Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 007_འདུལ་བ།_ཇ

Văn bản gốc(Tây Tạng)

Trang 5 / 18 (50.000 ký tự/trang)
ུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ཏེ་ཐུབ་པའི་དབང་པོའི་གསུང་རབ་འདི་ཡང་དག་པར་བསྒྲུབས་པ་ཡིན་ན་
ཁྱོད་དེ་བཞིན་གཤེགས་པ་ལས་ཀློག་ནུས་སམ། བཙུན་པ་བདག་ནི་བུལ་བ། མཆོག་ཏུ་བུལ་བ། ཆུང་བ། མཆོག་ཏུ་ཆུང་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ལ་ཚིགས་སུ་བཅད་པ་བཀའ་སྩལ་པ། གང་གིས་བྱིས་པ་བྱིས་ཉིད་རིག །དེ་ལ་དེས་
ན་དེ་མཁས་ཡིན། །བྱིས་པ་མཁས་པར་རློམ་བྱེད་པ། །དེ་འདིར་ཤིན་ཏུ་བྱིས་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཚིག་རེ་རེ་ནས་ཆོས་འདོན་པར་མཛད་པ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ། དེ་ནི་གནས་མེད་པས་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་
དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ལམ་པ་ཀློག་ཏུ་ཆུག་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་ལམ་པ་ཀློག་ཏུ་གཞུག་པར་བརྩམས་པ་དང་། དེས་ཀློག་མ་ནུས་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་
པ་བདག་གིས་རེ་ཞིག་སྟོན་པ་ལ་ཡང་བསྙེན་བཀུར་བགྱི་འཚལ་ཐོས་པ་ཡང་གཟུང་འཚལ་ཚོགས་དག་ཀྱང་ཀློག་ཏུ་སྩལ་འཚལ་བྲམ་ཟེ་དང་ཁྱིམ་བདག་མཆིས་ཤིང་ལྷགས་པ་རྣམས་ལ་ཡང་ཆོས་བསྟན་པར་བགྱི་འཚལ་བས་བདག་གིས་ལམ་པ་ཀློག་ཏུ་སྩལ་བའི་རྔོ་མི་ཐོག་གོ། །
བཅོམ་ལྡན་འདས་ཀྱིས་དེ་ལ་རྡུལ་སྤང་ངོ་དྲི་མ་སྤང་ངོ་ཞེས་བྱ་བའི་ཚིག་གཉིས་སྩལ་ན། དེས་ཚིག་དེ་གཉིས་མ་ཟིན་ནས་བཅོམ་ལྡན་འདས་ཀྱིས་འདིའི་ལས་སྦྱང་བར་བྱའོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ལམ་པ་ལ་བཀའ་སྩལ་པ། ལམ་པ་
ཁྱོད་ཀྱིས་དགེ་སློང་རྣམས་ཀྱི་མཆིལ་ལྷམ་དང་། ལྷམ་སྒྲོག་གུ་ཅན་དགའ་ཕྱི་ནུས་སམ། བཙུན་པ་རྔོ་ཐོག་གོ། །སོང་ལ་དགེ་སློང་རྣམས་ཀྱི་མཆིལ་ལྷམ་དང་། ལྷམ་སྒྲོག་གུ་ཅན་དག་ཕྱིས་ཤིག་དེས་དགེ་སློང་རྣམས་ཀྱི་མཆིལ་ལྷམ་དང་། ལྷམ་སྒྲོག་གུ་ཅན་དག་ཕྱི་བར་

བརྩམས་པ་དང་། དགེ་སློང་རྣམས་ཀྱིས་དེ་ལ་མི་སྟེར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལམ་པ་མཆིལ་ལྷམ་དང་། ལྷམ་སྒྲོག་གུ་ཅན་དག་འཕྱིར་ཆུག་ཤིག །དེ་ཅིའི་ཕྱིར་ཞེ་ན། འདིའི་ལས་སྦྱང་བར་བྱ་བའི་ཕྱིར་རོ། །འདི་ལ་ཚིག་གཉིས་
ཀྱི་ཁ་ཏོན་དག་ཀྱང་རྗེས་སུ་སློབས་ཤིག །ལམ་པས་དགེ་སློང་རྣམས་ཀྱི་མཆིལ་ལྷམ་དང་། ལྷམ་སྒྲོག་གུ་ཅན་དག་འཕྱི་བ་ན་དགེ་སློང་རྣམས་ཀྱིས་དེ་ལ་རྡུལ་སྤང་ངོ་། །དྲི་མ་སྤང་ངོ་ཞེས་བྱ་བའི་ཁ་ཏོན་གཉིས་པོ་དག་ཀྱང་བསླབས་ནས། ལམ་པས་དུས་གཞན་ཞིག་ན་
ཁ་ཏོན་གཉིས་པོ་དེ་ཡང་ལོབས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ལམ་པ་མཚན་མོའི་ནམ་ནངས་པའི་ཚེ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་རྡུལ་སྤང་ངོ་། །དྲི་མ་སྤང་ངོ་ཞེས་བཀའ་སྩལ་པ་གང་ཡིན་པ་དེ་ཅི་བཅོམ་ལྡན་འདས་ཀྱིས་ནང་གི་རྡུལ་ལས་དགོངས་
ཏེ་བཀའ་སྩལ་ཏམ། འོན་ཏེ་ཕྱི་རོལ་གྱི་རྡུལ་ལས་དགོངས་ཏེ་བཀའ་སྩལ་སྙམ་མོ། །དེ་དེ་ལྟར་སེམས་པ་ན་དེའི་ཚེ་དེ་ལ་སྔོན་མ་ཐོས་པའི་ཚིགས་སུ་བཅད་པ་གསུམ་པོ་འདི་དག་བློ་ལ་སྣང་བར་གྱུར་ཏོ། །རྡུལ་འདིར་འདོད་ཆགས་དེ་ནི་ས་རྡུལ་མིན། །རྡུལ་ནི་འདོད་ཆགས་མིང་སྟེ་
རྡུལ་གྱི་མིན། །མཁས་པ་གང་གིས་རྡུལ་དེ་རྣམ་སྤངས་པ། །དེ་དག་བདེ་གཤེགས་བསྟན་ལ་བག་ཡོད་འགྱུར། །རྡུལ་འདིར་ཞེ་སྡང་དེ་ནི་ས་རྡུལ་མིན། །རྡུལ་ནི་ཞེ་སྡང་མིང་སྟེ་རྡུལ་གྱི་མིན། །མཁས་པ་གང་གིས་རྡུལ་དེ་རྣམ་སྤངས་པ། །དེ་དག་བདེ་གཤེགས་བསྟན་ལ་
བག་ཡོད་འགྱུར། །རྡུལ་འདིར་གཏི་མུག་དེ་ནི་ས་རྡུལ་མིན། །རྡུལ་ནི་གཏི་མུག་མིང་སྟེ་རྡུལ་གྱི་མིན། །མཁས་པ་གང་གིས་རྡུལ་དེ་རྣམ་སྤངས་པ། །དེ་དག་བདེ་གཤེགས་བསྟན་ལ་བག་ཡོད་འགྱུར། །དེས་སྤྲོ་བ་དང་། འབད་པ་དང་། བརྩལ་བ་བྱས་པས་གོང་ནས་གོང་
དུ་ཡིད་ལ་བྱེད་པའི་ཁྱད་པར་ཐོབ་ནས་འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་མི་གཡོ་བ་འདི་ཉིད་རིག་སྟེ། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཉིད་ཀྱི་ཟིལ་གྱིས་མནན་ནས་ཉོན་མོངས་པ་ཐམས་ཅད་

སྤངས་པས་རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་དག་བྲེགས་ཏེ་གོས་སུ་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་
མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་
དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་བཞག་པ་ལྟ་བུ། རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་
ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །ཚེ་དང་ལྡན་པ་ལམ་པ་སྐྱིལ་མོ་ཀྲུང་གིས་འདུག་པ་ཚེ་དང་ལྡན་པ་ལམ་ཆེན་པས་མཐོང་ནས་དགྲ་བཅོམ་པ་དག་ནི་མ་བསམས་པར་ཤེས་
པ་དང་། མཐོང་བ་མི་འཇུག་པས་ཚེ་དང་ལྡན་པ་ལམ་ཆེན་པས་ལག་པ་གཉིས་ཀྱིས་ཚེ་དང་ལྡན་པ་ལམ་པ་བཟུང་སྟེ་སྨྲས་པ། ལམ་པ་རེ་ཞིག་ཁ་ཏོན་དག་གྱིས་ཤིག་དང་དེའི་འོག་ཏུ་བསམ་གཏན་པར་འགྱུར་རོ། །ཚེ་དང་ལྡན་པ་ལམ་པས་གླང་པོ་ཆེའི་སྣ་འདྲ་བའི་ལག་པ་བརྐྱང་བ་དང་།
ཚེ་དང་ལྡན་པ་ལམ་ཆེན་པས་རྒྱབ་ཏུ་རྣམ་པར་བལྟས་ནས་མཐོང་སྟེ། དེས་སྨྲས་པ། ཚེ་དང་ལྡན་པ་ལམ་པ་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་དེ་ལྟ་བུ་དག་རྟོགས་སམ། རྟོགས་སོ། །ཐམས་ཅད་དུ་བཅོམ་ལྡན་འདས་ཀྱིས་ལམ་ཆུང་བ་རབ་ཏུ་ཕྱུང་ངོ་ཞེས་སྒྲ་གྲགས་ནས། རྒྱལ་པོའི་ཁབ་
ན་འཚོ་བྱེད་གཞོན་ནུས་གསོས་ཀྱིས་བཅོམ་ལྡན་འདས་ཀྱིས་ལམ་ཆུང་བ་རབ་ཏུ་ཕྱུང་ངོ་ཞེས་ཐོས་ནས་དེས་བསམས་པ། གལ་ཏེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་གཤེགས་པར་གྱུར་ན་བཙུན་པ་ལམ་པ་མ་གཏོགས་པ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་

གཞན་དུ་སྤྱན་དྲངས་ཏེ་གདུགས་ཚོད་གསོལ་ལོ་སྙམ་མོ། །གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག་དགེ་སྦྱོང་གཽ་ཏ་མ་འདི་སྐད་ཅེས་ངའི་ཆོས་ནི་ཟབ་པ། ཟབ་པར་སྣང་བ། མཐོང་བར་དཀའ་བ། རྟོགས་པར་དཀའ་བ། བརྟག་མི་ནུས་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ།
ཞིབ་མོ་བརྟགས་པ། མཁས་པ་མཛངས་པས་རིག་པར་བྱ་བ་ཡིན་ནོ་ཞེས་ཟེར་ན་འདི་ལྟར་ལམ་ཆུང་བ་ལ་སོགས་པ་བུལ་བ། མཆོག་ཏུ་བུལ་བ། ཆུང་བ། མཆོག་ཏུ་ཆུང་བ་དག་ཀྱང་རབ་ཏུ་འབྱིན་པར་བྱེད་ན་དེའི་ཆོས་ཇི་ལྟར་ཟབ་པ་ཡིན་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད།
ཁ་ཟེར་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆེན་པོ་རི་རབ་དང་འདྲ་བ་ལ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་སྨྲས་པ། མི་དགེ་བ་སྐྱེད་པར་བྱེད་ཀྱིས་འདིའི་ཡོན་ཏན་བསྒྲག་པར་བྱའོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་
སྩལ་པ། ཀུན་དགའ་བོ་སོང་ལ་ལམ་པ་ལ་དེ་བཞིན་གཤེགས་པའི་ཞལ་ནས་ཁྱོད་ཀྱིས་དགེ་སློང་མ་ལ་སྟོན་ཅིག་ཅེས་བཀའ་སྩལ་ཏོ་ཞེས་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ཚེ་དང་ལྡན་པ་ལམ་པ་ག་
ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ལམ་པ་ལ་སྨྲས་པ། ཚེ་དང་ལྡན་པ་ལམ་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་དགེ་སློང་མ་ལ་སྟོན་ཅིག་ཅེས་བྱུང་ངོ་། །ཚེ་དང་ལྡན་པ་ལམ་པས་བསམས་པ། བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་དགེ་སློང་གནས་བརྟན་
གནས་བརྟན་དག་བཞག་སྟེ་བདག་ལ་བཀའ་སྩལ་སྙམ་ནས། དེས་བཅོམ་ལྡན་འདས་བདག་གི་ཡོན་ཏན་བསྒྲག་པར་བཞེད་པར་རིག་ནས་སྟོན་པའི་ཐུགས་ལ་དགོངས་པ་ཡོངས་སུ་རྫོགས་པར་བྱའོ་སྙམ་ནས་སྨྲས་པ། བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་
བཞིན་འཚལ་ལོ། །དགེ་སློང་མ་གསོ་སྦྱོང་འབུལ་བ་གཉིས་རྒྱལ་བྱེད་ཀྱི་ཚལ་དུ་འོངས་ཏེ། དེ་གཉིས་ཀྱིས་སྨྲས་པ། བདག་ཅག་དགེ་སློང་མའི་སྟོན་པ་སུ་བསྐོས། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ལམ་པའོ། །ཅི་ལགས་འཕགས་པ་ལམ་ཆེན་པའམ། ཚེ་

དང་ལྡན་པ་ལམ་པའོ། །དེ་གཉིས་ཀྱིས་སྨྲས་པ། ཕུ་ནུ་མོ་ཇི་ལྟར་བུད་མེད་ཀྱི་ཡུལ་བརྙས་པ་ལ་ལྟོས། དེས་ཟླ་བ་གསུམ་གྱིས་ཚིགས་སུ་བཅད་པ་གཅིག་བཀླགས་ན་དེ་ཡང་མ་ལོབས་པ་ཡིན་ལ། དགེ་སློང་མ་རྣམས་ནི་སྡེ་སྣོད་གཉིས་པ་དང་། སྡེ་སྣོད་
གསུམ་པ་ཆོས་སྒྲོག་པ། རིག་པ་དང་། གྲོལ་བའི་སྤོབས་པ་ཅན་དག་ཡིན་ན། དེས་དགེ་སློང་མ་ལ་སྟོན་པར་འགྱུར་བ་ཇི་ལྟར་བྱེད་པ་བལྟས་འདོང་ངོ་ཞེས་ཚེ་དང་ལྡན་པ་ལམ་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ལམ་པའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྨྲས་
པ། བཙུན་པ་ལམ་པ་དགོངས་སུ་གསོལ། རྒྱལ་པོའི་ཀུན་དགའ་ར་བའི་དགེ་སློང་མའི་དགེ་འདུན་མཐུན་པ་རྒྱལ་བྱེད་ཀྱི་ཚལ་གྱི་དགེ་སློང་གི་དགེ་འདུན་མཐུན་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ལོ། །གནོད་པ་ཉུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ།
འཚོའམ། སྟོབས་དང་ལྡན་ནམ། བདེའམ། ཁ་ན་མ་ཐོ་བ་མ་མཆིས་སམ། བདེ་བ་ལ་རེག་པར་གནས་སམ་ཞེས་སྙུན་གསོལ་ལོ། །ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་དང་རྗེས་སུ་བསྟན་པ་གསོལ་ལོ། །འདུན་པ་དང་གསོ་སྦྱོང་བགྱི་བར་གསོལ་བ་འདེབས་སོ། །གསོལ་བ་ཡང་
མཁྱེན་པར་གསོལ་ལོ། །ཐབས་ཡིན་ནོ། །དེ་གཉིས་ཀྱིས་སྨྲས་པ། ཐབས་ཡིན་ནོ། །ཞེས་བྱ་བ་ཙམ་ཡང་ཤེས་པ་ལྟ་ཞེས་དེ་གཉིས་དབྱར་ཁང་དུ་དོང་བ་དང་། དགེ་སློང་མ་རྣམས་ཀྱིས་མཐོང་ནས་སྨྲས་པ། བདག་ཅག་དགེ་སློང་མའི་སྟོན་པ་སུ་བྱོན། དེ་གཉིས་ཀྱིས་སྨྲས་
པ། འཕགས་པ་ལམ་པའོ། །ཅི་འཕགས་པ་ལམ་ཆེན་པའམ། འཕགས་པ་ལམ་ཆེན་པ་མ་ཡིན་གྱི་འདི་ལྟར་ལམ་པའོ། །དེ་དག་གིས་སྨྲས་པ། ཕུ་ནུ་མོ་དག་ཇི་ལྟར་བུད་མེད་ཀྱི་ཡུལ་བརྙས་པ་ལ་ལྟོས་དེ་ཟླ་བ་གསུམ་གྱིས་ཚིགས་སུ་བཅད་པ་གཅིག་བཀླགས་ན་དེ་
ཡང་མ་ལོབས་པ་ཡིན་ལ། དགེ་སློང་མ་རྣམས་ནི་སྡེ་སྣོད་གཉིས་པ་དང་། སྡེ་སྣོད་གསུམ་པ། ཆོས་སྒྲོག་པ། རིག་པ་དང་། གྲོལ་བའི་སྤོབས་པ་ཅན་དག་ཡིན་ན། དེས་ཇི་ལྟར་དགེ་སློང་མ་ལ་སྟོན་པར་འགྱུར། བདག་ཅག་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཟིལ་གྱིས་

