་དུས་སོ་ཞེས་བྱ་བ་ནི་སྤགས་པའོ། །དགེ་སྦྱོང་གི་ཟས་དུས་ཏེ་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་པའི་རབ་ཏུ་བྱུང་བ་དག་འཁོད་ན་དེ་ཡང་དགེ་སྦྱོང་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་དེ་ནི་མཐུན་པའི་ཆོས་ ཡིན་པའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་དུ་འདུ་ཤེས་པས་འདུས་ཤིང་ཟ་བ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་མཚམས་ཀྱི་ནང་དུ་ཡིད་གཉིས་ཟ་བས་འདུས་ཤིང་ཟ་བ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་མཚམས་ཀྱི་ ཕྱི་རོལ་དུ་མཚམས་ཀྱི་ནང་དུ་འདུ་ཤེས་པས་འདུས་ཤིང་ཟ་བ་ཟ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་མཚམས་ཀྱི་ཕྱི་རོལ་དུ་ཡིད་གཉིས་ཟ་བས་འདུས་ཤིང་ཟ་བ་ཟ་ན་ཉེས་བྱས་སུ་འགྱུར་རོ། །གནས་གཉིས་པོ་གཞིའི་གནས་དང་། ཁང་ཁྱིམ་གྱི་གནས་དེ་གཉིས་ཡོད་ན་དེ་ན་གང་དག་ གཞིའི་གནས་སུ་ཟ་བ་དེ་དག་གིས་ཁང་ཁྱིམ་ནས་དགེ་སློང་དག་འོངས་སམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཟ་ན་ཉེས་བྱས་སུ་འགྱུར་རོ། །གང་དག་ཁང་ཁྱིམ་དུ་ཟ་བ་དེ་དག་གིས་ཀྱང་གཞིའི་གནས་ནས་དགེ་སློང་དག་འོངས་སམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཟ་ན་ལྟུང་བྱེད་དུ་འགྱུར་ རོ། །གསུམ་ཟ་ཞིང་གཅིག་ལ་བྱེད་པ་དང་། གསུམ་རྫོགས་པར་བསྙེན་ཅིང་གཅིག་རྫོགས་པར་མ་བསྙེན་པ་དང་། ཟས་བྲིམ་པ་ཐ་ན་ལན་ཚྭ་ཕོ་ཚུམས་གང་ངམ། ལྡམ་ལྡུམ་སྲང་གཅིག་ཙམ་འོངས་པ་དང་། གནས་སོ་སོར་ངེས་པ་དང་། སྦྱིན་བདག་ན་རེ་གང་དག་འདི་ན་འཁོད་པ་དེ་དག་ ལ་སྦྱིན་ནོ་ཞེས་ཟེར་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །འདུས་ཤིང་ཟ་བའི་ལྟུང་བྱེད་དེ་སུམ་བཅུ་རྩ་དྲུག་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་ བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་རབ་ཏུ་ཕྱུང་ཞིང་རྫོགས་པར་བསྙེན་པར་བྱས་པ་དེའི་ཚེ་ན། དེ་དག་སྔ་དྲོ་ཤམ་ཐབས་བགོས། ལྷུང་ བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །བུད་མེད་ཀྱི་ཡུལ་ནི་སྲེད་པ་སྤྱད་པ་ཡིན་པས། བུད་མེད་ཀྱིས་དེ་དག་མཐོང་ནས་བྲང་བརྡུངས་ཏེ་སྨྲས་པ། འདི་དག་སྐྱེད་པ་གང་དག་གིས་འདི་དག་སྐྱེས་མ་ཐག་གི་ཁ་ལན་ཚྭས་འགེངས་པར་མ་ནུས་པ་དང་། བརླ་ ཕྲག་ཏུ་ཁྲོན་པ་བཅུག་སྟེ་འབྲངས་པར་མི་ནུས་པ་དེ་དག་གིས་ཅི་ཐོབ། བཅུ་བདུན་སྡེ་དག་ཉམ་ང་བར་གྱུར་ནས་སྨྲས་པ། བདག་ཅག་གིས་ཟན་བཅད་པར་གྱུར་པ་ནི་བླའི་ཚིག་ངན་པ་རྣམ་པ་འདི་ལྟ་བུ་དག་ཐོས་པར་གྱུར་པ་ནི་མི་རུང་ངོ་ཞེས་དེ་དག་དེ་ཉིད་ནས་ཕྱིར་ལོག་སྟེ་དེ་དག་གིས་ཟན་བཅད་པ་བྱས་ནས། དེ་ དག་གིས་ཇི་སྲིད་དུ་ལུས་ལ་མདངས་ཡོད་པ་དེ་སྲིད་དུ་དགེ་བའི་ཕྱོགས་ལ་ཏྲོན་བྱས་ནས། གང་གི་ཚེ་ལུས་ལ་མདངས་ཡལ་བར་གྱུར་པ་དེའི་ཚེ་ན་གློས་ཕབ་སྟེ་ཉལ་བ་དང་། ཉེ་དགའས་དེ་དག་མཐོང་ནས་སྨྲས་པ། ཨེ་མའོ་བཅུ་བདུན་སྡེ་དག་ཅི་གལ་ཏེ་ཟས་གཞན་གྱི་ཡིན་ཞེས་ཏེ་ལྟོ་ཡང་གཞན་ གྱི་ཡིན་སྙམ་མམ། ཅི་བྱས་ཇི་ཙམ་གྱི་དགེ་བའི་ཕྱོགས་ལ་ཏྲོན་བྱེད་ཀྱང་མི་ནུས་པ་དེ་ཙམ་གྱི་ཟས་ཟོས་སོ། །སུས་ཟོས། ཁྱོད་ཀྱིས་སོ། །ཁོ་བོ་ཅག་གིས་མ་ཟོས་སོ། །འོ་ན་ཅིའི་ཕྱིར་གློས་ཕབ་སྟེ་ཉལ། དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་དོ། །གྲོང་ཁྱེར་གྱི་སྒབས་མོ་ཅན་ དག་ནི་སྐྱེད་མོས་ཚལ་ལ་དགའ་བས་དེ་དག་བཟའ་བ་དང་། བཏུང་བ་ཁྱེར་ཏེ་མཉན་ཡོད་ཀྱི་ཕྱི་རོལ་རྒྱལ་བྱེད་ཀྱི་ཚལ་དུ་དོང་ནས་འཆའ་བར་བྱེད། ཟ་བར་བྱེད། འཐུང་བར་བྱེད་པ་ན་བཅུ་བདུན་སྡེ་དག་གིས་དེ་དག་མཐོང་ནས་ལྟོ་བ་ཉུག་པར་བྱེད་ཅིང་། ཚིགས་སུ་བཅད་པ་དག་སྨྲས་པ། མགོན་ པོ་ཁྱོད་ཀྱི་ལེགས་གསུངས་མང་པོ་དག །རྒྱུ་དང་མི་རྒྱུའི་འཇིག་རྟེན་འདི་ན་སྤྱོད། །བཀྲེས་མཉམ་ལུས་ཀྱི་ཚོར་བ་མ་མཆིས་པ། །ཐུབ་པ་དེ་ནི་ཁྱོད་ཀྱི་ལེགས་གསུངས་མཆོག །དེ་དག་གིས་སྨྲས་པ། འཕགས་པ་དག་གསོལ་ན་བཞེད་དམ། འདོད་དོ། །དེ་དག་གིས་བཅུ་བདུན་སྡེ་ དག་ལ་བཟའ་བ་དང་། བཏུང་བ་བྱིན་པ་དང་། དེ་དག་གིས་ལོངས་སྤྱད་ནས་དེ་དག་གིས་ཟུང་དུ་བསྡེབས་ཏེ་འཆག་ཅིང་ཁ་ཏོན་བྱ་བར་བརྩམས་པ་དང་། ཉེ་དགའས་དེ་དག་ཁ་ཏོན་བྱེད་པ་མཐོང་ནས་སྨྲས་པ། ཀྱེ་མའོ་བཅུ་བདུན་སྡེ་དག་གིས་ཤིན་ཏུ་བརྩོན་འགྲུས་བརྩམས་སོ། །བཙུན་པ་ཉེ་ དགའ་བཅོམ་ལྡན་འདས་ཀྱིས་བདེན་ཆོས་མངོན་པར་རྗོད་པར་བྱེད་དོ། །སྦྱིན་པ་པོ་དང་སྦྱིན་བདག་གིས་ལེན་པ་པོ་ལ་ཟས་སྦྱིན་པ་ན་གནས་ལྔ་སྦྱིན་པར་བྱེད་དེ། ཚེ་སྦྱིན་པ་དང་། ཁ་དོག་སྦྱིན་པ་དང་། སྟོབས་སྦྱིན་པ་དང་། བདེ་བ་སྦྱིན་པ་དང་། སྤོབས་པ་སྦྱིན་པ་ནི་བདེ་བར་འགྱུར་རོ། ། ཞེས་བཀའ་སྩལ་པ་ནི་ལེགས་པར་གསུངས་པ་ཡིན་ཏེ། ཟོས་ན་སྤོབས་པ་དང་ལྡན་པར་འགྱུར་གྱི་མ་ཟོས་ན་མི་འགྱུར་རོ། །ཁྱེད་ཀྱིས་ཟོས་སམ། ཟོས་སོ། །ཁྱེད་དུས་མ་ཡིན་པར་ཟར་རུང་ངམ། གལ་ཏེ་དུས་སུ་མ་རྙེད་ན་ཁོ་བོ་ཅག་གིས་ལྟོགས་ཏེ་འཆི་བར་བྱའམ་ཅི། དགེ་ སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དུས་མ་ཡིན་པར་བཅའ་བ་དང་། བཟའ་བ་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་ གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ ཀྱིས་དགེ་སློང་བཅུ་བདུན་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་དུས་མ་ཡིན་པར་བཅའ་བ་དང་བཟའ་བ་འཆའ་ཞིང་ཟ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་ མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་ རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དུས་མ་ཡིན་པར་བཅའ་བའམ། བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དོ། །ཡང་དགེ་སློང་ གང་ཞེས་བྱ་བ་ནི་བཅུ་བདུན་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དུས་མ་ཡིན་པར་ཞེས་བྱ་བ་ནི་དུས་མ་ཡིན་པ་གཉིས་ཏེ། སྐྱ་རེངས་མ་ཤར་བ་དང་། ཕྱེད་ཡོལ་བར་རོ། །བཅའ་བའམ་བཟའ་བ་ཞེས་བྱ་བ་ནི། བཅའ་བ་ལྔ་པོ་དང་བཟའ་བ་ལྔ་པོ་དག་གོ། །འཆའ་འམ་ ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དུས་མ་ཡིན་པ་ལ་དུས་མ་ཡིན་པར་འདུ་ཤེས་པས་བཅའ་བ་དང་། བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་ སློང་གིས་དུས་མ་ཡིན་པར་ཡིད་གཉིས་ཟ་བས་བཅའ་བ་དང་། བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དུས་སུ་དུས་མ་ཡིན་པར་འདུ་ཤེས་པས་བཅའ་བ་དང་། བཟའ་བ་འཆའ་འམ་ཟ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དུས་སུ་ཡིད་གཉིས་ཟ་བས་བཅའ་ བ་དང་། བཟའ་བ་འཆའ་འམ་ཟ་ན་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་དེ་སུམ་བཅུ་རྩ་བདུན་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ནག་པོའི་ཀུན་དུ་སྤྱོད་པ་ནི་གྲོང་ངམ། གྲོང་རྡལ་གང་ན་ཉེ་བར་རྟེན་ཅིང་གནས་པ་ན། དེ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་གྲོང་ངམ། གྲོང་རྡལ་དེ་ ཉིད་དུ་ལུས་ཤིན་ཏུ་བསྲུངས་པ་དང་། དབང་པོ་རྣམས་ཀྱི་ཤིན་ཏུ་བསྡམས་པ་དང་། དྲན་པ་ཤིན་ཏུ་ཉེ་བར་གཞག་པས་བསོད་སྙོམས་ལ་འཇུག་ཅིང་། གལ་ཏེ་འབྲས་ཆན་གཤེར་བ་རྙེད་ན་ནི་ལྷུང་བཟེད་ཀྱིས་ལེན་པར་བྱེད། གལ་ཏེ་འབྲས་ཆན་སྐམ་པོ་རྙེད་ན་ནི་ལྷུང་བཟེད་ཀྱི་སྣོད་ཀྱིས་ལེན་ པར་བྱེད་དེ། དེ་གྲོང་ངམ། གྲོང་རྡལ་དེར་བསོད་སྙོམས་ལ་བརྒྱུས་ནས་གཙུག་ལག་ཁང་དུ་སོང་སྟེ། འབྲས་ཆན་གཤེར་བ་ནི་ཟ་བར་བྱེད། འབྲས་ཆན་སྐམ་པོ་ནི་བསྐམས་ནས་རྫ་མ་སོ་བཏང་བ་བཀང་སྟེ་འཇོག་པར་བྱེད་ཅིང་། དེ་རླུང་ལྡང་བའམ། ཡུལ་ངན་འབྱུང་བའམ། ཆར་ པ་འབབ་པའམ། ལྷགས་པ་འབྱུང་བ་གང་དག་བྱུང་བར་གྱུར་པ་ན། རླུང་ལངས་པའམ། ཡུལ་ངན་བྱུང་བའམ། ཆར་པ་འབབ་པའམ། ལྷགས་པ་བྱུང་བ་དེ་ལྟ་བུའི་ཚེ་འབྲས་ཆན་སྐམ་པོ་ཆུ་དྲོན་མོས་སྦངས་ཏེ་ཟོས་ནས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་ འཛིན་ལ་སྙོམས་པར་འཇུག་པའི་བདེ་བ་དག་ཉམས་སུ་མྱོང་བར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་འཚོ་ཞིང་བཞུགས་ལ་གསོན་ཞིང་གཞེས་པ་རྣམས་ཀྱི་ཆོས་ཉིད་ནི་འདུལ་བར་གྱུར་པའི་སྐྱེ་བོ་ལ་རྗེས་སུ་ཐུགས་བརྩེ་བས། དུས་དང་དུས་སུ་སེམས་ཅན་དམྱལ་བ་རྒྱུར་གཤེགས་པ་ དང་། དུད་འགྲོ་རྒྱུ་བ་དང་། ཡི་དགས་རྒྱུ་བ་དང་། ལྷ་རྒྱུ་བ་དང་། ལྗོངས་རྒྱུ་བ་དང་། ཆུ་ཀླུང་རྒྱུ་བ་དང་། རི་རྒྱུ་བ་དང་། དུར་ཁྲོད་རྒྱུ་བ་དང་། གཙུག་ལག་ཁང་རྒྱུར་གཤེགས་པས་དོན་འདིར་ནི་སངས་རྒྱས་བཅོམ་ལྡན་འདས་གཙུག་ལག་ཁང་རྒྱུར་གཤེགས་པར་བཞེད་ནས་ཚེ་དང་ལྡན་པ་ཀུན་དགའ་ བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དགེ་སློང་དག་དེ་བཞིན་གཤེགས་པ་གཙུག་ལག་ཁང་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཏུ་གཙུག་ལག་ཁང་རྒྱུར་འགྲོ་བར་སྤྲོ་བ་དེ་ཆོས་གོས་དག་ལོང་ཤིག་ཅེས་གྱིས་ཤིག །ཚེ་ དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་གཙུག་ལག་ཁང་རྒྱུར་གཤེགས་ཀྱིས། ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་གཙུག་ལག་ཁང་རྒྱུར་འགྲོ་བར་ སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ་གཙུག་ལག་ཁང་རྒྱུ་ཞིང་གཤེགས་པ་ན། ཚེ་དང་ལྡན་པ་ནག་པོའི་གཙུག་ལག་ཁང་ག་ལ་བ་དེར་གཤེགས་སོ། །དེའི་ཚེ་ན་ ཚེ་དང་ལྡན་པ་ནག་པོའི་གཙུག་ལག་ཁང་ན་འབྲས་ཆན་སྐམ་པོ་རབ་ཏུ་མང་པོ་དག་བཏིང་ཞིང་འདུག་གོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ནག་པོའི་གཙུག་ལག་ཁང་ན་འབྲས་ཆན་སྐམ་པོ་རབ་ཏུ་མང་པོ་དག་བཏིང་ཞིང་འདུག་པ་གཟིགས་སོ། །གཟིགས་ནས་ཀྱང་ཚེ་དང་ལྡན་པ་ཀུན་ དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་འབྲས་ཆན་སྐམ་པོ་རབ་ཏུ་མང་པོ་བཏིང་བ་འདི་དག་སུའི། བཙུན་པ་ཚེ་དང་ལྡན་པ་ནག་པོའི་ཀུན་དུ་སྤྱོད་པ་ནི་གྲོང་ངམ། གྲོང་རྡལ་གང་ན་ཉེ་བར་རྟེན་ཅིང་གནས་པ་ན། དེ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ གྲོང་ངམ། གྲོང་རྡལ་དེ་ཉིད་དུ་ལུས་ཤིན་ཏུ་བསྲུངས་པ་དང་། དབང་པོ་རྣམས་ཀྱང་ཤིན་ཏུ་བསྡམས་པ་དང་། དྲན་པ་ཤིན་ཏུ་ཉེ་བར་གཞག་པས་བསོད་སྙོམས་ལ་འཇུག་ཅིང་། གལ་ཏེ་འབྲས་ཆན་གཤེར་བ་རྙེད་ན་ནི་ལྷུང་བཟེད་ཀྱིས་ལེན་པར་བགྱིད། གལ་ཏེ་འབྲས་ཆན་སྐམ་པོ་ རྙེད་ན་ནི་ལྷུང་བཟེད་ཀྱི་སྣོད་ཀྱིས་ལེན་པར་བགྱིད་དེ། དེ་གྲོང་ངམ། གྲོང་རྡལ་དེར་བསོད་སྙོམས་ལ་བརྒྱུས་ནས། གཙུག་ལག་ཁང་དུ་མཆིས་ཏེ་འབྲས་ཆན་གཤེར་བ་ནི་འཚལ་བར་བགྱིད། འབྲས་ཆན་སྐམ་པོ་ནི་རྫ་མ་སོ་བཏང་བ་བཀང་སྟེ་འཇོག་པར་བགྱིད་ཅིང་། དེ་བསེར་མ་ལྡང་ བའམ། ཡུལ་ངན་འབྱུང་བའམ། དགུང་ཆར་འབབ་པའམ། དགུང་ལྷགས་འབྱུང་བ་གང་དག་བྱུང་བར་འགྱུར་བ་ན། བསེར་མ་ལངས་པའམ། ཡུལ་ངན་བྱུང་བའམ། དགུང་ཆར་བབ་པའམ། དགུང་ལྷགས་བྱུང་བ་དེ་ལྟ་བུའི་ཚེ་འབྲས་ཆན་སྐམ་པོ་ཆབ་དྲོན་མོས་སྦངས་ཏེ་ འཚལ་ནས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་བདེ་བ་དག་ཉམས་སུ་མྱོང་བར་བགྱིད་དོ། །ཀུན་དགའ་བོ་དགེ་སློང་དག་གསོག་འཇོག་བྱས་པ་ཟའམ། བཙུན་པ་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་ གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་ པ་ནག་པོ་ལ་རྨས་པ། ནག་པོ་ཁྱོད་བཅའ་བ་དང་། བཟའ་བ་གསོག་འཇོག་བྱས་པ་ཟ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་བརྩོན་པ་དང་། མི་སྦྱོར་བ་དང་། མ་བརྟགས་པར་སྤྱོད་པ་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་བརྩོན་པ་དང་། སྦྱོར་བ་དང་། བརྟགས་ཏེ་སྤྱོད་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་ བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བཅའ་བ་དང་། བཟའ་བ་གསོག་འཇོག་བྱས་པ་འཆའ་འམ་ཟ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཚེ་དང་ལྡན་པ་ནག་པོའམ། གཞན་ཡང་དེ་ལྟ་བུ་གང་ཡིན་ པའོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དང་། བཟའ་བ་ལྔ་པོ་དག་གོ། །གསོག་འཇོག་བྱས་པ་ཞེས་བྱ་བ་ནི་གསོག་འཇོག་བྱས་པ་རྣམ་པ་གཉིས་ཏེ། སྔ་དྲོ་བྱིན་ལེན་བྱས་པ་ཕྱི་དྲོའི་བར་དུ་གསོག་འཇོག་བྱས་པ་དང་། ཕྱི་དྲོ་བྱིན་ལེན་བྱས་པ་ཐུན་ཚོད་ ལས་ཡོལ་བར་གསོག་འཇོག་བྱས་པའོ། །འཆའ་འམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་གསོག་འཇོག་བྱས་པ་ལ་གསོག་འཇོག་བྱས་པར་འདུ་ཤེས་པས་བཅའ་བ་ དང་། བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་གསོག་འཇོག་བྱས་པ་ལ་ཡིད་གཉིས་ཟ་བས་བཅའ་བའམ། བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་གསོག་འཇོག་མ་བྱས་པ་ལ་གསོག་འཇོག་བྱས་པར་འདུ་ཤེས་པས་བཅའ་བ་ དང་། བཟའ་བ་འཆའ་འམ་ཟ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་གསོག་འཇོག་མ་བྱས་པ་ལ་ཡིད་གཉིས་ཟ་བས་བཅའ་བ་དང་། བཟའ་བ་འཆའ་འམ་ཟ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ལྷུང་བཟེད་དང་། ལྷུང་བཟེད་ཆུང་ངུ་དང་། ཁ་གཟར་དང་། ཁར་ཕོར་ དང་། ཚྭ་ཁུག་དང་། ལྷུང་བཟེད་ཀྱི་སྣོད་དང་། གོས་དང་། མན་ཤེལ་དང་། ཁྲི་དང་། ཁྲིའུ་དང་། ཁར་བ་དང་། བུམ་པ་དང་། རིལ་བ་དང་། ལྡེ་མིག་དང་། ལྡེ་མིག་ཀྱོག་པོ་གསོག་འཇོག་བྱས་པས་འབགས་པ་ཟ་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། ། དགེ་སློང་གིས་གསོག་འཇོག་བྱས་པའི་ཁ་དང་། གསོག་འཇོག་བྱས་པའི་ལག་པ་དག་གིས་བཅའ་བ་དང་། བཟའ་བ་འཆའ་འམ་ཟ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་མེ་ཏོག་དང་འབྲས་བུ་གསོག་འཇོག་བྱས་པ་དང་། དགེ་སློང་གིས་ཇི་ཙམ་དུ་གསོག་འཇོག་བྱས་པ་ཟ་ ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཁ་མ་བཀྲུས་པར་སྐོམ་འཐུང་ན་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །གསོག་འཇོག་གི་ལྟུང་བྱེད་དེ་སུམ་བཅུ་རྩ་བརྒྱད་པ་ རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ནག་པོ་ཆེན་པོ་ནི་ཐམས་ཅད་དུར་ཁྲོད་པ་དང་ལྡན་པ་ཡིན་ཏེ། དེའི་ལྷུང་བཟེད་ཀྱང་དུར་ཁྲོད་པ་ཡིན། ཆོས་གོས་ ཀྱང་དུར་ཁྲོད་པ་ཡིན། བསོད་སྙོམས་ཀྱང་དུར་ཁྲོད་པ་ཡིན། གནས་མལ་ཡང་དུར་ཁྲོད་པ་ཡིན་ནོ། །ཇི་ལྟར་ལྷུང་བཟེད་དུར་ཁྲོད་པ་ཡིན་ཞེ་ན། འདི་ལྟ་སྟེ། ཉེ་དུ་དག་གིས་ཤི་ཞིང་དུས་ལ་བབ་པའི་རྫེའུ་དུར་ཁྲོད་དུ་འདོར་བར་བྱེད་པ་དེ་ཚེ་དང་ལྡན་པ་ནག་པོ་ཆེན་པོས་གྱོ་མོ་ཁ་ བཞོགས་ཏེ་བསྲེགས་ནས་ལྷུང་བཟེད་དུ་བྱིན་གྱིས་བརླབས་ཤིང་འཆང་བར་བྱེད་དེ། དེ་ལྟར་ལྷུང་བཟེད་དུར་ཁྲོད་པ་ཡིན་ནོ། །ཇི་ལྟར་ཆོས་གོས་དུར་ཁྲོད་པ་ཡིན་ཞེ་ན། འདི་ལྟ་སྟེ། ཉེ་དུ་དག་གིས་ཤི་ཞིང་དུས་ལ་བབ་པའི་གོས་དག་དུར་ཁྲོད་དུ་འདོར་བར་བྱེད་པ་དེ་དག་ཚེ་དང་ལྡན་པ་ ནག་པོ་ཆེན་པོས་བཀྲུས་ཏེ་དྲུབས་ཤིང་ཁ་བསྒྱུར་ནས་ཆོས་གོས་སུ་བྱིན་གྱིས་བརླབས་ཤིང་འཆང་བར་བྱེད་དེ། དེ་ལྟར་ཆོས་གོས་དུར་ཁྲོད་པ་ཡིན་ནོ། །ཇི་ལྟར་བསོད་སྙོམས་དུར་ཁྲོད་པ་ཡིན་ཞེ་ན། འདི་ལྟ་སྟེ། ཉེ་དུ་དག་གིས་ཤི་ཞིང་དུས་ལ་བབ་པའི་ཟས་ལྔ་དུར་ཁྲོད་དུ་འདོར་བར་བྱེད་པ་ དེ་དག་ཚེ་དང་ལྡན་པ་ནག་པོ་ཆེན་པོས་བླངས་ཤིང་ཟ་བར་བྱེད་དེ། དེ་ལྟར་བསོད་སྙོམས་དུར་ཁྲོད་པ་ཡིན་ནོ། །ཇི་ལྟར་གནས་མལ་དུར་ཁྲོད་པ་ཡིན་ཞེ་ན། འདི་ལྟ་སྟེ། ཚེ་དང་ལྡན་པ་ནག་པོ་ཆེན་པོ་དུར་ཁྲོད་ན་གནས་པར་བྱེད་དེ། དེ་ལྟར་གནས་མལ་དུར་ཁྲོད་པ་ཡིན་ནོ། །གང་ གི་ཚེ་སྐྱེ་བོ་ཕལ་པོ་ཆེ་ལ་མི་ངས་བྱུང་བ་དེའི་ཚེ་ན་ཚེ་དང་ལྡན་པ་ནག་པོ་ཆེན་པོ་ཚོ་བ་དང་། པགས་པ་དང་། ཤ་དང་། ཁྲག་རྒྱས་པར་གྱུར་ཅིང་དེ་ཡང་དང་ཡང་དུ་གྲོང་དུ་བསོད་སྙོམས་ལ་འཇུག་པར་མི་བྱེད་ལ། གང་གི་ཚེ་སྐྱེ་བོ་ཕལ་པོ་ཆེ་ལ་མི་ངས་མ་བྱུང་བ་དེའི་ཚེ་ན་ཚེ་དང་ལྡན་པ་ནག་པོ་ ཆེན་པོ་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་ཅིང་། དེ་ཡང་དང་ཡང་དུ་གྲོང་དུ་བསོད་སྙོམས་ལ་འཇུག་པར་བྱེད་དོ། །སྒོ་བ་དེ་མཚན་མར་བཟུང་ནས། འཕགས་པ་ནག་པོ་ཆེན་པོ་འདི་གང་གི་ཚེ་སྐྱེ་བོ་ཕལ་པོ་ཆེ་ལ་མི་ ངས་བྱུང་བ་དེའི་ཚེ་ན་ཚོ་བ་དང་། པགས་པ་དང་། ཤ་དང་། ཁྲག་རྒྱས་པར་གྱུར་ཅིང་འདི་ཡང་དང་ཡང་དུ་གྲོང་དུ་བསོད་སྙོམས་ལ་འཇུག་པར་མི་བྱེད་ལ། གང་གི་ཚེ་སྐྱེ་བོ་ཕལ་པོ་ཆེ་ལ་མི་ངས་མ་བྱུང་བ་དེའི་ཚེ་ན་འཕགས་པ་ནག་པོ་ཆེན་པོ་འདི་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་ཅིང་འདི་ཡང་དང་ཡང་དུ་གྲོང་དུ་བསོད་སྙོམས་ལ་འཇུག་པར་བྱེད་པ་ལས་ན་འཕགས་པ་ནག་པོ་ཆེན་པོ་འདི་མི་ཤ་མི་ཟ་འམ་སྙམ་མོ། །ཐམས་ཅད་དུ་ཡང་འཕགས་པ་ནག་པོ་ཆེན་པོ་མི་ཤ་ཟའོ་ཞེས་སྒྲ་གྲགས་སོ། །མཉན་ཡོད་ན་བྲམ་ཟེ་ཞིག་འདུག་ པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་བུ་མོ་ཞིག་བྱུང་ནས་བསྲིངས་ཤིང་བསྐྱེད་དེ་ཆེན་མོར་གྱུར་ཏོ། །དུས་གཞན་ ཞིག་ན་བྲམ་ཟེ་དེ་དུས་ལ་བབ་ནས་ཉེ་དུ་རྣམས་ཀྱིས་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གིས་ཁྱོགས་སྤྱིལ་བརྒྱན་ནས་དུར་ཁྲོད་དུ་ཁྱེར་ཏེ། བསྲེགས་ཤིང་དོང་ནས་དེའི་ཆུང་མ་དང་། བུ་མོ་གཉིས་མཐའ་གཅིག་ཏུ་དོང་སྟེ་བསྡད་པ་དང་། ཚེ་དང་ལྡན་པ་ནག་ པོ་ཆེན་པོ་དེའི་གདོང་དུ་ལྟ་ཞིང་སྡོད་དོ། །བུ་མོ་དེས་འཕགས་པ་ནག་པོ་ཆེན་པོ་དེའི་གདོང་དུ་ལྟ་ཞིང་སྡོད་པ་མཐོང་ངོ་། །མཐོང་ནས་ཀྱང་མ་ལ་སྨྲས་པ། ཡུམ་འཕགས་པ་ནག་པོ་ཆེན་པོ་འདི་བྱ་རོག་མོ་ཞར་མ་བཞིན་དུ་ངེས་པར་རྟོག་ཅིང་སྡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེའི་བུ་མོ་ཞིག་སྨྲས་པ་དང་། ཉེ་བར་སྨྲས་པར་གྱུར་ཏེ། དེས་ཉན་ཐོས་ཆེན་པོ་རི་རབ་དང་འདྲ་བ་ལ་ངག་གི་ལས་རྩུབ་པོ་སྨྲས་པས་བྲམ་ཟེའི་བུ་མོ་དེ་ཚེ་རབས་ལྔ་བརྒྱར་བྱ་རོག་མོ་ཞར་མར་འགྱུར་རོ། །ཐམས་ཅད་དུ་བཅོམ་ལྡན་འདས་ཀྱིས་ བྲམ་ཟེའི་བུ་མོ་དེ་ཚེ་རབས་ལྔ་བརྒྱར་བྱ་རོག་མོ་ཞར་མར་འགྱུར་རོ་ཞེས་ལུང་བསྟན་ཏོ་ཞེས་སྒྲ་གྲགས་སོ། །བྲམ་ཟེ་མོ་དེས་བཅོམ་ལྡན་འདས་ཀྱིས་བདག་གི་བུ་མོ་ཚེ་རབས་ལྔ་བརྒྱར་བྱ་རོག་མོ་ཞར་མར་འགྱུར་བར་ལུང་བསྟན་ཏོ་ཞེས་ཐོས་སོ། །དེ་ནས་བྲམ་ཟེ་མོ་དེས་བུ་མོ་དེ་ཁྲིད་ནས་བཅོམ་ལྡན་ འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བུ་མོ་འདི་ལ་བཟོད་པ་མཛད་དུ་གསོལ། འདིས་རབ་ཏུ་སྡང་བའི་སེམས་ཀྱིས་ངག་གི་ལས་རྩུབ་པོ་མ་སྨྲས་ སོ། །བྲམ་ཟེ་མོ་ཅི་ངས་འགའ་ཞིག་ལ་མནའ་འདོར་བར་བྱའམ། གལ་ཏེ་བུ་མོ་འདིས་རབ་ཏུ་སྡང་བའི་སེམས་ཀྱིས་ངག་གི་ལས་རྩུབ་པོ་སྨྲས་པར་གྱུར་ན་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །མཉན་ཡོད་ན་བྲམ་ཟེའི་ཁྱེའུ་དག་གིས་ འཕགས་པ་ནག་པོ་ཆེན་པོ་མི་ཤ་ཟའོ་ཞེས་ཐོས་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅི་ཡང་དག་པ་ཡིན་ནམ། འོན་ཏེ་དེ་ཡང་དག་པ་མ་ཡིན་པ་བདག་ཅག་གིས་འཕགས་པ་ནག་པོ་ཆེན་པོ་བགམ་པར་བྱས། བདག་ཅག་ལས་གཅིག་ཤི་བའི་ཆ་ལུགས་སུ་བྱས་པ་དེ་བདག་ ཅག་གིས་དུར་ཁྲོད་དུ་བཀུར་བར་བྱའོ། །བདག་ཅག་ལས་གང་ཞིག་ཤི་བའི་ཆ་ལུགས་སུ་བྱ། ཁྱོད་ཤི་བའི་ཆ་ལུགས་སུ་གྱིས་ཤིག །དེས་སྨྲས་པ། ཁོ་བོ་མི་ཟོས་སམ། དེ་དག་གིས་སྨྲས་པ། ཁོ་བོ་ཅག་གིས་ཁྱོད་བསྲུང་བར་བྱའོ། །དེས་ཤི་བའི་ཆ་ལུགས་སུ་བྱས་པ་ དང་། དེ་དག་གིས་དེ་ཡང་བ་དང་། འབྲུ་མར་གྱིས་བསྐུས་ཏེ་ཁྱོགས་སྤྱིལ་དུ་བཞག་ནས་མཉན་ཡོད་ནས་ཕྱིར་འབྱུང་བར་བརྩམས་པ་དང་། ཚེ་དང་ལྡན་པ་ནག་པོ་ཆེན་པོ་ཡང་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ཏེ། དེས་དེ་མཐོང་ནས་བསམས་པ། བདག་དགང་དཀའ་བ་ འདིའི་དོན་དུ་གྲོང་དུ་བསོད་སྙོམས་ལ་ཞུགས་ཏེ་ཅི་རུང་། ཕྱིར་ལོག་ལ་ཟས་ལྔ་པོ་འདི་དག་ཉིད་བཟའ་བར་བྱའོ་སྙམ་ནས་དེ་ཕྱིར་ལོག་གོ། །བྲམ་ཟེའི་ཁྱེའུ་དེས་དེ་དག་ལ་སྨྲས་པ། ཤེས་ལྡན་དག་འཕགས་པ་ནག་པོ་ཆེན་པོ་འདི་ཕྱིར་ལོག་པས་ཁོ་བོ་ཟོས་པར་མི་འགྱུར་རམ། དེ་ དག་གིས་སྨྲས་པ། ཁོ་བོ་ཅག་འཁོད་བཞིན་དུ་ཇི་ལྟར་ཟ་བར་འགྱུར། དེ་དག་གིས་དེ་དུར་ཁྲོད་དུ་བོར་ཏེ་མཐའ་གཅིག་ཏུ་དོང་ནས་ཚང་ཚིང་དང་ལྷབ་ལྷུབ་དག་གི་ནང་དུ་མགོ་བསྲིངས་ཏེ་བསྡད་དོ། །དེར་ཝ་ཞིག་གིས་བགྲོད་པར་བརྩམས་པ་དང་། ཚེ་དང་ལྡན་པ་ནག་ པོ་ཆེན་པོས་བསམས་པ། ཝས་ཟས་ལྔ་པོ་དག་ཟོས་ཤིང་བདག་གི་ཟན་ཆད་པར་གྱུར་ན་མི་རུང་ངོ་སྙམ་དུ་རིག་ནས་དེས་མྱུར་བ་མྱུར་བར་འགྲོ་བར་བརྩམས་པ་དང་། བྲམ་ཟེའི་ཁྱེའུ་དེ་སྐྲག་སྟེ་ཁོ་བོ་ཟོས་ཁོ་བོ་ཟོས་ཞེས་ངུ་བར་བརྩམས་སོ། །བྲམ་ཟེའི་ཁྱེའུ་དེ་དག་དབྱུག་པ་ཐོགས་ཏེ་ མྱུར་བ་མྱུར་བར་དོང་ནས། དེ་དག་གིས་སྨྲས་པ། འཕགས་པ་དྲང་སྲོང་གི་རྒྱལ་མཚན་ཐོགས་ཤིང་སྡིག་པའི་ལས་རྩུབ་པོ་འདི་དང་འདི་ལྟ་བུ་ལྷག་པར་སྤྱོད་དམ། དེས་སྨྲས་པ། ཅི་བྱས་མི་ཤ་ཟའོ། །བཞིན་བཟངས་དག་ཅི་ཁྱེད་ཀྱིས་ཁོ་བོ་མཚོན་ཐོགས་ཏེ་ཤ་གཅོད་ཅིང་ཟ་བ་ མཐོང་ངམ། དེ་དག་གིས་སྨྲས་པ། འོ་ན་ཅིའི་སླད་དུ་མྱུར་བ་མྱུར་བར་བྱོན། བཞིན་བཟངས་དག་ཁོ་བོ་ལ་བློ་སྐྱེས་པ། ཝ་འདིས་ཟས་ལྔ་པོ་དག་ཟོས་ཤིང་བདག་གི་ཟན་ཆད་པར་གྱུར་ན་མི་རུང་ངོ་སྙམ་དུ་རིག་ནས་མྱུར་བ་མྱུར་བར་འོངས་སོ། །འཕགས་པ་ཟས་ལྔ་པོ་དག་གསོལ་ ལམ། མི་ཤ་གསོལ་ནི་མ་འཚལ་གྱི། འདི་ལྟར་ཐམས་ཅད་དུ་འཕགས་པ་ནག་པོ་ཆེན་པོ་མི་ཤ་གསོལ་ཞེས་སྒྲ་གྲགས་པར་གྱུར་ཏོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཉེས་དམིགས་ གང་ཅུང་ཟད་བྱུང་བ་དེ་ནི་དགེ་སློང་དག་བྱིན་ལེན་བྱེད་དུ་མ་བཅུག་པར་ཟ་བ་ལས་གྱུར་པ་ཡིན་པས་དེ་ལྟ་བས་ན། དགེ་སློང་རྣམས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ་ཟ་ན་དེ་ཉིད་དཔང་པོར་འགྱུར་རོ་སྙམ་དུ་དགོངས་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ་ བཟའ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ། བཟའ་བར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གིས་བྱིན་ལེན་དུ་ཡོད་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིན་ལེན་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། ལུས་ཀྱིས་ ལུས་སུ་དང་། ལུས་དང་འབྲེལ་བས་ལུས་སུ་དང་། ལུས་ཀྱིས་ལུས་དང་འབྲེལ་བར་དང་། ལུས་དང་འབྲེལ་བས་ལུས་དང་འབྲེལ་བར་དང་། གཞག་པའི་ཆོ་ག་ཉིད་ནི་ལྔ་པའོ། །ཇི་ལྟར་ལུས་ཀྱིས་ལུས་སུ་ཞེ་ན། ལུས་ཀྱིས་སྦྱིན་པར་བྱེད་ཅིང་ལུས་སུ་ལེན་པར་བྱེད་པ་སྟེ། དེ་ ལྟར་ལུས་ཀྱིས་ལུས་སུའོ། །ཇི་ལྟར་ལུས་དང་འབྲེལ་བས་ལུས་སུ་ཞེ་ན། ལྷུང་བཟེད་ཀྱིས་སྦྱིན་པར་བྱེད་ཅིང་ལུས་སུ་ལེན་པར་བྱེད་པ་སྟེ། དེ་ལྟར་ལུས་དང་འབྲེལ་བས་ལུས་སུའོ། །ཇི་ལྟར་ལུས་ཀྱིས་ལུས་དང་འབྲེལ་བར་ཞེ་ན། ལུས་ཀྱིས་སྦྱིན་པར་བྱེད་ཅིང་ལྷུང་བཟེད་དུ་ལེན་པར་ བྱེད་པ་སྟེ། དེ་ལྟར་ལུས་ཀྱིས་ལུས་དང་འབྲེལ་བར་རོ། །ཇི་ལྟར་ལུས་དང་འབྲེལ་བས་ལུས་དང་འབྲེལ་པར་ཞེ་ན། ལྷུང་བཟེད་ཀྱིས་སྦྱིན་པར་བྱེད་ཅིང་ལྷུང་བཟེད་དུ་ལེན་པར་བྱེད་པ་སྟེ། དེ་ལྟར་ལུས་དང་འབྲེལ་བས་ལུས་དང་འབྲེལ་བར་རོ། །ཇི་ལྟར་གཞག་པའི་ཆོ་ག་ཉིད་ནི་ལྔ་པ་ཡིན་ ཞེ་ན། དགེ་སློང་དག་སྨད་པ་ཞེས་བྱ་བའི་ཡུལ་གྱི་མི་དག་ཡོད་དེ། དེ་དག་མ་ཡང་སྨོད་པར་བྱེད། ཕ་ཡང་སྨོད་པར་བྱེད། ཕུ་ནུ་དང་བུ་སྲིང་ཡང་སྨོད་པར་བྱེད་དེ། དགེ་སློང་གང་དེར་འགྲོ་བ་དེས་དཀྱིལ་འཁོར་བྱས་ཏེ་འདིར་ཞོག་ཤིག་ཅེས་བརྗོད་པར་བྱ་ཞིང་། དེ་དག་གིས་དེར་གང་ བཞག་པ་དེ་བྱིན་ལེན་བྱེད་པར་བརྗོད་པར་བྱ་ཞིང་། བྱང་གི་སྒྲ་མི་སྙན་གྱི་དུས་བྱིན་གྱིས་བརླབས་ཏེ་བཟའ་བར་བྱ་ཞིང་འདི་ལ་འགྱོད་པར་མི་བྱ་སྟེ། དེ་ལྟར་གཞག་པའི་ཆོ་ག་ཉིད་ནི་ལྔ་པ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་དགེ་སློང་རྣམས་ལ་ཤིང་ཏོག་དག་འབུལ་བར་ བྱེད་པ་ན་དགེ་སློང་རྣམས་དེ་དག་མི་ལེན་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་གང་གི་ཚེ་བཅོམ་ལྡན་འདས་འཇིག་རྟེན་དུ་མ་གཤེགས་པ་དེའི་ཚེ་ན་ནི་གཞན་མུ་སྟེགས་ཅན་དག་སྦྱིན་གནས་ལགས་མོད། ད་ནི་བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་པས་ཁྱེད་ཅག་སྦྱིན་གནས་ ལགས་ན། གལ་ཏེ་ཁྱེད་ཅག་མི་བཞེས་ན་ཅི་བདག་ཅག་དགེ་བའི་ཤུལ་རྒྱགས་དང་བྲལ་བ་དག་གིས་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་མཆི་བར་བགྱིའམ། བཞེས་ཤིག་ཅེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། བླང་བར་བྱ་ཞིང་བླངས་ནས་ཀྱང་རུང་བར་བྱས་ཏེ་བཟའ་བར་བྱའོ། །དེ་དག་གིས་རུང་བ་དུ་ཡོད་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རུང་བ་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། མེས་རུང་བ་དང་། མཚོན་གྱིས་རུང་བ་དང་། སེན་ མོས་རུང་བ་དང་། རྙིངས་པས་རུང་བ་དང་། ནེ་ཙོས་རྨ་ཕྱུང་བས་རུང་བ་ཉིད་ནི་ལྔ་པའོ། །གཞན་ཡང་རུང་བ་ལྔ་སྟེ། ལྔ་གང་ཞེ་ན། ཕྱུང་བ་དང་། གཤེགས་པ་དང་། བཅད་པ་དང་། ཕུག་པ་དང་། ས་བོན་གྱི་ཆོས་མེད་པ་ཉིད་ནི་ལྔ་པའོ། །བཅོམ་ལྡན་འདས་ཀྱིས་ཤིང་ ཏོག་དག་བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ་ཞེས་བཀའ་སྩལ་ནས་དེ་དག་གིས་བྱིན་ལེན་དུ་ཡོད་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་བཀན་པར་བྱིན་ལེན་ལྔ་སྟེ། ལྔ་གང་ཞེ་ན། མན་ཤེལ་དང་། ཁྲི་དང་། ཁྲིའུ་དང་། ཐུ་བ་དང་། ལྷུང་ བཟེད་ཀྱི་གཞི་ཉིད་ནི་ལྔ་པའོ། །དགེ་སློང་རྣམས་ཤིང་ཏོག་དག་རེ་རེ་ནས་རུང་བར་བྱེད་དུ་འཇུག་པས་ཡུན་རིང་དུ་ཐོགས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུང་པོ་བྱས་ཏེ་མེས་གནས་གཉིས་སམ། གསུམ་དུ་རེག་པར་བྱས་ན་ཐམས་ཅད་དུ་རུང་བར་འགྱུར་རོ། །མཚོན་དང་། སེན་མོས་ནི་རེ་རེ་ནས་སོ། །ཁྱིམ་པ་རྣམས་ཤིང་ཏོག་དག་མི་སྙོམས་པར་འབྲིམ་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་དག་འབྲིམ་དུ་གཞུག་པར་བྱའོ། །དགེ་ཚུལ་དག་ཀྱང་མི་སྙོམས་པར་འབྲིམ་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ སློང་དག་གིས་ལག་པ་དག་བསྙལ་ཏེ་བྱིན་ལེན་བྱས་ནས་བྲིམ་པར་བྱའོ། །འོན་ཀྱང་མ་སྙོམས་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲིམ་པར་བྱ་བ་གཅེས་པ་དང་། བར་མ་དང་། ཐ་མ་དག་སོ་སོར་བྱའོ། །གང་དག་འབྲིམ་པར་བྱེད་པ་དེ་དག་གིས་ཕྱིས་ ཐམས་ཅད་ཀྱིས་ཐ་ཆད་དག་ཐོབ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྲིམ་པར་བྱེད་པའི་སྐལ་བ་ནི་མཁན་པོ་དང་སློབ་དཔོན་དག་གིས་མནོད་པར་བྱའོ། །དེ་དག་གིས་བཟང་པོ་དག་ཐོབ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་དྲུང་ན་འདུག་པ་དག་གིས་ མནོད་པར་བྱའོ། །དེ་དག་ལངས་ཤིང་ལངས་ཤིང་རབ་ཏུ་མང་པོ་དག་གི་སྐལ་བ་དག་བྱིན་ལེན་བྱེད་དུ་འཇུག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་ལས་མ་འཕགས་པས་ཇི་ཙམ་ནུས་པ་དེ་ཙམ་དག་བྱིན་ལེན་བྱེད་དུ་གཞུག་གོ། །འབྲིམ་པ་ན་དེ་དག་ཡང་བྱིན་ལེན་ བྱེད་དུ་འཇུག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་ལས་མ་འཕགས་པས་གང་དག་ལེན་ནུས་པ་དེ་དག་ནི་བྱིན་ལེན་བྱེད་དུ་བཅུག་ཟིན་པར་བརྗོད་པར་བྱའོ། །སྟན་ལས་མ་འཕགས་པས་གང་དག་ལེན་མི་ནུས་པ་དེ་དག་ནི་ཡང་བྱིན་ལེན་བྱེད་དུ་གཞུག་པར་བྱའོ། །ཁྱིམ་ བདག་ན་རེ་འཕགས་པ་དག་བདག་ཅག་གིས་ཀྱང་བྲིམ་པར་བགྱིའོ་ཞེས་ཟེར་བ་ན་དགེ་སློང་དག་མི་བཏུབ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྲིམ་དུ་གཞུག་པར་བྱའོ། །དེ་དག་དང་པོར་འཛིན་ཅིང་དགེ་སློང་དག་ཕྱིས་འཛིན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ སློང་དག་གིས་དང་པོར་གཟུང་བར་བྱ་ཞིང་། ཕྱིས་ཁྱིམ་བདག་གིས་གཟུང་བར་བྱའོ། །དགེ་སློང་རྣམས་དགེ་སློང་དག་ལས་བླངས་པ་གང་དག་ཡིན་པ་དེ་དག་ཡང་བྱིན་ལེན་བྱེད་དུ་འཇུག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལས་བླངས་པ་གང་དག་ཡིན་པ་དེ་ དག་གི་བྱིན་ལེན་ནི་དེ་ཉིད་ཡིན་ནོ། །ཁྱིམ་པ་དག་ལས་བླངས་པ་གང་དག་ཡིན་པ་དེ་དག་ནི་བྱིན་ལེན་བྱེད་དུ་གཞུག་གོ། །གཏོང་བ་ན་དང་པོར་ཁྱིམ་པ་དག་གིས་གཏོང་ཞིང་ཕྱིས་དགེ་སློང་དག་གིས་གཏོང་བར་བྱེད་ནས། དགེ་སློང་རྣམས་དེ་དག་གསོག་འཇོག་བྱས་པ་ཡིན་ནོ་ཞེས་ འདོར་བར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དང་པོར་དགེ་སློང་དག་གིས་གཏང་བར་བྱ་ཞིང་ཕྱིས་ཁྱིམ་པ་དག་གིས་གཏང་བར་བྱ་སྟེ། ཕྱི་དེ་ཉིན་པར་དགེ་འདུན་ལ་བྲིམ་པར་བྱའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་དགེ་འདུན་ལ་ཞུན་མར་གྱི་བུམ་པ་དང་། འབྲུ་མར་གྱི་བུམ་པ་དང་། སྦྲང་རྩིའི་བུམ་པ་དང་། བུ་རམ་གྱི་དབུ་བའི་བུམ་པ་དག་འབུལ་བ་ན་དགེ་སློང་དག་མི་ལེན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱ་ཞིང་བླངས་ནས་དགེ་འདུན་ལ་བྲིམ་པར་བྱའོ། །དེ་དག་གིས་ཆོས་གོས་དག་སྣུམས་པར་གྱུར་ནས་བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། བར་དུ་རྩྭའམ་ལོ་མ་དག་བཅུག་སྟེ་བྲིམ་པར་བྱའོ། །དེ་དག་བཟུང་སྟེ་འགྲེང་བ་ན་ངལ་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞག་པར་བྱའོ། །དེ་དག་གིས་གཞག་པ་དང་འདྲིལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། འོག་གཞི་ལ་གཞག་པར་བྱའོ། །དེ་དག་གིས་དེ་དག་ཟོས་ནས་དེ་དག་ཉིད་ལ་ཕྱིར་སྦྱིན་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དག་ཕུལ་ན་བུམ་པ་དག་མ་ཕུལ་ལམ་ཅི། བུམ་པ་དག་ཀྱང་ཁྱེད་ ཉིད་སྣོམས་ཤིག །དེ་དག་གིས་མནོས་ཏེ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ཆུའི་རྫིང་བུ་ཟབ་མོའི་ནང་དུ་ཞག་བདུན་ནམ། བརྒྱད་གཞུག་པར་བྱ་ཞིང་། གང་གི་ཚེ་ཉའམ། རུས་སྦལ་ལམ། སྦལ་པའམ། ཆུ་སྲིན་བྱིས་པ་གསོད་དམ། ཉ་ ཁྱི་བདག་གིས་མ་ལུས་པར་ལྡགས་པར་གྱུར་པ་དེའི་ཚེ་ན་རུང་བའི་ཁང་པར་བཅུག་སྟེ་སྤྱད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གིས་ཇི་ལྟར་བྱིན་ལེན་བྱེད་དུ་བཅུག་པ་དང་། ཇི་ལྟར་བྱིན་ལེན་བྱེད་དུ་མ་བཅུག་པ་མི་ ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་ལྔས་ནི་བྱིན་ལེན་བྱེད་དུ་མ་བཅུག་པར་བརྗོད་པར་བྱ་ལ། རྣམ་པ་ལྔས་ནི་བྱིན་ལེན་བྱེད་དུ་བཅུག་པར་བརྗོད་པར་བྱའོ། །རྣམ་པ་ལྔ་པོ་གང་དག་གིས་བྱིན་ལེན་བྱེད་དུ་མ་བཅུག་པར་བརྗོད་པར་བྱ་ཞེ་ན། མཚམས་ཀྱི་ཕྱི་རོལ་ ན་འདུག་པས་དང་། མི་འཐོབ་པའི་ཕྱོགས་ནས་དང་། གློ་ནས་དང་། རྒྱབ་ནས་དང་། ལག་པ་ཁས་ཕུབ་པས་བྱིན་ལེན་བྱེད་དུ་འཇུག་པ་སྟེ། རྣམ་པ་ལྔ་པོ་དེ་དག་གིས་ནི་བྱིན་ལེན་བྱེད་དུ་མ་བཅུག་པར་བརྗོད་པར་བྱའོ། །རྣམ་པ་ལྔ་པོ་གང་དག་གིས་བྱིན་ལེན་བྱེད་དུ་བཅུག་པར་ བརྗོད་པར་བྱ་ཞེ་ན། མཚམས་ཀྱི་ཕྱི་རོལ་མ་ཡིན་པ་ན་འདུག་པས་དང་། མི་འཐོབ་པའི་ཕྱོགས་མ་ཡིན་པ་ནས་དང་། གློ་མ་ཡིན་པ་ནས་དང་། རྒྱབ་མ་ཡིན་པ་ནས་དང་། ལག་པ་ཁས་ཕུབ་པ་མ་ཡིན་པས་བྱིན་ལེན་བྱེད་དུ་འཇུད་པ་སྟེ། རྣམ་པ་ལྔ་པོ་དེ་དག་གིས་ནི་བྱིན་ལེན་ བྱེད་དུ་བཅུག་པར་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ་ཞེས་བཀའ་སྩལ་ནས། དྲུག་སྡེ་དག་བྱིན་ལེན་བྱེད་དུ་བཅུག་པ་དང་། བྱིན་ལེན་བྱེད་དུ་མ་བཅུག་པ་ཡང་ཟ་བར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་བཅོམ་ལྡན་འདས་ཀྱིས་བྱིན་ ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ་ཞེས་བཀའ་སྩལ་ན། ཅིའི་ཕྱིར་དགེ་སློང་དག་བྱིན་ལེན་བྱེད་དུ་བཅུག་པ་དང་། བྱིན་ལེན་བྱེད་དུ་མ་བཅུག་པ་ཡང་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོག་ པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ངས་བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ་ཞེས་བཀའ་སྩལ་ན། ཁྱེད་བྱིན་ལེན་བྱེད་དུ་བཅུག་པ་དང་། བྱིན་ལེན་བྱེད་དུ་མ་བཅུག་པ་ཡང་ཟ་བ་བདེན་ནམ། བཙུན་པ་མད་དོ། ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་ དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་ གདོན་པར་བྱ་སྟེ། ཡང་དགེ་སློང་གང་མ་བྱིན་པར་ཁ་ནས་མིད་པའི་ཟས་ཟ་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །དགེ་སློང་དགོན་པ་པ་དགོན་པ་ན་གནས་པ་རྣམས་ལ་ཆུ་དང་སོ་ཤིང་གི་བྱིན་ལེན་སྟོབས་པ་ མེད་ནས་དེ་དག་གིས་དགོན་པའི་གནས་མལ་དག་བོར་ཏེ་གྲོང་མཐའི་གནས་མལ་དག་ཏུ་ཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་ བོ་ཅིའི་ཕྱིར་དགེ་སློང་དགོན་པ་པ་དག་གིས་དགོན་པའི་གནས་མལ་དག་བོར་ཏེ་གྲོང་མཐའི་གནས་མལ་དག་ཏུ་ཞུགས། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་མ་བྱིན་པར་ཁ་ནས་མིད་པའི་ཟས་ཟ་ན་ལྟུང་བྱེད་དོ་ཞེས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་ བ་མཛད་པས། དགེ་སློང་དགོན་པ་པ་དགོན་པ་ན་གནས་པ་རྣམས་ལ་ཆབ་དང་། སོ་ཤིང་གི་བྱིན་ལེན་སྟོབས་པ་མ་མཆིས་ནས་དེ་དག་གིས་དགོན་པའི་གནས་མལ་དག་བོར་ཏེ་གྲོང་མཐའི་གནས་མལ་དག་ཏུ་ཞུགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཆུ་དང་སོ་ ཤིང་མ་གཏོགས་སོ། །གླང་པོ་ཆེ་ཅང་ཤེས་དང་། སྤྲེའུ་ཅང་ཤེས་དང་། དོམ་ཅང་ཤེས་དག་ཡོད་ནས་དེ་དག་གིས་དགེ་སློང་རྣམས་ལ་ཤིང་ཏོག་དག་འབུལ་བ་ན་དགེ་སློང་རྣམས་འགྱོད་པས་དེ་དག་མི་ལེན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་ལེན་པ་ཡོད་པ་དེ་ལ་ སྟོབས་པ་ཡང་ཡོད་པས། དེ་ལྟ་བས་ན་དེ་དག་གིས་བསྟབས་པ་ནི་བྱིན་ལེན་བྱས་པར་བརྗོད་པར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་ སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་ བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མ་བྱིན་པར་ཁ་ནས་མིད་པའི་ཟས་ཟ་ན་ཆུ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །མ་བྱིན་པར་ཞེས་བྱ་བ་ནི་དེ་ལ་སྐྱེས་པའམ། བུད་ མེད་དམ། མ་ནིང་གང་གིས་ཀྱང་མ་སྦྱིན་པར་རོ། །ཁ་ནས་མིད་པའི་ཟས་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དང་། བཟའ་བ་ལྔ་པོ་དག་གོ། །ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ཆུ་དང་སོ་ཤིང་མ་གཏོགས་ཏེ་ཞེས་བྱ་བ་ནི་ཆུ་དང་སོ་ཤིང་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་བྱིན་ལེན་མ་བྱས་པ་ལ་བྱིན་ལེན་མ་བྱས་པར་འདུ་ཤེས་པས་བཅའ་བ་དང་བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་བྱིན་ལེན་མ་བྱས་པ་ལ་ཡིད་གཉིས་ཟ་བས་བཅའ་བ་དང་ བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་བྱིན་ལེན་བྱས་པ་ལ་བྱིན་ལེན་མ་བྱས་པར་འདུ་ཤེས་པས་བཅའ་བ་དང་། བཟའ་བ་འཆའ་འམ་ཟ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བྱིན་ལེན་བྱས་པ་ལ་ཡིད་གཉིས་ཟ་བས་བཅའ་བ་དང་བཟའ་བ་འཆའ་འམ། ཟ་ ན་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ནག་པོ་ཆེན་པོས་ལས་ཅི་བགྱིས་ན་ལས་ དེའི་རྣམ་པར་སྨིན་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་ནས། ཐམས་ཅད་དུར་ཁྲོད་པ་དང་ལྡན་ཞིང་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ཤིང་། དགྲ་བཅོམ་པ་ཉིད་ཐོབ་ནས་ཡང་དག་པ་མ་ལགས་པས་སྐུར་པར་གྱུར། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་ནག་པོ་ཆེན་པོ་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། ནག་པོ་ཆེན་པོ་ཉིད་ཀྱིས་ལས་བྱས་ ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་ གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། ། འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རང་སངས་རྒྱས་བླ་མ་ཞེས་བྱ་བ་ཞིག་ཉེ་བར་རྟེན་ཅིང་གནས་པ་དེ་ལྷའི་ཚོགས་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། དུར་ཁྲོད་ཆེན་པོའི་དབུས་ནས་བཱ་རཱ་ཎ་སཱིར་བསོད་ སྙོམས་ལ་ཞུགས་སོ། །དུར་ཁྲོད་ཆེན་པོ་དེ་ན་གནོད་སྦྱིན་གདུག་པ་ཞིག་འདུག་པ་དེ་དེ་ན་མི་རོ་མྱགས་པ་ཟའོ། །གང་གི་ཚེ་རང་སངས་རྒྱས་བླ་མ་དུར་ཁྲོད་ཆེན་པོ་དེར་ཕྱིན་པ་དེའི་ཚེ་ན་གནོད་སྦྱིན་གདུག་པ་དེ་ལྷའི་མཐུས་དུར་ཁྲོད་ཆེན་པོ་དེ་ནས་བྲོས་པ་དང་། དེའི་མི་རོ་མྱགས་པ་དེ་ དག་ཝ་ལ་སོགས་པས་ཟོས་ནས་གནོད་སྦྱིན་གདུག་པ་དེས་བསམས་པ། རབ་ཏུ་བྱུང་བ་འདི་བདག་གི་ལྟོའི་བགེགས་སུ་གྱུར་གྱིས། བདག་གིས་འདི་ལ་བསྙེན་བཀུར་མ་ཡིན་པ་བྱའོ་སྙམ་ནས། དེས་དེའི་ལྷུང་བཟེད་དུ་མིའི་ལག་པ་བཅུག་པ་དང་། བཱ་རཱ་ཎ་སཱིར་ཐམས་ཅད་ དུ་རབ་ཏུ་བྱུང་བ་དེ་མི་ཤ་ཟའོ་ཞེས་སྒྲ་གྲགས་པར་གྱུར་ཏོ། །རང་སངས་རྒྱས་བདག་ཉིད་ཆེན་པོ་དེས་བསམས་པ། གནོད་སྦྱིན་གདུག་པ་ཉོན་མོངས་པ་འདི་ཧ་ཅང་རྨས་པ་དང་། ཉམས་པར་གྱུར་ན་མི་རུང་གིས་འདི་ལ་ལ་གནས་དྲངས་པ་སྦྱིན་ནོ་སྙམ་ནས། དེ་དེ་ལ་སྙིང་བརྩེ་བའི་ཕྱིར་ དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་ཕབ་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས་གནོད་ སྦྱིན་གདུག་པ་དེ་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་རང་སངས་རྒྱས་དེའི་རྐང་པ་གཉིས་ཀྱི་དྲུང་དུ་འགྱེལ་ནས་སྨྲས་པ། ཡོན་གནས་ཡང་དག་པར་གྱུར་པ་མར་གཤེགས་སུ་གསོལ། མར་གཤེགས་སུ་གསོལ། ཉོན་མོངས་པའི་འདམ་དུ་བྱིང་བ་བདག་གི་སུག་པ་ནས་དྲང་བ་སྩལ་ དུ་གསོལ། བདག་གིས་ཁྱོད་ལ་ཡང་དག་པ་མ་ལགས་པའི་བསྔགས་པ་མ་ལགས་པ་བརྗོད་དོ། །བཱ་རཱ་ཎ་སཱི་ཐམས་ཅད་དུ་ཡང་རབ་ཏུ་བྱུང་བ་དེ་མི་ཤ་མི་ཟའི། འདིས་དེ་ལ་ཡང་དག་པ་མ་ཡིན་པའི་མི་བསྔགས་པ་བརྗོད་དོ་ཞེས་སྒྲ་གྲགས་པར་གྱུར་ཏོ། །རང་སངས་རྒྱས་དེ་ གནོད་སྦྱིན་གདུག་པ་དེ་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར་སྟེང་གི་ནམ་མཁའ་ལས་ཤོད་དུ་བབས་སོ། །དེ་ནས་གནོད་སྦྱིན་གདུག་པ་དེས་དེའི་ལྷུང་བཟེད་ནས་མིའི་ལག་པ་ས་ལ་བོར་ཏེ་རྐང་པ་གཉིས་ལ་ཕྱག་འཚལ་ནས་སྨོན་ལམ་འདི་སྐད་ཅེས། བདག་ཡོན་གནས་ཡང་དག་པར་གྱུར་པ་འདི་ ལྟ་བུ་ལ་གནོད་པ་བྱས་པ་གང་ཡིན་པའི་ལས་དེའི་ཆ་དང་མཐུན་པར་མ་གྱུར་པར་མཆོད་པ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས་འདི་པས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང་ཐུགས་འབྱུང་བར་མི་བྱེད་པའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་ཐོབ་པར་གྱུར་ཅིག་ཅེས་བཏབ་བོ། །དགེ་ སློང་དག་དེ་ལ་དེའི་ཚེ་དེའི་དུས་ན་གནོད་སྦྱིན་གདུག་པ་གང་ཡིན་པ་དེ་ནི་ནག་པོ་ཆེན་པོ་འདི་ཡིན་ཏེ། དེས་རང་སངས་རྒྱས་ལ་ཡང་དག་པ་མ་ཡིན་པས་སྐུར་པ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ཚེ་རབས་མང་པོ་དག་ཏུ་སེམས་ཅན་དམྱལ་བ་རྣམས་སུ་གདུངས་ནས། ལས་དེ་ ཉིད་ཀྱི་ལྷག་མས་ཚེ་རབས་ལྔ་བརྒྱར་ཡང་དག་པ་མ་ཡིན་པས་སྐུར་ནས། ད་ལྟར་དགྲ་བཅོམ་པ་ཐོབ་ཀྱང་ཡང་དག་པ་མ་ཡིན་པས་སྐུར་ཏོ། །མཆོད་པ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ནི་ངའི་དྲུང་དུ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་ སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཤིང་། འདིས་རང་སངས་རྒྱས་བྱེ་བ་ཕྲག་འབུམ་པས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་ང་མཉེས་པར་བྱས་ཤིང་ཐུགས་བྱུང་བར་མ་བྱས་སོ། །འདི་དུར་ཁྲོད་དེ་ན་གནས་གནས་པ་གང་ཡིན་པ་དེའི་བག་ཆགས་ཀྱིས་ད་ལྟར་ཡང་ཐམས་ ཅད་དུར་ཁྲོད་པ་དང་ལྡན་པར་གྱུར་ཏོ། །དགེ་སློང་དག་དེ་ལྟར་ན། ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ།། །།བར་སྡོམ་ལ། ཐམས་ཅད་ དུར་ཁྲོད་ལྡན་པ་དང་། །སྒོ་བ་དང་ནི་བུ་མོ་དང་། །བྲམ་ཟེས་བགམས་དང་བྱིན་ལེན་ལྔ། །ཤིང་ཏོག་ལ་སོགས་གཞན་ལྔ་དང་། །ཆུ་དང་སོ་ཤིང་གནང་བ་དང་། །གླང་ཆེན་སྤྲེའུ་དོམ་དང་ནི། །སྔོན་གྱི་ཚུལ་དང་སྦྱར་བ་ཡིན། །བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་དེ་ སུམ་བཅུ་རྩ་དགུ་པ་རྫོགས་སྷོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་ལྔ་བཅུ་རྩ་བཞི་པ། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ན། སེར་སྐྱའི་གནས་སུ་བྱོན་ནས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་ སོ། །ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་སེར་སྐྱའི་གནས་སུ་བྱོན་ནས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་སེར་སྐྱའི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་ སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཤཱཀྱ་མིང་ཆེན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ ནས་ཅང་མི་གསུང་ངོ་། །དེ་ནས་ཤཱཀྱ་མིང་ཆེན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སང་བདག་གི་སྡུམ་པར་དགེ་སློང་གི་དགེ་ འདུན་དང་ཐབས་ཅིག་ཏུ་གདུགས་ཚོད་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་ཤཱཀྱ་མིང་ཆེན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ནས་རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཞོ་ཤས་འཚོ་བ་དག་ལ་སྨྲས་པ། ཤེས་ལྡན་དག་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ཤུལ་གྱིས་མཉེལ་ཏེ་གཤེགས་ཀྱིས་གདུགས་ཚོད་སྔ་རབ་ཏུ་ཞལ་ཟས་བསོད་པ་སྟ་གོན་ གྱིས་ཤིག །དྲུག་སྡེ་དག་ནང་པར་སྔར་ལངས་ཏེ་སྨྲས་པ། དགའ་བོ་ཉེ་དགའ་ཇེ་ཁྱིམ་དུ་འགྲོ་བའི་ཁྱིམ་དག་བལྟས་འདོང་ངོ་། །དེ་ལྟར་བྱའོ་ཞེས་དེ་དག་ཁྱིམ་དུ་འགྲོ་བའི་ཁྱིམ་དག་ཏུ་དོང་བ་དང་། དེ་དག་གིས་སྨྲས་པ། འཕགས་པ་དག་འདི་ཉིད་དུ་གདུགས་ཚོད་གསོལ་ཅིག ། དྲུག་སྡེ་དག་གིས་སྨྲས་པ། ཁོ་བོ་ཅག་མགྲོན་དུ་བོས་སོ། །སུས། ཤཱཀྱ་མིང་ཆེན་གྱིས་སོ། །འོ་ན་སང་གདུགས་ཚོད་གསོལ་ཅིག །དེ་ལྟར་བྱའོ། །དེ་ནས་ཤཱཀྱ་མིང་ཆེན་ནང་པར་སྔར་ལངས་ཏེ་གདན་བཤམས་ནས་ཆུ་ར་བཞག་སྟེ། བཅོམ་ལྡན་འདས་ལ་སྤྱན་ འདྲེན་གྱིས་བཙུན་པ་གདུགས་ཚོད་གཡར་དགོངས་འཚལ་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་དྲངས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ་ལ་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་ སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། ཤཱཀྱ་མིང་ཆེན་གྱི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམ་པ་ཉིད་ལ་བཞུགས་སོ། །དེ་ནས་ཤཱཀྱ་མིང་ཆེན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་ གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད་ཅིང་སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མས་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ ནས། བཅོམ་ལྡན་འདས་གདུགས་ཚོད་གསོལ་ཅིང་ཕྱག་བཅབས་ཏེ་ལྷུང་བཟེད་བཞག་པར་རིག་ནས། སྟན་ཆེས་དམའ་བ་བླངས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤཱཀྱ་མིང་ཆེན་ལ་ཆོས་དང་ལྡན་པའི་བཀའ་ མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་ འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་ཤཱཀྱ་མིང་ཆེན་རེ་ཞིག་བཅོམ་ལྡན་འདས་ཀྱི་སླད་བཞིན་སླད་བཞིན་དུ་ཞབས་འབྲིང་དུ་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་ལོག་སྟེ། དེ་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་གཏོང་བ་རྗེས་སུ་དྲན་པ་སྒོམ་པར་བྱེད་དོ། །ཞོ་ཤས་འཚོ་བ་དག་གིས་ཀྱང་ དེའི་གནས་མལ་དག་བརྟུལ་ཅིང་ཁ་ཟས་དག་བསྡུས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་གདུགས་ཚོད་ལ་བབ་པས་ཟན་ཆད་པར་གྱུར་ན་མི་རུང་གིས་འདོང་ངོ་ཞེས་དེ་དག་གིས་ཁྱིམ་དུ་འགྲོ་བའི་ཁྱིམ་དག་ཏུ་ཟན་དྲུག་བཅུ་སྦྱོར་དུ་བཅུག་ནས་ཤཱཀྱ་མིང་ཆེན་གྱི་ཁྱིམ་དུ་དོང་ བ་དང་། ཇི་ཙམ་ན་དེ་ན་ཁ་ཟས་སྟ་གོན་བྱས་པ་ཡང་མེད། གནས་མལ་བཤམས་པ་ཡང་མེད་པར་མཐོང་ནས་དྲུག་སྡེ་དག་གིས་ཞོ་ཤས་འཚོ་བ་དེ་དག་ལ་སྨྲས་པ། ཤེས་ལྡན་དག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ནས་སྙིང་ལས་ཆུང་ངུར་འཁོད་ཅིང་ གདུགས་ཚོད་ཀྱང་སྟ་གོན་མི་བྱེད། གནས་མལ་ཡང་ཤོམ་པར་མི་བྱེད་ན། ཇི་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་གདུགས་ཚོད་གཅོད་པར་བྱེད་དམ། དེ་དག་གིས་སྨྲས་པ། འཕགས་པ་དག་ཁྱེད་ཅག་མནལ་བར་གྱུར་ཏམ་ཅི། སངས་རྒྱས་ལ་སོགས་ པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཏེ་གཤེགས་ལགས་སོ། །དྲུག་སྡེ་དག་གིས་སྨྲས་པ། ཅི་ཁོ་བོ་ཅག་གི་ཟན་གཅད་པར་བྱའམ། དེ་དག་གིས་སྨྲས་པ། འཕགས་པ་དག་བདག་ཅག་གིས་ཤཱཀྱ་མིང་ཆེན་ལ་སྦྲན་གྱི་བར་དུ་རེ་ཞིག་ཡུད་ཙམ་ཞིག་གཞེས་ཤིག་ཅེས་ དེ་དག་དོང་སྟེ་ཤཱཀྱ་མིང་ཆེན་ལ་སྨྲས་པ། འཕགས་པ་དྲུག་སྡེ་དག་ད་གཟོད་མཆིས་ཏེ་འཚལ་མ་སློང་ངོ་། །ཤཱཀྱ་མིང་ཆེན་གྱིས་སྨྲས་པ། དེང་ལ་ལྷག་རོལ་ཅུང་ཟད་ཅི་ཡོད་པ་དེ་བྱིན་ཅིག །དེ་དག་དོང་སྟེ་སྨྲས་པ། འཕགས་པ་དག་བཞུགས་ལ་གསོལ་ཅིག་ཅེས་དེ་དག་ གིས་བྲིམ་པར་བརྩམས་པ་དང་། དྲུག་སྡེ་དག་གིས་སྨྲས་པ། ཤཱཀྱ་མིང་ཆེན་གྱིས་ཁ་ཤིན་ཏུ་ཆེན་པོས་བཅོམ་ལྡན་འདས་ཀྱིས་སང་བདག་གི་སྡུམ་པར་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་གདུགས་ཚོད་གསོལ་བར་ཅི་གནང་ཞེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ སྤྱན་དྲངས་ན། གལ་ཏེ་ཟན་འདི་འདྲ་བས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲང་དུ་རུང་ན་ནི། ཉེ་དགའས་ཀྱང་ཉི་མ་རེ་རེ་ཞིང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་འདྲེན་པར་འགྱུར་རོ། །འདི་ལྟར་བཀྲེན་པ་འདི་ལ་ཅི་བདོག་གིས་དེང་ལ་ཁྱིམ་བདག་ ཆེ་གེ་མོའི་ཁྱིམ་ནས་འོ་མ་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་ཞོ་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་མར་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་ཉ་ཤ་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་ཤ་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་ཤ་སྐམ་དག་ལོང་ཤིག་ཅེས་དེ་དག་གིས་བདག་ཉིད་ ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་དེར་ཟོས་ནས་དོང་སྟེ་གཙུག་ལག་ཁང་དུ་དོང་བ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱིས་གང་དུ་ཟན་ཟོས། དེ་ཉིད་དུའོ། །ཁྱེད་ཅག་དེ་ན་མ་མཐོང་ངོ་། །དྲུག་སྡེ་དག་ གིས་སྨྲས་པ། ཁོ་བོ་ཅག་ཕྱིས་ལྷགས་སོ། །ཁྱེད་ཅག་གིས་ཟན་ཇི་ལྟ་བུ་ཟོས། དྲུག་སྡེ་དག་གིས་སྨྲས་པ། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་གོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་གིས་ཟས་དེ་ལྟ་བུ་ མ་ཐོབ་བོ། །དྲུག་སྡེ་དག་གིས་སྨྲས་པ། བཀྲེན་པ་དེ་ལ་ཟས་དེ་ལྟ་བུ་ག་ལ་ཡོད། ཁོ་བོ་ཅག་གིས་ཁྱིམ་དུ་འགྲོ་བའི་ཁྱིམ་དག་ནས་བླངས་ཏེ་དེར་ཟོས་སོ། །ཁྱེད་ཅག་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་ཟར་རུང་ངམ། རུང་ཡང་ སྲིད་མི་རུང་ཡང་སྲིད་དེ། ཅི་ཁོ་བོ་ཅག་གིས་ལྟོགས་ཏེ་འཆི་བར་བྱའམ། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་འཆའ་བ་དང་། ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ངས་དགེ་སློང་རྣམས་ཀྱི་ཟས་བསོད་པ་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་སྟེ། ཁྱེད་ཀྱིས་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་ཟོས་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་ མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་ རྣམས་ཀྱི་ཟས་བསོད་པ་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་སྟེ། ཡང་དགེ་སློང་དག་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་འཆའ་འམ། ཟ་ན་ལྟུང་བྱེད་དོ་ ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །དགེ་སློང་ན་བ་ཞིག་གིས་སྨན་པ་ལ་དྲིས་པ། བཞིན་བཟངས་ཇེ་ཁོ་བོ་ལ་སྨན་སྟོན་ཅིག །འཕགས་པ་འོ་མ་གསོལ་ཅིག །བཞིན་བཟངས་ཁོ་བོ་ལ་འོ་མ་སུས་སྦྱིན་པར་གྱུར། འཕགས་པ་ཁྱིམ་དག་ནས་སློང་ཤིག །བཞིན་བཟངས་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མཛད་དོ། །འཕགས་པ་ཁྱོད་ཀྱི་སྟོན་པ་ཐུགས་རྗེ་ཅན་ལགས་པས། དེ་ཉིད་རྐྱེན་དུ་མཛད་ནས་གནང་བར་གྱུར་པ་གང་ལགས་པ་དེ་ལྟ་བུའི་གནས་མཆིས་པར་འགྱུར་རོ་ཞེས་ ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ན་བའི་དུས་མ་གཏོགས་སོ། །དེ་བཞིན་དུ་དགེ་སློང་གཞན་ལ་འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་ ཁྱིམ་དག་ནས་སློང་དུ་གནང་བའི་བར་དུ་སྔ་མ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་ འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ དགེ་སློང་རྣམས་ཀྱི་ཟས་བསོད་པ་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་སྟེ། ཡང་དགེ་སློང་གང་མི་ན་བར་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་འཆའ་འམ་ཟ་ན་ ལྟུང་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ། །དགེ་སློང་རྣམས་ཀྱི་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིའོ། །ཟས་བསོད་པ་གང་དག་བསོད་པ་ཞེས་བྱ་བ་ནི་རབ་ཏུ་བསྟན་པའོ། །འདི་ལྟ་སྟེ། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་སྟེ་ཞེས་བྱ་བ་ནི་ཟས་བསོད་པ་དག་གོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །མི་ན་བར་ཞེས་བྱ་བ་ནི་ན་བ་མ་གཏོགས་པར་རོ། །བདག་ཉིད་ཀྱི་ཕྱིར་ ཞེས་བྱ་བ་ནི་བདག་ཉི