Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 007_འདུལ་བ།_ཇ

Văn bản gốc(Tây Tạng)

Trang 2 / 18 (50.000 ký tự/trang)
ེ་མི་བཟོད་པ་ཡིན་ན་འཇུག་པར་མི་བྱ་སྟེ། གལ་ཏེ་ཚིག་ན་ཡང་དེ་ལ་འགྱོད་པར་མི་བྱའོ། །སེར་ཆེ་བའི་དབུས་ན་གཙུག་ལག་ཁང་འདུག་ཅིང་། སྟེང་གི་རི་ཁ་ནས་ཆར་པའི་རྒྱུན་སྦོམ་པོ་བབ་
པ་ན། གཙུག་ལག་ཁང་དུ་ཆུ་བྱུང་ཞིང་གྲོང་དང་། གྲོང་ཁྱེར་དང་། རྒྱལ་པོའི་ཕོ་བྲང་དང་། ཡུལ་འཁོར་ཡང་ཁྱེར་ལ་ཐུག །སྤྱོད་ཡུལ་དང་སྤྱོད་ཡུལ་གྱི་ལམ་དང་། དག་ར་དང་། སྒོ་ཁང་དང་། གཙུག་ལག་ཁང་ཡང་ཁྱེར་ལ་ཐུག་པ་ན། དགེ་སློང་རྣམས་ཀྱིས་རང་རང་
གི་ལྷུང་བཟེད་དང་ཆོས་གོས་དག་ནི་ཕྱུང་། དགེ་འདུན་གྱི་གནས་མལ་དག་ནི་ཁྱེར་ནས། ཁྱིམ་བདག་འོངས་ནས་དགེ་སློང་རྣམས་ལ་དྲིས་པ། འཕགས་པ་དག་ཅི་དག་མ་ཁྱེར་རམ། ཅི་ཡང་མ་ཁྱེར་རོ། །དགེ་འདུན་གྱི་གནས་མལ་དག་ག་རེ། ཁྱེར་རོ། །ཅི་ཡང་མ་
ཁྱེར་བ་དེ་དེ་འདྲའམ། ཁོ་བོ་ཅག་གི་ཅི་ཡང་མ་ཁྱེར་རོ། །དེས་སྨྲས་པ། ཀྱེ་མའོ་དགེ་འདུན་གྱི་གནས་མལ་ཙམ་འབྱིན་ཀྱང་མ་ཕོད་ཅེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་
གྱི་གནས་མལ་ཡང་དབྱུང་བར་བྱའོ། །དེ་དག་དགེ་འདུན་གྱི་གནས་མལ་འབྱིན་པ་ན་དེ་དག་གི་གང་ཟག་གི་གནས་མལ་དང་། ལྷུང་བཟེད་དང་། ཆོས་གོས་དག་ཁྱེར་ནས་དེ་དག་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་ནི་ཕོངས་པར་འགྱུར་ལ། དགེ་འདུན་ནི་མི་འགྱུར་བས་ཇེ་དང་པོར་གང་ཟག་གི་ལྷུང་བཟེད་དང་། ཆོས་གོས་དབྱུང་བར་བྱ་ཞིང་། དེའི་འོག་ཏུ་དགེ་འདུན་གྱི་དབྱུང་བར་བྱའོ། །དེ་དག་ཕྱུང་བ་ན་མ་བྱིན་པར་ལེན་པ་དག་གིས་
བརྐུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་སྲུང་མ་དགེ་སློང་གཞག་པར་བྱའོ། །དེ་དག་མཐུ་དང་ལྡན་པ་འཇོག་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐུ་ཆུང་ངུ་གཞག་པར་བྱའོ། །དེ་དག་ཆུ་མི་བཟོད་པར་འཇུག་པར་བྱེད་ནས། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ཆུ་མི་བཟོད་པ་ཡིན་ན་འཇུག་པར་མི་བྱ་སྟེ། གལ་ཏེ་ཁྱེར་ན་ཡང་དེ་ལ་འགྱོད་པར་མི་བྱའོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །
གནས་མལ་གྱི་ལྟུང་བྱེད་དེ་བཅུ་བཞི་པ་རྫོགས་སྷོ།། །།བར་སྡོམ་ལ། ལྷོ་ལམ་དང་ནི་མ་བོར་དང་། །མ་དྲིས་འདོར་དང་མཐུས་འདོར་དང་། །ཁྲོན་པ་དང་ནི་བླང་བ་དང་། །དག་ར་དང་ནི་འཆག་ས་དང་། །ལྕི་བ་གཞག་པ་ཐ་མ་ཡིན། །སངས་རྒྱས་བཅོམ་
ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ལྷོ་ལམ་ནས་དགེ་སློང་རྒན་པ་དང་། གཞོན་པ་གཉིས་ཤིག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་མཉན་ཡོད་དུ་འོངས་ནས། རྒན་ཤོས་ཀྱི་གཙུག་ལག་
ཁང་ནི་གནས་མལ་དང་བཅས་པ་ཞིག་ཏུ་བསྐོས། གཞོན་པ་ཤོས་ཀྱི་གཙུག་ལག་ཁང་ནི་གནས་མལ་མེད་པ་ཞིག་ཏུ་བསྐོས་པ་དང་། གཞོན་པ་ཤོས་དེ་སྒྲུབ་ཕོད་པ་ཞིག་ཡིན་པས་དེས་རྩྭ་མང་པོ་དག་བླངས་ནས་པུས་མོ་ནུབ་ཙམ་གྱི་གདིང་བ་བཤམས་སོ། །རྒན་པ་
དེས་བསམས་པ། གཞོན་ནུ་དེའི་གཙུག་ལག་ཁང་ཇི་ལྟ་བུ་ཞིག་ཏུ་བསྐོས་པ་ཇེ་བལྟས་འགྲོའོ་སྙམ་ནས་དེ་དེར་སོང་བ་དང་། ཇི་ཙམ་ན་གདིང་བ་བཟང་པོ་བཤམས་པ་མཐོང་ནས་དེས་བསམས་པ། བདག་ཇི་སྲིད་དུ་གནས་མལ་ཕྱིར་གཏོད་པར་བྱེད་པ་དེ་སྲིད་དུ་སང་འགྲོ་བ་
འཕྱིས་པར་འགྱུར་གྱིས་འདི་ཉིད་དུ་འདུག་གོ་སྙམ་ནས། དེས་གནས་མལ་དང་བཅས་པའི་གཙུག་ལག་ཁང་དེ་དགེ་སློང་གནས་མལ་འབོག་པ་ལ་ཕྱིར་གཏད་ནས། དེ་གཉིས་གཙུག་ལག་ཁང་དེར་མཚན་མོ་གནས་ནས་ནང་པར་སྔར་ལངས་ཏེ་དོང་ངོ་། །ཕྱོགས་དེ་ས་
སྣུམ་ཞིང་དངར་བ་ཡིན་པས་རྩྭ་བཏིང་བ་དག་ལ་སྲིལ་དག་ཆགས་ནས་གཙུག་ལག་ཁང་དེའི་ཕྱི་ནང་བཅས་པ་ཐམས་ཅད་སྲིལ་གྱིས་ཁྱབ་པར་གྱུར་ཏོ། །དེའི་ཚེ་ན་ཁྱིམ་བདག་གཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་

སྤྱན་དྲངས་པ་དང་། དགེ་སློང་གི་དགེ་འདུན་ནི་བཞུགས་སོ། །བཅོམ་ལྡན་འདས་ནི་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་བསྒྲུབས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་ལྔས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་
བསྒྲུབ་པར་མཛད་དེ། ལྔ་གང་ཞེ་ན། ནང་དུ་ཡང་དག་འཇོག་བཞེད་པ་དང་། ལྷ་རྣམས་ལ་ཆོས་སྟོན་པར་བཞེད་པ་དང་། ནད་པ་ལ་ལྟ་བར་བཞེད་པ་དང་། གནས་མལ་ལ་རྟོག་པར་བཞེད་པ་དང་། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་བཞེད་པའོ། །
དོན་འདིར་ནི་བཅོམ་ལྡན་འདས་གནས་མལ་ལ་རྟོག་པར་བཞེད་པ་དང་། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་བཞེད་པས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་བསྒྲུབ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་
འདུན་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས་ལྡེ་མིག་བསྣམས་ཏེ་ཀུན་དགའི་ར་བ་ནས་ཀུན་དགའི་ར་བར་གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ། འཆག་ས་ནས་འཆག་སར་དང་། གོལ་བར་གཤེགས་ཤིང་མཐར་གྱིས་གཤེགས་
པ་ན། གཙུག་ལག་ཁང་དེ་ག་ལ་བ་དེར་གཤེགས་པ་དང་། བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་དེ་སྲིལ་དག་གིས་ཕྱི་ནང་ཐམས་ཅད་ཁྱབ་པར་གཟིགས་སོ། །གཟིགས་ནས་ཀྱང་ཨེ་མ་ཞེས་གསུངས་ཤིང་སྨད་ནས་འདི་སྙམ་དུ་དགོངས་ཏེ། བྲམ་ཟེ་དང་ཁྱིམ་
བདག་དད་པ་ཅན་དག་གིས་པགས་པ་དང་། ཤ་དང་། ཁྲག་དག་བཙིར་ཅིང་བཙིར་ཅིང་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱེད་པ་གང་ཡིན་པ་དེ་ལ་དགེ་སློང་དག་དྲོད་མི་ཤེས་པ་དང་། སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་དོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་
ལྡན་འདས་འདི་སྙམ་དུ་དགོངས་ཏེ། བདག་གིས་ཅི་ནས་ཀྱང་སྲིལ་དག་ལོགས་ཤིག་ཏུ་འགྱུར་ཞིང་། ས་དག་ཀྱང་ལོགས་ཤིག་ཏུ་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱའོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་ཀྱང་སྲིལ་དག་

ཀྱང་ལོགས་ཤིག་ཏུ་འགྱུར་ཞིང་ས་དག་ཀྱང་ལོགས་ཤིག་ཏུ་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་དང་། བཀྲ་ཤིས་དང་། གཡུང་དྲུང་གི་ལྕགས་ཀྱུ་དག་དང་
ལྡན་པའི་ཕྱག་དྲ་བར་འབྲེལ་པ། བསོད་ནམས་བརྒྱ་ཕྲག་དུ་མ་ལས་འཁྲུངས་པ་གཉིས་ཀྱིས་སྲིལ་དེ་དག་ལེགས་པར་བསྡུས་ཏེ་བསིལ་བའི་ཕྱོགས་སུ་གཞག་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་དེ་ཆག་ཆག་བཏབ་སྟེ་ཕྱག་དར་མཛད་ནས་
ཉལ་ཉིལ་གཙུག་ལག་ཁང་གི་ཕྱི་རོལ་དུ་བོར་ཏེ་ཕྱག་དང་ཞབས་གཉིས་བསིལ་ནས་ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་དགེ་སློང་བསོད་སྙོམས་སྒྲུབ་པས་བསོད་སྙོམས་བླངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །
སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཉིད་ཀྱིས་བསོད་སྙོམས་སྒྲུབ་པའི་དགེ་སློང་ལ་དགེ་སློང་ཇི་ལྟ་ཟས་བསོད་དམ། དགེ་སློང་གི་དགེ་འདུན་ཚིམ་པར་བྱས་སམ་ཞེས་སོ་སོར་ཀུན་དགའ་བར་མཛད་པ་འདིས་སོ་སོར་ཀུན་དགའ་བར་མཛད་པ་ཡིན་པས་བཅོམ་ལྡན་
འདས་ཀྱིས་དགེ་སློང་བསོད་སྙོམས་སྒྲུབ་པ་ལ་དགེ་སློང་ཇི་ལྟ་ཟས་བསོད་དམ། དགེ་སློང་གི་དགེ་འདུན་ཚིམ་པར་བྱས་སམ་ཞེས་སོ་སོར་ཀུན་དགའ་བར་མཛད་པ་དང་། དེས་གསོལ་པ། བཙུན་པ་ཟས་ཏེ་པོར་བསོད་ཅིང་དགེ་སློང་གི་དགེ་འདུན་ཚིམ་པར་བགྱིས་སོ། །དེ་ནས་
བཅོམ་ལྡན་འདས་ཞལ་ཟས་ཀྱི་བྱ་བ་མཛད་ནས། གཙུག་ལག་ཁང་གི་སླད་རོལ་དུ་ཞབས་གཉིས་བསིལ་ཏེ། ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱི་དྲོ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། དགེ་སློང་གི་དགེ་
འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ན་ངས་དགེ་སློང་གི་དགེ་འདུན་སོང་ནས་རིང་པོ་མ་ལོན་པར་ཤེས་ནས་ལྡེ་མིག་ཁྱེར་ཏེ་ཀུན་དགའི་ར་བ་ནས་ཀུན་དགའི་