མནན་པ་ལྟར་ནི་ཡ་མཚན་ཅན་དགུ་བཅུ་རྩ་དྲུག་པོ་དག་གིས་ཀྱང་བུད་མེད་ཀྱི་ཡུལ་འགའ་ཡང་ཟིལ་གྱིས་མ་མནན་ཏོ། །དགེ་སློང་མ་བཅུ་གཉིས་སྡེ་དག་གིས་དེ་ལྟར་འཕགས་པ་ལམ་པ་དགེ་སློང་མའི་སྟོན་པར་འོང་ངོ་ཞེས་ཐོས་ནས་དེ་དག་གིས་སྨྲས་པ། ཕུ་ནུ་མོ་དག་བདག་
ཅག་གིས་ཅི་ནས་ཀྱང་ཕྱིན་ཆད་ཐོས་པ་ཉུང་ངུ་འགའ་ཡང་དགེ་སློང་མ་ལ་སྟོན་པར་མི་འགྱུར་བ་དེ་ལྟར་བུ་ཟན་མོའི་བུ་དེ་མི་དགའ་བར་བྱའོ་ཞེས་དེ་དག་གིས་སྨྲས་པ། ཕུ་ནུ་མོ་དག་བདག་ཅག་ལས་མི་མོ་དྲུག་གིས་ནི་ཡལ་ག་ཁྲུ་བཅུ་གཉིས་པ་དག་ལས་སེང་གེའི་ཁྲི་ཤོམས་ཤིག །མི་མོ་དྲུག་
གིས་ནི་མཉན་ཡོད་དུ་ཞུགས་ལ་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དག་ཏུ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ལ་སང་བདག་ཅག་དགེ་སློང་མའི་སྟོན་པ་ཉན་ཐོས་ཆེན་པོ་འདི་འདྲ་བ་ཞིག་བྱོན་པར་འགྱུར་གྱིས་ཁྱེད་ཅག་ལས་གང་གིས་དེར་བདེན་པ་དག་མཐོང་བར་མ་གྱུར་པ།
དེས་ཡུན་རིང་པོར་འཁོར་བར་འཁོར་བར་བྱ་དགོས་པར་འགྱུར་རོ། །ཞེས་སྒྲོགས་ཤིག །དེ་དག་ལས་མི་མོ་དྲུག་གིས་ནི་ཡལ་ག་ཁྲུ་བཅུ་གཉིས་པ་དག་ལས་སེང་གེའི་ཁྲི་བཤམས་སོ། །མི་མོ་དྲུག་གིས་ནི་མཉན་ཡོད་དུ་ཞུགས་ཏེ་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་།
སུམ་མདོ་དག་ཏུ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ལ་སང་བདག་ཅག་དགེ་སློང་མའི་སྟོན་པ་ཉན་ཐོས་ཆེན་པོ་འདི་འདྲ་བ་ཞིག་བྱོན་པར་འགྱུར་གྱིས་ཁྱེད་ཅག་ལས་གང་གིས་དེར་བདེན་པ་དག་མཐོང་བར་མ་གྱུར་པ་དེས་ཡུན་རིང་པོར་འཁོར་བར་འཁོར་བར་བྱ་དགོས་པར་འགྱུར་རོ། །ཞེས་
བསྒྲགས་པ་དང་། སྲོག་ཆགས་འབུམ་ཕྲག་དུ་མ་དག་ཁ་ཅིག་ནི་ལྟད་མོ་སྐྱེས་པ་ན། ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་བ་ན་དེར་འདུས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ལམ་པ་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་
གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །དེ་མཉན་ཡོད་དུ་བསོད་སྙོམས་བརྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ་ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་སྟེ་རྐང་པ་གཉིས་བཀྲུས་ནས་ནང་དུ་ཡང་དག་འཇོག་གི་ཕྱིར་

གཙུག་ལག་ཁང་དུ་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ལམ་པ་ཕྱེ་མ་རེད་ནང་དུ་ཡང་དག་འཇོག་ལས་ལངས་ཏེ་སྣམ་སྦྱར་ཐོགས་ནས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དགེ་སློང་ཞིག་དང་དགེ་སློང་མའི་དབྱར་ཁང་རྒྱལ་པོའི་ཀུན་དགའ་ར་བ་ག་ལ་བ་དེར་སོང་ངོ་། །
སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་དེ་མཐོང་ནས་དེ་དག་གིས་སྨྲས་པ། དགེ་སློང་མའི་སྟོན་པ་དེ་གང་ཡིན། ཅི་དགེ་སྦྱོང་སྔ་མ་ཡིན་ནམ། འོན་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་ཡིན། དེ་དག་གིས་སྨྲས་པ། ཁྱེད་ཀྱིས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་འགའ་ཞིག་དགེ་སློང་
མ་ལ་སྟོན་པར་བྱེད་ཅེས་ཐོས་སམ། དགེ་སྦྱོང་སྔ་མ་འདི་ཉིད་དགེ་སློང་མའི་སྟོན་པ་ཡིན་ནོ། །དེ་དག་གིས་སྨྲས་པ། འདི་ཟླ་བ་གསུམ་གྱིས་ཚིགས་སུ་བཅད་པ་གཅིག་བཀླགས་ན་དེ་ཡང་མ་ལོབས་པ་ཡིན་ན། དེས་དགེ་སློང་མ་སྡེ་སྣོད་གཉིས་པ་དང་། སྡེ་སྣོད་གསུམ་
པ། ཆོས་སྒྲོག་པ། རིག་པ་དང་། གྲོལ་བའི་སྤོབས་པ་ཅན་དག་ལ་ཇི་ལྟར་སྟོན་པར་འགྱུར། དགེ་སྦྱོང་མ་སྒྲེ་བྱི་མོ་འདི་དག་གིས་བདག་ཅག་བྲིད་པར་གྱུར་གྱིས་ཚུར་ཤེག་འདོང་ངོ་། །གཞན་དག་གིས་སྨྲས་པ། ཇི་ལྟ་བྱེད་པ་ཡང་བལྟས་རེ་ཞིག་སྡོད་ཅིག །དེ་ནས་
ཚེ་དང་ལྡན་པ་ལམ་པ་འཁོར་དེའི་ནང་དུ་ཞུགས་ནས་སེང་གེའི་ཁྲི་ག་ལ་བ་དེར་སོང་བ་དང་། ཇི་ཙམ་ན་ཡལ་ག་ཁྲུ་བཅུ་གཉིས་པ་དག་ལས་སེང་གེའི་ཁྲི་བཤམས་པ་མཐོང་ནས་དེས་བསམས་པ། ཅི་རེ་ཞིག་དད་པར་གྱུར་པ་དག་གིས་བཤམས་པ་ཡིན་ནམ། འོན་ཏེ་མཐོ་འཚམ་
པའི་བསམ་པ་ཅན་དག་གིས་བཤམས་པ་ཡིན་སྙམ་ན། ཇི་ཙམ་ན་མཐོ་འཚམ་པའི་བསམ་པ་ཅན་དག་གིས་བཤམས་པར་མཐོང་ངོ་། །དེ་ནས་ཚེ་དང་ལྡན་པ་ལམ་པས་གླང་པོ་ཆེའི་སྣ་ལྟ་བུའི་ལག་པ་བརྐྱང་སྟེ་སེང་གེའི་ཁྲི་དེ་ཇི་ལྟར་གནས་སུ་བཞག་པ་དེ་ལྟར་མནན་ནས་ཚེ་དང་
ལྡན་པ་ལམ་པ་ཅི་ནས་ཀྱང་ཁ་ཅིག་གིས་མཐོང་། ཁ་ཅིག་གིས་མ་མཐོང་བ་དེ་ལྟར་སེང་གེའི་ཁྲི་ལ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ལམ་པ་ཏིང་ངེ་འཛིན་འདི་ལྟ་བུ་ལ་སྙོམས་པར་ཞུགས་ཏེ། ཇི་ལྟར་སེམས་མཉམ་པར་བཞག་ན་རང་གི་སྟན་ལས་མི་སྣང་བར་གྱུར་ཅིང་། ཤར་

ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ། སྤྱོད་ལམ་བཞི་པོ་འདི་ལྟ་སྟེ། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དག་བྱེད་དོ། །མེའི་ཁམས་ལ་ཡང་སྙོམས་པར་འཇུག་སྟེ། ཚེ་དང་ལྡན་པ་ལམ་པ་མེའི་ཁམས་ལ་ཡང་སྙོམས་པར་
ཞུགས་པའི་ལུས་ལས་འོད་ཟེར་སྣ་ཚོགས་འདི་ལྟ་སྟེ་སྔོན་པོ་དག་དང་། སེར་པོ་དག་དང་། དམར་པོ་དག་དང་། དཀར་པོ་དག་དང་། བཙོད་ཀ་དག་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་། །ཆོ་འཕྲུལ་ཟུང་དག་ཀྱང་རྣམ་པར་སྟོན་ཏེ། ལུས་ཀྱི་སྨད་ནས་མེ་འབར་
ཞིང་ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་དག་འབྱིན་པར་བྱེད་དོ། །ལུས་ཀྱི་སྟོད་ནས་མེ་འབར་ཞིང་ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་དག་འབྱིན་པར་བྱེད་དོ། །ཤར་ཕྱོགས་སུ་ཇི་ལྟ་བ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་ཡང་དེ་བཞིན་ཏེ། དེ་ཕྱོགས་བཞིར་རྫུ་འཕྲུལ་
གྱི་ཆོ་འཕྲུལ་རྣམ་པ་བཞི་བཞི་བསྟན་ནས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་ཕྱིར་བསྡུས་ཏེ་འཁོར་གྱི་གོང་དུ་སེང་གེའི་ཁྲི་བཤམས་པ་ཉིད་ལ་འདུག་གོ། །འདུག་ནས་ཚེ་དང་ལྡན་པ་ལམ་པས་དགེ་སློང་མ་རྣམས་ལ་སྨྲས་པ། སྲིང་མོ་དག་ཁོ་བོས་ཟླ་བ་གསུམ་གྱིས་ཚིགས་སུ་བཅད་པ་
གཅིག་བཟུང་སྟེ། ཁོ་བོ་ཚིགས་སུ་བཅད་པ་དེ་ཉིན་མཚན་བདུན་གྱི་བར་དུ་ཚིག་གཞན་དག་དང་། ཡི་གེ་གཞན་དག་དང་། ཚིག་དང་ཡི་གེ་གཞན་དག་གིས་དོན་རྣམ་པར་འབྱེད་པར་སྤྲོའོ། །སྲིང་མོ་དག་དེ་ལ་ལུས་ཞེས་བྱ་བས་ནི་བཅོམ་ལྡན་འདས་ཀྱིས་ལུས་ཀྱིས་ཉེས་
པར་སྤྱོད་པ་གསུམ་མི་བྱ་བ་བསྟན་ཏོ། །ངག་ཅེས་བྱ་བས་ནི་བཅོམ་ལྡན་འདས་ཀྱིས་ངག་གིས་ཉེས་པར་སྤྱོད་པ་བཞི་མི་བྱ་བ་བསྟན་ཏོ། །ཡིད་ཀྱིས་ཞེས་བྱ་བས་ནི་བཅོམ་ལྡན་འདས་ཀྱིས་ཡིད་ཀྱིས་ཉེས་པར་སྤྱོད་པ་གསུམ་མི་བྱ་བ་བསྟན་ཏོ། །སྡིག་པ་མི་བྱ་ཞིང་ཞེས་བྱ་བས་ནི་
བཅོམ་ལྡན་འདས་ཀྱིས་སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་བྱ་བ་བསྟན་ཏོ། །འཇིག་རྟེན་ཀུན་ལ་ཞེས་བྱ་བས་ནི་བཅོམ་ལྡན་འདས་ཀྱིས་ཉེ་བར་ལེན་པའི་ཕུང་པོ་ཐམས་ཅད་བསྟན་ཏོ། །ཡོངས་འཛིན་ཞེས་བྱ་བས་ནི་བཅོམ་ལྡན་འདས་ཀྱིས་ཡོངས་འཛིན་རྣམ་པ་གསུམ་བསྟན་ཏེ།

འདོད་ཆགས་ཀྱི་ཡོངས་འཛིན་དང་། ཞེ་སྡང་གི་ཡོངས་འཛིན་དང་། གཏི་མུག་གི་ཡོངས་འཛིན་ཏོ། །ཚེ་དང་ལྡན་པ་ལམ་པས་ཇི་ཙམ་གྱིས་ཚིགས་སུ་བཅད་པ་ཕྱེད་ཀྱི་དོན་ཀྱང་རྣམ་པར་ཕྱེ་བ་དེ་ཙམ་གྱིས་སྲོག་ཆགས་ཁྲི་ཉིས་སྟོང་གིས་བདེན་པ་དག་མཐོང་སྟེ།
ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་
བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འཁོར་ཕལ་ཆེར་ནི་སངས་རྒྱས་
ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པར་བཀོད་དོ། །དེ་ནས་ཚེ་དང་ལྡན་པ་ལམ་པས་འཁོར་དེ་དག་ཕལ་ཆེར་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པར་རྣམ་པར་བཀོད་ནས་སྟན་ལས་ལངས་ཏེ་སོང་
ངོ་། །དགེ་སློང་དག་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འཁོད་པ་དེ་དག་གིས་ཚེ་དང་ལྡན་པ་ལམ་པ་ཐག་རིང་པོ་ཁོ་ན་ནས་འོང་བ་མཐོང་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཚེ་དང་ལྡན་པ་ལམ་པས་དེང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མངོན་པར་མ་དད་པར་གྱུར་པར་བྱས་གོར་
མ་ཆག་ན། མངོན་སུམ་དུ་མི་དགའ་བ་བརྗོད་པ་ནི་སྡུག་བསྔལ་བ་ཡིན་པས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་ལ་དྲིའོ་ཞེས་དེ་དག་གིས་དེའི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་ལ་སྨྲས་པ། ཚེ་དང་ལྡན་པ་དེང་ཚེ་དང་ལྡན་པ་ལམ་པས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཇི་སྙེད་ཅིག་མངོན་པར་མ་
དད་པར་བྱས་དེས་སྨྲས་པ། སུས་མ་དད་པ་བྱས་བཅོམ་ལྡན་འདས་ཀྱིས་བཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཅེས་གང་ཐོས་པ་དེ་དེང་ཚེ་དང་ལྡན་པ་ལམ་པས་རྗེས་སུ་བསྐོར་ཏོ། །

དེ་དག་གིས་སྨྲས་པ། ཇི་ལྟར་གྱུར། དེས་སྨྲས་པ། ཚེ་དང་ལྡན་པ་ལམ་པས་ཇི་ཙམ་གྱིས་ཚིགས་སུ་བཅད་པ་ཕྱེད་ཀྱི་དོན་ཀྱང་རྣམ་པར་ཕྱེ་བ་དེ་ཙམ་གྱིས་སྲོག་ཆགས་ཁྲི་ཉིས་སྟོང་གིས་བདེན་པ་དག་མཐོང་སྟེ། ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས།
ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཉན་ཐོས་ཀྱི་
བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འཁོར་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་
པར་རྣམ་པར་བཀོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་སེམས་སྒྱུར་བ་ལ་མཁས་པ་རྣམས་ཀྱི་ནང་ན་འདི་ལྟ་སྟེ། ལམ་པ་འདི་ནི་མཆོག་ཡིན་ནོ། །དེ་ལྟ་བས་ན་ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་སོ། །དེ་
ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་
སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱིས་མ་བསྐོས་པར་དགེ་སློང་མ་ལ་སྟོན་
ན་ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིས་སོ། །མ་བསྐོས་པར་ཞེས་བྱ་བ་ནི་གསོལ་

བ་དང་གཉིས་ཀྱི་ལས་ཀྱིས་སོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །སྟོན་ན་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་བོ། །ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་ཏེ་ཞེས་བྱ་བ་ནི་ཆོས་འདི་ལྟ་བུ་དང་
ལྡན་པ་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་
སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན་དགེ་སློང་དགེ་འདུན་གྱིས་བསྐོས་ཀྱང་མཚམས་ཀྱི་ཕྱི་རོལ་དུ་བསྐོས་ཤིང་མཚམས་ཀྱི་ནང་དུ་མ་བསྐོས་ན་གང་དག་སྐོ་བར་བྱེད་པ་དེ་དག་
ལ་ཉེས་བྱས་སུ་འགྱུར་ལ། དེ་བསྐོས་པ་དེས་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དགེ་འདུན་གྱིས་མཚམས་ཀྱི་ནང་དུ་བསྐོས་ཤིང་མཚམས་ཀྱི་ཕྱི་རོལ་དུ་མ་བསྐོས་ཀྱང་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་མ་བསྐོས་ན། གང་དག་སྐོ་བར་བྱེད་པ་དེ་དག་ལ་ཉེས་བྱས་སུ་
འགྱུར་ལ་དེ་བསྐོས་པ་དེས་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དགེ་འདུན་གྱིས་མཚམས་ཀྱི་ནང་དུ་བསྐོས་ཤིང་མཚམས་ཀྱི་ཕྱི་རོལ་དུ་མ་བསྐོས་ཏེ། གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་བསྐོས་ཀྱང་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པ་མ་ཡིན་ན་གང་དག་སྐོ་བར་
བྱེད་པ་དེ་དག་ལ་ཉེས་བྱས་སུ་འགྱུར་ལ། དེ་བསྐོས་པ་དེས་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དགེ་འདུན་གྱིས་མཚམས་ཀྱི་ནང་དུ་བསྐོས་ཤིང་མཚམས་ཀྱི་ཕྱི་རོལ་དུ་མ་བསྐོས་ཏེ། གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་བསྐོས་ཤིང་དགེ་འདུན་ཐམས་ཅད་
འདུག་ཅིང་མཐུན་པར་གྱུར་ཀྱང་ཚུལ་ཁྲིམས་དང་ལྡན་པ་མ་ཡིན་ན། གང་དག་སྐོ་བར་བྱེད་པ་དེ་དག་ལ་ཉེས་བྱས་སུ་འགྱུར་ལ། དེ་བསྐོས་པ་དེས་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དགེ་འདུན་གྱིས་མཚམས་ཀྱི་ནང་དུ་བསྐོས་ཤིང་མཚམས་ཀྱི་ཕྱི་རོལ་དུ་མ་

བསྐོས་ཏེ། གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་བསྐོས་ཤིང་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་ལ་དེ་ཡང་ཚུལ་ཁྲིམས་དང་ལྡན་པ་ཡིན་ཡང་མང་དུ་ཐོས་པ་མ་ཡིན་ན། གང་དག་སྐོ་བར་བྱེད་པ་དེ་དག་ལ་ཉེས་བྱས་སུ་འགྱུར་ལ། དེ་བསྐོས་པ་དེས་དགེ་སློང་མ་ལ་
སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དགེ་འདུན་གྱིས་མཚམས་ཀྱི་ནང་དུ་བསྐོས་ཤིང་མཚམས་ཀྱི་ཕྱི་རོལ་དུ་མ་བསྐོས་ཏེ། གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་བསྐོས་ཤིང་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་ལ། དེ་ཡང་ཚུལ་ཁྲིམས་དང་ལྡན་ཞིང་
མང་དུ་ཐོས་པ་ཡིན་ཡང་གནས་བརྟན་རྒྱལ་ཚབ་ལྟ་བུ་མ་ཡིན་ན་གང་དག་སྐོ་བར་བྱེད་པ་དེ་དག་ལ་ཉེས་བྱས་སུ་འགྱུར་ལ། དེ་བསྐོས་པ་དེས་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དགེ་འདུན་གྱིས་མཚམས་ཀྱི་ནང་དུ་བསྐོས་ཤིང་། མཚམས་ཀྱི་ཕྱི་རོལ་དུ་མ་
བསྐོས་ཏེ། གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་བསྐོས་ཤིང་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་ལ། དེ་ཡང་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་ལ། གནས་བརྟན་རྒྱལ་ཚབ་ལྟ་བུ་ཡིན་ཡང་གྲོང་ཁྱེར་པའི་སྐད་དང་ལྡན་པ་མ་ཡིན་ན། གང་དག་སྐོ་བར་བྱེད་པ་དེ་དག་
ལ་ཉེས་བྱས་སུ་འགྱུར་ལ། དེ་བསྐོས་པ་དེས་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དགེ་འདུན་གྱིས་མཚམས་ཀྱི་ནང་དུ་བསྐོས་ཤིང་མཚམས་ཀྱི་ཕྱི་རོལ་དུ་མ་བསྐོས་ཏེ། གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་བསྐོས་ཤིང་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་
ལ། དེ་ཡང་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་ལ་གནས་བརྟན་རྒྱལ་ཚབ་ལྟ་བུ་ཡིན་ཞིང་གྲོང་ཁྱེར་པའི་སྐད་དང་ལྡན་ཡང་འདི་ལྟར་དེས་དགེ་སློང་མ་ལ་ལུས་ཀྱིས་རེག་པས་སུན་ཕྱུང་བར་གྱུར་ཅིང་དེས་ལྟུང་བ་དེ་ཡང་ཆོས་བཞིན་དུ་ཕྱིར་མ་བྱས་ན་གང་དག་སྐོ་བར་བྱེད་པ་དེ་དག་ལ་
ཉེས་བྱས་སུ་འགྱུར་ལ། དེ་བསྐོས་པ་དེས་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དགེ་འདུན་གྱིས་མཚམས་ཀྱི་ནང་དུ་བསྐོས་ཤིང་མཚམས་ཀྱི་ཕྱི་རོལ་དུ་མ་བསྐོས་ཏེ། གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་བསྐོས་ཤིང་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་

པར་གྱུར་ལ། དེ་ཡང་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་པ་ཡིན་ལ། གནས་བརྟན་རྒྱལ་ཚབ་ལྟ་བུ་ཡིན་ཞིང་གྲོང་ཁྱེར་པའི་སྐད་དང་ལྡན་ལ། དེས་དགེ་སློང་མ་ལ་ལུས་ཀྱིས་རེག་པས་སུན་མ་ཕྱུང་ཞིང་། གལ་ཏེ་སུན་ཕྱུང་བར་གྱུར་ན་ཡང་དེས་ལྟུང་
བ་དེ་ཡང་ཆོས་བཞིན་དུ་ཕྱིར་བྱས་པ་ཡིན་ཡང་ཕམ་པར་འགྱུར་བའི་ཆོས་བརྒྱད་པོ་དག་རྒྱ་ཆེར་བརྗོད་པར་མི་ནུས་ན་གང་དག་སྐོ་བར་བྱེད་པ་དག་ལ་ཉེས་བྱས་སུ་འགྱུར་ལ། དེ་བསྐོས་པ་དེས་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དགེ་འདུན་གྱིས་མཚམས་
ཀྱི་ནང་དུ་བསྐོས་ཤིང་མཚམས་ཀྱི་ཕྱི་རོལ་དུ་མ་བསྐོས་ཏེ། གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་བསྐོས་ཤིང་། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་ལ། དེ་ཡང་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་ལ་གནས་བརྟན་རྒྱལ་ཚབ་ལྟ་བུ་ཡིན་ཞིང་གྲོང་ཁྱེར་པའི་སྐད་དང་
ལྡན་ལ་དེས་དགེ་སློང་མ་ལ་ལུས་ཀྱིས་རེག་པས་སུན་མ་ཕྱུང་ཞིང་། གལ་ཏེ་སུན་ཕྱུང་བར་གྱུར་ན་ཡང་དེས་ལྟུང་བ་དེ་ཡང་ཆོས་བཞིན་དུ་ཕྱིར་བྱས་ལ་ཕམ་པར་འགྱུར་བའི་ཆོས་བརྒྱད་པོ་དག་རྒྱ་ཆེར་བརྗོད་པར་ནུས་ཀྱང་ལྕི་བའི་ཆོས་བརྒྱད་པོ་དག་རྒྱ་ཆེར་བརྗོད་པར་མི་ནུས་ན་གང་
དག་སྐོ་བར་བྱེད་པ་དེ་དག་ལ་ཉེས་བྱས་སུ་འགྱུར་ལ། དེ་བསྐོས་པ་དེས་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དགེ་འདུན་གྱིས་མཚམས་ཀྱི་ནང་དུ་བསྐོས་ཤིང་མཚམས་ཀྱི་ཕྱི་རོལ་དུ་མ་བསྐོས་ཏེ་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་བསྐོས་ཤིང་དགེ་འདུན་ཐམས་
ཅད་འདུག་ཅིང་མཐུན་པར་གྱུར་ལ། དེ་ཡང་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་ལ་གནས་བརྟན་རྒྱལ་ཚབ་ལྟ་བུ་ཡིན་ཞིང་གྲོང་ཁྱེར་པའི་སྐད་དང་ལྡན་པ་དེས་དགེ་སློང་མ་ལ་ལུས་ཀྱིས་རེག་པས་སུན་མ་ཕྱུང་ཞིང་། གལ་ཏེ་སུན་ཕྱུང་བར་གྱུར་ན་ཡང་དེས་ལྟུང་བ་ཡང་ཆོས་
བཞིན་དུ་ཕྱིར་བྱས་ལ་ཕམ་པར་འགྱུར་བའི་ཆོས་བརྒྱད་པོ་དག་རྒྱ་ཆེར་བརྗོད་ནུས་ཤིང་ལྕི་བའི་ཆོས་བརྒྱད་པོ་དག་ཀྱང་རྒྱ་ཆེར་བརྗོད་ནུས་ན། གང་དག་སྐོ་བར་བྱེད་པ་དེ་དག་ལ་ལྟུང་བ་མེད་ལ། དེ་བསྐོས་པ་དེས་དགེ་སློང་མ་ལ་སྟོན་ན་ཡང་ལྟུང་བ་མེད་དོ། །དགེ་སློང་མ་ལ་སྟོན་པ་

ཕྱི་མ་ནི་སྲིང་མོ་དག་ཅི་ཁྱེད་ཅག་དགེ་སློང་མའི་དགེ་འདུན་ཚོགས་སམ། ཡོངས་སུ་དག་གམ། མཐུན་ནམ། ཁ་ན་མ་ཐོ་བ་མེད་དམ། ཁྱེད་ཅག་ལ་དགེ་འདུན་གྱིས་མ་བསྐོས་པའི་གང་ཟག་འགའ་ཞིག་སྟོན་པར་མི་བྱེད་དམ། ཁྱེད་ཅག་ལ་སྟོན་པའི་གང་ཟག་ནི་འགའ་ཞིག་དགེ་
འདུན་ལས་འོང་ངོ་། །ཁྱེད་ཅག་ལ་དགེ་སློང་འགའ་ཡང་སྟོན་པར་མི་སྤྲོའོ། །ཁྱེད་ཅག་གི་གདམས་ངག་དང་རྗེས་སུ་བསྟན་པ་ནི་དགེ་འདུན་ལས་སོ། །སྲིང་མོ་དག་གིས་བག་ཡོད་པར་སྒྲུབས་ཤིག་ཅེས་བྱ་བ་དེ་སྟོན་ནུས་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་དགེ་སློང་
རྣམས་ཀྱིས་ཞུས་པ། བཙུན་པ་དགེ་སློང་མ་བཅུ་གཉིས་སྡེ་དག་གིས་ཚེ་དང་ལྡན་པ་ལམ་པ་ལ་གནོད་པར་བགྱིའོ་སྙམ་པ་ལས་ཕན་པ་ཉིད་བགྱིས་པ་ལ་གཟིགས། དགེ་སློང་ད་ལྟར་འབའ་ཞིག་ཏུ་མ་ཟད་ཀྱི། འདི་ལྟར་འདས་པའི་དུས་ན་ཡང་དེ་དག་གིས་དེ་ལ་གནོད་པར་བྱའོ་སྙམ་
པ་ལས་ཕན་པ་ཉིད་བྱས་པར་གྱུར་ཏེ། དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་བྲགས་ཤིག་ན་བྲམ་ཟེ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེ་ལ་བུ་
བཙས་སོ། །འདོད་པ་འདི་དག་ནི་ལན་ཚྭ་དང་འདྲ་སྟེ། ཇི་ལྟ་ཇི་ལྟར་བསྟེན་པ་དེ་ལྟ་དེ་ལྟར་སྐོམ་པར་འགྱུར་བས་དེ་ཡང་དང་ཡང་དུ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེ་ལ་ཇི་ཙམ་ནས་བུ་བཅུ་གཉིས་བཙས་ནས་དེས་དེ་དག་ཁྱིམ་འབུབས་སུ་བཅུག་
གོ། །དུས་གཞན་ཞིག་ན་དེའི་ཆུང་མ་དུས་ལ་བབ་ནས་བྲམ་ཟེ་དེ་ཡང་རྒས་པའི་གནས་སྐབས་སུ་མྱ་ངན་གྱིས་ནོན་པས་མིག་གཉིས་མདོངས་པར་གྱུར་ཏོ། །དེའི་མནའ་མ་བཅུ་གཉིས་པོ་དེ་དག་ཉེས་པར་སྤྱོད་པ་ཤ་སྟག་ཡིན་ཏེ། གང་གི་ཚེ་དེ་དག་གི་ཁྱིམ་ཐབ་དག་ཕྱི་རོལ་དུ་
དོང་བ་དེའི་ཚེ་ན་སྐྱེས་པ་གཞན་དག་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བྱེད་དོ། །བྲམ་ཟེ་དེ་སྒྲ་ལ་མཁས་པས་དེས་འདི་ནི་བདག་གི་བུ་རྣམས་ཀྱི་སྒྲ་ཡིན་ནོ། །འདི་ནི་སྐྱེས་པ་གཞན་དག་གི་སྒྲ་ཡིན་ནོ། །ཞེས་བྱ་བར་ཤེས་པས་དེས་སྐྱེས་པ་གཞན་དག་གི་སྒྲ་ཐོས་ནས་མནའ་