ར་བར། གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ། འཆག་ས་ནས་འཆག་སར་དང་། གོལ་བར་སོང་ཤིང་མཐར་གྱིས་འགྲོ་བ་ན་གཙུག་ལག་ཁང་ཞིག་ག་ལ་བ་དེར་ཕྱིན་ནས་ངས་གཙུག་ལག་ཁང་དེ་སྲིལ་དག་གིས་ཕྱི་ནང་ཐམས་ཅད་ཁྱབ་པར་
མཐོང་ངོ་། །མཐོང་ནས་ཀྱང་། ཨེ་མའོ་ཞེས་བྱས་ཏེ་སྨད་ནས་འདི་སྙམ་དུ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་པགས་པ་དང་། ཤ་དང་། ཁྲག་དག་བཙིར་ཅིང་བཙིར་ཅིང་སྦྱིན་པ་དག་སྦྱིན་བསོད་ནམས་དག་བྱེད་པ་གང་ཡིན་པ་དེ་ལ་དགེ་སློང་དག་དྲོད་མི་ཤེས་པ་དང་། སོ་སོར་
མི་རྟོག་པར་ཡོངས་སུ་ལོངས་སྤྱོད་དོ་སྙམ་དུ་དགོངས་ཀྱིས། དགེ་སློང་དག་ཁྱེད་ཀྱིས་དད་པས་སྦྱིན་པར་བྱ་བ་ལ་དྲོད་རན་པར་ཡོངས་སུ་ལོངས་སྤྱད་པ་དང་། སྤང་ཞིང་ཡོངས་སུ་ལོངས་སྤྱད་པ་དང་། དུས་སུ་ཡོངས་སུ་ལོངས་སྤྱད་པ་དང་། བརྟག་ཅིང་ཡོངས་སུ་ལོངས་སྤྱད་པ་དང་། ཁད་
ཀྱིས་ཡོངས་སུ་ལོངས་སྤྱད་ན་ལེགས་སོ།། །།བར་སྡོམ་ལ། དྲོད་རན་པ་དང་སྤང་བ་དང་། །དེ་བཞིན་དུས་དང་བརྟག་པ་དང་། །ཁད་ཀྱིས་ཡོངས་སུ་སྤྱད་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲོད་རན་པ་དང་། སྤང་བ་དང་། དུས་དང་། བརྟག་པ་དང་། ཁད་ཀྱིས་ཡོངས་སུ་
ལོངས་སྤྱོད་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་
འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭའི་གདིང་བའམ། ལོ་མའི་གདིང་བ་བཏིང་ངམ། འདིང་དུ་བཅུག་ནས་མ་བསྡུས་སམ་སྡུད་དུ་མ་བཅུག་པར་དེ་ནས་སོང་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་
ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །དགེ་སློང་རབ་ཏུ་མང་པོ་དག་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུར་འདོང་བ་ན་རི་བྲགས་ཤིག་ཏུ་ཕྱིན་ནས། དེ་ན་དེ་དག་ཁྱིམ་བདག་གི་གན་དུ་སོང་སྟེ། ཁྱིམ་བདག་ཁོ་བོ་ཅག་ལ་གནས་གཡོར་ཅིག་ཅེས་གནས་བརྙས་

པ་དང་། ཁྱིམ་བདག་གིས་སྨྲས་པ། དམ་ཚིག་གིས་གཡར་བར་བགྱི་སྟེ། གལ་ཏེ་བདག་གི་བསོད་སྙོམས་གསོལ་ཏེ་གཤེགས་ན་གཡར་རོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་ཁོ་བོ་ཅག་ནི་དོན་མཐུན་ལ་རག་ལས་པ་ཡིན་པས། གལ་ཏེ་དོན་མཐུན་སྡོད་
ན་བཟའ་བར་བྱའོ། །ཁྱིམ་བདག་འདི་ན་ཁྲིའམ། ཁྲིའུ་ལྟ་ཡོད་དམ། འཕགས་པ་དག་མ་མཆིས་སོ། །དགེ་སློང་དེ་དག་ལ་ཁྱིམ་པ་དང་། དགེ་ཚུལ་མང་དུ་ཡོད་པས་དེ་དག་གིས་རྩྭ་མང་པོ་བླངས་ཏེ་པུས་མོ་ནུབ་ཙམ་གྱི་གདིང་བ་བཤམས་སོ། །དོན་མཐུན་ནམ་མ་ནངས་པ་ཉིད་དུ་འཕགས་
ནས། དགེ་སློང་དེ་དག་གིས་ཀྱང་གདིང་བ་མ་བོར་བར་དོང་ངོ་། །ཁྱིམ་བདག་གིས་བསམས་པ། གལ་ཏེ་འཕགས་པ་དག་བཞུགས་ན་དེ་དག་གི་གདུགས་ཚོད་སྟ་གོན་བྱས་ཇེ་བལྟའོ་སྙམ་ནས་དེ་སོང་བ་དང་། ཇི་ཙམ་ན་དགེ་སློང་དེ་དག་ནམ་མ་ནངས་པ་ཁོ་ནར་དོང་བ་མཐོང་ངོ་། །ཁྱིམ་
བདག་དེ་ཆུང་མ་དང་བཅས་པས་གདིང་བ་དེ་དག་འདོར་བ་ན་སྔ་དྲོ་རིལ་གྱིས་ཡོལ་བར་གྱུར་ཏོ། །དགེ་སློང་རབ་ཏུ་མང་པོ་གཞན་དག་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུར་དོང་བ་ན་རི་བྲགས་དེ་ཉིད་དུ་ཕྱིན་ནས། དེ་ན་དེ་དག་ཁྱིམ་བདག་གི་གན་དུ་སོང་སྟེ་ཁྱིམ་བདག་ཁོ་བོ་ཅག་ལ་གནས་གཡོར་
ཅིག་ཅེས་གནས་བརྙས་པ་དང་། ཁྱིམ་བདག་གིས་སྨྲས་པ། འཕགས་པ་དག་དམ་ཚིག་གིས་གཡར་བར་བགྱི་སྟེ། གལ་ཏེ་ཁྱེད་ཅག་རན་གྱི་གདིང་བ་མི་འདིང་ན་གཡར་བར་བགྱིའོ། །ཁྱིམ་བདག་འདི་ན་གང་དུ་ཁོ་བོ་ཅག་ཉལ་བར་བྱ་བའི་ཁྲིའམ། ཁྲིའུ་ལྟ་ཡོད་དམ། འཕགས་པ་དག་མ་
མཆིས་སོ། །ཁྱིམ་བདག་ས་སྒྲེ་བོ་ལ་ཇི་ལྟར་ཉལ་བར་བྱ། འཕགས་པ་དག་ཁྱེད་ཅག་ཉིད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་དག་ལྷགས་པར་གྱུར་ནས། དེ་དག་གིས་རན་གྱི་གདིང་བ་བཏིང་ནས་མ་བོར་བར་དོང་ནས་བདག་མཆིས་འབྲང་དང་བཅས་པ་དེ་འདོར་བ་ན་སྔ་དྲོ་རིལ་གྱིས་ཡོལ་བར་གྱུར་ཏོ། །
དགེ་སློང་དེ་དག་ས་སྒྲེ་བོ་ལ་མཚན་མོ་འདའ་བར་བྱས་ནས་ནང་པར་སྔར་ལངས་ཏེ་དོང་ངོ་། །དེ་དག་མཐར་གྱིས་རྒྱུ་ཞིང་དོང་བ་ན་མཉན་ཡོད་དུ་ཕྱིན་ནས། དགེ་སློང་རྣམས་ཀྱིས་དེ་དག་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ།

ཇི་ལྟར་བདེ་བ་བརྒྱུས། ས་སྒྲེ་བོ་ལ་མཚན་ཐོག་ཐག་འགྲེ་ལྡོག་པས་འདའ་བ་བྱས་སོ། །ཁྱོད་ཅག་རི་བྲགས་གང་དུ་ཞག །ག་གེ་མོ་ཞིག་ཏུའོ། །ཁྱིམ་བདག་གང་གི་སྡུམ་པར། ཆེ་གེ་མོ་ཞིག་གིའོ། །དེ་ན་དགེ་སློང་ཁ་ཅིག་གིས་སྨྲས་པ། ཁོ་བོ་ཅག་ནི་ཁྱིམ་བདག་དེའི་སྡུམ་པར་གདིང་བ་
ལ་ཉལ་ཏེ་འོངས་སོ། །ཁྱོད་ཅག་གིས་གདིང་བ་དེ་གང་དུ་བོར། དེ་ཉིད་དུ་བོར་རོ། །དེའི་ཕྱིར་ཁྱིམ་བདག་དེ་སྨོད་པར་བྱེད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་གཞན་ནས་ཀྱང་གདིང་བ་དོར་བར་
བྱའོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་གཞན་ནས་ཀྱང་གདིང་བ་དོར་བར་བྱའོ། །ཞེས་བཀའ་སྩལ་ནས། དགེ་སློང་རབ་ཏུ་མང་པོ་དག་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུར་འདོང་བ་ན་རི་བྲགས་ཤིག་ཏུ་ཕྱིན་ཏོ། །རི་བྲགས་དེ་ན་ཁྱིམ་བདག་ཅིག་གིས་དགེ་སྦྱོང་དང་། བྲམ་ཟེ་བློ་བུར་དུ་ལྷགས་པ་
རྣམས་ཀྱི་དོན་དུ་ཐག་རིང་པོ་ནས་རྩྭ་མང་པོ་དག་བླངས་ཏེ་གདིང་བ་བཤམས་སོ། །དགེ་སློང་དེ་དག་ཁྱིམ་བདག་དེའི་གན་དུ་སོང་སྟེ། ཁྱིམ་བདག་ཁོ་བོ་ཅག་ལ་གནས་གཡོར་ཅིག་ཅེས་གནས་བརྙས་པ་དང་། ཁྱིམ་བདག་དེས་སྨྲས་པ། འཕགས་པ་དག་བདག་གིས་དགེ་སྦྱོང་དང་། བྲམ་
ཟེ་བློ་བུར་དུ་ལྷགས་པ་རྣམས་ཀྱི་དོན་དུ་ཐག་རིང་པོ་ནས་རྩྭ་མང་པོ་བླངས་ཏེ་གདིང་བ་འདི་བཤམས་ཀྱིས་འདིར་གཟིམས་ཤིག །དེ་དག་དེར་ཉལ་ནས་ནམ་མ་ནངས་པ་ཁོ་ནར་ཁྱིམ་བདག་ལ་མ་དྲིས་པར་གདིང་བ་བོར་ཏེ་དོང་ངོ་། །ཁྱིམ་བདག་དེ་ནང་པར་སྔར་ལངས་ནས། དེ་བོར་ཏེ་དོང་བ་མཐོང་ནས་
ཁྱིམ་བདག་དེས་བསམས་པ། ལྟར་འགྲོའོ། །གལ་ཏེ་ཕྱོགས་གཙང་མར་བོར་བར་གྱུར་ན་ཡང་བླང་ངོ་། །སྙམ་ནས་དེ་ལྟར་སོང་བ་དང་། ཇི་ཙམ་ན་ཕྱོགས་མི་གཙང་བར་བོར་བ་མཐོང་ནས་དེས་དེ་མ་བླངས་སོ། །དགེ་སློང་རབ་ཏུ་མང་པོ་གཞན་དག་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུར་འདོང་བ་ན་
རི་བྲགས་དེ་ཉིད་དུ་ཕྱིན་ནས། དེ་དག་ཁྱིམ་བདག་དེའི་གན་དུ་སོང་སྟེ། ཁྱིམ་བདག་ཁོ་བོ་ཅག་ལ་གནས་གཡོར་ཅིག་ཅེས་གནས་བརྙས་པ་དང་། ཁྱིམ་བདག་དེས་སྨྲས་པ། འཕགས་པ་དག་བཞུགས་སུ་གསོལ། ཁྱིམ་བདག་འདི་ན་ཁྲིའམ། ཁྲིའུ་དག་ཡོད་དམ། འཕགས་པ་དག་མ་

མཆིས་སོ། །ཁྱིམ་བདག་ས་སྒྲེ་བོ་འདི་ལ་ཇི་ལྟར་ཉལ་བར་བྱ། འཕགས་པ་དག་བདག་གིས་དགེ་སྦྱོང་དང་བྲམ་ཟེ་བློ་བུར་དུ་ལྷགས་པ་རྣམས་ཀྱི་དོན་དུ་ཐག་རིང་པོ་ནས་རྩྭ་མང་པོ་བླངས་ཏེ་གདིང་བ་བཤམས་པར་གྱུར་པ་ལས། ཁྱེད་ཅག་ཉིད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་
དག་ལྷགས་པར་གྱུར་ཏེ། དེ་དག་དེར་ཉལ་ནས་ནམ་མ་ནངས་པ་ཁོ་ནར་བདག་ལ་མ་དྲིས་པར་གདིང་བ་དེ་དག་ཕྱོགས་མི་གཙང་བར་བོར་ཏེ་དོང་ངོ་། །དེ་དག་དེར་ས་སྒྲེ་བོ་ལ་ཉལ་ཏེ་དོང་ངོ་། །དེ་དག་མཐར་གྱིས་རྒྱུ་ཞིང་འདོང་བ་ན་མཉན་ཡོད་དུ་ཕྱིན་ནས། དགེ་སློང་རྣམས་ཀྱིས་དེ་དག་མཐོང་ནས་
སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། དེ་དག་གིས་སྨྲས་པ། ཇི་ལྟར་བདེ་བར་བརྒྱུས། ས་སྒྲེ་བོ་ལ་མཚན་ཐོག་ཐག་འགྲེས་ལྡོག་སྟེ། ནམ་ནངས་སོ། །ཁྱེད་ཅག་རི་བྲགས་གང་དུ་ཞག །ག་གེ་མོ་ཞིག་ཏུའོ། །ཁྱིམ་
བདག་གང་གི་སྡུམ་པར། ཆེ་གེ་མོ་ཞིག་གིའོ། །དེ་ན་དགེ་སློང་ཁ་ཅིག་གིས་སྨྲས་པ། ཁོ་བོ་ཅག་ནི་ཁྱིམ་བདག་དེའི་སྡུམ་པར་གདིང་བ་ལ་ཉལ་ཏེ་འོངས་སོ། །ཁྱེད་ཅག་གིས་གདིང་བ་དེ་གར་བཞག །ཕྱི་རོལ་དུ་བོར་རོ། །དེའི་ཕྱིར་ཁྱིམ་བདག་དེ་སྨོད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་
རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་འདུག་པ་ལ་དྲི་བར་བྱ་སྟེ། གལ་ཏེ་འོར་ཅིག་ཅེས་ཟེར་ན་དོར་བར་བྱའོ། །གལ་ཏེ་མ་དོར་ཅིག་ཅེས་ཟེར་ན་དོར་བར་མི་བྱའོ། །རི་བྲགས་ཤིག་ན་གཙུག་ལག་ཁང་གནས་
མལ་མེད་པ་ཞིག་ཡོད་པ་དེར། དགེ་སློང་རྣམས་ཀྱིས་དགེ་སློང་བློ་བུར་དུ་ལྷགས་པ་རྣམས་ཀྱི་དོན་དུ་ཐག་རིང་པོ་ནས་རྩྭ་མང་པོ་དག་བླངས་ཏེ་གདིང་བ་བཤམས་སོ། །དགེ་སློང་རབ་ཏུ་མང་པོ་དག་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུ་ཞིང་འདོང་བ་ན་རི་བྲགས་དེར་ཕྱིན་ནས། དེ་དག་གཙུག་ལག་
ཁང་དེར་ཞུགས་ནས་དེ་དག་གིས། དགེ་སློང་རྣམས་ལ་དྲིས་པ། ཚེ་དང་ལྡན་པ་དག་འདི་ན་གནས་མལ་ཅུང་ཟད་ཡོད་དམ། དེ་དག་གིས་སྨྲས་པ། ཡོད་དེ་འདི་ལྟར་ཁོ་བོ་ཅག་གིས། དགེ་སློང་བློ་བུར་དུ་ལྷགས་པ་རྣམས་ཀྱི་དོན་དུ། ཐག་རིང་པོ་ནས་རྩྭ་མང་པོ་བླངས་ཏེ་གདིང་བ་བཤམས་