མ་རྣམས་བསྡིགས་པ་དང་། དེ་དག་གིས་བསམས་པ། བྲམ་ཟེ་འདི་བདག་ཅག་ལ་གནོད་པའི་ཕྱིར་ཞུགས་པ་ཡིན་གྱིས་བཟའ་ནར་བྱའོ་སྙམ་ནས། དེ་དག་གིས་དེ་ལ་འབྲས་ཆན་རྩུབ་པོ་དང་། རྩབས་བསྐོལ་བ་བྱིན་ནོ། །བྲམ་ཟེ་དེས་བུ་རྣམས་
ལ་སྨྲས་པ། བུ་དག་ཁོ་བོ་མནའ་མ་འདི་དག་གིས་འབྲས་ཆན་རྩུབ་པོ་དང་། རྩབས་བསྐོལ་བ་བྱིན་ནོ། །དེ་དག་གིས་ཆུང་མ་དག་ལ་སྨྲས་པ། ཁྱེད་ཅག་གིས་ཅིའི་ཕྱིར་ཡབ་ལ་འབྲས་ཆན་རྩུབ་པོ་དང་། རྩབས་བསྐོལ་བ་གསོལ། དེ་དག་གིས་སྨྲས་པ། ཡབ་ཀྱི་
བསོད་ནམས་དག་པས་ཏེ། དེའི་དོན་དུ་སྣོད་དུ་འབྲས་སཱ་ལུ་ཐུག་པོ་ཆེ་དག་སྩལ་ན་འབྲས་ཆན་རྩུབ་པོར་འགྱུར་ཞིང་། ཆབ་ཞོ་སྩལ་ན་རྩབས་བསྐོལ་བར་འགྱུར་རོ། །ཅིའི་ཕྱིར་དེ་དག་དེ་ལྟར་འགྱུར། དེ་དག་གིས་སྨྲས་པ། གལ་ཏེ་ཁྱེད་ཅག་ཐུགས་མི་ཆེས་ན་བདག་ཅག་གིས་ཁྱེད་
ཀྱི་མངོན་སུམ་དུ་བགྱིའོ། །དེ་དག་གིས་གཅིག་ལ་གཅིག་སྨྲས་པ། བདག་ཅག་གིས་ཁྱིམ་ཐབ་དག་ལ་དམ་བཅས་པའི་སྐབས་དེ་གྲུབ་པར་བྱ་དགོས་སོ་ཞེས་དེ་དག་གིས་རྫ་མཁན་བོས་ཏེ་སྨྲས་པ། བཞིན་བཟངས་ཁྱོད་ཀྱིས་རྫེའུ་ཁ་གཅིག་ལ་ནང་གཉིས་ཡོད་པ་བྱེད་ནུས་སམ། དེས་
སྨྲས་པ། ནུས་སོ་ཞེས་དེས་རྫེའུ་ཁ་གཅིག་ལ་ནང་གཉིས་ཡོད་པ་བྱས་སོ། །དེ་དག་གིས་རྫེའུའི་ནང་གཅིག་ཏུ་འབྲས་རྩུབ་པོ་དག་བླུགས་ལ། ནང་གཅིག་ཏུ་ནི་འབྲས་སཱ་ལུ་ཐུག་པོ་ཆེ་དག་བླུགས་སོ། །རྫེའུ་ཅིག་ཤོས་ཀྱི་ནང་གཅིག་ཏུ་ནི་ཞོ་བླུགས་ལ། ནང་གཅིག་ཏུ་རྩབ་མོ་
བླུགས་ཏེ་གཡོས་བྱས་ནས་ཁྱིམ་ཐབ་དག་ལ་སྨྲས་པ། རྗེའི་སྲས་དག་ཅི་ལགས་ཇེ་དང་པོར་ཡབ་བཤོས་གསོལ་ལམ། འོན་ཏེ་རྗེའི་སྲས་དག་གསོལ། དེ་དག་གིས་སྨྲས་པ། ཇེ་དང་པོར་ཡབ་བཤོས་གསོལ་ལ། དེའི་འོག་ཏུ་ཁོ་བོ་ཅག་བྱིན་ཅིག །དེ་དག་གིས་དེ་དག་གི་
མདུན་དུ་རྫེའུའི་ནང་གཅིག་ཕྱེ་སྟེ། འབྲས་ཆན་རྩུབ་པོ་བཅུས་ཤིང་རྫེའུ་ཅིག་ཤོས་ཀྱི་ནང་གཅིག་ཕྱེ་སྟེ་རྩབ་མོ་བསྐོལ་བ་བཅུ་ནས་གྱོས་པོ་ལ་བྱིན་ནོ། །དེའི་འོག་ཏུ་རྫེའུའི་ནང་གཅིག་ཕྱེ་སྟེ་འབྲས་སཱ་ལུ་ཐུག་པོ་ཆེའི་ཆན་བཅུས་ཤིང་རྫེའུ་ཅིག་ཤོས་ཀྱི་ནང་གཅིག་ཕྱེ་སྟེ་ཞོའི་ཚོད་མ་

བཅུས་ནས་ཁྱིམ་ཐབ་རྣམས་ལ་བྱིན་ནོ། །བུ་རྣམས་ཀྱིས་ཕ་ལ་སྨྲས་པ། ཡབ་ཁྱོད་ཀྱི་བསོད་ནམས་དག་པས་ཏེ། བདག་ཅག་གི་མངོན་སུམ་ཁོ་ནར་རྫེའུ་གཅིག་གི་ནང་དུ་འབྲས་སཱ་ལུ་ཐུག་པོ་ཆེ་དག་སྩལ་ཅིང་རྫེའུ་ཅིག་ཤོས་ཀྱི་ནང་དུ་ཆབ་ཞོ་སྩལ་ཏེ་གཡོས་བགྱིད་དུ་སྩལ་ན།
ཁྱོད་ཀྱི་ཞལ་དུ་ནི་འབྲས་ཆན་རྩུབ་པོ་དང་། རྩབས་བསྐོལ་བ་མཆི་ལ། བདག་ཅག་གི་གཡར་དུ་ནི་འབྲས་སཱ་ལུ་ཐུག་པོ་ཆེའི་ཆན་དང་། ཆབ་ཞོའི་ཚོད་མ་མཆི་བས་བུད་མེད་དག་གིས་མ་ནོངས་སོ། །བྲམ་ཟེས་བསམས་པ། ཁོ་བོས་ལག་པས་བཅལ་བ་བརྒྱ་དག་གིས་ལོངས་
སྤྱོད་དག་བསྒྲུབས་ན་ཅིའི་ཕྱིར་ཁོ་བོའི་བསོད་ནམས་དག་ཟད་པར་གྱུར་སྙམ་ནས། དེས་དེ་དག་གིས་མ་ཚོར་བར་ལྐོག་ཏུ་དེ་དག་གི་ཚང་མང་དུ་སོང་སྟེ་ལག་ནོམ་གྱིས་བཙལ་བ་དང་། རྫེའུ་ཁ་གཅིག་ལ་ནང་གཉིས་ཡོད་པ་དག་ལག་པས་ཟིན་ནས་དེས་དེ་དག་གཞན་དུ་སྦས་ཏེ། བུ་
དག་འོངས་ཤིང་ལྷགས་པ་ན་བུ་དག་ཁོ་བོའི་བསོད་ནམས་དག་ཟད་པ་ལ་ལྟོས་ཞེས་རྫེའུ་དེ་དག་བསྟན་ནས་ཚིགས་སུ་བཅད་པ་སྨྲས་པ། བུ་རྣམས་གཞན་གྱི་ཁྱིམ་དག་ན། །རྫེའུ་གཅིག་ལ་ནི་ཁ་གཅིག་ཡོད། །བདག་ཅག་སྐལ་བ་མེད་རྣམས་ཀྱི། །རྫེའུ་ནང་གཉིས་ལའང་
ཁ་གཅིག་ཡོད། དེ་དག་གིས་ཆུང་མ་དེ་དག་ཏེ་པོར་བརྡེགས་པ་དང་། དེ་དག་གིས་བསམས་པ། བྲམ་ཟེ་འདི་བདག་ཅག་ལ་གནོད་པའི་ཕྱིར་ཞུགས་པ་ཡིན་གྱིས། བདག་ཅག་གིས་འདི་གསད་པར་བྱའོ་སྙམ་ནས་ཕྱོགས་དེར་སྦྲུལ་ཁས་སྡིགས་པ་ཞིག་འོངས་ནས་དེ་དག་གིས་དེ་
ལ་དྲིས་པ། བཞིན་བཟངས་སྦྲུལ་ཡོད་དམ། དེས་སྨྲས་པ། སྦྲུལ་ཇི་ལྟ་བུ་འདོད་ཅི་ཤི་བའམ། འོན་ཏེ་གསོན་པོ། དེ་དག་གིས་སྨྲས་པ། ཤི་བའོ། །དེས་བསམས་པ། འདི་དག་ལ་སྦྲུལ་ཤི་བས་ཅི་བྱ་སྟེ། འདི་དག་བྲམ་ཟེ་འདི་གསོད་པར་འདོད་གོར་མ་ཆག་སྙམ་
མོ། །ཆོས་ཉིད་ཀྱིས་ན་སྦྲུལ་ཁྲོས་པའི་དུག་ནི་མགོ་དང་མཇུག་མའི་གནས་གཉིས་སུ་འཕོ་བས་དེས་སྦྲུལ་ནག་པོ་ཁྲོས་པར་བྱས་ཏེ་མགོ་དང་མཇུག་མ་བཅད་ནས་རྐེད་པའི་ཆ་དེ་དག་ལ་བྱིན་ནོ། །དེ་དག་གིས་ཕོ་ཤའི་ཁུ་ཤ་བྱས་ཏེ་བྲམ་ཟེ་དེ་ལ་སྨྲས་པ། ཡབ་ཕོ་ཤའི་ཁུ་ཤ་

གསོལ་ལམ། བྲམ་ཟེ་དེས་བསམས་པ། ཅིའི་ཕྱིར་འདི་དག་གིས་བདག་ལ་ཕོ་ཤའི་ཁུ་ཤ་ལྡུད་པར་འགྱུར་ཏེ། དུག་ཅུང་ཞིག་སྦྱིན་འདོད་གོར་མ་ཆག་སྙམ་ནས། དེས་བསམས་པ། ཇི་ལྟར་ཤི་ཡང་བླས་བཏུང་ངོ་སྙམ་ནས་དེ་དག་གིས་དེ་ལ་སྦྲུལ་གྱི་
ཕོ་ཤའི་ཁུ་ཤ་བླུད་ནས་དེས་དེ་འཐུངས་པ་དང་། དེའི་རླངས་པས་ལིང་ཐོག་ཕྱིད་ནས་བྲམ་ཟེ་དེས་མིག་མཐོང་བར་གྱུར་ཏོ། །དེས་བསམས་པ། ཅི་ནས་ཀྱང་རྣོན་དུ་གཞུག་པའི་ཐབས་བྱའོ་སྙམ་ནས་དེས་ས་ལ་བསྒྱེལ་ཏེ་ཉལ་ནས་སྨྲས་པ། ཁོ་བོ་ཤི་ལ་ཐུག་གོ་ཁོ་བོ་ཤི་
ལ་ཐུག་གོ་དེ་དག་གིས་བསམས་པ། མྱུར་དུ་ཤི་བར་གྱུར་ཅིག་སྙམ་ནས་སྨྲས་པ། ཡབ་ཡང་གསོལ་ཅིག་དང་ཁྱོད་སོས་པར་འགྱུར་རོ། །དེས་སྨྲས་པ། བཏུང་ངོ་དེ་དག་གིས་དེ་ལ་ཡང་སྦྲུལ་གྱི་ཕོ་ཤའི་ཁུ་ཤ་བླུད་ནས་དེས་ཡང་འཐུངས་པ་དང་། དེའི་རླངས་པས་དེའི་
ལིང་ཐོག་རྒྱ་ཆེར་ཕྱིད་དོ། །དེའི་མིག་གིས་སྔ་མ་བཞིན་གསལ་བར་མཐོང་ནས་དེ་ཅང་མི་སྨྲ་བར་འདུག་གོ། །མནའ་མ་དེ་དག་སྔོན་བྲམ་ཟེ་མདོངས་པར་གྱུར་པའི་གནས་སྐབས་ན་དེ་ཁྱད་དུ་བསད་དེ་བག་མེད་པར་སྤྱོད་པ་དེ་བཞིན་དུ་ཡང་སྤྱད་པར་བརྩམས་པ་དང་། བྲམ་ཟེ་དེ་
དབྱུག་པ་ཐོགས་ཏེ་ལངས་ནས་སྨྲས་པ། ཁྱེད་ཇི་སྙམ་དུ་སེམས། ད་ལྟར་ཁོ་བོ་མི་མཐོང་སྙམ་མམ། ད་ཁོ་བོའི་མིག་སྦྲུལ་གྱི་ཕོ་ཤའི་ཁུ་ཤའི་རླངས་པས་ཕོག་པས་ལིང་ཐོག་ཐམས་ཅད་ཕྱིད་དེ་སྔོན་གྱི་གནས་སྐབས་བཞིན་དུ་ཐམས་ཅད་གསལ་བར་མཐོང་གིས་བུ་མོ་དག་ཕྱིན་
ཆད་བག་ཡོད་པར་སྤྱོད་ཅིག །དགེ་སློང་དག་དེའི་ཚེ་དེའི་དུས་ན་བྲམ་ཟེ་གང་ཡིན་པ་དེ་ནི་ལམ་པ་འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་མནའ་མ་བཅུ་གཉིས་པོ་གང་ཡིན་པ་དེ་ནི་དགེ་སློང་མ་བཅུ་གཉིས་སྡེ་འདི་དག་ཡིན་ཏེ། དེའི་ཚེ་ན་ཡང་འདི་དག་གིས་དེ་ལ་གནོད་པ་བྱའོ་
སྙམ་པ་ལས་ཕན་པ་ཉིད་བྱས་པར་གྱུར་ཏོ། །ཡང་སངས་རྒྱས་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ལམ་པ་གདམས་ངག་ཅུང་ཞིག་གིས་གདམས་པ་མཛད་པས་འཁོར་བའི་དགོན་པ་ནས་ཕྱུང་སྟེ་ཤིན་ཏུ་

མཐར་ཐུག་པ་གྲུབ་པ་དང་བདེ་བ་བླ་ན་མ་མཆིས་པའི་མྱ་ངན་ལས་འདས་པ་ལ་གཞག་པ་མཛད་པ་ལ་གཟིགས། དགེ་སློང་དག་ད་ལྟར་དུ་མ་ཟད་དེ་འདི་ལྟར་འདས་པའི་དུས་ན་ཡང་ངས་འདི་གདམས་ངག་ཅུང་ཞིག་གིས་གཏམས་པས་དབང་ཕྱུག་གི་བདག་པོ་ཆེན་པོ་ལ་
བཞག་པར་གྱུར་ཏེ། དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་བྲགས་ཤིག་ན་ཁྱིམ་བདག་ཕྱུག་པ་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་
རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེ་ལ་བུ་བྱུང་ནས་དེས་ཆུང་མ་ལ་སྨྲས་པ། བཟང་མོ་བདག་ཅག་ལ་བུ་ལོན་འཕྲོག་པ་ནོར་འཕྲོག་པ་བྱུང་གིས་ཁོ་བོ་ཟོང་ཐོགས་ཏེ་རྒྱ་མཚོ་
ཆེན་པོར་འཇུག་ཏུ་འགྲོའོ། །རྗེའི་སྲས་དེ་བཞིན་མཛོད་ཅིག །ཁྱིམ་བདག་དེས་བསམས་པ། གལ་ཏེ་ཆུང་མ་འདི་ལ་ཀཱར་ཥཱ་པ་ཎ་མང་པོ་དག་གཏད་པར་གྱུར་ན་སྐྱེས་པ་གཞན་དང་ལྷན་ཅིག་འགྱུར་བ་སྟེན་པར་འགྱུར་རོ་སྙམ་ནས་དེས་དེ་ལ་ཀཱར་ཥཱ་པ་ཎ་ཉུང་ཟད་ཅིག་བྱིན་
ནོ། །རི་བྲགས་དེ་ན་ཚོང་དཔོན་ཞིག་འདུག་པ་དེ་ཁྱིམ་བདག་དེའི་ཆུང་པོ་གྲོགས་ཡིན་པས་ཁྱིམ་བདག་དེས་ཚོང་དཔོན་དེའི་ལག་ཏུ་ཀཱར་ཥཱ་པ་ཎ་མང་པོ་དག་གཏམས་ནས་སྨྲས་པ། གལ་ཏེ་ཁོ་བོའི་ཆུང་མ་གོས་དང་ཟས་ཡོངས་སུ་ཉམས་པར་གྱུར་ན། ཁྱོད་ཀྱིས་ཟས་དང་
གོས་ཀྱིས་དེ་ལ་མཁོ་བ་བསྟབས་པར་གྱིས་ཤིག་ཅེས་སྨྲས་ནས། དེ་ཟོང་ཐོགས་ཏེ་རྒྱ་མཚོ་ཆེན་པོར་ཞུགས་པ་དང་དེ་ཉིད་དུ་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །ཆུང་མ་དེས་ཁྱེའུ་དེ་ཉེ་དུའི་སྟོབས་དང་ལག་སྟོབས་ཀྱིས་བསྙོད་ཅིང་གསོས་ཏེ། བསྐྱེད་པ་དང་།
ཁྱེའུ་དེས་མ་ལ་དྲིས་པ། མ་བདག་གི་ཕ་དང་མེས་པོ་དག་གིས་ལས་ཅི་ཞིག་བྱས་པར་གྱུར། མས་བསམས་པ། གལ་ཏེ་འདི་ལ་རྒྱ་མཚོ་ཆེན་པོར་གྲུ་བོ་ཆེ་སྤྱོད་པར་གྱུར་ཏོ་ཞེས་བྱས་ན་འདི་ཡང་རྒྱ་མཚོ་ཆེན་པོར་འཇུག་པར་འགྱུར་ཞིང་དེ་ཉིད་དུ་ཚུལ་མ་ཡིན་པས་སྡུག་བསྔལ་བར་

འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་སྙམ་ནས་དེས་སྨྲས་པ། བུ་ཁྱོད་ཀྱི་ཕ་དང་མེས་པོ་དག་འདི་ཉིད་ན་ཚོང་པ་བྱེད་པར་གྱུར་ཏོ། །མ་ཀཱར་ཥཱ་པ་ཎ་དག་བྱིན་ཅིག་དང་བདག་གིས་ཀྱང་འདི་ཉིད་དུ་ཚོང་བྱའོ། །བུ་ཁོ་མོ་ལ་ཀཱར་ཥཱ་
པ་ཎ་དག་ག་ལ་ཡོད། ཁོ་མོས་ཁྱོད་ཀྱང་ཉེ་དུའི་སྟོབས་དང་ལག་སྟོབས་ཀྱིས་བསྙོད་ཅིང་གསོས་ཏེ་བསྐྱེད་པ་ཡིན་པས་ཁོ་མོ་ལ་ཀཱར་ཥཱ་པ་ཎ་དག་གི་འབྱོར་པ་ཡོད་རེ་སྐན། འདི་ལྟར་ཚོང་དཔོན་འདི་ཁྱོད་ཀྱི་ཕའི་ཆུང་པོ་གྲོགས་ཡིན་གྱིས་འདི་ལས་ཀཱར་ཥཱ་པ་ཎ་དག་ལོང་ལ་ལས་གྱིས་
ཤིག །ཁྱེའུ་དེ་ཚོང་དཔོན་དེའི་གན་དུ་སོང་བ་དང་། ཚོང་དཔོན་དེ་ཡང་མི་གཞན་ཞིག་གིས་ལན་གསུམ་གྱི་བར་དུ་ཚོང་ལ་དོར་བྱས་པས་དེ་དེ་ལ་ནན་ཐུར་བྱེད་ཅིང་འདུག་པ་ན་དེའི་ཁྱིམ་ནས་བུ་མོ་མངག་གཞུག་མས་ཕྱག་དར་གྱི་སྟེང་དུ་བྱི་བའི་རོ་ཞིག་བཞག་སྟེ་ཕྱིར་བྱུང་ནས་དོར་བར་
བརྩམས་པ་དང་། ཚོང་དཔོན་དེས་མི་དེ་ལ་སྨྲས་པ། མི་གང་ནུས་པ་ཡིན་ན་དེས་བྱི་བའི་རོ་འདིས་ཀྱང་བདག་ཉིད་འཛིན་པར་ནུས་སོ། །ཁྱེའུ་དེས་དེ་ཐོས་ནས་བསམས་པ། ཚོང་དཔོན་འདི་ནི་བདག་ཉིད་ཆེན་པོ་ཡིན་པས་འདི་བྱུང་རྒྱལ་དུ་སྨྲ་བར་མི་བྱེད་པས་བྱི་བའི་རོ་འདིས་བདག་
ཉིད་འཛིན་པར་ནུས་གོར་མ་ཆག་སྙམ་ནས། ཁྱེའུ་དེ་བུ་མོ་མངག་གཞུག་མ་དེའི་ཕྱི་བཞིན་སོང་སོང་སྟེ། བུ་མོ་མངག་གཞུག་མ་དེས་ཕྱག་དར་བོར་བ་དང་། ཁྱེའུ་དེས་བྱི་བའི་རོ་དེ་བླངས་ནས་ཚོང་དུས་སུ་སོང་ངོ་། །དེ་ན་ཚོང་ཁང་ན་བྱི་ལ་ཞིག་བཏགས་ཤིང་འདུག་ནས་ཁྱེའུ་
དེས་བྱི་བའི་རོ་དེ་བྱི་ལ་དེ་ལ་བསྟན་པ་དང་། དེས་དེ་མཐོང་ནས་མཆོང་བར་བརྩམས་པ་དང་། ཚོང་པ་དེས་ཁྱེའུ་ལ་སྨྲས་པ། བྱི་བའི་རོ་འོ་ནི་བྱི་ལ་འདི་ལ་བྱིན་ཅིག །ཁྱེའུས་སྨྲས་པ། འདི་རིན་མེད་པར་ཇི་ལྟར་སྦྱིན། རིན་བྱིན་ཅིག་དང་སྦྱིན་ནོ། །ཚོང་པ་དེས་ཁྱེའུ་
དེ་ལ་སྲན་མ་དག་གིས་སྙིམ་པ་བཀང་སྟེ་བྱིན་ནོ། །ཁྱེའུས་བསམས་པ། གལ་ཏེ་བདག་གིས་འདི་འཆོས་པར་གྱུར་ན་གཞི་ཆད་པར་འགྱུར་རོ་སྙམ་ནས་ཁྱེའུ་དེས་སྲན་མ་དེ་དག་སླང་ལ་བརྔོས་ནས་ཆུ་གྲང་མོས་རིལ་བ་བཀང་སྟེ་རི་བྲགས་སུ་སོང་ནས་ཕྱོགས་གང་དུ་ཤིང་ཐུན་དག་ངལ་

སོ་བར་འགྱུར་བའི་ཕྱོགས་དེར་སོང་སྟེ་བསྡད་པ་དང་། ཤིང་ཐུན་དག་ལྷགས་ནས་ཁྱེའུ་དེས་དེ་དག་ལ་སྨྲས་པ། ཞང་པོ་དག་ཤིང་ཁུར་ཞོག་ལ་ཡིད་ཙམ་ཞིག་ངལ་སོ་ཤིག །དེ་ནས་ཤིང་ཐུན་དེ་དག་གིས་ཤིང་ཁུར་དག་བཞག་པ་དང་། ཁྱེའུ་དེས་དེ་དག་ལ་སྲན་མ་ཉུང་ཟད་
ཉུང་ཟད་བྱིན་ཞིང་ཆུ་གྲང་མོ་ཡང་འཐུང་དུ་བཅུག་གོ། །ཤིང་ཐུན་རྣམས་ཀྱིས་སྨྲས་པ། ཚ་བོ་ཁྱོད་གར་འགྲོ། ཤིང་ཐུར་འགྲོའོ། །ཁོ་བོ་ཅག་ཇི་ཙམ་དུ་སྔར་དོང་ན་ཡང་ད་འཁོར་བ་ཡིན་ན། ཁྱོད་ད་སོང་ན་ནམ་ཞིག་འཁོར་བར་འགྱུར་ཞེས་དེ་དག་གིས་དེ་ལ་ཤིང་རེ་རེ་བྱིན་ནོ། །ཤིང་
རེ་རེ་པོ་དེ་དག་གིས་ཁྱེའུ་དེའི་ཤིང་ཁུར་ལངས་ནས་དེས་དེ་ཁྱེར་ཏེ་ཕྱིར་ལོག་གོ། །དེས་དེ་དག་བཙོངས་ཏེ་སྲན་མ་དག་ཉོས་ནས་དེ་དག་བརྔོས་ཏེ། ཆུ་གྲང་མོས་བུམ་པ་བཀང་ནས་ཡང་ཕྱོགས་དེ་ཉིད་དུ་སོང་སྟེ་བསྡད་པ་དང་། ཤིང་ཐུན་དེ་དག་ཀྱང་ལྷགས་ནས་དེས་དེ་དག་ལ་སྨྲས་
པ། ཞང་པོ་དག་ཤིང་ཁུར་ཞོག་ལ་ཡིད་ཙམ་ཞིག་ངལ་སོས་ཤིག་དེ་ནས་ཤིང་ཐུན་དེ་དག་གིས་ཤིང་ཁུར་དག་བཞག་པ་དང་། ཁྱེའུ་དེ་ཡང་དེ་དག་ལ་སྲན་མ་དག་གིས་བགོ་བཤའ་བྱས་ཤིང་ཆུ་གྲང་མོས་ངོམས་པར་བྱས་པ་དང་། དེ་དག་གིས་སྨྲས་པ། ཚ་བོ་ཁྱོད་ཉིན་གཅིག་བཞིན་
དུ་སྲན་མ་དང་ཆུ་ཐོགས་ལ་འདི་ཉིད་དུ་སྡོད་ཅིག་དང་། ཁོ་བོ་ཅག་གིས་ཁྱོད་ལ་ཤིང་ཁུར་གྱི་གོང་ཤིང་ཁྱེར་ཏེ་འོང་ངོ་། །ཁྱེའུ་དེས་ཉི་མ་རེ་རེ་ཞིང་དེ་བཞིན་བྱ་བར་བརྩམས་ནས་དེས་དེ་དག་ལ་སྨྲས་པ། ཞང་པོ་དག་ཁྱེད་ཅག་ཤིང་ཁུར་དག་ཚོང་འདུས་སུ་མ་ཁྱེར་བར་ཁོ་བོའི་སྡུམ་པར་ཞོག་
ཤིག་དང་། ཁོ་བོས་ཁྱེད་ཅག་ལ་རིན་བསྡོམས་ཏེ་སྦྱིན་ནོ། །དེ་དག་གིས་ཤིང་ཁུར་དག་དེའི་ཁྱིམ་དུ་བཞག་གོ། །དུས་གཞན་ཞིག་ན་ཉི་མ་བདུན་དུ་ཡུལ་ངན་བྱུང་ནས་ཁྱེའུ་དེས་ཤིང་དེ་དག་བཙོངས་པ་དང་། དེས་ཁེ་སྤོགས་མང་པོ་གྲུབ་པོ། །དེ་ནས་ཁྱེའུ་དེས་བསམས་པ། ཚོང་པ་
རྣམས་ཀྱི་ནང་ན་འདི་ལྟ་སྟེ། ཤིང་ཚོང་བ་འདི་ནི་ཐ་ཆད་ཡིན་ཏེ། འདི་ལྟར་ཙན་དན་གྱིས་འཚོ་ན་ཡང་ཤིང་གིས་འཚོ་བ་ཁོ་ནར་ཟད་པས། བདག་གིས་བཟའ་བཅའི་ཟོང་དགྲམ་པར་བྱའོ་སྙམ་ནས། དེས་བཟའ་བཅའི་ཟོང་བཀྲམ་ཞིང་དེ་ཆོས་དང་རིགས་པས་ཚོང་བྱེད་པས་དེས་དེར་