ཀྱིས་འདིར་ཉོལ་ཅིག །དེ་དག་དེར་ཉལ་ནས་ནང་པར་སྔར་ལངས་ཏེ་གདིང་བ་དེ་བོར་བར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་གདིང་བ་འདི་མ་དོར་ཅིག །ཁོ་བོ་ཅག་གིས་ཚངས་པ་མཚུངས་པར་སྤྱོད་པ་བློ་བུར་དུ་ལྷགས་པ་རྣམས་ཀྱི་དོན་དུ་ཐག་
རིང་པོ་ནས་རྩྭ་མང་པོ་བླངས་ཏེ་བཏིང་བ་ཡིན་ནོ། །དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་གིས་རེ་ཞིག་བདག་ཉིད་ལྟུང་བ་དང་བཅས་པར་བྱས་སོ། །ཁོ་བོ་ཅག་གིས་ཇི་ལྟར་བདག་ཉིད་ལྟུང་བ་དང་བཅས་པར་བྱས། དེ་དག་གིས་དེ་དག་སྤྱོས་ཏེ་གདིང་བ་དེ་དག་མཐུས་བོར་
ནས་དོང་ངོ་། །དགེ་སློང་རབ་ཏུ་མང་པོ་གཞན་དག་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུར་འདོང་བ་ན་གཙུག་ལག་ཁང་དེ་ཉིད་དུ་ཕྱིན་ནས་དེ་དག་གིས་དགེ་སློང་དེ་དག་ལ་གནས་མལ་བརྙས་པ་དང་། དགེ་སློང་རྣམས་ཀྱིས་དགེ་སློང་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་གཙུག་ལག་ཁང་
འདི་གནས་མལ་མེད་པ་ཡིན་ནམ། ཁོ་བོ་ཅག་གིས་ཚངས་པ་མཚུངས་པར་སྤྱོད་པ་བློ་བུར་དུ་ལྷགས་པ་རྣམས་ཀྱི་དོན་དུ་ཐག་རིང་པོ་ནས་རྩྭ་མང་པོ་དག་བླངས་ཏེ་གདིང་བ་བཤམས་པར་གྱུར་པ་ལས་ཚངས་པ་མཚུངས་པར་སྤྱོད་པ་གཞན་དག་ཅིག་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུར་འདོང་བ་
ན་གཙུག་ལག་ཁང་འདིར་ལྷགས་ཏེ་དེ་དག་དེ་ལ་ཉལ་ནས་ནང་པར་སྔར་ལངས་ཏེ་གདིང་བ་དེ་བོར་བར་བརྩམས་པ་དང་། ཁོ་བོ་ཅག་གིས་མ་དོར་ཅིག་ཅེས་བྱས་ན། དེ་དག་གིས་ཁོ་བོ་ཅག་སྤྱོས་ཏེ་མཐུས་བོར་ནས་དོང་ངོ་། །དེ་དག་ཀྱང་དེར་ས་སྒྲེ་བོ་ལ་ཉལ་ནས་ནང་པར་སྔར་ལངས་ཏེ་
དོང་ངོ་། །དེ་དག་མཐར་གྱིས་ལྗོངས་རྒྱུ་ཞིང་འདོང་བ་ན་མཉན་ཡོད་དུ་ཕྱིན་ནས་དགེ་སློང་རྣམས་ཀྱིས་དེ་དག་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། དེ་དག་གིས་སྨྲས་པ། ཇི་ལྟར་བདེ་བར་བརྒྱུས། མཚན་
མོ་ཐོག་ཐག་ས་སྒྲེ་བོ་ལ་འགྲེས་ལྡོག་སྟེ། ནམ་ནངས་སོ། །ཚེ་དང་ལྡན་པ་དག་རི་བྲགས་གང་དུ་ཞག །གཙུག་ལག་ཁང་ག་གེ་མོ་ཞིག་ཏུའོ། །དེ་ན་དགེ་སློང་ཁ་ཅིག་གིས་སྨྲས་པ། ཁོ་བོ་ཅག་ནི་གཙུག་ལག་ཁང་དེར་གདིང་བ་ལ་ཉལ་ཏེ་འོངས་སོ། །ཁྱེད་ཅག་གིས་གདིང་བ་དེ་

གར་བཞག །ཁོ་བོ་ཅག་གིས་རྒན་ཞུགས་དེ་དག་སྨྲས་བཞིན་དུ་མཐུས་ཕྱི་རོལ་དུ་བོར་རོ། །དེའི་ཕྱིར་ཚངས་པ་མཚུངས་པར་སྤྱོད་པ་དེ་དག་སྨོད་པར་བྱེད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དེ་བཞིན་དུ་དོར་བར་མི་བྱ་བར་དགེ་སློང་འཁོད་པ་དག་ལ་དྲི་བར་བྱའོ། །དགེ་སློང་རབ་ཏུ་མང་པོ་དག་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུ་ཞིང་འདོང་བ་ན་ཁྲོན་པའི་དྲུང་ཞིག་ཏུ་མཚན་མོ་ཞག་ནས་དེ་དག་གིས་རྩྭ་མང་པོ་དག་ཀྱང་བླངས་ཏེ་རྩྭའི་གདིང་བ་བཤམས་སོ། །དེ་དག་
དང་ཧ་ཅང་ཐག་མི་རིང་བ་ན་བྲམ་ཟེ་ཞིག་ཀྱང་མཚན་མོ་ཞག་གོ། །དགེ་སློང་དག་དོན་མཐུན་དང་བཅས་ཏེ་ནང་པར་སྔར་ལངས་ཏེ་དོང་བ་དང་། དོན་མཐུན་ཕྱིར་འགྲོ་བ་ཡང་འོངས་སོ། །བྲམ་ཟེ་དེ་དོན་མཐུན་དེ་ལ་དོན་བསྒྲུབས་ནས་དེ་དོན་མཐུན་དེ་ཉིད་དང་ལྷན་ཅིག་ཕྱིར་ལོག་པ་དང་། དོན་མཐུན་
དེ་ཡང་ཁྲོན་པའི་དྲུང་དེ་ཉིད་དུ་གདིང་བ་ཇི་ལྟར་བཤམས་པ་དག་ལ་མཚན་མོ་ཉལ་ལོ། །དོན་མཐུན་དེ་དང་གཅེར་བུ་པ་དག་ལྷན་ཅིག་འོངས་པ་དེ་དག་གདིང་བ་གང་ལ་དགེ་སློང་དག་ཉལ་ཉལ་བའི་གདིང་བ་དེ་ཉིད་ལ་ཉལ་བ་དང་། དེ་ན་གཅེར་བུ་པ་གཅིག་གིས་སྨྲས་པ། ཤེས་པ་ཅན་ཇི་ཞིག་
གིས་ཟིན་ནོ། །གཅེར་བུ་པ་གཞན་ཞིག་གིས་སྨྲས་པ། ཁྱོད་ཀྱིས་ཆང་གི་ཚིགས་མ་མང་དུ་ཟོས་པས་ཁྱོད་འདོད་པའི་རྣམ་པར་རྟོག་པས་ཟིན་ནོ། །དེས་གདིང་བ་དེ་ལ་བལྟས་པ་དང་། ཇི་ཙམ་ན་སྲིལ་དག་མཐོང་ནས་དེས་སྨྲས་པ། གདིང་བ་འདི་ལ་སུ་ཉལ་བར་གྱུར། དེ་དག་དང་ཧ་ཅང་ཐག་
མི་རིང་བ་ན་བྲམ་ཟེ་ཉལ་བ་དེས་དེ་སྨྲ་བ་ཐོས་ནས་དེས་སྨྲས་པ། ཤཱཀྱའི་བུའི་དགེ་སྦྱོང་དག་གདིང་བ་འདི་ལ་ཉལ་བར་གྱུར་ཏོ། །དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་དག་འཇིག་རྟེན་ལ་བདག་ཉིད་མཁས་པར་བགྲངས་པར་བྱེད་ན། འདི་ལྟར་དགོན་པར་གདིང་བ་དོར་བར་བྱ་
བ་དེ་ཡང་མི་ཤེས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགོན་པར་ཡང་རྩྭའི་གདིང་བ་དོར་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགོན་པར་ཡང་རྩྭའི་གདིང་བ་དོར་བར་བྱའོ་ཞེས་བཀའ་སྩལ་ནས།

དགེ་སློང་རབ་ཏུ་མང་པོ་དག་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུ་ཞིང་འདོང་བ་ན་དགོན་པའི་གནས་ཤིག་ཏུ་ཞག་པ་དང་དོན་མཐུན་དེ་ནམ་མ་ནངས་པ་ཉིད་དུ་འཕགས་ནས། དགེ་སློང་དེ་དག་ཇི་སྲིད་དུ་གདིང་བ་འདོར་བར་བྱེད་པ་དེ་སྲིད་དུ་དོན་མཐུན་ཐལ་ནས། དེ་དག་ཕྱི་བཞིན་འབྲང་ཞིང་འདོང་
བ་ན་ཆོམ་རྐུན་པ་དག་གིས་བཅོམ་མོ། །དེ་དག་མཐར་གྱིས་རྒྱུ་ཞིང་འདོང་བ་ན་མཉན་ཡོད་དུ་ཕྱིན་ནས་དགེ་སློང་རྣམས་ཀྱིས་དེ་དག་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། ཚེ་དང་ལྡན་པ་དག་ཇི་ལྟར་བདེ་བར་
བརྒྱུས། ཁོ་བོ་ཅག་ཆོམ་རྐུན་པ་དག་གིས་བཅོམ་མོ། །གང་གིས་ཇི་ལྟར་གྱུར། དེ་དག་གིས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་ཀྱི་ཐམས་ཅད་དུ་དོར་བར་མི་བྱ་བར་
འདི་ལྟར་གློངས་ཏེ་འགྲོ་བར་བྱའོ། །དགེ་སློང་དག་ཚོན་རྩིའི་ལས་བྱེད་པ་ན་དག་ར་དག་ཏུ་རྩྭ་དག་བཀྲམ་སྟེ་གོས་དག་སྐེམས་པར་བྱེད་ཅིང་དེ་དག་རྩྭ་དེ་དག་འདོར་བར་མི་བྱེད་ནས་དེར་སྲིལ་དག་བྱུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩྭ་དག་དོར་བར་བྱའོ། །དགེ་སློང་
གཞན་དག་ཚོན་རྩིའི་ལས་བྱེད་པར་འདོད་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་རྩྭ་འདི་དག་མ་དོར་ཅིག་དང་ཁོ་བོ་ཅག་གིས་ཀྱང་འདིར་གོས་དག་བསྐམ་པར་བྱའོ། །དེ་དག་གིས་དེ་དག་ལ་མི་སྟེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པར་བྱའོ། །དེ་དག་གིས་དེ་
དང་དེ་དག་ཏུ་གོས་དག་བསྐམས་ནས་ཁོ་བོ་ཅག་གིས་མ་བཏིང་ངོ་ཞེས་རྩྭ་དེ་དག་འདོར་བར་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ལ་རྩྭ་འདོར་རམ་མི་འདོར་ཞེས་དྲི་བར་བྱ་ཞིང་། གལ་ཏེ་འདོར་རོ་ཞེས་ཟེར་ན་སྦྱིན་པར་བྱའོ། །གལ་ཏེ་མི་འདོར་རོ་ཞེས་ཟེར་ན་སྦྱིན་པར་མི་
བྱའོ། །དགེ་སློང་དག་འཆག་ས་དག་ཏུ་འཆགས་པ་ན་དེ་ན་ས་རྩུབ་པས་དེ་དག་གི་རྐང་མཐིལ་ཚ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་རྩྭ་དག་གདིང་བར་བྱའོ། །རྩྭ་དག་བཏིང་བ་དང་དེར་སྲིལ་དག་བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོར་བར་བྱའོ། །དེ་