ཡང་ཁེ་སྤོགས་མང་པོ་གྲུབ་པར་གྱུར་ཏོ། །དེས་ཡང་བསམས་པ། ཚོང་པ་རྣམས་ཀྱི་ནང་ན་འདི་ལྟ་སྟེ། བཟའ་བཅའ་འཚོང་བ་འདི་ནི་ཐ་ཆད་ཡིན་གྱིས་བདག་གིས་སྤོས་འཚོང་གི་ཟོང་དགྲམ་པར་བྱའོ་སྙམ་ནས་དེས་སྤོས་འཚོང་གི་ཟོང་བཀྲམ་ཞིང་དེ་
ཆོས་དང་རིགས་པས་ཚོང་བྱེད་པས་དེས་དེར་ཡང་ཁེ་སྤོགས་མང་པོ་གྲུབ་པར་གྱུར་ཏོ། །དེས་ཡང་བསམས་པ། ཚོང་པ་རྣམས་ཀྱི་ནང་ན་འདི་ལྟ་སྟེ། སྤོས་འཚོང་འདི་ནི་ཐ་ཆད་ཡིན་གྱིས་བདག་གིས་དབྱིག་གི་ཟོང་དགྲམ་པར་བྱའོ་སྙམ་ནས་དེས་དབྱིག་གི་ཟོང་བཀྲམ་ཞིང་དེ་ཆོས་
དང་རིགས་པས་ཚོང་བྱེད་པས་དེས་དབྱིག་ཚོངས་པ་ཐམས་ཅད་ཟིལ་གྱིས་མནན་ནས་དེའི་མིང་བྱི་དབྱིག་པ་བྱི་དབྱིག་པ་ཞེས་བྱ་བར་གྱུར་ཏོ། །དབྱིག་ཚོངས་པ་དེ་དག་གིས་སྨྲས་པ། བྱི་དབྱིག་པ་འདིས་བདག་ཅག་ཐམས་ཅད་ཟིལ་གྱིས་མནན་གྱིས། ཅི་ནས་ཀྱང་འདི་རྒྱ་མཚོ་ཆེན་
པོར་འཇུག་ཅིང་དེར་ཚུལ་མ་ཡིན་པས་སྡུག་བསྔལ་བར་འགྱུར་བ་དེ་ལྟར་ང་རྒྱལ་བསྐྱེད་པར་བྱའོ་སྙམ་ནས། དེ་དང་ཧ་ཅང་ཐག་མི་རིང་བར་འཁོད་དེ་ལོང་གཏམ་སྨྲ་བས་འཁོད་ཅིང་། ཤེས་ལྡན་དག་འདི་ལྟ་སྟེ་དཔེར་ན་མི་གླང་པོ་ཆེའི་གཉར་ཞོན་ནས་རྟའི་རྒྱབ་ཏུ་ཞོན་པ་དང་། རྟའི་རྒྱབ་
ཏུ་ཞོན་ནས་ཁྱོགས་སྤྱིལ་ལ་ཞོན་པ་དང་། ཁྱོགས་སྤྱིལ་ལ་ཞོན་ནས་རྐང་པས་འགྲོ་བ་དེ་བཞིན་དུ་བྱི་དབྱིག་པ་འདི་ཡང་ཕ་མེས་དག་རྒྱ་མཚོ་ཆེན་པོར་གྲུ་བོ་ཆེ་སྤྱོད་ཅིང་འགྲོ་བར་གྱུར་པ་ལས་འདི་ད་ལྟར་དབྱིག་ཚོངས་ཉིད་ཀྱིས་ཚེགས་ཆེན་པོས་འཚོ་བ་སྦྱོར་བར་བྱེད་དོ། །ཞེས་སྨྲས་པ་དང་། བྱི་
དབྱིག་པས་ཐོས་ནས་དེས་སྨྲས་པ། ཤེས་ལྡན་དག་ཅི་ཟེར། ཁྱོད་ཀྱི་ཕ་མེས་དག་རྒྱ་མཚོ་ཆེན་པོར་གྲུ་བོ་ཆེ་སྤྱོད་ཅིང་འགྲོ་བར་གྱུར་པ་ལས་དེང་སང་དེ་དག་ཤི་ནས་ཁྱོད་དབྱིག་ཚོངས་ཙམ་གྱིས་ཚེགས་ཆེན་པོས་འཚོ་བ་སྦྱོར་བར་བྱེད་དོ། །བྱི་དབྱིག་པ་ཁྱིམ་དུ་སོང་སྟེ་མ་ལ་དྲིས་པ། མ་
ཁོ་བོའི་ཕ་མེས་དག་རྒྱ་མཚོ་ཆེན་པོར་གྲུ་བོ་ཆེ་སྤྱོད་པར་གྱུར་པ་བདེན་ནམ། མས་བསམས་པ། འདིས་འགའ་ཞིག་ལས་ཐོས་པར་གྱུར་གོར་མ་ཆག་གིས་བདག་གིས་འདི་ལ་བརྫུན་གྱི་ཚིག་སྨྲ་བ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་ནོ་སྙམ་ནས་དེས་སྨྲས་པ། བུ་བདེན་ནོ། །བྱི་དབྱིག་

པས་སྨྲས་པ། མ་བདག་ཀྱང་རྒྱ་མཚོ་ཆེན་པོར་འཇུག་གིས་གནོང་ཤིག །མས་སྨྲས་པ། བུ་འདི་ཉིད་དུ་འདུག་ཤིག །བྱི་དབྱིག་པས་ཡང་དང་ཡང་དུ་འགྲོའོ་ཞེས་སྨྲས་པ་དང་། མས་དེ་དུས་ཀྱིས་འཆུ་བར་ཤེས་ནས་གནང་ངོ་། །བྱི་དབྱིག་པས་སྲང་ཆེན་པོར་ཚོང་པའི་ཚོགས་
རྣམས་ལ་ཁྱེད་ཅག་ལས་གང་དེད་དཔོན་བྱི་དབྱིག་པ་དང་། ལྷན་ཅིག་ཤོ་གམ་མེད་པ་དང་། ལ་གཅན་མེད་པ་དང་། གྲུ་བཙས་མེད་པར་རྒྱ་མཚོ་ཆེན་པོར་འཇུག་པར་སྤྲོ་བ་དེས་རྒྱ་མཚོ་ཆེན་པོར་འགྲོ་བའི་ཟོང་སྟ་གོན་གྱིས་ཤིག་ཅེས་དྲིལ་བསྒྲག་པ་བྱས་སོ། །དེ་ནས་ཚོང་པ་ལྔ་
བརྒྱ་ཙམ་གྱིས་རྒྱ་མཚོ་ཆེན་པོར་འགྲོ་བའི་ཟོང་སྟ་གོན་བྱས་སོ། །དེ་ནས་དེད་དཔོན་བྱི་དབྱིག་པས་དགེ་མཚན་དང་། བཀྲ་ཤིས་དང་། དགེ་བར་འགྱུར་བ་བྱས་ཏེ་ཤིང་རྟ་དག་དང་། ཁུར་དག་དང་། སྤྱད་དག་དང་། གླེ་བ་དག་དང་། རྔ་མོ་དག་དང་། བ་ལང་དག་དང་། བོང་བུ་དག་
ལས་ཟོང་མང་པོ་བཀལ་ཏེ་ཚོང་པ་དེ་དག་དང་ལྷན་ཅིག་རྒྱ་མཚོ་ཆེན་པོར་འཕགས་སོ། །དེ་ན་དེ་ལ་མི་ལྔ་ཡོད་དེ། སྡུད་པར་བྱེད་པ་དང་། ཚར་གཅོད་པར་བྱེད་པ་དང་། བྱི་དོར་པ་དང་། ཆུ་ཕྱགས་པ་དང་། རླུང་ཡོར་ཐོགས་པའོ། །སྡུད་པར་བྱེད་པ་གང་ཞེ་ན། དེ་ན་བཟའ་བ་དང་།
བཏུང་བ་སྦྱོར་བ་གང་ཡིན་པའོ། །ཚར་གཅོད་པར་བྱེད་པ་གང་ཞེ་ན། དེ་ན་རྩོད་པ་བྱུང་ངོ་ཅོག་ཉེ་བར་ཞི་བར་བྱེད་པ་གང་ཡིན་པའོ། །བྱི་དོར་བྱ་བ་གང་ཞེ་ན། དེ་ན་གྲུ་འཆོས་པར་བྱེད་པ་གང་ཡིན་པའོ། །ཆུ་ཕྱགས་པ་གང་ཞེ་ན། དེ་ན་ཆུ་འཕྱག་པར་བྱེད་པ་གང་ཡིན་པའོ། །རླུང་ཡོར་
ཐོགས་པ་གང་ཞེ་ན། དེ་ན་རྒྱུ་སྐར་དག་ལ་རྣམ་པར་ལྟ་བར་བྱེད་པ་གང་ཡིན་པའོ། །དེ་མཐར་གྱིས་རྒྱ་མཚོའི་འགྲམ་དུ་ཕྱིན་པ་དང་། ཚོང་པ་དེ་དག་གིས་རྒྱ་མཚོ་ཆེན་པོ་མཐོང་ནས་སྐྲག་སྟེ་གྲུ་བོ་ཆེར་འཇུག་པར་མི་སྤྲོ་ནས། དེད་དཔོན་བྱི་དབྱིག་པས་རླུང་ཡོར་ཐོགས་པ་ལ་སྨྲས་པ།
ཀྭའི་ནང་རྗེ་རྒྱ་མཚོ་ཆེན་པོའི་བསྔགས་པ་ཇི་ལྟ་བ་བཞིན་དུ་སྒྲོགས་ཤིག །དེ་ནས་རླུང་ཡོར་ཐོགས་པས་བསྒྲག་པར་བརྩམས་པ། འཛམ་བུའི་གླིང་པའི་ཚོང་པ་ཤེས་ལྡན་དག་ཉོན་ཅིག །རྒྱ་མཚོ་ཆེན་པོ་འདི་ན་རིན་པོ་ཆེ་ཆེན་པོ་ཆེ་བ་འདི་ལྟ་བུ་འདི་ལྟ་སྟེ། ནོར་བུ་དག་དང་། མུ་

ཏིག་དང་། བཻ་ཌཱུརྱ་དང་། མན་ཤེལ་དཀར་པོ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་དང་། རྡོའི་སྙིང་པོ་དང་། སྤུག་དང་། དམར་པོ་དང་། གཡས་སུ་འཁྱིལ་པ་དག་ཡོད་ཀྱིས་ཁྱེད་ཅག་ལས་གང་རིན་པོ་ཆེ་དེ་ལྟ་བུ་དག་གིས་བདག་ཉིད་དང་། ཕ་མ་དང་།
བུ་དང་། ཆུང་མ་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་དག་ལེགས་པར་བདེ་བས་ཚིམ་པར་བྱ་བ་དང་། དུས་དང་དུས་སུ་དགེ་སྦྱོང་དང་། བྲམ་ཟེ་དག་ལ་མཐོན་པོར་
འགྲོ་བ་དང་། སྐལ་བ་ཅན་དུ་འགྱུར་བ་དང་། རྣམ་པར་སྨིན་པ་བདེ་བ་དང་། ཕྱི་མ་ལ་མཐོ་རིས་སུ་འགྲོ་བའི་ཡོན་འབུལ་བར་འདོད་པ་དེ་རྒྱ་མཚོ་ཆེན་པོར་ཞུགས་ཤིག །འཇིག་རྟེན་ནི་འབྱོར་པ་འདོད་པས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་གྲུ་བོ་ཆེར་ཞུགས་པ་དང་། དེས་དེ་དག་གྲུ་བོ་ཆེས་
མི་བཟོད་པར་གྱུར་ནས་དེད་དཔོན་བྱི་དབྱིག་པས་བསམས་པ། ད་བདག་གིས་ཕྱིར་བྱུང་ཤིག་ཅེས་ཇི་སྐད་སྨྲ་བར་བྱ་སྙམ་ནས་དེས་རླུང་ཡོར་ཐོགས་པ་ལ་སྨྲས་པ། ཀྭའི་ནང་རྗེ་རྒྱ་མཚོ་ཆེན་པོའི་བསྔགས་པ་མ་ཡིན་པ་ཇི་ལྟ་བ་བཞིན་དུ་སྒྲོགས་ཤིག །དེ་ནས་རླུང་ཡོར་ཐོགས་པས་བསྒྲག་པར་
བརྩམས་པ། འཛམ་བུའི་གླིང་པའི་ཚོང་པ་ཤེས་ལྡན་དག་ཉོན་ཅིག །རྒྱ་མཚོ་ཆེན་པོ་འདི་ན་འཇིགས་པ་ཆེན་པོ་ཆེ་བ་འདི་ལྟ་བུ་འདི་ལྟ་སྟེ། ཉ་ཆེན་གྱི་འཇིགས་པ་དང་། ཉ་ཆེན་མིད་ཀྱི་འཇིགས་པ་དང་། ཉ་ཆེན་མིད་པ་མིད་ཀྱི་འཇིགས་པ་དང་། ཆུ་རླབས་ཀྱི་འཇིགས་པ་དང་། དབའ་
ཀློང་གི་འཇིགས་པ་དང་། ཆུ་སྲིན་ཀུམ་བྷི་རའི་འཇིགས་པ་དང་། ཆུ་སྲིན་བྱིས་པ་གསོད་ཀྱི་འཇིགས་པ་དང་། ཆུའི་ནང་ནས་བྱུང་བའི་རི་དག་ལ་ཐུག་པའི་འཇིགས་པ་དང་། རླུང་ནག་པོའི་འཇིགས་པ་དག་ཡོད་ཅིང་། འདིར་ཆོམ་རྐུན་པ་ནོར་འཕྲོག་པ་སྔོན་པོ་དང་། དཀར་པོ་དག་
ཀྱང་འོང་བར་འགྱུར་ཏེ། དེ་དག་གིས་ཁྱེད་ཅག་ཐམས་ཅད་ཀྱི་ཐམས་ཅད་དུ་སྲོག་དང་འབྲལ་བར་བྱེད་པར་འགྱུར་གྱིས་ཁྱེད་ཅག་ལས་གང་བདག་ཉིད་དང་། ཕ་མ་དང་། བུ་དང་། ཆུང་མ་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་

དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་སྡུག་པ་དག་ཡོངས་སུ་གཏོང་བར་མི་འདོད་པ་དེ་རྒྱ་མཚོ་ཆེན་པོར་མ་འཇུག་ཤིག །འཇིག་རྟེན་ནི་དཔའ་བོ་ཉུང་ལ་སྔར་མ་མང་བས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཕྱིར་བྱུང་བ་དང་། དེས་དེ་དག་གྲུས་བཟོད་པར་གྱུར་ནས་དེའི་འོག་ཏུ་རླུང་
ཡོར་ཐོགས་པས་སྒྲ་ལན་གསུམ་བསྒྲག་པ་བྱས་ཏེ། དེའི་འོག་ཏུ་ཉག་ཐག་གཅིག་བཀྲོལ་ཞིང་གཉིས་པ་དང་། གསུམ་པའི་བར་དུ་བཀྲོལ་ནས་དེས་གྲུ་བོ་ཆེ་རླུང་ཡོར་ཆེན་པོ་ཐོགས་པས་ལེགས་པར་བཟུང་བ། རླུང་གི་ཤུགས་སྟོབས་དང་ལྡན་པས་བསྐྱོད་པ། སྤྲིན་ཆེན་པོ་བཞིན་དུ་སོང་
སྟེ་རྗེས་སུ་མཐུན་པའི་རླུང་གིས་ཕུལ་ནས་ཇི་ཙམ་ན་རིན་པོ་ཆེའི་གླིང་དུ་ཕྱིན་ཏོ། །དེ་ནས་རླུང་ཡོར་ཐོགས་པས་སྒྲ་བསྒྲག་པར་བརྩམས་པ། འཛམ་བུའི་གླིང་པའི་ཚོང་པ་ཤེས་ལྡན་དག་ཉོན་ཅིག །རིན་པོ་ཆེའི་གླིང་འདི་ཉིད་ན་ནོར་བུ་མཆིང་བུ་རིན་པོ་ཆེ་འདྲ་བ་དག་ཀྱང་ཡོད་ཀྱིས་ཁྱེད་
ཀྱིས་དེ་དག་ཉེ་བར་བརྟག་ཅིང་བརྟག་ཅིང་ཕྱིས་ཁྱེད་ཅག་འཛམ་བུའི་གླིང་དུ་སོན་པ་ན་འགྱོད་པར་མི་འགྱུར་བ་དེ་ལྟར་རིན་པོ་ཆེ་དག་ལོང་ཤིག །རིན་པོ་ཆེའི་གླིང་འདི་ཉིད་ན་སྲིན་མོ་ཁྲུང་ཁྲུང་གཞོན་ནུ་མ་ཞེས་བྱ་བ་དག་ཡོད་དེ། དེ་དག་གིས་སྐྱེས་པ་དག་ཅི་ནས་ཀྱང་འདི་ཉིད་དུ་ཚུལ་མ་ཡིན་པས་
སྡུག་བསྔལ་བར་འགྱུར་བ་དེ་ལྟ་དེ་ལྟར་མཐོ་འཚམ་པར་འགྱུར་གྱིས་ཁྱེད་ཀྱིས་དེ་དག་བསྙེན་པར་མི་བྱའོ། །རིན་པོ་ཆེའི་གླིང་འདི་ཉིད་ན་མྱོས་པར་འགྱུར་བའི་འབྲས་བུ་དག་ཡོད་དེ། གང་གིས་དེ་དག་ཟོས་པ་ཞག་བདུན་དུ་བརྒྱལ་ཞིང་འདུག་པར་འགྱུར་བས་ཁྱེད་ཀྱིས་དེ་དག་བཟའ་བར་མི་
བྱའོ། །རིན་པོ་ཆེའི་གླིང་འདི་ཉིད་ན་མི་མ་ཡིན་པ་དག་འཁོད་དེ་དེ་དག་ཞག་བདུན་ལས་ལྷག་པར་ཁྱེད་འཁོད་པར་མི་བཟོད་པས་ཞག་བདུན་འདས་ནས་རླུང་གང་གིས་འདི་ལྟ་སྟེ། གྲུ་བོ་ཆེ་བྱ་བ་མ་བྱས་པར་ཁྱེར་བར་འགྱུར་བ་དེ་ལྟ་བུ་གཏོང་བར་འགྱུར་བས་ཁྱེད་ཀྱིས་དེ་ལ་ཡང་མ་ཐུག་
པར་བྱའོ། །ཚོང་པ་དེ་དག་གིས་དེ་ཐོས་ནས་སེམས་བསྡུས་ཤིང་བག་ཡོད་པར་འཁོད་དེ། དེ་དག་གིས་རིན་པོ་ཆེ་དག་ཉེ་བར་བརྟགས་ཤིང་བརྟགས་ཤིང་གྲུ་བོ་ཆེ་དེ་འདི་ལྟ་སྟེ། དཔེར་ན་ཏིལ་དང་། འབྲས་ཐུག་པོ་ཆེ་དང་། རྒྱ་ཤུག་དང་། རྒྱ་སྲན་དག་བཞིན་དུ་བཀང་སྟེ་རིན་པོ་

ཆེའི་གླིང་ནས་འཕགས་ནས་རྗེས་སུ་མཐུན་པའི་རླུང་གིས་བདས་ཏེ། འཛམ་བུའི་གླིང་དུ་ཕྱིན་པར་གྱུར་ཏོ། །དེ་བཞིན་དུ་ལན་བདུན་གྱི་བར་དུ་གྲུ་བོ་ཆེ་ལེགས་པར་གྲུབ་སྟེ་འཛམ་བུའི་གླིང་དུ་འོངས་སོ། །དེ་ནས་དེད་དཔོན་བྱི་དབྱིག་པ་ལ་མས་སྨྲས་པ། བུ་ཁྱིམ་
ཕུབ་ཤིག །དེས་སྨྲས་པ། མ་ཅི་བུ་ལོན་པ་དག་བཅད་ནས་དེའི་འོག་ཏུ་ཁྱིམ་དབུབ་པར་བྱའོ། །མས་དེ་ལ་སྨྲས་པ། བུ་ཁྱོད་ཀྱི་ཕས་ཀྱང་བུ་ལོན་པ་ཡོད་པར་མ་བྱས་མེས་པོས་ཀྱང་མ་བྱས་ན་ཁྱོད་ལ་བུ་ལོན་པ་ག་ལས་བྱུང་། དེས་སྨྲས་པ། མ་ཁོ་བོ་ཉིད་ཤེས་སོ་ཞེས་དེས་རིན་
པོ་ཆེ་བཞི་ལས་བྱས་པའི་བྱི་བ་བཞི་བྱེད་དུ་བཅུག་ནས། སྤྲོག་མ་གསེར་གྱིས་བཀང་སྟེ་བྱི་བ་བཞི་པོ་དེ་དག་སྤྲོག་མའི་ཕྱོགས་བཞིར་བཞག་ནས་ཚོང་དཔོན་དེའི་གན་དུ་སོང་ངོ་། །ཚོང་དཔོན་དེ་ཡང་དེ་ཉིད་ཀྱི་བསྔགས་པ་བརྗོད་ཅིང་འདུག་སྟེ་ཤེས་ལྡན་དག་དེད་དཔོན་བྱི་དབྱིག་པ་དེས་རྩྭའམ།
བོང་བའམ། གང་དང་གང་བླང་པ་དེ་དང་དེ་དག་ཐམས་ཅད་གསེར་དུ་འགྱུར་ཏེ། ཇི་ཙམ་དུ་དེ་བསོད་ནམས་དང་ལྡན་ཞིང་དབང་ཆེ་བར་གྲགས་པ་ལ་ལྟོས་ཞེས་དེའི་བསྔགས་པ་བརྗོད་ཅིང་འདུག་གོ། །དེ་དེ་ལྟར་དེའི་བསྔགས་པ་བརྗོད་པའི་གཏམ་ཟེར་ཞིང་འདུག་པ་ན་སྒོ་བ་དེའི་གན་དུ་སོང་
སྟེ་དེད་དཔོན་བྱི་དབྱིག་པ་སྒོ་ན་སྡོད་ཅིང་མཆིས་སོ་ཞེས་བརྗོད་པ་དང་། ཚོང་དཔོན་གྱིས་སྨྲས་པ། དེད་དཔོན་བྱི་དབྱིག་པ་འཇུག་ཏུ་ཆུག་ཤིག །སུ་ཞིག་དེད་དཔོན་བྱི་དབྱིག་པ་ཟློག་པར་བྱེད། དེ་ནས་དེད་དཔོན་བྱི་དབྱིག་པ་ནང་དུ་ཞུགས་ནས་དེས་ཚོང་དཔོན་དེ་ལ་སྨྲས་པ། ཚོང་དཔོན་
འདི་ནི་གཞི་ལགས། འདི་ནི་ཁེ་སྤོགས་ལགས་ཀྱིས་བཞེས་ཤིག །ཚོང་དཔོན་གྱིས་སྨྲས་པ། དེད་དཔོན་ཁོ་བོས་ཁྱོད་ལ་ཆུང་ཟད་ཀྱང་བྱིན་པར་མི་དྲན་ནོ། །དེད་དཔོན་གྱིས་སྨྲས་པ། བདག་གིས་ཁྱོད་དྲན་པར་བྱའོ་ཞེས་དེས་དྲན་པར་བྱས་པ་དང་། ཚོང་དཔོན་གྱིས་དྲིས་པ། ཁྱོད་
སུའི་བུ་ཡིན། ཁྱིམ་བདག་ཆེ་གེ་མོ་ཞིག་གིའོ། །ཚོང་དཔོན་གྱིས་སྨྲས་པ། འོ་ན་ཁྱོད་ཁོ་བོའི་ཆུང་པོ་གྲོགས་ཀྱི་བུ་ཡིན་ཏེ། ཁྱོད་ཀྱི་ཕ་འགྲོ་བ་ན་ཁོ་བོའི་ལག་ཏུ་ཀཱར་ཥཱ་པ་ཎ་མང་པོ་དག་གཏམས་པས་ཁོ་བོ་ཉིད་ཀྱིས་ཁྱོད་ལ་སྦྱིན་པར་བྱ་བ་ཡིན་ནོ་ཞེས་ཚོང་དཔོན་དེས་གསེར་གྱི་རིལ་བ་

ཆུས་བཀང་བའི་མཆོད་ཡོན་གྱིས་བསུ་ནས་བུ་མོ་ཐུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་དེད་དཔོན་བྱི་དབྱིག་པའི་ཆུང་མར་བྱིན་ནོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་ཚོང་དཔོན་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་དེད་དཔོན་བྱི་དབྱིག་པ་གང་ཡིན་པ་དེ་ནི་ལམ་པ་འདི་ཡིན་
ཏེ། དེའི་ཚེ་ཡང་ངས་འདི་ལ་གདམས་ངག་ཅུང་ཞིག་གིས་གཏམས་པས་དབང་ཕྱུག་གི་བདག་པོ་ཆེན་པོ་ལ་བཞག་པར་གྱུར་ལ། ད་ལྟར་ཡང་ངས་འདི་ལ་གདམས་ངག་ཅུང་ཞིག་གིས་གཏམས་པས་འཁོར་བའི་དགོན་པ་ནས་ཕྱུང་སྟེ་ཤིན་ཏུ་མཐར་ཐུག་པ་གྲུབ་པ་དང་བདེ་བ་བླ་ན་མེད་
པའི་མྱ་ངན་ལས་འདས་པ་ལ་བཞག་གོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཞི་བཅུ་རྩ་བརྒྱད་པ། སངས་རྒྱས་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ལམ་པས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་བུལ་བ།
མཆོག་ཏུ་བུལ་བ། ཆུང་བ་མཆོག་ཏུ་ཆུང་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་ལམ་པ་ཉིད་ཀྱིས་ལས་ཚོགས་རྙེད་པ་རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་
བསགས་པས་ལམ་པ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་
གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་
རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་། ཞབས་སུ་ལྡན་པ། བདེ་

བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་བྱུང་སྟེ། དེ་དགེ་སློང་གི་འཁོར་ཉི་ཁྲི་དང་བཱ་རཱ་ཎ་སཱི་ན་ཉེ་བར་བརྟེན་ཅིང་བཞུགས་སོ། །
དེའི་གསུང་རབ་ལ་ལམ་པ་འདི་དགེ་སློང་སྡེ་སྣོད་གསུམ་པར་གྱུར་ཏེ། དེས་ཆོས་ཀྱི་སེར་སྣས་འགའ་ལ་ཡང་ཚིག་བཞི་པའི་ཚིགས་སུ་བཅད་པ་ཡང་མ་བསྟན་ཏོ། །ཡང་རི་བྲགས་ཤིག་ན་ཕག་འཚོང་ཞིག་འདུག་སྟེ། ཆུ་ཀླུང་གི་ཕ་རོལ་དང་ཚུ་རོལ་གྱི་རི་བྲགས་དེར་དུས་སྟོན་བྱུང་ནས་
ཕག་འཚོང་དེས་བསམས་པ། གལ་ཏེ་ཕག་དག་གསད་དུ་ནི་ཤ་དེ་སྙེད་ཉོ་བར་མི་འགྱུར་བས་གསོན་པོ་ཉིད་དུ་བཀུར་བར་བྱ་ཞིང་དེར་ཕྲལ་ལ་བསད་ཅིང་བསད་ཅིང་བཙོང་བར་བྱའོ་སྙམ་ནས་དེས་ཕག་མོང་པོ་དག་གཅིག་ལ་གཅིག་སྦྲེལ་ཏེ་གྲུར་བཙུད་ནས་འཕགས་པ་དང་། དེ་དག་གིས་
གྲུ་དེ་སྐྱོད་པ་ན་བུབ་པར་གྱུར་ནས་དེ་དག་དེར་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །ཕག་འཚོང་དེ་ཡང་རྒྱུན་ཕྱོགས་སུ་ཁྱེར་བ་ན་ཆུ་ཀླུང་དེའི་འགྲམ་ན་རང་སངས་རྒྱས་ལྔ་བརྒྱ་ཙམ་འཁོད་ནས། དེ་དག་ལས་རང་སངས་རྒྱས་གཅིག་ཅིག་ཆུའི་དོན་དུ་ཆུ་འགྲམ་དུ་སོང་བ་དང་། དེས་དེ་མཐོང་
ནས་དེས་བསམས་པ། ཅི་འདི་རེ་ཞིག་ཤི་བ་ཡིན་ནམ། འོན་ཏེ་གསོན་པ་ཡིན་སྙམ་ནས་དེས་གླང་པོ་ཆེའི་སྣ་འདྲ་བའི་ལག་པ་བརྐྱང་སྟེ་དེ་ཕྱུང་ནས་བྱེ་མ་བདལ་ཏེ་དེར་ཁ་སྦུབ་ཏུ་བཞག་ནས་སོང་ངོ་། །དེའི་རྒྱུན་ཐམས་ཅད་ནས་ཆུ་ཟགས་ནས་དེས་འདུ་ཤེས་ཕྱིར་རྙེད་དེ་ལངས་པ་དང་།
མིའི་རྗེས་མཐོང་ནས་དེ་དེའི་རྗེས་བཞིན་དུ་སོང་བ་དང་། ཇི་ཙམ་ན་རང་སངས་རྒྱས་ལྔ་བརྒྱ་མཐོང་ནས་དེས་དེ་དག་ལ་ལོ་མ་དང་། འབྲས་བུ་དང་། སོ་ཤིང་གིས་བསྙེན་བཀུར་བྱ་བར་བརྩམས་པ་དང་། དེ་དག་གིས་དེ་ལ་ལྷུང་བཟེད་ཀྱི་ལྷག་མ་བྱིན་ནོ། །གང་གི་ཚེ་རང་སངས་རྒྱས་
དེ་དག་སྐྱིལ་མོ་ཀྲུང་བཅས་ཏེ་བསམ་གཏན་བྱེད་པ་དེའི་ཚེ་ན་དེ་ཡང་མཐའ་གཅིག་ཏུ་འདུག་ནས་སྐྱིལ་མོ་ཀྲུང་བཅས་ཏེ་བསམ་གཏན་བྱེད་དོ། །དེས་དེར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བསྐྱེད་ནས་འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །དགེ་སློང་དག་

དེའི་ཚེ་དེའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་དགེ་སློང་སྡེ་སྣོད་གསུམ་དང་ལྡན་པར་གྱུར་པ་གང་ཡིན་པ་དང་། ཕག་འཚོང་དུ་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་ལམ་པ་འདི་ཡིན་ཏེ། འདིས་ཆོས་ཀྱི་སེར་སྣས་འགའ་ལ་ཡང་ཚིག་བཞི་པའི་ཚིགས་སུ་
བཅད་པ་ཡང་མ་བསྟན་པ་གང་ཡིན་པ་དང་། ཕག་དག་བསད་པ་གང་ཡིན་པ་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱི་ནང་ནས་འདིར་སྐྱེས་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་བུལ་བ། མཆོག་ཏུ་བུལ་བ། ཆུང་བ་མཆོག་ཏུ་ཆུང་བར་གྱུར་ཏོ། །དགེ་སློང་དག་དེ་
ལྟར་ན་གདམས་ངག་མེད་པ་ལ་ཉེས་དམིགས་འདི་དང་གཞན་དག་ཀྱང་ཡོད་དེ་དེ་ལྟ་བས་ན་དགེ་སློང་གིས་གདམས་ངག་མེད་པར་བསམ་གཏན་མི་བྱའོ། །བསམ་གཏན་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་མཉན་ཡོད་དུ་ཅི་དགྱེས་པར་བཞུགས་ནས་
རྒྱལ་པོའི་ཁབ་ག་ལ་བ་དེར་གཤེགས་ཏེ་མཐར་གྱིས་རྒྱུ་ཞིང་གཤེགས་པ་ན་རྒྱལ་པོའི་ཁབ་ཏུ་བྱོན་ནས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །རྒྱལ་པོའི་ཁབ་ན་འཚོ་བྱེད་གཞོན་ནུས་གསོས་ཀྱིས་བཅོམ་ལྡན་འདས་མཐར་གྱིས་རྒྱུ་ཞིང་གཤེགས་པ་ན་རྒྱལ་
པོའི་ཁབ་ཏུ་བྱོན་ནས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་ཞེས་ཐོས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་
འདས་འཚོ་བྱེད་གཞོན་ནུས་གསོས་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་
བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་འཇུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་འཚོ་བྱེད་གཞོན་ནུས་གསོས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས། བཅོམ་ལྡན་

འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སང་བདག་གི་སྡུམ་པར་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་གདུགས་ཚོད་གསོལ་བར་ཅི་གནང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་
བསྙེན་པར་དཀའ་བ་དང་། བཟོད་པར་དཀའ་བ་ཡིན་པས་འཚོ་བྱེད་གཞོན་ནུས་གསོས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་བཙུན་པ་ལམ་པ་མ་གཏོགས་སོ་ཞེས་གསོལ་མ་ནུས་སོ། །བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་འཚོ་བྱེད་གཞོན་ནུས་གསོས་ལ་གནང་ངོ་། །དེ་ནས་
འཚོ་བྱེད་གཞོན་ནུས་གསོས་ཀྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་། རྗེས་སུ་ཡི་རང་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་
སྤྱན་སྔ་ནས་སོང་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཀུན་དགའ་བོའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་འཚོ་བྱེད་གཞོན་ནུས་གསོས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་
སྨྲས་སོ། །བཙུན་པ་ཀུན་དགའ་བོ་མཁྱེན་པར་མཛོད་ཅིག །བདག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སང་བདག་གི་སྡུམ་པར་གདུགས་ཚོད་ལ་སྤྱན་དྲངས་ཏེ་བཙུན་པ་ལམ་པ་ནི་མ་གཏོགས་སོ། །འཚོ་བྱེད་ཁྱོད་ཀྱི་དགེ་བའི་ཆོས་རྣམས་ཇི་ལྟར་འཕེལ་བར་གྱུར་
ཅིག །དེ་ནས་འཚོ་བྱེད་གཞོན་ནུས་གསོས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བ་བྱས་ནས་ཚེ་དང་ལྡན་པ་ཀུན་དགའ་བོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་འཚོ་བྱེད་གཞོན་ནུས་
གསོས་སོང་ནས་རིང་པོ་མ་ལོན་པར་རིག་ནས། ཚེ་དང་ལྡན་པ་ལམ་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ལམ་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ལམ་པ་མཁྱེན་པར་མཛོད་ཅིག །འཚོ་བྱེད་གཞོན་ནུས་གསོས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་

འདུན་སང་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ཏེ་ཚེ་དང་ལྡན་པ་ལམ་པ་གཅིག་པུ་མ་གཏོགས་སོ། །བཙུན་པ་ཀུན་དགའ་བོ་དེའི་དགེ་བའི་ཆོས་རྣམས་ཇི་ལྟར་འཕེལ་བར་གྱུར་ཅིག །དེ་ནས་འཚོ་བྱེད་གཞོན་ནུས་གསོས་ཀྱིས་དེ་ཉིད་ཀྱི་མཚན་མོ་བཅའ་བ་དང་བཟའ་བ་
གཙང་ཞིང་བསོད་པ་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ་གདན་དག་བཤམས་ནས་ཆུ་ར་བཞག་སྟེ། བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས་བཙུན་པ་གདུགས་ཚོད་གཡར་དགོངས་འཚལ་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་དྲངས་
སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་འཚོ་བྱེད་གཞོན་ནུས་གསོས་ཀྱི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་
འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ལམ་པའི་བྱུག་རིས་ཞོག་ཤིག་འཚོ་བྱེད་གཞོན་ནུས་གསོས་ཀྱི་གསེར་གྱི་རིལ་བ་བྷྲྀང་ག་ར་ཐོགས་ཏེ་རྒན་པའི་མཐའ་
ལོགས་སུ་བསྡད་པ་དང་བཅོམ་ལྡན་འདས་ཀྱིས་ཆབ་ཀྱི་རྒྱུན་མ་བཞེས་སོ། །འཚོ་བྱེད་གཞོན་ནུས་གསོས་ཀྱིས་གསོལ་བ། ཅིའི་སླད་དུ་བཅོམ་ལྡན་འདས་ཆབ་ཀྱི་རྒྱུན་བཞེས་པར་མི་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་དུང་དགེ་སློང་གི་དགེ་འདུན་མ་འཚོགས་
སོ། །འཚོ་བྱེད་གཞོན་ནུས་གསོས་ཀྱིས་གསོལ་པ། བཅོམ་ལྡན་འདས་གང་མ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ལམ་པའོ། །འཚོ་བྱེད་གཞོན་ནུས་གསོས་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་བདག་གིས་གཡར་མ་དྲངས་སོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། གལ་ཏེ་འཚོ་བྱེད་ཁྱོད་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་མ་དྲངས་སམ། བཅོམ་ལྡན་འདས་སྤྱན་དྲངས་སོ། །འོ་ན་ཅི་ལམ་པ་དགེ་འདུན་ལས་ཕྱི་རོལ་དུ་གྱུར་པ་ཡིན་ནམ། བཅོམ་ལྡན་འདས་མ་ལགས་སོ། །སོང་ལ་དེ་བོས་

ཤིག་འཚོ་བྱེད་གཞོན་ནུས་གསོས་ཀྱིས་བསམས་པ་འདི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱི་བཀས་བོད་པར་ནི་བྱ་མོད་ཀྱི་དེ་ལ་གུས་པར་བྱས་ཏེ་བྲིམ་པར་ནི་མི་བྱའོ་སྙམ་ནས་དེས་མངག་པ་བཏང་སྟེ་སོང་ལ་དེ་བོས་ཤིག་ཅེས་བསྒོའོ། །ཚེ་དང་ལྡན་པ་ལམ་པ་ཡང་
འདི་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཇི་ལྟར་སེམས་མཉམ་པར་བཞག་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་སྤྲུལ་ཏེ་འདུག་གོ། །མངག་པ་དེ་སོང་སྟེ་ལམ་པ་ལམ་པ་ཞེས་བོས་པ་དང་། དགེ་སློང་དུ་མ་དག་གིས་ཨང་ཞེས་ལན་བཏབ་བོ། །མི་དེ་འོངས་ཏེ་འཚོ་བྱེད་གཞོན་
ནུས་གསོས་ལ་སྨྲས་པ། བདག་དེར་མཆིས་ཏེ་ལམ་པ་ལམ་པ་ཞེས་བོས་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་སྔར་དགེ་སློང་དག་གིས་གང་ཞིང་འཁོད་པ་དེ་ཁོ་ན་བཞིན་དུ་དགེ་སློང་དག་གིས་གང་ཞིང་འཁོད་ནས་དགེ་སློང་དུ་མ་དག་གིས་ཨང་ཞེས་ལན་བཏབ་ན་དེ་དག་ལས་གང་བོད།
འཚོ་བྱེད་གཞོན་ནུས་གསོས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོང་ཤིག་སོང་ལ་ལམ་པ་ཡང་དག་པ་གང་ཡིན་པ་དེ་ཤོག་ཤིག་ཅེས་གྱིས་ཤིག །དེ་སོང་སྟེ་སྨྲས་པ། ལམ་པ་ཡང་དག་པ་གང་ལགས་པ་དེ་གཤེགས་
སུ་གསོལ། དེ་ནས་ཚེ་དང་ལྡན་པ་ལམ་པས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་ཕྱིར་བསྡུས་ནས་དེར་སོང་སྟེ་རང་གི་བྱུག་རིས་སུ་འདུག་པ་དང་། འཚོ་བྱེད་གཞོན་ནུས་གསོས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བྲིམ་པར་བརྩམས་ནས་ཚེ་དང་ལྡན་པ་ལམ་པ་ལ་གུས་
པར་མ་བྱས་པར་བྲིམས་སོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཉན་ཐོས་ཆེན་པོ་རི་རབ་དང་འདྲ་བ་ལ་འཚོ་བྱེད་གཞོན་ནུས་གསོས་ཀྱིས་སྨྲས་པ་ལེན་པར་བྱེད་ཀྱིས། འདིའི་ཡོན་ཏན་བསྒྲག་པར་བྱའོ་སྙམ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་ལེན་པ་ཡིན་ན་
བཅོམ་ལྡན་འདས་ཀྱིས་དེ་ལ་མ་སྩལ་ཏོ། །ཆོས་ཉིད་ཀྱིས་ན་ཇི་སྲིད་དུ་བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་བླང་བར་མ་གྱུར་གྱི་བར་དུ་དགེ་སློང་གནས་བརྟན་གནས་བརྟན་དག་གི་ལྷུང་བཟེད་དག་ལེན་པར་མི་བྱེད་དོ། །ཚེ་དང་ལྡན་པ་ལམ་པས་བསམས་པ། ཅིའི་ཕྱིར་བཅོམ་ལྡན་འདས་དང་

དགེ་སློང་གནས་བརྟན་གནས་བརྟན་དག་གིས་ལྷུང་བཟེད་དག་ལེན་པར་མི་བྱེད་སྙམ་ན། བདག་ཉིད་ཀྱི་ཡོན་ཏན་བསྒྲག་པའི་ཕྱིར་རོ་སྙམ་དུ་རིག་ནས་སྟོན་པའི་ཐུགས་ལ་དགོངས་པ་ཡོངས་སུ་རྫོགས་པར་བྱའོ་སྙམ་ནས། ཚེ་དང་ལྡན་པ་ལམ་པས་སྟན་ཕྱེད་ལས་འཕགས་པར་བྱས་ཏེ་
གླང་པོ་ཆེའི་སྣ་ལྟ་བུའི་ལག་པ་བརྐྱང་ནས་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་བླངས་པ་དང་། འཚོ་བྱེད་གཞོན་ནུས་གསོས་རྒན་པའི་མཐའ་ལོགས་ན་འདུག་པས་མཐོང་ནས་དེས་བསམས་པ། རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པར་སྟོན་པ་འདི་གནས་བརྟན་གང་ཡིན་སྙམ་ནས་དེ་ལྷུང་བཟེད་ཀྱི་རྗེས་
བཞིན་སོང་བ་དང་། ཅི་ཙམ་ན་ཚེ་དང་ལྡན་པ་ལམ་པ་ཡིན་པར་མཐོང་ངོ་། །མཐོང་ནས་དེ་བརྒྱལ་ཏེ་ས་ལ་བསྒྱེལ་བ་དང་། ཆུས་གདབ་པས་སྲོག་ཕྱིར་ལོན་ནས་ཚེ་དང་ལྡན་པ་ལམ་པའི་རྐང་པ་གཉིས་ལ་གཏུགས་ཏེ་བཟོད་པ་གསོལ་ཅིང་ཚིགས་སུ་བཅད་པས་སྨྲས་པ། ཙན་དན་རྟག་
ཏུ་བསིལ་ངད་ཡོན་ཏན་ལྡན། །ཨུཏྤལ་རྟག་ཏུ་དྲི་བདའ་དྲི་མེད་གསར། །རྟག་གསལ་དག་པའི་བཻ་ཌཱུརྱ་འོད་བཞིན། །བྱིས་པའི་སྐྱེ་བོའི་སྡིག་པ་རྟག་ཏུ་ནི། །མཚུངས་མེད་གོར་མའི་རི་མོ་རྟག་པ་བཞིན། །འཕགས་པའི་སྐྱེ་བོ་རྟག་ཏུ་ཐུགས་རྗེ་མངའ། །དགྲ་བཅོམ་དག་གི་བཟོད་པ་
བརྟན་པ་ལགས། །ཚེ་དང་ལྡན་པ་ལམ་པས་སྨྲས་པ། འཚོ་བྱེད་བཟོད་དོ། །བཅོམ་ལྡན་འདས་ཀྱིས་ཡོན་བཤད་པ་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་ཞུས་པ། བཙུན་པ་འཚོ་བྱེད་གཞོན་ནུས་གསོས་
ཀྱིས་གང་གི་ཚེ་ཚེ་དང་ལྡན་པ་ལམ་པའི་ཡོན་ཏན་དག་མངོན་པར་མ་འཚལ་བ་དེའི་ཚེ་ན་གུས་པ་མ་ལགས་པ་ལ་བརྩོན་ཞིང་། གང་གི་ཚེ་ཡོན་ཏན་དག་མངོན་པར་འཚལ་བ་དེའི་ཚེ་ན་རྐང་པ་གཉིས་ལ་གཏུགས་ཏེ་བཟོད་པ་གསོལ་བར་བགྱིད་པ་ལ་གཟིགས། དགེ་སློང་དག་ད་ལྟར་དུ་མ་
ཟད་དེ། འདི་ལྟར་འདས་པའི་དུས་ན་ཡང་དེས་གང་གི་ཚེ་འདིའི་ཡོན་ཏན་དག་མངོན་པར་མི་ཤེས་པ་དེའི་ཚེ་ན་གུས་པ་མ་ཡིན་པ་ལ་བརྩོན་ཞིང་གང་གི་ཚེ་ཡོན་ཏན་དག་མངོན་པར་ཤེས་པ་དེའི་ཚེ་ན་རྐང་པ་གཉིས་ལ་གཏུགས་ཏེ་བཟོད་པ་གསོལ་བར་གྱུར་ཏེ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་

བ་འདས་པའི་དུས་ན་བྱང་ལམ་ནས་དེད་དཔོན་ཞིག་གིས་ཟོང་རྟ་ལྔ་བརྒྱ་བདས་ཏེ་ཡུལ་དབུས་སུ་ཕྱིན་ཏོ། །དེའི་རྒོད་མའི་མངལ་དུ་རྟ་ཅང་ཤེས་ཞུགས་ནས་དེ་གང་གི་ཉི་མ་ལ་ཞུགས་པ་དེ་ཉིད་ཀྱི་ཉི་མ་ནས་བཟུང་སྟེ་རྟ་དེ་དག་ཕྱིན་ཆད་སྐད་འབྱིན་པར་མི་བྱེད་ནས་དེད་དཔོན་
གྱིས་བསམས་པ། བདག་གི་རྟ་རྣམས་ལ་ནད་འགའ་ཞིག་བྱུང་ངམ། ཅི་ན་དེས་རྟ་འདི་དག་སྐད་འབྱིན་པར་མི་བྱེད་སྙམ་མོ། །དུས་གཞན་ཞིག་ན་རྒོད་མ་དེ་འབྲངས་པ་ལས་རྟེའུ་ཕོ་ཞིག་བྱུང་ནས་དེ་གང་གི་ཉི་མ་ལ་བྱུང་བ་དེ་ཉིད་ཀྱི་ཉི་མ་ན