དག་ཉི་མ་རེ་རེ་ཞིང་འདོར་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉི་མ་རེ་རེ་ཞིང་དོར་བར་མི་བྱ་བར་འདི་ལྟར་དུས་དང་དུས་སུ་སོ་སོར་བརྟག་པར་བྱའོ། །གལ་ཏེ་ཐམས་ཅད་ཀྱི་ཐམས་ཅད་དུ་འདོང་ན་དེའི་ཚེ་བསྡུས་ཏེ་འདོང་བར་བྱའོ། །དགེ་སློང་དག་འཆག་
ས་དག་ཏུ་རྩྭའི་ཆུན་པོ་དག་ས་ལ་འཇོག་པར་བྱེད་པ་ན་དེར་སྲིལ་དག་བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐག་པས་བཅིངས་ནས་ཤིང་ལྗོན་པ་དག་ལ་དཔྱངས་ཏེ་གཞག་པར་བྱའོ། །དགེ་སློང་དག་ལྕི་བ་དག་ས་ལ་འཇོག་པར་བྱེད་པ་ན་དེ་དག་ཏུ་སྲིལ་དག་བྱུང་ནས། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། གྱོ་མོར་གཞག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འབྲེལ་
བའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་
གཙུག་ལག་ཁང་དུ་རྩྭའི་གདིང་བའམ། ལོ་མའི་གདིང་བ་བཏིང་ངམ་འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །དགེ་
འདུན་གྱི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །གཙུག་ལག་ཁང་དུ་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་བཞི་པོ་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་བྱར་རུང་བར་རོ། །རྩྭའི་གདིང་བ་ཞེས་བྱ་བ་ནི་རྩྭ་དག་གོ། །ལོ་མའི་གདིང་བ་ཞེས་བྱ་བ་ནི་
ལོ་མ་དག་གོ། །བཏིང་ངམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །འདིང་དུ་བཅུག་ནས་ཞེས་བྱ་བ་ནི་གཞན་ནོ། །མ་བསྡུས་སམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །སྡུད་དུ་མ་བཅུག་གམ་ཞེས་བྱ་བ་ནི་གཞན་ནོ། །དགེ་སློང་འཁོད་པ་ལ་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་ཡོད་པ་ལའོ། །མ་

བཅོལ་བར་ཞེས་བྱ་བ་ནི་མ་གཏད་པར་རོ། །དེ་ནས་སོང་ན་ཞེས་བྱ་བ་ནི་ཉེན་ཀོར་སྤངས་ནའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་གདིང་བའི་ཉེན་ཀོར་གང་ལགས་ཉེ་བ་འཁོར་ངས་བྲམ་ཟེ་གྲོ་བཞིན་སྐྱེས་ལ་ཨ་མྲའི་སྡོང་པོ་ཤིན་ཏུ་
མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། ཡལ་གའི་ཚོགས་ཕུན་སུམ་ཚོགས་པ་འདོམ་བདུན་གྱིས་བར་དུ་ཆོད་པའི་ཨ་མྲའི་སྡོང་པོ་བདུན་པོ་གང་དག་ཡིན་པ་དེ་དག་ལ་འདོམ་བཞི་བཅུ་རྩ་དགུ་ཡོད་པར་བསྟན་པ་དེ་ནི་གདིང་བའི་ཉེན་ཀོར་ཡིན་ནོ། །དེ་འདྲ་བའི་རྐྱེན་མ་
གཏོགས་ཏེ་ཞེས་བྱ་བ་ནི་དེ་འདྲ་བའི་རྐྱེན་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་
དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། །དགེ་སློང་གི་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭའི་གདིང་བའམ། ལོ་མའི་གདིང་བ་བཏིང་ངམ། འདིང་དུ་བཅུག་
ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན་ཇི་སྲིད་དུ་ཉེན་ཀོར་མ་སྤངས་ཀྱི་བར་དུ་ཉེས་བྱས་སུ་འགྱུར་ལ། ཉེན་ཀོར་སྤངས་ན་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་ལམ་ཀར་བདག་གིས་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭའི་གདིང་
བའམ། ལོ་མའི་གདིང་བ་བཏིང་ངོ་སྙམ་དུ་དྲན་ཞིང་། གལ་ཏེ་དེ་འདི་སྙམ་དུ་བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་སྡུད་པར་འགྱུར་རོ་སྙམ་ནས་དགེ་སློང་དེས་ཕྱིན་ཅད་དེ་ལྟར་མི་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱ་སྟེ། ལྟུང་བ་དེ་ཡང་
ཆོས་བཞིན་དུ་ཕྱིར་བྱའོ། །གལ་ཏེ་ལམ་ཀར་དགེ་སློང་དེར་འགྲོ་བ་མཐོང་ཞིང་གལ་ཏེ་དེ་འདི་སྙམ་དུ་འདིས་སྡུད་པར་འགྱུར་རོ་སྙམ་ན། དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཁོ་བོས་དགེ་འདུན་གྱི་གཙུག་ལག་ཁང་གི་ཕྱོགས་ག་གེ་མོ་ཞིག་ཏུ་རྩྭའི་གདིང་བའམ། ལོ་མའི་གདིང་བ་བཏིང་བ་

དེ་སྡུས་ཤིག་ཅེས་བརྗོད་པར་བྱ་ཞིང་། དགེ་སློང་དེས་ཕྱིན་ཅད་དེ་ལྟར་མི་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱ་སྟེ་ལྟུང་བ་དེ་ཡང་ཆོས་བཞིན་དུ་ཕྱིར་བྱའོ། །དགེ་སློང་དེས་ཀྱང་དགེ་སློང་དེ་ལ་ཁས་བླངས་ནས་གུས་པར་བྱས་ཏེ་བསྡུ་བར་བྱའོ། །གལ་ཏེ་
སྡུད་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གལ་ཏེ་དེར་སོན་ནས་བདག་གིས་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭའི་གདིང་བའམ། ལོ་མའི་གདིང་བ་བཏིང་ངོ་སྙམ་དུ་དྲན་ཞིང་། གལ་ཏེ་དེ་འདི་སྙམ་དུ་བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་སྡུད་པར་འགྱུར་རོ་སྙམ་ན།
དགེ་སློང་དེས་ཕྱིན་ཅད་དེ་ལྟར་མི་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱ་སྟེ། ལྟུང་བ་དེ་ཡང་ཆོས་བཞིན་དུ་ཕྱིར་བྱའོ། །གལ་ཏེ་དེར་སོན་ནས་དགེ་སློང་དེར་འགྲོ་བ་མཐོང་ཞིང་གལ་ཏེ་འདི་སྙམ་དུ་འདིས་སྡུད་པར་འགྱུར་རོ་སྙམ་ན། དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཁོ་
བོས་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭའི་གདིང་བའམ། ལོ་མའི་གདིང་བ་བཏིང་བ་དེ་སྡུས་ཤིག་ཅེས་བརྗོད་པར་བྱ་ཞིང་། དགེ་སློང་དེས་ཕྱིན་ཅད་དེ་ལྟ་བུ་མི་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱ་སྟེ། ལྟུང་བ་དེ་ཡང་ཆོས་བཞིན་དུ་ཕྱིར་བྱའོ། །དགེ་སློང་དེས་ཀྱང་
དགེ་སློང་དེ་ལ་ཁས་བླངས་ནས་གུས་པར་བྱས་ཏེ་བསྡུ་བར་བྱའོ། །གལ་ཏེ་སྡུད་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭའི་གདིང་བའམ། ལོ་མའི་གདིང་བ་བཏིང་ངམ་འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ།
དགེ་སློང་འཁོད་པ་ལ་མ་བཅོལ་བར་གཙུག་ལག་ཁང་དུ་འདིར་བདག་གིས་སེམས་མཉམ་པར་མ་བཞག་པ་མཉམ་པར་གཞག་གོ་སྙམ་པའམ། སེམས་མཉམ་པར་བཞག་པ་རྣམ་པར་གྲོལ་བར་བྱའོ་སྙམ་པས་ནང་དུ་ཡང་དག་འཇོག་གི་ཕྱིར་འཇུག་པར་བྱེད་ཅིང་། དེ་ཏིང་ངེ་འཛིན་དེ་ལས་མཚན་
མོའི་ཐུན་དང་པོའམ་ཐུན་ཕྱེད་ན་ལྡང་བར་བྱེད་ན་གལ་ཏེ་ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སུ་འགྱུར་ལ་གལ་ཏེ་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭའི་གདིང་བའམ། ལོ་མའི་གདིང་བ་བཏིང་ངམ་འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་

དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་གཙུག་ལག་ཁང་དུ་འདིར་བདག་གིས་སེམས་མཉམ་པར་མ་བཞག་པ་མཉམ་པར་གཞག་གོ་སྙམ་པའམ། སེམས་མཉམ་པར་བཞག་པ་རྣམ་པར་གྲོལ་བར་བྱའོ་སྙམ་པས་ནང་དུ་ཡང་དག་འཇོག་གི་ཕྱིར་འཇུག་པར་བྱེད་ཅིང་། དེ་
ཏིང་ངེ་འཛིན་དེ་ལས་མཚན་མོའི་གུང་ཐུན་ནམ། ཐུན་ཐ་མའམ། སྐྱ་རེངས་མ་ཤར་བའམ། སྐྱ་རེངས་ཤར་བའམ། ཉི་མ་མ་ཤར་བའམ། ཉི་མ་ཤར་བའམ། ཉི་མའི་བརྒྱད་ཆ་ཤར་བའམ། ཉི་མའི་བཞི་ཆ་ཤར་བའམ། ཕྱེད་མ་ཡོལ་བའམ། ཕྱེད་ཡོལ་བའམ། ཉི་མའི་བཞི་
ཆ་ལུས་པའམ། ཉི་མའི་བརྒྱད་ཆ་ལུས་པའམ། ཉི་མ་མ་ནུབ་པའམ། ཉི་མ་ནུབ་པའམ། རྒྱུ་སྐར་དག་མ་ཤར་བའམ། རྒྱུ་སྐར་དག་ཤར་བ་ན་ལྡང་བར་བྱེད་ན། གལ་ཏེ་ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སུ་འགྱུར་ལ། གལ་ཏེ་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དུ་འགྱུར་རོ། །སངས་རྒྱས་བཅོམ་
ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་གདིང་བའི་ཕན་ཕུན་དུ་མཆིས། ཉེ་བ་འཁོར་གཉིས་ཏེ། རླུང་གི་ཕན་ཕུན་དང་། སྲིལ་གྱི་ཕན་ཕུན་ནོ། །རླུང་གི་ཕན་ཕུན་གང་ཞེ་ན། རིམ་པ་གཅིག་ནས་རིམ་པ་གཉིས་པའི་བར་དུ་བཟློག་པར་གྱུར་པའོ། །སྲིལ་གྱི་ཕན་ཕུན་
གང་ཞེ་ན། རིམ་པ་གཅིག་ནས་རིམ་པ་གཉིས་ཀྱི་བར་དུ་ཕན་ཕུན་དུ་གྱུར་པའོ། །ས་གཞི་རྡོ་བའི་གཞི་ཅན་དང་། བྱེ་མའི་གཞི་ཅན་གང་དུ་ཉེས་དམིགས་དེ་ལྟ་བུ་མི་འབྱུང་བ་ལ་ནི་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་
ལྟུང་བ་མེད་དོ། །གདིང་བའི་ལྟུང་བྱེད་དེ་བཅྭ་ལྔ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས་དགེ་སློང་གསར་བུ་གསར་བུ་
དག་ལ་ཚེ་དང་ལྡན་པ་དག་ཚུར་ཤོག །ལྗོངས་རྒྱུར་འདོང་དང་དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་ཁྱེད་ཅག་ཀྱང་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་།

ལུང་དབོག་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ་ཞེས་སྤྲོ་བར་བྱས་པ་དང་། དེ་དག་གིས་སློབ་དཔོན་དང་། མཁན་པོ་དག་ལ་ཞུས་པ། མཁན་པོ་བདག་ཅག་ལྗོངས་རྒྱུར་མཆིའོ། །སུ་དང་ལྷན་ཅིག་ཏུ།
བཙུན་པ་འཆར་ཀ་དང་ངོ་། །ཚེ་དང་ལྡན་པ་དག་དེ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་པས་ཁྱེད་ལ་མཐོ་འཚམ་པར་འགྱུར་རོ། །མཁན་པོ་བཙུན་པ་འཆར་ཀ་ནི་བདག་ཅག་གི་ཕ་མ་ལྟ་བུར་རྣམ་པར་གནས་པ་ལགས་པས་ཅིའི་སླད་དུ་དེ་བདག་ཅག་ལ་མཐོ་འཚམ་པར་འགྱུར་ཞེས་དེ་དག་གིས་
དེ་དག་གི་ཚིག་ཚིག་མ་ཡིན་པར་བྱས་ཏེ་དེ་དང་ལྷན་ཅིག་ལྗོངས་རྒྱུར་འཕགས་སོ། །འཆར་ཀས་གང་གི་ཚེ་ཕྱི་རོལ་གྱི་མཚམས་འདས་པ་དེའི་ཚེ་ན་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ཅིའི་ཕྱིར་གནས་མ་བཅས་པར་ལྗོངས་རྒྱུར་འདོང་བར་བྱེད། ཚུར་ཤོག་གནས་ཆོས་ཤིག་ཅེས་དེས་དེ་
དག་མདུན་དུ་ཙོག་པུར་འདུག་དུ་བཅུག་སྟེ་གནས་འཆར་བཅུག་གོ། །དེས་དེ་དག་ལ་ལ་ལ་གཏུར་བུ་གཏད་ལ་ལ་ལ་ལྷུང་བཟེད་ཀྱི་སྣོད་གཏད། ལ་ལ་ལ་བར་བུར་སྣོད་གཏད། ལ་ལ་ལ་ཕོར་བུ་གཏད། ལ་ལ་ལ་རིལ་བ་སྤྱི་བླུགས་གཏད་ནས། དེ་ལག་པ་གཉིས་བརྐྱང་སྟེ། རྔུལ་གཟན་
ལས་གཞན་མེད་པར་འཇིག་རྟེན་ལ་མཐོ་འཚམ་ཞིང་འགྲོ་བ་ན། དེ་དག་རི་བྲགས་ཤིག་ཏུ་ཕྱིན་ནས་དེ་དག་དེར་ཁྲོན་པ་ཞིག་གི་དྲུང་དུ་ངལ་སོ་བར་བྱེད་པ་ན། དེ་ན་རི་བྲགས་ཀྱི་གཙུག་ལག་ཁང་ཞིག་ཡོད་པ་དེར་གཎྜཱི་བརྡུངས་པ་དང་། དེ་དག་གིས་ཐོས་ནས་སྨྲས་པ། སློབ་དཔོན་གཙུག་ལག་
ཁང་དུ་གཎྜཱི་བརྡུངས་ཀྱིས་བཞུད་དོ། །འཆར་ཀས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་ལས་མེད་པ་དག་གིས་ལས་ཀྱི་གཎྜཱི་བརྡུངས་ཤིང་བདག་ཅག་ངལ་བ་དག་གིས་ལས་བྱ་དགོས་པར་འགྱུར་བ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །སློབ་དཔོན་རྙེད་པའི་གཎྜཱི་མ་ལགས་སམ། དེ་ཡིན་ན་བདག་
ཅག་མཚམས་སུ་ཕྱིན་ན་འཐོབ་བོ། །སློབ་དཔོན་ནི་གྲགས་པ་བསོད་ནམས་ཆེ་བ་ལགས་པས་འཐོབ་ཀྱི་བདག་ཅག་སུས་སྩོལ་བར་འགྱུར། དེང་ལ་གལ་ཏེ་རྙེད་པ་ཡོད་ན་ཁོ་བོའི་ཡང་ནོས་ཤིག །དེ་དག་དོང་བ་དང་ཇི་ཙམ་ན་དེར་གནས་མལ་གྱི་གཎྜཱི་བརྡུངས་ནས་དགེ་སློང་རྣམས་

ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་གནས་མལ་ནོས་ཤིག །དེ་དག་གིས་སྨྲས་པ། བདག་ཅག་ལས་ཆེས་རྒན་པ་ཡང་ཡོད་དོ། །སུ་ཡིན། སློབ་དཔོན་འཆར་ཀའོ། །དེའི་ཡང་ནོས་ཤིག །དེ་དག་གིས་གནས་མལ་མནོས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡང་དེ་ན་འདུ་འཛིའི་གཏམ་
གྱིས་འདུག་སྟེ། རི་བྲགས་འདི་སུའི། གཙུག་ལག་ཁང་འདི་སུའི། ལྷ་ཁང་འདི་སུའི། སྐྱེད་མོས་ཚལ་འདི་སུའི། ཀུན་དགའ་ར་བ་འདི་སུའི། ཁྲོན་པ་འདི་སུའི། ཞིང་འདི་སུའི། བ་ལང་འདི་དག་སུའི། མ་ཧེ་འདི་དག་སུའི་ཞེས་འདུ་འཛིའི་གཏམ་གྱིས་འདུག་གོ། །དེ་དག་གིས་
ཀྱང་བསམས་པ། སློབ་དཔོན་འཆར་ཀ་ཡུན་རིང་དུ་ཐོགས་པར་འགྱུར་རོ་སྙམ་ནས་དེ་དག་གིས་གཅིག་ལ་གཅིག་ཞུས་ཏེ། ཚེ་དང་ལྡན་པ་འཆར་ཀའི་མལ་བཤམས་ནས་རྐང་པའི་ཆུ་དང་རྐང་པ་བསྐུ་བ་མཐའ་གཅིག་ཏུ་བཞག་སྟེ། རྐང་པ་གཉིས་བཀྲུས་ནས་མེ་ཁང་དུ་ཞུགས་ཏེ་ཉལ་ལོ། །ཚེ་དང་ལྡན་པ་འཆར་
ཀ་ཡང་ཇི་སྲིད་དུ་དེའི་འདུ་འཛིའི་གཏམ་གྱི་ཟླ་ཡོད་པ་དེ་སྲིད་དུ་འདུག་འདུག་ནས། གང་གི་ཚེ་དེའི་འདུ་འཛིའི་གཏམ་གྱི་ཟླ་མེད་པ་དེའི་ཚེ་ན་མིག་ལམ་ཆད་པའི་དུས་ཀྱི་ཚེ་གཙུག་ལག་ཁང་དུ་འོངས་ཏེ། ཚེ་དང་ལྡན་པ་དག་ཚེ་དང་ལྡན་པ་དག་ཅེས་བོད་པར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་དེ་ལ་
སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་འདམ་བུ་ཐིབས་པོའི་གསེབ་ཏུ་ཞུགས་པ་བཞིན་དུ་ཅི་འབོད། འཆར་ཀས་སྨྲས་པ། འདི་ན་ཁོ་བོའི་གཞོན་ནུ་དག་ཅིག་འཁོད་ན་དེ་དག་ལས་འགའ་ཞིག་ན་བར་མ་གྱུར་ཏམ། དེ་དག་གིས་དེ་ཐོས་ནས་སྨྲས་པ། སློབ་དཔོན་མ་འབོད་ཅིག །གནས་ཁང་འོ་
ནིར་གཟིམས་མལ་བཤམས་ཏེ། ཞབས་ཀྱི་ཆབ་དང་། ཞབས་བསྐུ་བ་ཡང་བཞག་གིས་དེར་གཟིམས་ཤིག །འཆར་ཀས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱིས་སུ་ལ་ཞུས་ཏེ་རྐང་པ་དག་བཀྲུས། སློབ་དཔོན་ཡུན་རིང་དུ་ཐོགས་པར་གྱུར་ནས་གཅིག་ལ་གཅིག་ཞུས་ཏེ་སུག་པ་དག་
བཀྲུས་སོ། །འཆར་ཀས་སྤྱོས་ཏེ་སྨྲས་པ། གཙུག་ལག་ཁང་ནས་ཕྱིར་བྱུང་ལ། གང་འདི་ལྟར་གུས་པ་མེད་པ་དང་། རྗེ་ས་མེད་པ་དག་ལ་གནས་སྦྱིན་པར་བྱེད་པ་དེའི་གན་དུ་སོང་ལ་གནས་ཆོས་ཤིག་ཅེས་དེས་དེ་དག་གཙུག་ལག་ཁང་ནས་ཕྱི་རོལ་དུ་བསྐྲད་དོ། །དེ་དག་དེ་ན་མཚན་

ཐོག་ཐག་བླ་གབ་མེད་པར་ལྷགས་པས་ཉེན་པར་གྱུར་ཏོ། །དེ་དག་ནངས་པར་སྔར་ལངས་ཏེ་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ། །བདག་ཅག་མཆིའོ། །གར་འདོང་། མཉན་ཡོད་དུའོ། །སྡོད་ཅིག་དང་ཁོ་བོས་ཁྱེད་ཅག་ན་བ་རྣམས་ཀྱི་ནད་གཡོག་བྱའོ། །སློབ་
དཔོན་ཁྱོད་ཀྱིས་བདག་ཅག་མི་ན་བ་ཡང་ན་བར་བྱས་པས་ན་བ་རྣམས་ཀྱི་ནད་གཡོག་བྱས་རེ་སྐན་ཞེས་དེ་དག་མཉན་ཡོད་དུ་དོང་བ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། ཇི་ལྟར་
བདེ་བར་བརྒྱུས། བདག་ཅག་སློབ་དཔོན་འཆར་ཀས་མཚན་ཐོག་ཐག་ལྷགས་པས་ཐོ་བཙམས་སོ། །ཅིའི་ཕྱིར། དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་སྐྲོད་པར་བྱེད་ཅེས་སྨོད་པར་བྱེད་
ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །
སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཆར་ཀ་ལ་རྨས་པ། འཆར་ཀ་ཁྱོད་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་སྐྲོད་པ་བདེན་ནམ། བཙུན་པ་མད་དོ། །
སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་
དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་

པར་བྱ་སྟེ། ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡི་མ་རངས་ནས་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་སྐྲོད་དམ་སྐྲོད་དུ་འཇུད་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བར་མཛད་དོ། །སངས་རྒྱས་
བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་སའི་གཙུག་ལག་ཁང་ཞིག་ཡོད་པ་དེ་ན་དགེ་སློང་ནད་པ་ཞིག་འདུག་ནས། ཇི་ཙམ་ན་སྤྲིན་ཁ་དོག་ལྔ་པ་འདུས་ནས་དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་སྤྲིན་ཁ་དོག་ལྔ་པ་
འདུས་པས་གཙུག་ལག་ཁང་རྡིབ་པར་འགྱུར་སྲིད་ཀྱིས་ཕྱིར་བྱུང་ཞིག །ཁོ་བོ་རང་འབྱུང་མི་ནུས་སོ། །དགེ་སློང་རྣམས་འགྱོད་པས་མ་ཕྱུང་ནས་ཆར་བབ་སྟེ་གཙུག་ལག་ཁང་རྡིབ་ནས་དེས་དགེ་སློང་དེ་ནོན་ཏེ་དུས་ལ་བབ་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་
དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡི་མ་རངས་ནས་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་སྐྲོད་དམ་སྐྲོད་དུ་འཇུག་ན་དེ་
འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡི་མ་རངས་ནས་ཞེས་བྱ་བ་ནི་ཁྲོས་ཤིང་ཁྲོ་བའི་ཟིལ་གྱིས་ནོན་ནས་སོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་
དགེ་འདུན་གྱིའོ། །གཙུག་ལག་ཁང་ནས་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་བཞི་པོ་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དག་བྱར་རུང་བ་ནས་སོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །སྐྲོད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །སྐྲོད་དུ་འཇུད་ན་ཞེས་བྱ་བ་ནི་གཞན་ནོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་

ནི་དེ་འདྲ་བའི་རྐྱེན་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་
ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་དུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡི་མ་རངས་ནས་དགེ་འདུན་གྱི་གཙུག་ལག་
ཁང་ནས་དགེ་སློང་སྐྲོད་དམ་སྐྲོད་དུ་འཇུད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །སྐྲོད་པའི་ལྟུང་བྱེད་དེ་བཅུ་དྲུག་པ་རྫོགས་སྷོ།། །།སངས་
རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས་དགེ་སློང་གསར་བུ་གསར་བུ་དག་ལ་ཚེ་དང་ལྡན་པ་དག་ཚུར་ཤོག །ལྗོངས་རྒྱུར་འདོང་དང་དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་
བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་། ཁྱེད་ཅག་ཀྱང་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ལུང་དབོག་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བས་བྲེལ་བ་མེད་
པར་བྱའོ་ཞེས་སྤྲོ་བར་བྱས་པ་དང་། དེ་དག་གིས་སློབ་དཔོན་དང་། མཁན་པོ་དག་ལ་ཞུས་པ་མཁན་པོ་བདག་ཅག་ལྗོངས་རྒྱུར་མཆིའོ། །སུ་དང་ལྷན་ཅིག་ཏུ། བཙུན་པ་འཆར་ཀ་དང་ངོ་། །ཚེ་དང་ལྡན་པ་དག་དེ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་པས་ཁྱེད་ལ་མཐོ་འཚམ་པར་འགྱུར་རོ། །
མཁན་པོ་བཙུན་པ་འཆར་ཀ་ནི་བདག་ཅག་གི་ཕ་མ་ལྟ་བུར་རྣམ་པར་གནས་པ་ལགས་པས་ཅིའི་སླད་དུ་དེ་བདག་ཅག་ལ་མཐོ་འཚམ་པར་འགྱུར་ཞེས་དེ་དག་གིས་དེ་དག་གི་ཚིག་ཚིག་མ་ཡིན་པར་བྱས་ཏེ། དེ་དང་ལྷན་ཅིག་ལྗོངས་རྒྱུར་འཕགས་སོ། །འཆར་ཀས་གང་གི་ཚེ་ཕྱི་རོལ་གྱི་མཚམས་

འདས་པ་དེའི་ཚེ་ན་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ཅིའི་ཕྱིར་གནས་མ་བཅས་པར་ལྗོངས་རྒྱུར་འདོང་བར་བྱེད། ཚུར་ཤོག་གནས་ཆོས་ཤིག་ཅེས་དེས་དེ་དག་མདུན་དུ་ཙོག་པུར་འདུག་ཏུ་བཅུག་སྟེ་གནས་འཆར་བཅུག་གོ། །དེས་དེ་དག་ལ་ལ་ལ་གཏུར་བུ་གཏད། ལ་ལ་ལ་ལྷུང་
བཟེད་ཀྱི་སྣོད་གཏད། ལ་ལ་ལ་བར་བུར་གཏད། ལ་ལ་ལ་ཕོར་བུ་གཏད། ལ་ལ་ལ་རིལ་བ་སྤྱི་བླུགས་གཏད་ནས་དེ་ལག་པ་གཉིས་བརྐྱང་སྟེ། རྔུལ་གཟན་ལས་གཞན་མེད་པར་འཇིག་རྟེན་ལ་མཐོ་འཚམ་ཞིང་འགྲོ་བ་ན་དེ་དག་རི་བྲགས་ཤིག་ཏུ་ཕྱིན་ནས་དེ་དག་དེར་ཁྲོན་པ་ཞིག་གི་དྲུང་
དུ་ངལ་སོ་བར་བྱེད་པ་ན་དེ་ན་རི་བྲགས་ཀྱི་གཙུག་ལག་ཁང་ཞིག་ཡོད་པ་དེར་གཎྜཱི་བརྡུངས་པ་དང་། དེ་དག་གིས་ཐོས་ནས་སྨྲས་པ། སློབ་དཔོན་གཙུག་ལག་ཁང་དུ་གཎྜཱི་བརྡུངས་ཀྱིས་བཞུད་དོ། །འཆར་ཀས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་ལས་མེད་པ་དག་གིས་ལས་ཀྱི་གཎྜཱི་བརྡུངས་
ཤིང་བདག་ཅག་ངལ་བ་དག་གིས་ལས་བྱ་དགོས་པར་འགྱུར་བ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །སློབ་དཔོན་རྙེད་པའི་གཎྜཱི་མ་ལགས་སམ། དེ་ཡིན་ན་བདག་ཅག་མཚམས་སུ་ཕྱིན་ན་འཐོབ་བོ། །སློབ་དཔོན་ནི་གྲགས་པ་བསོད་ནམས་ཆེ་བ་ལགས་པས་ཐོབ་ཀྱི་བདག་ཅག་ལ་སུས་སྩོལ་
བར་འགྱུར། དེང་ལ་གལ་ཏེ་རྙེད་པ་ཡོད་ན་ཁོ་བོའི་ཡང་ནོས་ཤིག །དེ་དག་དོང་བ་དང་ཇི་ཙམ་ན་དེར་གནས་མལ་གྱི་གཎྜཱི་བརྡུངས་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་གནས་མལ་ནོས་ཤིག །དེ་དག་གིས་སྨྲས་པ། བདག་ཅག་ལས་ཆེས་རྒན་པ་ཡང་ཡོད་དོ། །སུ་
ཡིན། སློབ་དཔོན་འཆར་ཀའོ། །དེའི་ཡང་ནོས་ཤིག །དེ་དག་གིས་གནས་མལ་མནོས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡང་དེ་ན་འདུ་འཛིའི་གཏམ་གྱིས་འདུག་སྟེ། རི་བྲགས་འདི་སུའི། གཙུག་ལག་ཁང་འདི་སུའི། ལྷ་ཁང་འདི་སུའི། སྐྱེད་མོས་ཚལ་འདི་སུའི། ཀུན་དགའ་ར་
བ་འདི་སུའི། ཁྲོན་པ་འདི་སུའི། ཞིང་འདི་སུའི། བ་ལང་འདི་དག་སུའི། མ་ཧེ་འདི་དག་སུའི་ཞེས་འདུ་འཛིའི་གཏམ་གྱིས་འདུག་གོ། །དེ་དག་གིས་ཀྱང་བསམས་པ། སློབ་དཔོན་འཆར་ཀ་ཡུན་རིང་དུ་ཐོགས་པར་འགྱུར་རོ་སྙམ་ནས་དེ་དག་གིས་གཅིག་ལ་གཅིག་ཞུས་ཏེ། ཚེ་དང་ལྡན་

པ་འཆར་ཀའི་མལ་བཤམས་ནས་རྐང་པའི་ཆུ་དང་། རྐང་པ་བསྐུ་བ་མཐའ་གཅིག་ཏུ་བཞག་སྟེ། རྐང་པ་གཉིས་བཀྲུས་ནས་མེ་ཁང་དུ་ཞུགས་ཏེ་ཉལ་ལོ། །ཚེ་དང་ལྡན་པ་འཆར་ཀ་ཡང་ཇི་སྲིད་དུ་དེའི་འདུ་འཛིའི་གཏམ་གྱི་ཟླ་ཡོད་པ་དེ་སྲིད་དུ་འདུག་འདུག་ནས། གང་གི་
ཚེ་དེའི་འདུ་འཛིའི་གཏམ་གྱི་ཟླ་མེད་པ་དེའི་ཚེ་ན་མིག་ལམ་ཆད་པའི་དུས་ཀྱི་ཚེ་གཙུག་ལག་ཁང་དུ་འོངས་ཏེ་ཚེ་དང་ལྡན་པ་དག་ཚེ་དང་ལྡན་པ་དག་ཅེས་བོད་པར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་འདམ་བུ་ཐིབས་པོའི་གསེབ་ཏུ་ཞུགས་པ་བཞིན་དུ་ཅི་འབོད།
འཆར་ཀས་སྨྲས་པ། འདི་ན་ཁོ་བོའི་གཞོན་ནུ་དག་ཅིག་འཁོད་ན་དེ་དག་ལས་འགའ་ཞིག་ན་བར་མ་གྱུར་ཏམ། དེ་དག་གིས་དེ་ཐོས་ནས་སྨྲས་པ། སློབ་དཔོན་མ་འབོད་ཅིག །གནས་ཁང་འོ་ནིར་གཟིམས་མལ་བཤམས་ཏེ། ཞབས་ཀྱི་ཆབ་དང་། ཞབས་བསྐུ་བ་ཡང་བཞག་གིས་དེར་
གཟིམས་ཤིག །འཆར་ཀས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱིས་སུ་ལ་ཞུས་ཏེ་རྐང་པ་དག་བཀྲུས། སློབ་དཔོན་ཡུན་རིང་དུ་ཐོགས་པར་གྱུར་ནས་གཅིག་ལ་གཅིག་ཞུས་ཏེ་སུག་པ་དག་བཀྲུས་སོ། །འཆར་ཀས་སྤྱོས་ཏེ་སྨྲས་པ། ཁོ་བོ་ཁྱེད་དང་ལྷན་ཅིག་བྱ་བ་ཅུང་ཞིག་ཡོད་ཀྱིས་སྒོ་ཕྱེ་
ཤིག །དེ་དག་གིས་སྒོ་མ་ཕྱེ་བ་དང་། དེས་སྤྱོས་ཏེ་སྒོ་གླེགས་ལ་རྡོག་པས་བརྡབས་ནས་དེས་མེ་ཁང་ཐམས་ཅད་འགུལ་བར་གྱུར་ཏོ། །དེ་དག་སྐྲག་ནས་བསམས་པ། འདི་སྟོབས་དང་ལྡན་པ་ཡིན་པས་དགེ་འདུན་གྱི་གཙུག་ལག་ཁང་རྡིབ་པར་གྱུར་ན་མི་རུང་གིས་སྒོ་དབྱེའོ་སྙམ་ནས་དེ་དག་གིས་
སྒོ་ཕྱེ་བ་དང་། དེ་ནང་དུ་ཞུགས་ནས་དེ་དག་གི་དབུས་སུ་བསྒྱེལ་ཏེ། དེས་དེ་དག་ཁ་ཅིག་ལ་ནི་གྲུ་མོས་བསྣུན་ཁ་ཅིག་ལ་ནི་པུས་མོས་བསྣུན་ནས་དེ་དག་གིས་སྨྲས་པ། སློབ་དཔོན་བདག་ཅག་གནང་ངོ་། །བདག་ཅག་གནང་ངོ་། །འཆར་ཀས་སྨྲས་པ། སུ་ལ་གནོད་པ་དེ་འགྲོ་བར་འགྱུར་
རོ། །དེ་དག་གིས་གཅིག་ལ་གཅིག་སྨྲས་པ། ཚེ་དང་ལྡན་པ་དག་འདི་ནི་སྟོབས་དང་ལྡན་པ་ཡིན་པས་འདིས་བདག་ཅག་ཐམས་ཅད་ཀྱི་ཐམས་ཅད་དུ་སྲོག་དང་བྲལ་བར་བྱེད་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་གྱིས་ཕྱིར་འབྱུང་བར་བྱའོ་ཞེས་དེ་དག་ཕྱིར་བྱུང་ངོ་། །དེ་དག་དེ་

ན་མཚན་ཐོག་ཐག་བླ་གབ་མེད་པ་ན་ལྷགས་པས་ཉེན་པར་གྱུར་ཏོ། །དེ་དག་ནང་པར་སྔར་ལངས་ཏེ་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ། །བདག་ཅག་མཆིའོ། །གར་འདོང་། མཉན་ཡོད་དུའོ། །སྡོད་ཅིག་དང་ཁོ་བོས་ཁྱེད་ཅག་ན་བ་རྣམས་ཀྱི་ནད་གཡོག་བྱའོ། །སློབ་དཔོན་
ཁྱོད་ཀྱིས་བདག་ཅག་མི་ན་བ་ཡང་ན་བར་བྱས་པས་ན་བ་རྣམས་ཀྱི་ནད་གཡོག་བྱས་རེ་སྐན་ཞེས་དེ་དག་མཉན་ཡོད་དུ་དོང་བ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། ཇི་ལྟར་བདེ་བར་
བརྒྱུས། བདག་ཅག་སློབ་དཔོན་འཆར་ཀས་མཚན་ཐོག་ཐག་ལྷགས་པས་ཐོ་བཙམས་སོ། །ཅིའི་ཕྱིར། དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་གྱི་གཙུག་ལག་ཁང་ན་དགེ་སློང་དག་སྔ་ན་འཁོད་པར་ཤེས་བཞིན་དུ་
ཕྱིས་འོངས་ནས་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ་ཕྱིས་གནོན་བྱེད་ཅིང་སྟན་ལ་ཉལ་བ་དང་འདུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལ་རྨས་པ། འཆར་ཀ་ཁྱོད་ཀྱིས་དགེ་འདུན་གྱི་གཙུག་ལག་ཁང་ན་དགེ་སློང་དག་སྔ་ན་འཁོད་པར་ཤེས་བཞིན་དུ་ཕྱིས་འོངས་ནས་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ་ཕྱིས་གནོན་བྱས་ནས་སྟན་ལ་ཉལ་ལམ་འདུག་པ་བདེན་ནམ། བཙུན་
པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་

པར་སྨད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་
འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་ན་དགེ་སློང་དག་སྔ་ན་འཁོད་པར་ཤེས་བཞིན་དུ་ཕྱིས་འོངས་ནས་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ་ཕྱིས་གནོན་བྱས་ནས་སྟན་ལ་ཉལ་ལམ་འདུག་ན་ལྟུང་བྱེད་དོ། །
ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །གཙུག་ལག་ཁང་ན་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་བཞི་པོ་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དག་
བྱར་རུང་བ་ནའོ། །དགེ་སློང་དག་ཅེས་བྱ་བ་ནི་ཆོས་འདི་པ་དག་གོ། །སྔ་ན་འཁོད་པ་ཞེས་བྱ་བ་ནི་སྔ་ན་གནས་པར་རོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་གིས་རིག་པར་གྱུར་པའམ། གཞན་དག་གིས་བསྟན་པས་སོ། །ཕྱིས་འོངས་ནས་ཞེས་བྱ་བ་ནི་དེའི་འོག་ཏུ་འོངས་ནས་སོ། །སུ་ལ་གནོད་པ་
ཞེས་བྱ་བ་ནི་སུ་བདེ་བ་ལ་རེག་པར་མི་འགྱུར་བའོ། །དེ་འགྲོ་བར་འགྱུར་བ་ཞེས་བྱ་བ་ནི་དེ་དེ་ནས་གཞན་དུ་འགྲོ་བར་འགྱུར་བའོ། །དེ་ཉིད་རྐྱེན་དུ་བྱས་ཏེ་ཞེས་བྱ་བ་ནི་གཞན་མ་ཡིན་པའོ། །ཕྱིས་གནོན་བྱས་ནས་ཞེས་བྱ་བ་ནི་གནོད་པས་ཟིལ་གྱིས་མནན་ནས་སོ། །སྟན་ལ་ཞེས་བྱ་བ་ནི་གནས་མལ་
ལའོ། །ཉལ་ན་ཞེས་བྱ་བ་ནི་ལུས་བསྙལ་ནའོ། །འདུག་ན་ཞེས་བྱ་བ་ནི་རྐུབ་ཚོས་བཞག་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་
པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་འདུན་གྱི་གཙུག་ལག་ཁང་ན་དགེ་སློང་དག་སྔ་ན་འཁོད་

པར་ཤེས་བཞིན་དུ་ཕྱིས་འོངས་ནས་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ་ཕྱིས་གནོན་བྱས་ནས་སྟན་ལ་ཉལ་ལམ་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། །།བར་སྡོམ་ལ། ངན་དང་བསོད་དང་གྲང་དྲོ་དང་། །ཆོལ་ཟངས་དང་ནི་བཀྲུས་སྨན་དང་། །
རྣལ་འབྱོར་མཐུན་དང་ཁ་ཏོན་དང་། །འཇིགས་དང་བཅས་དང་འཇིགས་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས་དགེ་སློང་གསར་བུ་གསར་བུ་དག་ལ་ཚེ་དང་ལྡན་
པ་དག་ཚུར་ཤོག །ལྗོངས་རྒྱུར་འདོང་དང་དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ་རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་ཁྱེད་ཅག་ཀྱང་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ལུང་དབོག་པ་དང་། བཀླག་
པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ་ཞེས་སྤྲོ་བར་བྱས་པ་དང་། དེ་དག་གིས་སློབ་དཔོན་དང་། མཁན་པོ་དག་ལ་ཞུས་པ། མཁན་པོ་བདག་ཅག་ལྗོངས་རྒྱུར་མཆིའོ། །སུ་དང་ལྷན་ཅིག་ཏུ། བཙུན་པ་འཆར་ཀ་དང་ངོ་། །ཚེ་དང་ལྡན་པ་
དག་དེ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་པས་ཁྱེད་ལ་མཐོ་འཚམ་པར་འགྱུར་རོ། །མཁན་པོ་བཙུན་པ་འཆར་ཀ་ནི་བདག་ཅག་གི་ཕ་མ་ལྟ་བུར་རྣམ་པར་གནས་པ་ལགས་པས་ཅིའི་སླད་དུ་བདག་ཅག་ལ་མཐོ་འཚམ་པར་འགྱུར་ཞེས་དེ་དག་གིས་དེ་དག་གི་ཚིག་ཚིག་མ་ཡིན་པར་བྱས་ཏེ་དེ་དང་ལྷན་ཅིག་
ལྗོངས་རྒྱུར་འཕགས་སོ། །འཆར་ཀས་གང་གི་ཚེ་ཕྱི་རོལ་གྱི་མཚམས་འདས་པ་དེའི་ཚེ་ན་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ཅིའི་ཕྱིར་གནས་མ་བཅས་པར་ལྗོངས་རྒྱུར་འདོང་བར་བྱེད། ཚུར་ཤོག་གནས་ཆོས་ཤིག་ཅེས་དེས་དེ་དག་མདུན་དུ་ཙོག་པུར་འདུག་ཏུ་བཅུག་སྟེ་གནས་འཆར་བཅུག་
གོ། །དེས་དེ་དག་ལ་ལ་ལ་གཏུར་བུ་གཏད། ལ་ལ་ལ་ལྷུང་བཟེད་ཀྱི་སྣོད་གཏད། ལ་ལ་ལ་བར་བུར་སྣོད་གཏད། ལ་ལ་ལ་ཕོར་བུ་གཏད། ལ་ལ་ལ་རིལ་བ་སྤྱི་བླུགས་གཏད་ནས་དེ་ལག་པ་གཉིས་བརྐྱང་སྟེ་རྔུལ་གཟན་ལས་གཞན་མེད་པར་འཇིག་རྟེན་ལ་མཐོ་འཚམ་ཞིང་འགྲོ་བ་ན་

དེ་དག་རི་བྲགས་ཤིག་ཏུ་ཕྱིན་ནས། དེ་དག་དེར་ཁྲོན་པ་ཞིག་གི་དྲུང་དུ་ངལ་སོ་བར་བྱེད་པ་ན་དེ་ན་རི་བྲགས་ཀྱི་གཙུག་ལག་ཁང་ཞིག་ཡོད་པ་དེར་གཎྜཱི་བརྡུངས་པ་དང་། དེ་དག་གིས་ཐོས་ནས་སྨྲས་པ། སློབ་དཔོན་གཙུག་ལག་ཁང་དུ་གཎྜཱི་བརྡུངས་ཀྱིས་བཞུད་དོ། །འཆར་
ཀས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་ལས་མེད་པ་དག་གིས་ལས་ཀྱི་གཎྜཱི་བརྡུངས་ཤིང་། བདག་ཅག་ངལ་བ་དག་གིས་ལས་བྱ་དགོས་པར་འགྱུར་བ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །སློབ་དཔོན་རྙེད་པའི་གཎྜཱི་མ་ལགས་སམ་དེ་ཡིན་ན་བདག་ཅག་མཚམས་སུ་ཕྱིན་ན་འཐོབ་བོ། །སློབ་
དཔོན་ནི་གྲགས་པ་བསོད་ནམས་ཆེ་བ་ལགས་པས་འཐོབ་ཀྱི་བདག་ཅག་སུས་སྩོལ་བར་འགྱུར། དེང་ལ་གལ་ཏེ་རྙེད་པ་ཡོད་ན་ཁོ་བོའི་ཡང་ནོས་ཤིག །དེ་དག་དོང་བ་དང་ཇི་ཙམ་ན་དེར་གནས་མལ་གྱི་གཎྜཱི་བརྡུངས་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་གནས་མལ་ནོས་ཤིག །
དེ་དག་གིས་སྨྲས་པ། བདག་ཅག་ལས་ཆེས་རྒན་པ་ཡང་ཡོད་དོ། །སུ་ཡིན། སློབ་དཔོན་འཆར་ཀའོ། །དེའི་ཡང་ནོས་ཤིག་དེ་དག་གིས་གནས་མལ་མནོས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡང་དེ་ན་འདུ་འཛིའི་གཏམ་གྱིས་འདུག་སྟེ་རི་བྲགས་འདི་སུའི། གཙུག་ལག་ཁང་འདི་
སུའི། ལྷ་ཁང་འདི་སུའི། སྐྱེད་མོས་ཚལ་འདི་སུའི། ཀུན་དགའ་ར་བ་འདི་སུའི། ཁྲོན་པ་འདི་སུའི། ཞིང་འདི་སུའི། བ་ལང་འདི་དག་སུའི། མ་ཧེ་འདི་དག་སུའི་ཞེས་འདུ་འཛིའི་གཏམ་གྱིས་འདུག་གོ། །དེ་དག་གིས་ཀྱང་བསམས་པ། སློབ་དཔོན་འཆར་ཀ་ཡུན་རིང་
དུ་ཐོགས་པར་འགྱུར་རོ་སྙམ་ནས་དེ་དག་གིས་གཅིག་ལ་གཅིག་ཞུས་ཏེ། ཚེ་དང་ལྡན་པ་འཆར་ཀའི་མལ་བཤམས་ནས། རྐང་པའི་ཆུ་དང་། རྐང་པ་བསྐུ་བ་མཐའ་གཅིག་ཏུ་བཞག་སྟེ། གཅིག་ལ་གཅིག་སྨྲས་པ། ཚེ་དང་ལྡན་པ་དག་དེང་བདག་ཅག་གིས་ཁ་ཟས་ངན་པ་དག་ཟོས་
པས་ཁ་ཏོན་མི་ནུས་ཀྱིས་རེ་ཞིག་ཡིད་ལ་བྱེད་པ་བསྐྱེད་པར་བྱའོ་ཞེས་དེ་དག་དཔོང་སའི་ཁང་པར་ཞུགས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་བསམ་གཏན་བྱ་བར་བརྩམས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡང་ཇི་སྲིད་དུ་དེའི་འདུ་འཛིའི་གཏམ་གྱི་ཟླ་ཡོད་པ་དེ་སྲིད་དུ་འདུག་འདུག་ནས་གང་གི་ཚེ་དེའི་འདུ་འཛིའི་

གཏམ་གྱི་ཟླ་མེད་པ་དེའི་ཚེ་ན་མིག་ལམ་ཆད་པའི་དུས་ཀྱི་ཚེ་གཙུག་ལག་ཁང་དུ་འོངས་ཏེ། ཚེ་དང་ལྡན་པ་དག་ཚེ་དང་ལྡན་པ་དག་ཅེས་བོད་པར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་འདམ་བུ་ཐིབས་པོའི་གསེབ་ཏུ་ཞུགས་པ་བཞིན་དུ་ཅི་འབོད། འཆར་
ཀས་སྨྲས་པ། འདི་ན་ཁོ་བོའི་གཞོན་ནུ་དག་ཅིག་འཁོད་ན་དེ་དག་ལས་འགའ་ཞིག་ན་བར་མ་གྱུར་ཏམ། དེ་དག་གིས་དེ་ཐོས་ནས་སྨྲས་པ། སློབ་དཔོན་མ་འབོད་ཅིག །གནས་ཁང་འོ་ནིར་གཟིམས་མལ་བཤམས་ཏེ། ཞབས་ཀྱི་ཆབ་དང་། ཞབས་བསྐུ་བ་ཡང་བཞག་གིས་དེར་གཟིམས་
ཤིག །བདག་ཅག་དེང་ཁ་ཟས་ངན་པ་དག་འཚལ་བས་ཁ་ཏོན་རྔོ་མི་ཐོག་ནས་རེ་ཞིག་དཔོང་སའི་ཁང་པ་འདིར་བསམ་གཏན་བགྱིད་དོ། །འཆར་ཀས་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་མི་ཀློག་པ་ལ་ཤེས་རབ་མེད་དོ་ཞེས་མ་གསུངས་སམ། ཚུར་ཤེག་ཁ་ཏོན་གྱིས་ཤིག་
ཅེས་དེས་དེ་དག་ཟུང་དུ་ལྷན་ཅིག་བཞག་སྟེ། མཚན་ཐོག་ཐག་ཁ་ཏོན་བྱེད་དུ་བཅུག་གོ། །དེ་དག་ནང་པར་སྔར་ལངས་ཏེ་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ། །བདག་ཅག་མཆིའོ། །གར་འདོང་། མཉན་ཡོད་དུའོ། །སྡོད་ཅིག་དང་ཁོ་བོས་ཁྱེད་ཅག་ན་བ་རྣམས་ཀྱི་ནད་གཡོག་
བྱའོ། །སློབ་དཔོན་ཁྱོད་ཀྱིས་བདག་ཅག་མི་ན་བ་ཡང་ན་བར་བྱས་པས་ན་བ་རྣམས་ཀྱི་ནད་གཡོག་བྱས་རེ་སྐན་ཞེས་དེ་དག་མཉན་ཡོད་དུ་དོང་བ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ།
ཇི་ལྟར་བདེ་བར་བརྒྱུས། བདག་ཅག་སློབ་དཔོན་འཆར་ཀས་མཚན་ཐོག་ཐག་ཐོ་བཙམས་སོ། །ཇི་ལྟར་ཐོ་བཙམས། དེ་དག་གིས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་དོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཆེད་དུ་བསམས་ཏེ་དགེ་སློང་རྣམས་ལ་མཐོ་འཚམ་པར་བྱེད་
ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་ལ་མཐོ་འཚམ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། །།

འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཞི་བཅུ་རྩ་ལྔ་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས་དགེ་སློང་གསར་བུ་གསར་བུ་དག་ལ་ཚེ་དང་ལྡན་པ་དག་ཚུར་
ཤེག །ལྗོངས་རྒྱུར་འདོང་དང་དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་། ཁྱེད་ཅག་ཀྱང་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ལུང་དབོག་པ་དང་།
བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ་ཞེས་སྤྲོ་བར་བྱས་པ་དང་། དེ་དག་གིས་སློབ་དཔོན་དང་། མཁན་པོ་དག་ལ་ཞུས་པ། མཁན་པོ་བདག་ཅག་ལྗོངས་རྒྱུར་མཆིའོ། །སུ་དང་ལྷན་ཅིག་ཏུ། བཙུན་པ་འཆར་ཀ་དང་ངོ་། །ཚེ་དང་ལྡན་
པ་དག་དེ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་པས་ཁྱེད་ལ་མཐོ་འཚམ་པར་འགྱུར་རོ། །མཁན་པོ་བཙུན་པ་འཆར་ཀ་ནི་བདག་ཅག་གི་ཕ་མ་ལྟ་བུར་རྣམ་པར་གནས་པ་ལགས་པས་ཅིའི་སླད་དུ་བདག་ཅག་ལ་མཐོ་འཚམ་པར་འགྱུར་ཞེས་དེ་དག་གིས་དེ་དག་གི་ཚིག་ཚིག་མ་ཡིན་པར་བྱས་ཏེ་དེ་དང་
ལྷན་ཅིག་ལྗོངས་རྒྱུར་འཕགས་སོ། །འཆར་ཀས་གང་གི་ཚེ་ཕྱི་རོལ་གྱི་མཚམས་འདས་པ་དེའི་ཚེ་ན་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ཅིའི་ཕྱིར་གནས་མ་བཅས་པར་ལྗོངས་རྒྱུར་འདོང་བར་བྱེད། ཚུར་ཤེག་གནས་ཆོས་ཤིག་ཅེས་དེས་དེ་དག་མདུན་དུ་ཙོག་པུར་འདུག་ཏུ་བཅུག་སྟེ་གནས་
འཆར་བཅུག་གོ། །དེས་དེ་དག་ལ་ལ་ལ་གཏུར་བུ་གཏད། ལ་ལ་ལ་ལྷུང་བཟེད་ཀྱི་སྣོད་གཏད། ལ་ལ་ལ་བར་བུར་སྣོད་གཏད། ལ་ལ་ལ་ཕོར་བུ་གཏད། ལ་ལ་ལ་རིལ་བ་སྤྱི་བླུགས་གཏད་ནས། དེ་ལག་པ་གཉིས་བརྐྱང་སྟེ། རྔུལ་གཟན་ལས་གཞན་མེད་པར་འཇིག་རྟེན་ལ་མཐོ་འཚམ་ཞིང་
འགྲོ་བ་ན། དེ་དག་རི་བྲགས་ཤིག་ཏུ་ཕྱིན་ནས་དེ་དག་དེར་ཁྲོན་པ་ཞིག་གི་དྲུང་དུ་ངལ་སོ་བར་བྱེད་པ་ན་དེ་ན་རི་བྲགས་ཀྱི་གཙུག་ལག་ཁང་ཞིག་ཡོད་པ་དེར་གཎྜཱི་བརྡུངས་པ་དང་། དེ་དག་གིས་ཐོས་ནས་སྨྲས་པ། སློབ་དཔོན་གཙུག་ལག་ཁང་དུ་གཎྜཱི་བརྡུངས་ཀྱིས་བཞུད་དོ། །འཆར་ཀས་སྨྲས་པ།

ལྷུང་བཟེད་ནག་པོ་ཅན་ལས་མེད་པ་དག་གིས་ལས་ཀྱི་གཎྜཱི་བརྡུངས་ཤིང་བདག་ཅག་ངལ་བ་དག་གིས་ལས་བྱ་དགོས་པར་འགྱུར་བ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །སློབ་དཔོན་རྙེད་པའི་གཎྜཱི་མ་ལགས་སམ། དེ་ཡིན་ན་བདག་ཅག་མཚམས་སུ་ཕྱིན་ན་ཐོབ་བོ། །སློབ་དཔོན་ནི་གྲགས་པ་
བསོད་ནམས་ཆེ་བ་ལགས་པས་འཐོབ་ཀྱི་བདག་ཅག་སུས་སྩོལ་བར་འགྱུར། དེང་ལ་གལ་ཏེ་རྙེད་པ་ཡོད་ན་ཁོ་བོའི་ཡང་ནོས་ཤིག །དེ་དག་དོང་བ་དང་ཇི་ཙམ་ན་དེར་གནས་མལ་གྱི་གཎྜཱི་བརྡུངས་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་གནས་མལ་ནོས་ཤིག །དེ་དག་གིས་སྨྲས་
པ། བདག་ཅག་ལས་ཆེས་རྒན་པ་ཡང་ཡོད་དོ། །སུ་ཡིན། སློབ་དཔོན་འཆར་ཀའོ། །དེའི་ཡང་ནོས་ཤིག །དེ་དག་གིས་གནས་མལ་མནོས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡང་དེ་ན་འདུ་འཛིའི་གཏམ་གྱིས་འདུག་སྟེ་རི་བྲགས་འདི་སུའི། གཙུག་ལག་ཁང་འདི་སུའི། ལྷ་ཁང་
འདི་སུའི། སྐྱེད་མོས་ཚལ་འདི་སུའི། ཀུན་དགའ་ར་བ་འདི་སུའི། ཁྲོན་པ་འདི་སུའི། ཞིང་འདི་སུའི། བ་ལང་འདི་དག་སུའི། མ་ཧེ་འདི་དག་སུའི་ཞེས་འདུ་འཛིའི་གཏམ་གྱིས་འདུག་གོ། །དེ་དག་གིས་ཀྱང་བསམས་པ། སློབ་དཔོན་འཆར་ཀ་ཡུན་རིང་དུ་ཐོགས་པར་འགྱུར་
རོ་སྙམ་ནས་དེ་དག་གིས་གཅིག་ལ་གཅིག་ཞུས་ཏེ། ཚེ་དང་ལྡན་པ་འཆར་ཀའི་མལ་བཤམས་ནས། རྐང་པའི་ཆུ་དང་། རྐང་པ་བསྐུ་བ་མཐའ་གཅིག་ཏུ་བཞག་སྟེ་གཅིག་ལ་གཅིག་སྨྲས་པ། ཚེ་དང་ལྡན་པ་དེང་བདག་ཅག་གིས་ཁ་ཟས་བསོད་པ་དག་ཟོས་པས་རེ་ཞིག་ཟུང་གིས་
ལྷན་ཅིག་ཁ་ཏོན་བྱའོ་ཞེས་དེ་དག་གིས་ཟུང་གིས་ཁ་ཏོན་བྱ་བར་བརྩམས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡང་ཇི་སྲིད་དུ་དེའི་འདུ་འཛིའི་གཏམ་གྱི་ཟླ་ཡོད་པ་དེ་སྲིད་དུ་འདུག་འདུག་ནས་གང་གི་ཚེ་དེའི་འདུ་འཛིའི་གཏམ་གྱི་ཟླ་མེད་པ་དེའི་ཚེ་ན་མིག་ལམ་ཆད་པའི་དུས་ཀྱི་ཚེ་གཙུག་ལག་ཁང་དུ་འོངས་ཏེ་
དེ་དག་ལ་དྲིས་པ། ཚེ་དང་ལྡན་པ་དག་ཅི་བྱེད། སློབ་དཔོན་བདག་ཅག་གིས་དེང་ཁ་ཟས་བསོད་པ་དག་འཚལ་བས་རེ་ཞིག་ཟུང་གིས་ཁ་ཏོན་བགྱིད་དོ། །འཆར་ཀས་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་བསམ་གཏན་མི་བྱེད་པ་ལ་ཤེས་རབ་མེད་དོ་ཞེས་མ་

གསུངས་སམ། ཚུར་ཤོག་བསམ་གཏན་གྱིས་ཤིག་ཅེས་དེས་དེ་དག་དཔོང་སའི་ཁང་པར་བཙུད་དེ་སྐྱིལ་མོ་ཀྲུང་འཆར་བཅུག་ནས་མཚན་ཐོག་ཐག་བསྲེལ་ཏོ། །དེ་དག་ནང་པར་སྔར་ལངས་ཏེ་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ། །བདག་ཅག་མཆིའོ། །གར་
འདོང་། མཉན་ཡོད་དུའོ། །སྡོད་ཅིག་དང་ཁོ་བོས་ཁྱེད་ཅག་ན་བ་རྣམས་ཀྱི་ནད་གཡོག་བྱའོ། །སློབ་དཔོན་ཁྱོད་ཀྱིས་བདག་ཅག་མི་ན་བ་ཡང་ན་བར་བྱས་པས་ན་བ་རྣམས་ཀྱི་ནད་གཡོག་བྱས་རེ་སྐན་ཞེས་དེ་དག་མཉན་ཡོད་དུ་དོང་བ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་
ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། ཇི་ལྟར་བདེ་བར་བརྒྱུས། བདག་ཅག་སློབ་དཔོན་འཆར་ཀས་མཚན་ཐོག་ཐག་ཐོ་བཙམས་སོ། །ཇི་ལྟར་ཐོ་བཙམས། དེ་དག་གིས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་དོ། །
དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཆེད་དུ་བསམས་ཏེ་དགེ་སློང་རྣམས་ལ་མཐོ་འཚམ་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་ལ་མཐོ་འཚམ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས་དགེ་སློང་གསར་བུ་གསར་བུ་དག་
ལ་ཚེ་དང་ལྡན་པ་དག་ཚུར་ཤེག །ལྗོངས་རྒྱུར་འདོང་དང་དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་། ཁྱེད་ཅག་ཀྱང་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་།
ལུང་དབོག་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ་ཞེས་སྤྲོ་བར་བྱས་པ་དང་། དེ་དག་གིས་སློབ་དཔོན་དང་། མཁན་པོ་དག་ལ་ཞུས་པ། མཁན་པོ་བདག་ཅག་ལྗོངས་རྒྱུར་མཆིའོ། །སུ་དང་ལྷན་ཅིག་ཏུ། བཙུན་པ་འཆར་ཀ་དང་

ངོ་། །ཚེ་དང་ལྡན་པ་དག་དེ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་པས་ཁྱེད་ལ་མཐོ་འཚམ་པར་འགྱུར་རོ། །མཁན་པོ་བཙུན་པ་འཆར་ཀ་ནི་བདག་ཅག་གི་ཕ་མ་ལྟ་བུར་རྣམ་པར་གནས་པ་ལགས་པས་ཅིའི་སླད་དུ་བདག་ཅག་ལ་མཐོ་འཚམ་པར་འགྱུར་ཞེས་དེ་དག་གིས་དེ་དག་གི་ཚིག་ཚིག་མ་ཡིན་པར་
བྱས་ཏེ་དེ་དང་ལྷན་ཅིག་ལྗོངས་རྒྱུར་འཕགས་སོ། །འཆར་ཀས་གང་གི་ཚེ་ཕྱི་རོལ་གྱི་མཚམས་འདས་པའི་ཚེ་ན་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ཅིའི་ཕྱིར་གནས་མ་བཅས་པར་ལྗོངས་རྒྱུར་འདོང་བར་བྱེད། ཚུར་ཤོག་གནས་ཆོས་ཤིག་ཅེས་དེས་དེ་དག་མདུན་དུ་ཙོག་པུར་འདུག་ཏུ་བཅུག་སྟེ་
གནས་འཆར་བཅུག་གོ། །དེས་དེ་དག་ལ་ལ་ལ་གཏུར་བུ་གཏད། ལ་ལ་ལ་ལྷུང་བཟེད་ཀྱི་སྣོད་གཏད། ལ་ལ་ལ་བར་བུར་སྣོད་གཏད། ལ་ལ་ལ་ཕོར་བུ་གཏད། ལ་ལ་ལ་རིལ་བ་སྤྱི་བླུགས་གཏད་ནས། དེ་ལག་པ་གཉིས་བརྐྱང་སྟེ་རྔུལ་གཟན་ལས་གཞན་མེད་པར་འཇིག་རྟེན་ལ་མཐོ་
འཚམ་ཞིང་འགྲོ་བ་ན་དེ་དག་རི་བྲགས་ཤིག་ཏུ་ཕྱིན་ནས་དེ་དག་དེར་ཁྲོན་པ་ཞིག་གི་དྲུང་དུ་ངལ་སོ་བར་བྱེད་པ་ན། དེ་ན་རི་བྲགས་ཀྱི་གཙུག་ལག་ཁང་ཞིག་ཡོད་པ་དེར་གཎྜཱི་བརྡུངས་པ་དང་། དེ་དག་གིས་ཐོས་ནས་སྨྲས་པ། སློབ་དཔོན་གཙུག་ལག་ཁང་དུ་གཎྜཱི་བརྡུངས་ཀྱིས་བཞུད་དོ། །འཆར་
ཀས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་ལས་མེད་པ་དག་གིས་ལས་ཀྱི་གཎྜཱི་བརྡུངས་ཤིང་བདག་ཅག་ངལ་བ་དག་གིས་ལས་བྱ་དགོས་པར་འགྱུར་བ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །སློབ་དཔོན་རྙེད་པའི་གཎྜཱི་མ་ལགས་སམ། དེ་ཡིན་ན་བདག་ཅག་མཚམས་སུ་ཕྱིན་ན་འཐོབ་པོ། །སློབ་དཔོན་
ནི་གྲགས་པ་བསོད་ནམས་ཆེ་བ་ལགས་པས་ཐོབ་ཀྱི་བདག་ཅག་ལ་སུས་སྩོལ་བར་འགྱུར། དེང་ལ་གལ་ཏེ་རྙེད་པ་ཡོད་ན་ཁོ་བོའི་ཡང་ནོས་ཤིག །དེ་དག་དོང་བ་དང་། ཇི་ཙམ་ན་དེར་གནས་མལ་གྱི་གཎྜཱི་བརྡུངས་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་གནས་མལ་ནོས་ཤིག་དེ་དག་གིས་སྨྲས་
པ་བདག་ཅག་ལས་ཆེས་རྒན་པ་ཡང་ཡོད་དོ། །སུ་ཡིན། སློབ་དཔོན་འཆར་ཀའོ། །དེའི་ཡང་ནོས་ཤིག་དེ་དག་གིས་གནས་མལ་མནོས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡང་དེ་ན་འདུ་འཛིའི་གཏམ་གྱིས་འདུག་སྟེ་རི་བྲགས་འདི་སུའི། གཙུག་ལག་ཁང་འདི་སུའི། ལྷ་ཁང་འདི་སུའི། སྐྱེད་

མོས་ཚལ་འདི་སུའི། ཀུན་དགའ་ར་བ་འདི་སུའི། ཁྲོན་པ་འདི་སུའི། ཞིང་འདི་སུའི། བ་ལང་འདི་དག་སུའི། མ་ཧེ་འདི་དག་སུའི་ཞེས་འདུ་འཛིའི་གཏམ་གྱིས་འདུག་གོ། །དེ་དག་གིས་ཀྱང་བསམས་པ། སློབ་དཔོན་འཆར་ཀ་ཡུན་རིང་དུ་ཐོགས་པར་འགྱུར་རོ་
སྙམ་ནས་དེ་དག་གིས་གཅིག་ལ་གཅིག་ཞུས་ཏེ། ཚེ་དང་ལྡན་པ་འཆར་ཀའི་མལ་བཤམས་ནས། རྐང་པའི་ཆུ་དང་། རྐང་པ་བསྐུ་བ་མཐའ་གཅིག་ཏུ་བཞག་སྟེ་གཅིག་ལ་གཅིག་སྨྲས་པ། ཚེ་དང་ལྡན་པ་དག་ད་ལྟར་གྲང་བའི་དུས་ལ་བབ་ཀྱིས་བདག་ཅག་མེ་ཁང་དུ་ཞུགས་ཏེ་ཉལ་ལོ་ཞེས་
དེ་དག་མེ་ཁང་དུ་ཞུགས་ཏེ་ཉལ་ལོ། །ཚེ་དང་ལྡན་པ་འཆར་ཀ་ཡང་ཇི་སྲིད་དུ་དེའི་འདུ་འཛིའི་གཏམ་གྱི་ཟླ་ཡོད་པ་དེ་སྲིད་དུ་འདུག་འདུག་ནས་གང་གི་ཚེ་དེའི་འདུ་འཛིའི་གཏམ་གྱི་ཟླ་མེད་པ་དེའི་ཚེ་ན་མིག་ལམ་ཆད་པའི་དུས་ཀྱི་ཚེ་གཙུག་ལག་ཁང་དུ་འོངས་ཏེ་ཚེ་དང་ལྡན་པ་དག་ཚེ་དང་ལྡན་པ་དག་
ཅེས་བོད་པར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་འདམ་བུ་ཐིབས་པོའི་གསེབ་ཏུ་ཞུགས་པ་བཞིན་དུ་ཅི་འབོད། འཆར་ཀས་སྨྲས་པ། འདི་ན་ཁོ་བོའི་གཞོན་ནུ་དག་ཅིག་འཁོད་ན་དེ་དག་ལས་འགའ་ཞིག་ན་བར་མ་གྱུར་ཏམ། དེ་དག་
གིས་དེ་ཐོས་ནས་སྨྲས་པ། སློབ་དཔོན་མ་འབོད་ཅིག །གནས་ཁང་འོ་ནིར་གཟིམས་མལ་བཤམས་ཏེ་ཞབས་ཀྱི་ཆབ་དང་། ཞབས་བསྐུ་བ་ཡང་བཞག་གིས་དེར་གཟིམས་ཤིག །བདག་ཅག་ད་ལྟར་གྲང་བའི་དུས་ལ་བབ་པས་མེ་ཁང་དུ་ཞུགས་ཏེ་མཆིས་ཉལ་ལོ། །ཚེ་དང་ལྡན་
པ་དག་ཁྱེད་ཅག་གལ་ཏེ་ཁྲག་ནད་དམ། མཁྲིས་ནད་གཡོས་པར་གྱུར་ན་ཁོ་བོས་ཡུན་དེ་སྲིད་དུ་ཁྱེད་ཀྱི་ནད་གཡོག་བྱེད་པར་ག་ལ་ནུས་ཕྱིར་བྱུང་ཤིག་ཅེས་དེས་དེ་དག་བླ་གབ་མེད་པར་བཏོན་ཏེ་ཆུ་གྲང་མོས་བཏབ་ནས་མཚན་ཐོག་ཐག་བསིལ་ཡབ་ཀྱིས་གཡབས་སོ། །དེ་དག་གིས་མཚན་མོའི་
ནམ་ནངས་ནས་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ།