Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 007_འདུལ་བ།_ཇ
Văn bản gốc(Tây Tạng)
Trang 1 / 18 (50.000 ký tự/trang)
༄༅། །འདུལ་བ་ཇ་པ་བཞུགས་སོ། ། ༄༅༅། །འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཞི་བཅུ་རྩ་གསུམ་པ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། ། གང་གི་ཚེ་ཚེ་དང་ལྡན་པ་གྱད་བུ་ནོར་དགེ་འདུན་གྱིས་གནས་མལ་འབོག་པ་དང་། ཟས་ལ་སྐོ་བར་བསྐོས་པའི་ཚེ་ན་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་ དང་ཚེ་རབས་ཚེ་རབས་ནས་ཁོན་ཡོད་པས་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཚེ་དང་ལྡན་པ་ཉེ་དགའ་དང་ལྷན་ཅིག་ཏུ་འདུ་འཛིའི་གཏམ་གྱིས་འཁོད་པ་ན། ཚེ་དང་ལྡན་པ་གྱད་ བུ་ནོར་ཕྱོགས་དེར་འོངས་པ་དང་། དེ་གཉིས་ཀྱིས་ཉེ་དགའ་ལ་སྨྲས་པ། ཚེ་དང་ལྡན་པ་ཉེ་དགའ་གལ་ཏེ་ཁྱོད་ཀྱང་དགེ་འདུན་གྱིས་གནས་མལ་འབོག་པ་དང་། ཟས་ལ་སྐོ་བར་བསྐོས་ པར་གྱུར་ན། ཁྱོད་ཀྱང་ཁོ་བོ་ཅག་ལ་འདི་ལྟ་སྟེ། དཔེར་ན་ཚེ་དང་ལྡན་པ་གྱད་བུ་ནོར་བཞིན་དུ་མཐོ་འཚམ་པར་འགྱུར་རོ། །ཉེ་དགའས་དེ་གཉིས་ལ་སྨྲས་པ། ཚེ་དང་ལྡན་པ་གཉིས་ ཁྱེད་གཉིས་དགེ་འདུན་མཐུན་པས་དགེ་སློང་གང་གནས་མལ་འབོག་པ་དང་། ཟས་ལ་སྐོ་བར་བསྐོས་པར་ཤེས་བཞིན་དུ་དེ་ལ་ངོར་འཕྱའམ། དེ་གཉིས་ཀྱིས་སྨྲས་པ། ཅི་ཁོ་བོ་ཅག་གཉིས་འདུར་ཡང་མི་དབང་ངམ། དགེ་སློང་དོན་ཉུང་ངུ་ དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་མཐུན་པས་དགེ་སློང་གང་གནས་མལ་འབོག་པ་དང་། ཟས་ལ་སྐོ་བར་བསྐོས་པར་ཤེས་བཞིན་དུ་དེ་ལ་ངོར་འཕྱ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་ རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པ་དེ་ངོར་འཕྱ་བའི་གྲངས་སུ་ཆུག་ཤིག ། འདི་ལྟར་གྲངས་སུ་གཞུག་པར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས། གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་འདི་གཉིས་འཚལ་བཞིན་དུ་དགེ་སློང་གང་དགེ་འདུན་མཐུན་པས་གནས་མལ་འབོག་པ་དང་། ཟས་ལ་སྐོ་བར་བསྐོས་པ་ཚེ་དང་ལྡན་པ་གྱད་བུ་ནོར་དེ་ལ་ངོར་འཕྱ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་ངོར་འཕྱ་བའི་གྲངས་སུ་སྩལ་ཏོ། །འདི་ནི་གསོལ་བའོ། །གང་གི་ཚེ་དགེ་འདུན་གྱིས་དགེ་སློང་ མཛའ་བོ་དང་། ས་ལས་སྐྱེས་གཉིས་ངོར་འཕྱ་བའི་གྲངས་སུ་བཅུག་པ་དེའི་ཚེ་ན་དེ་གཉིས་ཚེ་དང་ལྡན་པ་ཉེ་དགའ་དང་ལྷན་ཅིག་གཏམ་ཟེར་ཞིང་འདུག་པ་ན། ཚེ་དང་ལྡན་པ་གྱད་བུ་ནོར་ཕྱོགས་དེར་འོངས་པ་དང་། དེ་གཉིས་ཀྱིས་ཉེ་དགའ་ལ་སྨྲས་པ། ཚེ་དང་ལྡན་པ་ཉེ་དགའ་གལ་ཏེ་ཁྱོད་ཀྱང་དགེ་ འདུན་གྱིས་གནས་མལ་འབོག་པ་དང་། ཟས་ལ་སྐོ་བར་བསྐོས་པར་གྱུར་ན། ཁྱོད་ཀྱང་ཁོ་བོ་ཅག་ལ་འདི་ལྟ་སྟེ་དཔེར་ན་ཁ་ཅིག་བཞིན་དུ་མཐོ་འཚམ་པར་འགྱུར་རོ། །ཉེ་དགའས་དེ་གཉིས་ལ་སྨྲས་པ། ཚེ་དང་ལྡན་པ་གཉིས་ཁྱེད་གཉིས་དགེ་འདུན་མཐུན་པས་དགེ་སློང་གང་གནས་མལ་འབོག་ པ་དང་། ཟས་ལ་སྐོ་བར་བསྐོས་པར་ཤེས་བཞིན་དུ་དེ་ལ་གཞོགས་འཕྱས་བྱེད་དམ། དེ་གཉིས་ཀྱིས་སྨྲས་པ། ཅི་ཁོ་བོ་ཅག་གཉིས་ཀྱིས་འགའ་ཞིག་གི་མིང་ངམ་རུས་ནས་སྨོས་སམ། ཉེ་དགའས་སྨྲས་པ། གལ་ཏེ་མིང་དང་རུས་མ་སྨོས་པར་གཞོགས་འཕྱས་བྱེད་དུ་ གནང་ན། ཉེ་དགའས་ཀྱང་འཇིག་རྟེན་ཐམས་ཅད་ལ་མིང་དང་རུས་མི་སྨོས་པར་གཞོགས་འཕྱས་བྱས་པར་འགྱུར་རོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་མཐུན་པས། དགེ་སློང་གང་གནས་མལ་འབོག་པ་དང་། ཟས་ལ་སྐོ་བར་བསྐོས་པར་ཤེས་བཞིན་དུ་དེ་ ལ་གཞོགས་འཕྱས་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པ་དེ་གཞོགས་འཕྱས་བྱེད་པའི་གྲངས་སུ་ཆུག་ཤིག་འདི་ལྟར་གྲངས་སུ་གཞུག་པར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་ པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་འདི་གཉིས་འཚལ་བཞིན་དུ་དགེ་སློང་གང་དགེ་འདུན་མཐུན་པས་གནས་མལ་འབོག་པ་དང་། ཟས་ལ་སྐོ་བར་བསྐོས་པ་ཚེ་དང་ལྡན་པ་ གྱད་བུ་ནོར་དེ་ལ་གཞོགས་འཕྱས་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཞོགས་འཕྱས་བགྱིད་པའི་གྲངས་སུ་སྩལ་ཏོ། །འདི་ནི་གསོལ་ བའོ། །གང་གི་ཚེ་དགེ་འདུན་གྱིས་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་ངོར་འཕྱ་བ་དང་། གཞོགས་འཕྱས་བྱེད་པའི་གྲངས་སུ་བཅུག་པ་དེའི་ཚེ་ན་དེ་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་ངོར་འཕྱ་བ་དང་། གཞོགས་འཕྱས་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་ སློང་དག་དགེ་འདུན་མཐུན་པས་དགེ་སློང་གང་གནས་མལ་འབོག་པ་དང་། ཟས་ལ་སྐོ་བར་བསྐོས་པར་ཤེས་བཞིན་དུ་དེ་ལ་ངོར་འཕྱ་བ་དང་། གཞོགས་འཕྱས་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་ འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་ བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ལ་རྨས་པ། དགེ་སློང་ཁྱེད་གཉིས་ཤེས་བཞིན་དུ་དགེ་སློང་གང་དགེ་འདུན་མཐུན་པས་གནས་མལ་འབོག་པ་དང་། ཟས་ལ་སྐོ་བར་བསྐོས་པ་དགེ་ སློང་གྱད་བུ་ནོར་དེ་ལ་ངོར་འཕྱ་བ་དང་། གཞོགས་འཕྱས་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་ བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འཕྱ་འམ་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ། །འཕྱ་འམ་གཞོགས་འཕྱས་བྱེད་ན་ཞེས་བྱ་བ་ནི་འཕྱ་བ་དང་གཞོགས་འཕྱས་བྱ་བའི་བསམ་པས་ ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། རྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་གི་སྒྲ་དང་། ངག་གི་ལམ་དང་། ངག་གི་རྣམ་པར་རིག་བྱེད་རྗོད་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ངན་ སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་དགེ་འདུན་གྱིས་བགྲངས་ཤིང་། དེ་ཡང་གང་ཟག་བཅུ་གཉིས་སུ་བསྐོས་པ་སྦྱོར་བ་མ་བཏང་བ་དག་ལ་འཕྱ་ན་ལྟུང་བྱེད་དུ་འགྱུར་རོ། །གཞོགས་འཕྱས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །འཕྱ་བ་དང་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དུ་འགྱུར་ རོ། །དགེ་སློང་དགེ་འདུན་གྱིས་བགྲངས་ཤིང་དེ་ཡང་གང་ཟག་བཅུ་གཉིས་སུ་བསྐོས་པ་སྦྱོར་བ་བཏང་བ་དག་ལ་འཕྱ་ན་ལྟུང་བྱེད་དུ་འགྱུར་རོ། །གཞོགས་འཕྱས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །འཕྱ་བ་དང་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དགེ་འདུན་གྱིས་ བགྲངས་ཤིང་དེ་ཡང་གང་ཟག་བཅུ་གཉིས་སུ་མ་བསྐོས་པ་སྦྱོར་བ་མ་བཏང་བ་དག་ལ་འཕྱ་ན་ལྟུང་བྱེད་དུ་འགྱུར་རོ། །གཞོགས་འཕྱས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །འཕྱ་བ་དང་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དགེ་འདུན་གྱིས་བགྲངས་ཤིང་དེ་ཡང་གང་ ཟག་བཅུ་གཉིས་སུ་མ་བསྐོས་པ་སྦྱོར་བ་བཏང་བ་དག་ལ་འཕྱ་ན་ལྟུང་བྱེད་དུ་འགྱུར་རོ། །གཞོགས་འཕྱས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །འཕྱ་བ་དང་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དགེ་འདུན་གྱིས་མ་བགྲངས་ཤིང་དེ་ཡང་གང་ཟག་བཅུ་གཉིས་སུ་བསྐོས་ པ་སྦྱོར་བ་མ་བཏང་བ་དག་ལ་འཕྱ་ན་ཉེས་བྱས་སུ་འགྱུར་རོ། །གཞོགས་འཕྱས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །འཕྱ་བ་དང་གཞོགས་འཕྱས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་དགེ་འདུན་གྱིས་མ་བགྲངས་ཤིང་དེ་ཡང་གང་ཟག་བཅུ་གཉིས་སུ་བསྐོས་པ་སྦྱོར་ བ་བཏང་བ་དག་ལ་འཕྱ་ན་ཉེས་བྱས་སུ་འགྱུར་རོ། །གཞོགས་འཕྱས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །འཕྱ་བ་དང་གཞོགས་འཕྱས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་དགེ་འདུན་གྱིས་མ་བགྲངས་ཤིང་དེ་ཡང་གང་ཟག་བཅུ་གཉིས་སུ་མ་བསྐོས་པ་སྦྱོར་བ་མ་བཏང་བ་དག་ལ་ འཕྱ་ན་ཉེས་བྱས་སུ་འགྱུར་རོ། །གཞོགས་འཕྱས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །འཕྱ་བ་དང་གཞོགས་འཕྱས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་དགེ་འདུན་གྱིས་མ་བགྲངས་ཤིང་དེ་ཡང་གང་ཟག་བཅུ་གཉིས་སུ་མ་བསྐོས་པ་སྦྱོར་བ་བཏང་བ་དག་ལ་འཕྱ་ན་ཉེས་བྱས་སུ་འགྱུར་ རོ། །གཞོགས་འཕྱས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །འཕྱ་བ་དང་གཞོགས་འཕྱས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །འཕྱ་བའི་ལྟུང་བྱེད་དེ་བཅུ་གཉིས་པ་རྫོགས་ སྷོ།། །།སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱམྦཱི་ན་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འདུན་པ་ལྟུང་བ་ཆོས་བཞིན་དུ་ཕྱིར་མི་བྱེད་ནས། དེ་ལ་དགེ་སློང་དོན་འདོད་པ་བདེ་བ་འདོད་པ། བདེ་བ་ལ་རེག་པར་འདོད་པ། གྲུབ་པ་དང་བདེ་ བ་འདོད་པ་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་འདུན་པ་ལྟུང་བ་བྱུང་བ་ཆོས་བཞིན་དུ་ཕྱིར་གྱིས་ཤིག །དེས་སྨྲས་པ། སུ་ལ་ལྟུང་བ་བྱུང་བ་དེ་ཕྱིར་བྱེད་པར་འགྱུར་རོ། །ཁྱོད་ལ་ལྟུང་བ་བྱུང་བ་སུ་ཞིག་ཕྱིར་བྱེད་པར་འགྱུར། སུ་འགྱོད་པར་འགྱུར་བའོ། །ཁྱོད་ལ་ལྟུང་བ་བྱུང་བ་ལ་སུ་ འགྱོད་པར་འགྱུར། གལ་ཏེ་ཚེ་དང་ལྡན་པ་ཁྱེད་ཅག་ལ་ལྟུང་བ་བྱུང་ན་ཁོ་བོའི་མདུན་དུ་མ་འཆགས་པར་གཞན་གྱི་མདུན་དུ་ཤོགས་ཤིག །ཚེ་དང་ལྡན་པ་དག་ཁྱེད་ཅག་ནི་རིགས་སྣ་ཚོགས་དང་། རུས་སྣ་ཚོགས་དང་། ཁྱིམ་སྣ་ཚོགས་ནས་རབ་ཏུ་བྱུང་བ་དག་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་ ཤིང་ལྗོན་པ་དག་གི་ལོ་མ་སྣ་ཚོགས་རླུང་གིས་བླགས་པ་དག་གཅིག་ཏུ་ལྟུང་ཞིང་གཅིག་ཏུ་འདུག་པ་དེ་བཞིན་དུ་ཁྱེད་ཅག་ཀྱང་རིགས་སྣ་ཚོགས་དང་། རུས་སྣ་ཚོགས་དང་། ཁྱིམ་སྣ་ཚོགས་ནས་རབ་ཏུ་བྱུང་བ་དག་ཡིན་གྱི། ཁོ་བོའི་འཕགས་པས་ནི་བྱང་ཆུབ་ཐུགས་སུ་ཆུད་པ་ཡིན་ནོ་ ཞེས་དེ་དགེ་སློང་རྣམས་ཀྱིས་བསྒོ་བ་རྣ་ལ་གཟོན་པར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རྣམས་ཀྱིས་བསྒོ་བ་རྣ་ལ་གཟོན་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འདུན་པ་དང་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་བསྒོ་བ་རྣ་ལ་གཟོན་པའི་གྲངས་སུ་ཆུག་ཤིག །འདི་ལྟར་གྲངས་སུ་གཞུག་པར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་ དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འདུན་པ་འདི་ལྟུང་བ་བྱུང་ཡང་ཆོས་བཞིན་དུ་སླར་མི་བགྱིད་ དེ། འདི་ལ་དགེ་སློང་དོན་འཚལ་བ། ཕན་པ་འཚལ་བ། བདེ་བ་འཚལ་བ། བདེ་བ་ལ་རེག་པར་འཚལ་བ། གྲུབ་པ་དང་བདེ་བ་འཚལ་བ་རྣམས་ཀྱིས་གཞི་དེས་གླེངས་ཀྱང་དགེ་སློང་རྣམས་ཀྱིས་བསྒོ་བ་རྣ་ལ་གཟོན་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་ བར་མཛོད་ཅིག་དང་། དགེ་འདུན་གྱིས་ཚེ་དང་ལྡན་པ་འདུན་པ་བསྒོ་བ་རྣ་ལ་གཟོན་པའི་གྲངས་སུ་སྩལ་ཏོ། །འདི་ནི་གསོལ་པའོ། །གང་གི་ཚེ་ན་ཚེ་དང་ལྡན་པ་འདུན་པ་བསྒོ་བ་རྣ་ལ་གཟོན་པའི་གྲངས་སུ་བཅུག་པ་དེའི་ཚེ་ན་དེས་བསམས་པ། བདག་ལ་ཉེས་པ་གང་བྱུང་བ་དེ་ནི་ བདག་གིས་དེ་དག་ལ་ཚིག་སྨྲས་པ་ལས་གྱུར་པ་ཡིན་ཏེ། གང་གིས། སྐྱེས་བུ་མཁས་དང་ལྡན་པ་ཡིས། །ངག་རྣམས་བཞི་པོ་བསྲུང་བྱ་སྟེ། །ནགས་ཀྱི་ནང་དུ་གོང་མ་སྲེག །སྒྲ་འབྱིན་པས་ནི་ཟིན་ལ་ལྟོས། །ཞེས་སྨྲས་པ་ནི་ལེགས་པར་སྨྲས་པ་ཡིན་ནོ་སྙམ་ནས། དེ་དགེ་སློང་རྣམས་ཀྱིས་སྨྲས་པ་ན་ཅང་མི་སྨྲ་བས། དགེ་སློང་རྣམས་ཀྱིས་བསྒོ་བ་རྣ་ལ་གཟོན་པར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རྣམས་ཀྱིས་སྨྲས་པ་ན་ཅང་མི་སྨྲ་བས་དགེ་སློང་རྣམས་ཀྱིས་བསྒོ་བ་རྣ་ལ་གཟོན་པར་བྱེད་ཅེས་ སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འདུན་པའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པ་དེ་ཅང་མི་སྨྲ་བ་བསྒོ་བ་རྣ་ ལ་གཟོན་པའི་གྲངས་སུ་ཆུག་ཤིག །འདི་ལྟར་གཞུག་པར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱ་སྟེ། དགེ་འདུན་ བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འདུན་པ་འདི་ལྟུང་བ་བྱུང་ཡང་ཆོས་བཞིན་དུ་སླར་མི་བགྱིད་དེ། འདི་ལ་དགེ་སློང་དོན་འཚལ་བ། ཕན་པ་འཚལ་བ། བདེ་བ་འཚལ་བ། བདེ་བ་ལ་རེག་པར་འཚལ་བ། གྲུབ་པ་དང་བདེ་བ་འཚལ་བ་རྣམས་ཀྱིས་གཞི་དེས་གླེངས་ ཀྱང་དགེ་སློང་རྣམས་ལ་ཅང་མི་སྨྲ་བས་རྣ་ལ་གཟོན་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ཚེ་དང་ལྡན་པ་འདུན་པ་ཅང་མི་སྨྲ་བས་རྣ་ལ་གཟོན་པའི་གྲངས་སུ་སྩལ་ཏོ། །འདི་ནི་གསོལ་པའོ། །གང་གི་ཚེ་དགེ་ འདུན་གྱིས་དགེ་སློང་འདུན་པ་བསྒོ་བ་རྣ་ལ་གཟོན་པ་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པའི་གྲངས་སུ་བཅུག་པ་དེའི་ཚེ་ན་དགེ་སློང་རྣམས་ཀྱིས་བསྒོ་བ་རྣ་ལ་གཟོན་པ་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རྣམས་ ཀྱིས་བསྒོ་བ་རྣ་ལ་གཟོན་པ་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་འདུན་པ་ ལ་རྨས་པ། དགེ་སློང་ཁྱོད་དགེ་སློང་རྣམས་ཀྱིས་བསྒོ་བ་རྣ་ལ་གཟོན་པ་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་ དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་ པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བསྒོ་བ་རྣ་ལ་གཟོན་ན་ལྟུང་བྱེད་དོ། །བསྒོ་བ་རྣ་ལ་གཟོན་ན་ཞེས་བྱ་བ་ནི་ བསྒོ་བ་རྣ་ལ་གཟོན་པའི་བསམ་པས་ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། རྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་གི་སྒྲ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་བརྗོད་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་དགེ་སློང་གི་གན་དུ་འོངས་ཏེ་འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད་ཀྱིས་དགེ་སློང་སྐྲ་དང་ཁ་སྤུ་བྲེགས་ནས་རིང་པོ་མ་ལོན་པ་སྣམ་སྦྱར་དམར་སེར་དང་ལྷུང་བཟེད་ཞ་ཉེའི་དབྱར་འདབ་ཀྱིས་སྦྱར་བ་དང་། ཁར་བ་སྦུ་བུས་དཀྲིས་ པ་དང་། ཞུན་མར་གྱི་ལྷུང་བཟེད་དམ། འབྲུ་མར་གྱི་ལྷུང་བཟེད་དམ། སྦྲང་རྩིའི་ལྷུང་བཟེད་དམ། བུ་རམ་གྱི་དབུ་བའི་ལྷུང་བཟེད་ཀྱིས་འོང་བ་མཐོང་ངམ་ཞེས་ཟེར་བ་ལ། དེས་འདི་སྐད་ཅེས་ཚེ་དང་ལྡན་པ་ཁོ་བོས་དགེ་སློང་སྐྲ་དང་ཁ་སྤུ་བྲེགས་ནས་རིང་པོ་མ་ལོན་པ་ སྣམ་སྦྱར་དམར་སེར་དང་ལྷུང་བཟེད་ཞ་ཉེའི་དབྱར་འདབ་ཀྱིས་སྦྱར་བ་དང་། ཁར་བ་སྦུ་བུས་དཀྲིས་པ་དང་། ཞུན་མར་གྱི་ལྷུང་བཟེད་དམ། འབྲུ་མར་གྱི་ལྷུང་བཟེད་དམ། སྦྲང་རྩིའི་ལྷུང་བཟེད་དམ། བུ་རམ་གྱི་དབུ་བའི་ལྷུང་བཟེད་ཀྱིས་འོང་བ་ནི་མ་མཐོང་གི། འདི་ལྟར་ཁོ་བོས་ དགེ་སློང་རྐང་པ་གཉིས་ཀྱིས་འོང་བ་མཐོང་ངོ་ཞེས་སྨྲས་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དགེ་སློང་གི་གན་དུ་འོངས་ཏེ། འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད་ཀྱིས་དགེ་སློང་མ་སྐྲ་བྲེགས་ནས་རིང་པོ་མ་ལོན་པ་སྣམ་སྦྱར་དམར་སེར་དང་ལྷུང་བཟེད་ཞ་ཉེའི་དབྱར་འདབ་ཀྱིས་སྦྱར་བ་དང་། ཞུན་མར་གྱི་ལྷུང་བཟེད་དམ། འབྲུ་མར་གྱི་ལྷུང་བཟེད་དམ། སྦྲང་རྩིའི་ལྷུང་བཟེད་དམ། བུ་རམ་གྱི་དབུ་བའི་ལྷུང་བཟེད་ཀྱིས་འོང་བ་མཐོང་ངམ་ཞེས་ཟེར་བ་ལ། དེས་འདི་སྐད་ཅེས་ཚེ་དང་ལྡན་པ་ཁོ་བོས་དགེ་སློང་མ་སྐྲ་བྲེགས་ནས་རིང་པོ་མ་ལོན་པ་སྣམ་སྦྱར་དམར་སེར་དང་ལྷུང་ བཟེད་ཞ་ཉེའི་དབྱར་འདབ་ཀྱིས་སྦྱར་བ་དང་ཞུན་མར་གྱི་ལྷུང་བཟེད་དམ། འབྲུ་མར་གྱི་ལྷུང་བཟེད་དམ། སྦྲང་རྩིའི་ལྷུང་བཟེད་དམ། བུ་རམ་གྱི་དབུ་བའི་ལྷུང་བཟེད་ཀྱིས་འོངས་པ་ནི་མ་མཐོང་གི །འདི་ལྟར་ཁོ་བོས་དགེ་སློང་མ་རྐང་པ་གཉིས་ཀྱིས་འོང་བ་མཐོང་ངོ་ཞེས་སྨྲས་ན་ལྟུང་ བྱེད་དུ་འགྱུར་རོ། །དགེ་སློང་མ་དང་དགེ་ཚུལ་དང་། དགེ་ཚུལ་མ་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །དགེ་སློང་དགེ་སློང་གི་གན་དུ་འོངས་ཏེ། འདི་སྐད་ཅེས་ཚེ་དང་ལྡན་པ་ཇི་ལྟར་ཁྱིམ་པ་བུ་རམ་ཤིང་གི་ཁུར་གྱིས་སམ། སྨྱིག་མའི་ཁུར་གྱིས་སམ། འདམ་བུའི་ཁུར་ གྱིས་སམ། ཤིང་གི་ཁུར་གྱིས་སམ། ཞུན་མར་གྱི་བུམ་པས་སམ། འབྲུ་མར་གྱི་བུམ་པས་སམ། སྦྲང་རྩིའི་བུམ་པས་སམ། བུ་རམ་གྱི་དབུ་བའི་བུམ་པས་འོང་བ་མཐོང་ངོ་ཞེས་ཟེར་བ་ལ། དེས་འདི་སྐད་ཅེས་ཚེ་དང་ལྡན་པ་ཁོ་བོས་ཁྱིམ་པ་བུ་རམ་ཤིང་གི་ཁུར་གྱིས་སམ། སྨྱིག་མའི་ཁུར་གྱིས་སམ། འདམ་བུའི་ཁུར་གྱིས་སམ། ཤིང་གི་ཁུར་གྱིས་སམ། ཞུན་མར་གྱི་བུམ་པས་སམ། འབྲུ་མར་གྱི་བུམ་པས་སམ། སྦྲང་རྩིའི་བུམ་པས་སམ། བུ་རམ་གྱི་དབུ་བའི་བུམ་པས་འོངས་པ་ནི་མ་མཐོང་གི །འདི་ལྟར་ཁོ་བོས་ཁྱིམ་པ་རྐང་པ་གཉིས་ ཀྱིས་འོང་བ་མཐོང་ངོ་ཞེས་སྨྲས་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དགེ་སློང་གི་གན་དུ་འོངས་ཏེ། འདི་སྐད་ཅེས་ཚེ་དང་ལྡན་པ་ཇི་ལྟར་ཁྱིམ་པ་མོ་གོས་ཐམས་ཅད་སྔོན་པོས་སམ། ཐམས་ཅད་སེར་པོས་སམ། ཐམས་ཅད་དམར་པོས་སམ། ཐམས་ཅད་དཀར་པོས་སམ། ཞུན་ མར་གྱི་བུམ་པས་སམ། འབྲུ་མར་གྱི་བུམ་པས་སམ། སྦྲང་རྩིའི་བུམ་པས་སམ། བུ་རམ་གྱི་དབུ་བའི་བུམ་པས་འོང་བ་མཐོང་ངམ་ཞེས་ཟེར་བ་ལ། དེས་འདི་སྐད་ཅེས་ཚེ་དང་ལྡན་པ་ཁོ་བོས་ཁྱིམ་པ་མོ་གོས་ཐམས་ཅད་སྔོན་པོས་སམ། ཐམས་ཅད་སེར་པོས་སམ། ཐམས་ ཅད་དམར་པོས་སམ། ཐམས་ཅད་དཀར་པོས་སམ། ཞུན་མར་གྱི་བུམ་པས་སམ། འབྲུ་མར་གྱི་བུམ་པས་སམ། སྦྲང་རྩིའི་བུམ་པས་སམ། བུ་རམ་གྱི་དབུ་བའི་བུམ་པས་འོང་བ་ནི་མ་མཐོང་གི །འདི་ལྟར་ཁོ་བོས་ཁྱིམ་པ་མོ་རྐང་པ་གཉིས་ཀྱིས་འོང་བ་མཐོང་ངོ་ཞེས་སྨྲས་ན་ ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཇི་ཙམ་དུ་གཞན་འདྲི་བ་ལ་ལན་གཞན་འདེབས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །རྣམ་གྲངས་དེ་དག་ཐམས་ཅད་ལ་ཅང་མི་སྨྲ་བས་རྣ་ལ་གཟོན་ན་ཉེས་བྱས་སུ་འགྱུར་རོ། །གཤེད་མའི་གསད་པར་བྱ་བ་བྲོས་ནས་དེ་དགེ་སློང་གི་གན་དུ་ འོངས་ཏེ་འཕགས་པ་ཇི་ལྟར་གསད་པར་བྱ་བ་མཐོང་ངམ་ཞེས་འདྲི་ན། གལ་ཏེ་གྲང་བའི་དུས་ཡིན་ན་དགེ་སློང་གིས་གཤེད་མ་ལ་བཞིན་བཟངས་མེ་ཁང་དུ་ཞུགས་ལ་མེ་འདེ་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་ཚ་བའི་དུས་ཡིན་ན་བཞིན་བཟངས་ཇེ་དཔོང་སའི་ཁང་པར་ཞུགས་ཤིག ། ཇེ་སྐོམ་འཐུང་ཤིག །ཇེ་ངལ་སོ་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་དེས་དེ་སྐད་ཅེས་བདག་མི་གྲང་ངོ་། །བདག་མི་ཚའོ། །བདག་མི་སྐོམ་མོ། །བདག་མ་ཆད་དོ། །འདི་ལྟར་བདག་གསད་པར་བྱ་བ་འདྲིའོ་ཞེས་ཟེར་ན། ཇེ་སེན་མོ་ལ་བལྟས་ཏེ་སེན་མོ་མཐོང་ངོ་ཞེས་བརྗོད་ པར་བྱའོ། །ནམ་མཁའ་ལ་བལྟས་ཏེ་ནམ་མཁའ་མཐོང་ངོ་ཞེས་བརྗོད་པར་བྱའོ། །གལ་ཏེ་འདི་སྐད་ཅེས་བདག་སེན་མོ་མི་འདྲིའོ། །བདག་ནམ་མཁའ་མི་འདྲིའོ། །འདི་ལྟར་བདག་གསད་པར་བྱ་བ་འདྲིའོ་ཞེས་ཟེར་ན། དགེ་སློང་དེས་ཕྱོགས་བཞིར་རྣམ་ པར་བལྟས་ཏེ་འདུ་བྱེད་ཐམས་ཅད་བདག་མེད་པ་ཡིད་ལ་བྱས་ནས་དོན་དམ་པར་ན་སེམས་ཅན་མ་མཐོང་ངོ་ཞེས་བརྗོད་པར་བྱ་བ་ལ་ལྟུང་བ་མེད་དོ། །ཁ་ན་བ་དང་། ཁས་སྨན་འཛིན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་ གིས་ཉེན་པ་ལ་ལྟུང་བ་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་ཞུས་པ། བཙུན་པ་ཚེ་དང་ལྡན་པ་འདུན་པ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ངག་མི་ཉན་ནས་བསྒོ་བ་རྣ་ལ་གཟོན་པ་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པའི་གྲངས་སུ་སྩལ་བ་ལ་ གཟིགས། དགེ་སློང་དག་ད་ལྟར་དུ་མ་ཟད་ཀྱི་འདི་ལྟར་འདས་པའི་དུས་ན་ཡང་འདི་དགེ་བའི་བཤེས་གཉེན་རྣམས་ཀྱི་ངག་མི་ཉན་ནས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏེ། དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རྫིང་ཞིག་ན་རུས་སྦལ་གཅིག་དང་ངང་པ་གཉིས་ ཤིག་འཁོད་དེ། དེ་ནས་དུས་གཞན་ཞིག་ན་ལོ་བཅུ་གཉིས་སུ་ཐན་པ་བྱུང་ནས་དེས་རྫིང་དེ་བསྐམ་པར་བརྩམས་སོ། །ཆོས་ཉིད་ཀྱིས་ན་འཇིག་རྟེན་གནས་པ་ཆགས་ནས་རིང་པོ་མ་ལོན་པའི་ཚེ་ན་དུད་འགྲོ་དག་ཀྱང་སྨྲ་ཤེས་པས་ངང་པ་གཉིས་ཀྱིས་རུས་སྦལ་ལ་སྨྲས་པ། གྲོགས་པོ་ ཁོ་བོ་ཅག་གཉིས་ནི་རྫིང་གཞན་དུ་འགྲོའོ། །རུས་སྦལ་གྱིས་སྨྲས་པ། གྲོགས་པོ་གཉིས་ཁོ་བོ་ཡང་ཁྲིད་དེ་སོང་ཤིག །ངང་པ་གཉིས་ཀྱིས་སྨྲས་པ། ཁྱོད་ཇི་ལྟར་ཁྲིད་དེ་འགྲོ་བར་བྱ། རུས་སྦལ་གྱིས་སྨྲས་པ། ཁོ་བོ་ཤིང་གི་དབུས་སུ་ཁས་གཟུང་བར་བྱས། ཁྱེད་གཉིས་ཀྱིས་རྩེ་ མོ་གཉིས་ནས་ཟུང་ལ་དེང་ཤིག །ངང་པ་གཉིས་ཀྱིས་སྨྲས་པ། ཁྱོད་སྨྲ་འདོད་པ་ཡིན་པས་ཚིག་སྲུང་མི་ནུས་ཀྱིས་ཁོ་བོ་ཅག་གཉིས་ཁྱེར་ཏེ་མི་འགྲོའོ། །རུས་སྦལ་གྱིས་སྨྲས་པ། ཚིག་བསྲུང་བར་བྱའོ། །ངང་པ་གཉིས་ཀྱིས་རུས་སྦལ་དེ་ཁྱེར་ཏེ་སྟེང་གི་ནམ་མཁའ་ལ་འཕགས་ནས་ ཇི་ཙམ་ན་རི་བྲགས་ཞིག་གི་སྟེང་ན་ཕར་སོང་བ་དང་། ཁྱེའུ་དང་བུ་མོ་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ལྟོས་ཤིག་ངང་པ་གཉིས་ཀྱིས་རུས་སྦལ་ཞིག་ཁྱེར་ཏེ་སོང་ངོ་ཞེས་ཟེར་བ་ན། རུས་སྦལ་དེས་ཀྱང་དང་དུ་བླངས་སོ། །དེ་ནས་རི་བྲགས་གཞན་ཞིག་གི་སྟེང་ ན་ཕར་སོང་བ་དང་། ཡང་ཁྱེའུ་དང་བུ་མོ་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ལྟོས་ཤིག །ངང་པ་གཉིས་ཀྱིས་རུས་སྦལ་ཞིག་ཁྱེར་ཏེ་སོང་ངོ་ཞེས་ཟེར་བ་དང་། རུས་སྦལ་དེས་བསམས་པ། བདག་གིས་ཡུན་ཇི་སྲིད་དུ་མཐོ་འཚམ་པ་མནགས་པར་བྱ་སྙམ་ནས་ སྨྲས་པ། ངང་པ་གཉིས་ཀྱིས་ཁོ་བོ་ཁྱེར་བ་མ་ཡིན་གྱིས་འདི་ལྟར་ཁོ་བོ་རང་འགྲོའོ་ཞེས་བྱས་པ་དང་། ཤིང་ཤོར་ནས་དེ་ས་ལ་ལྷུང་སྟེ། དེ་དག་གིས་བཟུང་ནས་ཚུལ་མ་ཡིན་པས་སྡུག་བསྔལ་བར་བྱས་པ་དང་ལྷས་ཚིགས་སུ་བཅད་པ་སྨྲས་པ། མཛའ་བཤེས་ཕན་པར་འདོད་ རྣམས་ཀྱིས། །སྨྲས་པ་གང་ཞིག་མི་འཛིན་པ། །རུས་སྦལ་གྱིས་ནི་ཤིང་བཏང་ལྟར། །དེ་ནི་ལྷུང་ཞིང་ལས་པར་འགྱུར། །དགེ་སློང་དག་དེའི་ཚེ་དེའི་དུས་ན་ངང་པ་ཆེས་རྒན་ཤོས་གང་ཡིན་པ་དེ་ནི་ང་ཡིན་ནོ། །དེའི་ཚེ་དེའི་དུས་ན་ངང་པ་ཅིག་ཤོས་གང་ཡིན་པ་དེ་ནི་ཀུན་དགའ་བོ་ ཡིན་ནོ། །དེའི་ཚེ་དེའི་དུས་ན་རུས་སྦལ་གང་ཡིན་པ་དེ་ནི་འདུན་པ་འདི་ཡིན་ཏེ། འདི་དེའི་ཚེ་ན་ཡང་དགེ་བའི་བཤེས་གཉེན་རྣམས་ཀྱི་ངག་མི་ཉན་པས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ལ། ད་ལྟར་ཡང་འདི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ངག་མི་ཉན་པས་བསྒོ་བ་ རྣ་ལ་གཟོན་པ་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པའི་གྲངས་སུ་བཅུག་གོ། །བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་དེ་བཅུ་གསུམ་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ བཞུགས་སོ། །དེའི་ཚེ་ན་ཁྱིམ་བདག་གཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང་། དགེ་སློང་གི་དགེ་འདུན་ནི་བཞུགས་སོ། །བཅོམ་ལྡན་འདས་ནི་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་ བསྒྲུབས་སོ། །སངས་རྒྱས་བཅོམ་ལྡན་འདས་ནི་རྒྱུ་ལྔས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་སྒྲུབ་པར་མཛད་དེ། ལྔ་གང་ཞེ་ན། ནང་དུ་ཡང་དག་འཇོག་ལ་བཞེད་པ་དང་། ལྷ་རྣམས་ལ་ཆོས་སྟོན་པར་བཞེད་པ་དང་། ནད་ པ་ལ་ལྟ་བར་བཞེད་པ་དང་། གནས་མལ་ལ་རྟོག་པར་བཞེད་པ་དང་། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བཞེད་པའོ། །དོན་འདིར་ནི་བཅོམ་ལྡན་འདས་གནས་མལ་ལ་རྟོག་པར་བཞེད་པ་དང་། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ འཆའ་བར་བཞེད་པས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་སྒྲུབ་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས་ལྡེ་མིག་བསྣམས་ཏེ་ཀུན་དགའི་ར་བ་ནས་ཀུན་དགའི་ར་བར་ གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ། འཆག་ས་ནས་འཆག་ས་དང་། གོལ་བར་གཤེགས་ཤིང་མཐར་གྱིས་གཤེགས་པ་ན། ཁང་པ་ཆེན་པོའི་གཙུག་ལག་ཁང་ཞིག་ག་ལ་བ་དེར་གཤེགས་སོ། །དེའི་ཚེ་ན་ཁང་པ་ཆེན་པོའི་གཙུག་ ལག་ཁང་དེ་ན་གནས་མལ་རབ་ཏུ་མང་པོ་དག་བླ་གབ་མེད་པར་བཞག་ཅིང་། དུས་མ་ཡིན་པའི་སྤྲིན་ཆེན་པོ་ཡང་འདུས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཁང་པ་ཆེན་པོའི་གཙུག་ལག་ཁང་དེ་ན་གནས་མལ་རབ་ཏུ་མང་པོ་དག་བླ་གབ་མེད་པར་བཞག་ཅིང་དུས་མ་ཡིན་པའི་ སྤྲིན་ཆེན་པོ་འདུས་པ་ཡང་གཟིགས་སོ། །གཟིགས་ནས་ཀྱང་ཨེ་མ་ཞེས་གསུང་ཞིང་སྨད་ནས་འདི་སྙམ་དུ་དགོངས་ཏེ། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་པགས་པ་དང་། ཤ་དང་ཁྲག་དག་བཙིར་ཅིང་བཙིར་ཅིང་སྦྱིན་པ་དག་སྦྱིན། བསོད་ནམས་དག་ བྱེད་པ་གང་ཡིན་པ་དེ་ལ་དགེ་སློང་དག་དྲོད་མི་ཤེས་པ་དང་། སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་དོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱིས་དུས་མ་ཡིན་པའི་སྤྲིན་ཆེན་པོ་དེ་ཕྱིར་དགག་པ་མཛད་དེ། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ གྱིས་དགག་པ་མཛད་པས་དེ་སྟེང་གི་བར་སྣང་ལ་ཆུ་ལོན་ལྟ་བུར་གྱུར་ཏེ། མཐའ་ན་འདུག་ཅིང་ཤས་ཆེར་བཅོམ་ལྡན་འདས་ལ་སྡོད་ཅིང་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་མལ་རབ་ཏུ་མང་པོ་དེ་དག་སྐྱབས་ཡོད་པར་བྲུབས་ནས་དབྱར་གྱི་ན་བཟའ་རས་ཆེན་ བསྣམས་ཏེ་སྐུ་བསིལ་བར་བཞེད་ནས་བང་རིམ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དུས་མ་ཡིན་པའི་སྤྲིན་ཆེན་པོ་དེ་དགག་པའི་རྫུ་འཕྲུལ་དེ་སླར་བསྡུ་བ་མཛད་དེ། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་དེ་སླར་བསྡུ་བ་མཛད་ནས་འབྲུག་གྲགས་ཤིང་ཆར་གྱིས་ གཤོང་དང་ཐང་ཐམས་ཅད་ཚིམ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་དག་བསིལ་ནས་ཞབས་གཉིས་བསིལ་ཏེ། ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་དགེ་སློང་བསོད་སྙོམས་སྒྲུབ་པས་བསོད་སྙོམས་བླངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཉིད་ཀྱིས་བསོད་སྙོམས་སྒྲུབ་པའི་དགེ་སློང་ལ། དགེ་སློང་ཇི་ལྟ་ཟས་བསོད་དམ། དགེ་སློང་གི་དགེ་འདུན་ཚིམ་པར་བྱས་སམ་ཞེས་སོ་སོར་ཀུན་དགའ་བར་མཛད་པ་ཡིན་པས། བཅོམ་ ལྡན་འདས་ཀྱིས་དགེ་སློང་བསོད་སྙོམས་སྒྲུབ་པ་ལ། དགེ་སློང་ཇི་ལྟ་ཟས་བསོད་དམ། དགེ་སློང་གི་དགེ་འདུན་ཚིམ་པར་བྱས་སམ་ཞེས་སོ་སོར་ཀུན་དགའ་བར་མཛད་པ་དང་། དེས་གསོལ་པ། བཙུན་པ་ཏེ་པོར་ཟས་བསོད་ཅིང་། དགེ་སློང་གི་དགེ་འདུན་ཚིམ་པར་བགྱིས་སོ། ། དེ་ནས་བཅོམ་ལྡན་འདས་ཞལ་ཟས་ཀྱི་བྱ་བ་མཛད་ནས་གཙུག་ལག་ཁང་གི་སླད་རོལ་དུ་ཞབས་གཉིས་བསིལ་ཏེ། ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱི་དྲོ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། དགེ་སློང་ གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་འདི་ན་དགེ་སློང་གི་དགེ་འདུན་སོང་ནས་རིང་པོ་མ་ལོན་པར་ཤེས་ནས། ལྡེ་མིག་ཁྱེར་ཏེ་ཀུན་དགའི་ར་བ་ནས་ ཀུན་དགའི་ར་བར། གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ། འཆག་ས་ནས་འཆག་ས་དང་། གོལ་བར་སོང་ཞིང་མཐར་གྱིས་འགྲོ་བ་ན། ཁང་པ་ཆེན་པོའི་གཙུག་ལག་ཁང་ཞིག་ག་ལ་བ་དེར་ཕྱིན་ནས། ངས་ཁང་པ་ ཆེན་པོའི་གཙུག་ལག་ཁང་དེ་ན་གནས་མལ་རབ་ཏུ་མང་པོ་དག་བླ་གབ་མེད་པར་བཞག་ཅིང་དུས་མ་ཡིན་པའི་སྤྲིན་ཆེན་པོ་འདུས་པ་མཐོང་ངོ་། །མཐོང་ནས་ཀྱང་ཨེ་མ་ཞེས་བྱས་ཏེ་སྨད་ནས། འདི་སྙམ་དུ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་པགས་པ་དང་། ཤ་དང་ཁྲག་དག་བཙིར་ཅིང་བཙིར་ཅིང་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱེད་པ་གང་ཡིན་པ་དེ་ལ་དགེ་སློང་དག་དྲོད་མི་ཤེས་པ་དང་། སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་དོ་སྙམ་དུ་དགོངས་ཀྱིས་དགེ་སློང་དག་ཁྱེད་ཀྱིས་དད་པས་སྦྱིན་པར་བྱ་བ་ལ་དྲོད་རན་པར་ ཡོངས་སུ་ལོངས་སྤྱད་པ་དང་། སྤང་ཞིང་ཡོངས་སུ་ལོངས་སྤྱད་པ་དང་། དུས་སུ་ཡོངས་སུ་ལོངས་སྤྱད་པ་དང་། བརྟག་ཅིང་ཡོངས་སུ་ལོངས་སྤྱད་པ་དང་། ཁད་ཀྱིས་ཡོངས་སུ་ལོངས་སྤྱད་ན་ལེགས་སོ།། །།བར་སྡོམ་ལ། དྲོད་རན་པ་དང་སྤང་བ་དང་། ། དེ་བཞིན་དུས་དང་བརྟག་པ་དང་། །ཁད་ཀྱིས་ཡོངས་སུ་སྤྱད་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲོད་རན་པ་དང་། སྦང་བ་དང་། དུས་དང་། བརྟག་པ་དང་། ཁད་ཀྱིས་ཡོངས་སུ་ལོངས་སྤྱོད་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་ སློང་གང་དགེ་འདུན་གྱི་ཁྲིའམ། ཁྲིའུ་འམ། སྟན་ནང་ཚངས་ཅན་ནམ། ལ་བའམ། སྔས་སམ། གོར་བུ་བླ་གབ་མེད་པར་བཏིང་ངམ་འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་པར་དེ་ནས་སོང་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་མཛད་དོ། །དགེ་སློང་རབ་ཏུ་མང་པོ་དག་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུར་དོང་བ་ན་རི་བྲགས་ཤིག་ཏུ་ཕྱིན་ནས། དེ་དག་གིས་རི་བྲགས་དེར་གནས་བཅའ་བར་བརྩམས་པ་དང་། རི་བྲགས་དེ་ན་གཙུག་ལག་ཁང་ཞིག་ ཡོད་ནས་དེ་ན་དེ་དག་ལ་མི་ཞིག་གིས་སྨྲས་པ། འཕགས་པ་དག་ཁྱེད་ཅག་གཙུག་ལག་ཁང་དུ་མི་གནས་སམ། བཞིན་བཟངས་མི་གནས་ཏེ་ཁོ་བོ་ཅག་ནི་དོན་མཐུན་ལ་རག་ལས་པ་ཡིན་པས། གལ་ཏེ་ཁོ་བོ་ཅག་གཙུག་ལག་ཁང་དུ་གནས་པར་གྱུར་ན་དོན་མཐུན་ གྱིས་ཁོ་བོ་ཅག་བོར་ཏེ་འགྲོ་བར་འགྱུར་རོ། །དེས་སྨྲས་པ། འཕགས་པ་དག་བཞུད་ལ་གཙུག་ལག་ཁང་དུ་གཟིམས་ཤིག་དང་། དོན་མཐུན་ཆ་བའི་དུས་ཀྱི་ཚེ་བདག་གིས་འཕགས་པ་དག་བསླང་བར་བགྱིའོ། །དེ་དག་གཙུག་ལག་ཁང་དུ་དོང་སྟེ་གནས་མལ་ བཤམས་ནས་ཉལ་བ་དང་། དོན་མཐུན་ཆས་ཏེ། གླང་ཐ་མ་བཀལ་ཟིན་པ་དང་། དེ་ནས་མི་དེ་སད་ནས་དེ་སོང་སྟེ་དགེ་སློང་རྣམས་ལ་སྨྲས་པ། འཕགས་པ་དག་དོན་མཐུན་ཆས་ཀྱིས་མྱུར་དུ་སྤྱོན་ཅིག །དེ་དག་ཇི་སྲིད་དུ་ལག་པ་དག་བསྙལ་བར་བྱེད། སོ་ཤིང་ དག་འདོར་བར་བྱེད། གནས་མལ་དག་གཏོང་བར་བྱེད་པ་དེ་སྲིད་དུ་དོན་མཐུན་ཐལ་བར་གྱུར་ནས། དེ་དག་ཕྱི་བཞིན་འབྲང་ཞིང་འདོང་བ་ན་ཆོམ་རྐུན་པ་དག་གིས་བཅོམ་པར་གྱུར་ནས་དེ་དག་མཐར་གྱིས་གཙུག་ལག་ཁང་དུ་ཕྱིན་པ་དང་། དེ་དག་དགེ་སློང་རྣམས་ཀྱིས་ མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། ཚེ་དང་ལྡན་པ་དག་བདེ་བར་བརྒྱུས་རེ་སྐན། ཅི་ཉེས། ཚེ་དང་ལྡན་པ་དག་ཁོ་བོ་ཅག་ཆོམ་རྐུན་པ་དག་གིས་བཅོམ་མོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་ རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འཁོད་པ་དག་ལ་བཅོལ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་འཁོད་པ་དག་ལ་བཅོལ་བར་བྱའོ་ཞེས་བཀའ་སྩལ་ནས། མཉན་ཡོད་ན་ཁྱིམ་བདག་གཉིས་ ཤིག་འཁོད་པ་དེ་གཉིས་ཕན་ཚུན་ཁོན་ཡོད་ཅིང་གཅིག་ནི་དད་པ་དང་ལྡན་པ་ཡིན་ལ། གཅིག་ནི་མ་དད་པ་ཡིན་ནས། དད་པ་ཅན་གྱིས་བསམས་པ། ཁོན་སྤེལ་བས་ཅི་བྱ་སྟེ། ཁོན་ཞི་བར་བྱས་སོང་ལ་རབ་ཏུ་འབྱུང་བར་བྱའོ་སྙམ་ནས་དེ་རྒྱལ་བྱེད་ཀྱི་ ཚལ་དུ་སོང་སྟེ་དགེ་སློང་གི་གན་དུ་རབ་ཏུ་བྱུང་ངོ་། །ཁྱིམ་བདག་མ་དད་པ་ཤོས་དེས་མི་ཞིག་ལ་དྲིས་པ། བཞིན་བཟངས་ཁྱིམ་བདག་ཆེ་གེ་མོ་ཞེས་བྱ་བ་དེ་གར་སོང་། དེས་སྨྲས་པ། རབ་ཏུ་བྱུང་ངོ་། །གང་དུ། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་ནང་དུའོ། །ཅི་དེ་མི་ འཇིགས་པའི་གྲོང་ཁྱེར་ཡིན་ནམ། ཁོ་བོ་དེར་ཡང་སོང་ལ་དེ་ལ་གནོད་པར་བྱའོ། །འཇིག་རྟེན་ནི་མཛའ་བཤེས་དང་། དགྲ་བོ་དང་། ཐ་མལ་པ་ཡིན་པས་གཞན་ཞིག་དེའི་གན་དུ་སོང་སྟེ་སྨྲས་པ། ཁྱོད་ལ་ཁྱིམ་བདག་དེ་གཤེའོ། །དེས་བསམས་པ། བདག་ ཉེས་དམིགས་གང་གིས་རབ་ཏུ་བྱུང་བའི་ཉེས་དམིགས་དེ་ཉིད་ཀྱིས་རྗེས་སུ་འབྲེལ་ཏོ་སྙམ་ནས་དེ་མཁན་པོའི་དྲུང་དུ་སོང་སྟེ། སྨྲས་པ། མཁན་པོ་བདག་ཉེས་དམིགས་གང་གིས་རབ་ཏུ་བྱུང་བའི་ཉེས་དམིགས་དེ་ཉིད་ཀྱིས་རྗེས་སུ་འབྲེལ་བར་གྱུར་གྱིས་མཆིའོ། །བུ་གང་ དུ་འགྲོ། །རྒྱལ་པོའི་ཁབ་ཏུའོ། །དེ་ལྟར་གྱིས་ཤིག །དེ་རྒྱལ་པོའི་ཁབ་ཏུ་འཕགས་པ་དང་། ཁྱིམ་བདག་དེ་ཡང་རྒྱལ་བྱེད་ཀྱི་ཚལ་དུ་འོངས་ནས་དགེ་སློང་ལ་དྲིས་པ། འཕགས་པ་ཁྱིམ་བདག་འདི་ཞེས་བགྱི་བ་དེ་ཅི་རབ་ཏུ་བྱུང་ངམ། རབ་ཏུ་བྱུང་ངོ་། །དེ་གར་མཆིས། རྒྱལ་པོའི་ཁབ་ཏུ་སོང་ངོ་། །དེས་བསམས་པ། ཅི་དེ་མི་འཇིགས་པའི་གྲོང་ཁྱེར་ཡིན་ནམ། བདག་དེར་ཡང་སོང་ལ་དེ་ལ་མཚམས་གཅད་པར་བྱའོ་སྙམ་ནས་དེ་ཡང་རྒྱལ་པོའི་ཁབ་ཏུ་འཕགས་སོ། །དགེ་སློང་ནི་དུས་སུ་འགྲོ་ཞིང་དུས་མ་ཡིན་པར་མི་འགྲོ་ལ། ཁྱིམ་པ་ནི་ དུས་སུ་ཡང་འགྲོ། །དུས་མ་ཡིན་པར་ཡང་འགྲོ་བས་དགེ་སློང་དེ་རི་བྲགས་ཀྱི་གཙུག་ལག་ཁང་ཞིག་ཏུ་ཞུགས་པ་དང་། ཁྱིམ་བདག་དེས་མཐོང་ནས་དེས་བསམས་པ། གལ་ཏེ་བདག་གིས་འདི་ལ་ཅུང་ཟད་སྨྲ་བའི་རིགས་ན་འདིའི་གྲོགས་དགེ་སློང་དག་མང་བས་བདག་ལ་གནོད་པ་ བྱེད་པར་འགྱུར་གྱིས་བདག་གིས་སང་འདི་ཤེས་པར་བྱའོ་སྙམ་མོ། །དགེ་སློང་དེ་ཡང་ནང་པར་སྔར་ལངས་ཏེ་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བདག་འགྲོས་གནས་མལ་འདེ་རེ་ཞེས་གནས་མལ་གཏད་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱོད་ གར་འགྲོ། །རྒྱལ་པོའི་ཁབ་ཏུའོ། །ཚེ་དང་ལྡན་པ་ལམ་འདི་ནི་དོགས་པ་དང་བཅས་པ་ཡིན་གྱིས་འདི་ནས་མ་འགྲོ་ཤིག །འདི་ནི་ལམ་གཞན་ཡིན་གྱིས་དེ་ནས་སོང་ཞིག །དེ་ལམ་དེ་ནས་སོང་བ་དང་། ཁྱིམ་བདག་དེ་ཡང་ནང་པར་སྔར་ལངས་ནས་གཙུག་ལག་ ཁང་དུ་སོང་སྟེ་དགེ་སློང་ལ་དྲིས་པ། འཕགས་པ་དགེ་སློང་འདི་ཞེས་བགྱི་བ་གར་མཆིས། རྒྱལ་པོའི་ཁབ་ཏུའོ། །ཤུལ་གང་ནས། ཆེ་གེ་མོ་ཞིག་ནས་སོ། །དེ་དེའི་ཕྱི་བཞིན་སོང་བ་དང་། དགེ་སློང་དེས་དེ་མཐོང་ནས་དེས་དེ་ལ་སྨྲས་པ། བཞིན་བཟངས་ཁོན་ ཞི་བར་གྱུར་ཅིག །དེས་སྨྲས་པ། ད་ཞི་བར་བྱའོ་ཞེས་ཁྱིམ་བདག་དེས་དགེ་སློང་དེ་ཤིན་ཏུ་བརྡེག་བརྡེག་ནས་ལྷུང་བཟེད་ཀྱང་བཅག །ཆོས་གོས་དག་ཀྱང་དྲལ་ཏེ་ཐ་མ་མ་ཤི་ཙམ་བྱས་ཏེ་བཏང་ནས། དབུགས་དེའུ་ཆད་པ་ལས་སོས་ཏེ་ཕྱིར་ལོག་ནས་གཙུག་ལག་ ཁང་དེ་ཉིད་དུ་ཕྱིན་པ་དང་། དགེ་སློང་རྣམས་ཀྱིས་དེ་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་ཅིའི་ཕྱིར་ཁྱོད་གནས་སྐབས་འདི་ལྟ་བུར་གྱུར། དེས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་ནས་ཡང་སྨྲས་པ། གལ་ཏེ་ཁོ་བོས་ཚེ་དང་ལྡན་པ་དག་གིས་བསྟན་པ་ལྟར་ མ་བྱས་ན་ཁོ་བོ་གནས་སྐབས་འདི་འདྲ་བར་མི་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་འདྲ་བའི་རྐྱེན་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་ འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་ཁྲིའམ། ཁྲིའུའམ། སྟན་ནང་ཚངས་ཅན་ནམ། ལ་ བའམ། སྔས་སམ། གོར་བུ་བླ་གབ་མེད་པར་བཏིང་ངམ། འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། ། དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །ཁྲི་ཞེས་བྱ་བ་ནི་ཁྲི་ཉིད་དོ། །ཁྲིའུ་ཞེས་བྱ་བ་ནི་ཁྲིའུ་ཉིད་དོ། །སྟན་ནང་ཚངས་ཅན་ཞེས་བྱ་བ་ནི་ཤིང་བལ་ཅན་ནོ། །ལ་བ་ཞེས་བྱ་བ་ནི་ལ་བ་ཉིད་དོ། །སྔས་ཞེས་བྱ་བ་ནི་སྔས་སུ་ གཞུག་པའོ། །གོར་བུ་ཞེས་བྱ་བ་ནི་གྲུ་བཞིའོ། །བླ་གབ་མེད་པར་ཞེས་བྱ་བ་ནི་མ་གཡོགས་པར་རོ། །བཏིང་ངམ་ཞེས་བྱ་བ་ནི་རང་གིས་སོ། །འདིང་དུ་བཅུག་ནས་ཞེས་བྱ་བ་ནི་གཞན་ནོ། །མ་བསྡུས་སམ་ཞེས་བྱ་བ་ནི་རང་གིས་སོ། །སྡུད་དུ་མ་བཅུག་གམ་ཞེས་བྱ་ བ་ནི་གཞན་ནོ། །དགེ་སློང་འཁོད་པ་ལ་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་འདུག་པ་ལའོ། །མ་བཅོལ་བར་ཞེས་བྱ་བ་ལ་བཅོལ་བ་ནི་རྣམ་པ་ལྔ་སྟེ། གཙུག་ལག་ཁང་འདེ་རེ་ཞེས་བྱ་བ་དང་། གཙུག་ལག་ཁང་ལྟོས་ཤིག་ཅེས་བྱ་བའམ། གནས་མལ་འདེ་རེ་ཞེས་བྱ་བ་ དང་། གནས་མལ་སྡུས་ཤིག་ཅེས་བྱ་བ་དང་། སྒོ་ལྕགས་ཆུག་ཤིག་ཅེས་བྱ་བ་ཉིད་ནི་ལྔ་པའོ། །གལ་ཏེ་དགེ་སློང་མེད་ན་དགེ་ཚུལ་ལ་བཅོལ་བར་བྱའོ། །གལ་ཏེ་དགེ་ཚུལ་མེད་ན་ཁྱིམ་བདག་ལ་བཅོལ་བར་བྱའོ། །གལ་ཏེ་ཁྱིམ་བདག་མེད་ན་ཕྱོགས་བཞིར་ རྣམ་པར་བལྟས་ཏེ་ལྡེ་མིག་སྦས་ནས་འགྲོ་བར་བྱའོ། །གལ་ཏེ་ལམ་ཀར་དགེ་སློང་མཐོང་ན་ཁོ་བོས་ཕྱོགས་ག་གེ་མོ་ཞིག་ཏུ་ལྡེ་མིག་སྦས་ཀྱིས་ལོང་ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་སོང་ན་ཞེས་བྱ་བ་ནི་ཉེན་ཀོར་སྤངས་ནའོ། །སངས་རྒྱས་བཅོམ་ལྡན་ འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་དགེ་སློང་གི་གནས་མལ་གྱི་ཉེན་ཀོར་གང་ལགས། ཉེ་བ་འཁོར་ངས་བྲམ་ཟེ་གྲོ་བཞིན་སྐྱེས་ལ་ཨ་མྲའི་སྡོང་པོ་ཤིན་ཏུ་མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། ཡལ་གའི་ཚོགས་ ཕུན་སུམ་ཚོགས་པ་འདོམ་བདུན་གྱིས་བར་དུ་ཆོད་པའི་ཨ་མྲའི་སྡོང་པོ་བདུན་པོ་གང་དག་ཡིན་པ་དེ་དག་ལ་འདོམ་བཞི་བཅུ་རྩ་དགུ་ཡོད་པར་བསྟན་པ་དེ་ནི་དགེ་སློང་གི་གནས་མལ་གྱི་ཉེན་ཀོར་ཡིན་ནོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་དེ་འདྲ་བའི་རྐྱེན་བཞག་ སྟེའོ། །ལྟུང་བྱེད་དོ་ཞེས་པ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་ མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། འདི་ལྟ་སྟེ། དགེ་སློང་གིས་དགེ་འདུན་གྱི་གནས་མལ་བླ་གབ་མེད་པར་བཞག་སྟེ་དེ་ནས་སོང་ན་ཇི་སྲིད་དུ་ཉེན་ཀོར་མ་སྤངས་ ཀྱི་བར་དུ་ཉེས་བྱས་སུ་འགྱུར་ལ། ཉེན་ཀོར་སྤངས་ན་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་ལམ་ཀར་བདག་གི་དགེ་འདུན་གྱི་གནས་མལ་ཤོས་འདི་ལྟ་བུ་ཞིག་ཏུ་གཞག་གོ་སྙམ་དུ་དྲན་ཞིང་། གལ་ཏེ་དེ་འདི་སྙམ་དུ་བདག་གི་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་ སྡུད་པར་འགྱུར་རོ་སྙམ་ན་དགེ་སློང་དེས་ཕྱིན་ཅད་དེ་ལྟར་མི་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱ་སྟེ་ལྟུང་བ་དེ་ཡང་ཆོས་བཞིན་དུ་ཕྱིར་བྱའོ། །གལ་ཏེ་ལམ་ཀར་དགེ་སློང་དེར་འགྲོ་བ་མཐོང་ཞིང་། གལ་ཏེ་དེ་འདི་སྙམ་དུ་འདིས་སྡུད་པར་འགྱུར་ རོ་སྙམ་ན་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཁོ་བོས་དགེ་འདུན་གྱི་གནས་མལ་ཕྱོགས་ག་གེ་མོ་ཞིག་ཏུ་བཞག་པ་དེ་སྡུས་ཤིག་ཅེས་བརྗོད་པར་བྱ་ཞིང་དགེ་སློང་དེས་ཕྱིན་ཅད་དེ་ལྟར་མི་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱ་སྟེ་ལྟུང་བ་དེ་ཡང་ཆོས་ བཞིན་དུ་ཕྱིར་བྱའོ། །དགེ་སློང་དེས་ཀྱང་དགེ་སློང་དེ་ལ་ཁས་བླངས་ནས་གུས་པར་བྱ་སྟེ་བསྡུ་བར་བྱའོ། །གལ་ཏེ་སྡུད་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གལ་ཏེ་དེར་སོན་ནས་བདག་གིས་དགེ་འདུན་གྱི་གནས་མལ་ཕྱོགས་འདི་ལྟ་བུ་ཞིག་ ཏུ་གཞག་གོ་སྙམ་དུ་དྲན་ཞིང་གལ་ཏེ་དེ་འདི་སྙམ་དུ་བདག་གི་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་སྡུད་པར་འགྱུར་རོ་སྙམ་ན། དགེ་སློང་དེས་ཕྱིན་ཅད་དེ་ལྟར་མི་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱ་སྟེ་ལྟུང་བ་དེ་ཡང་ཆོས་བཞིན་དུ་ཕྱིར་ བྱའོ། །གལ་ཏེ་དེར་སོན་ནས་དགེ་སློང་དེར་འགྲོ་བ་མཐོང་ཞིང་། གལ་ཏེ་དེ་འདི་སྙམ་དུ་འདིས་སྡུད་པར་འགྱུར་རོ་སྙམ་ན་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཁོ་བོས་དགེ་འདུན་གྱི་གནས་མལ་ཕྱོགས་ག་གེ་མོ་ཞིག་ཏུ་བཞག་པ་དེ་སྡུས་ཤིག་ཅེས་བརྗོད་པར་བྱ་ཞིང་དགེ་སློང་དེས་ ཕྱིན་ཅད་དེ་ལྟར་མི་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱ་སྟེ་ལྟུང་བ་དེ་ཡང་ཆོས་བཞིན་དུ་ཕྱིར་བྱའོ། །དགེ་སློང་དེས་ཀྱང་དགེ་སློང་དེ་ལ་ཁས་བླངས་ནས་གུས་པར་བྱ་སྟེ་བསྡུ་བར་བྱའོ། །གལ་ཏེ་སྡུད་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་ སློང་གིས་དགེ་འདུན་གྱི་གནས་མལ་བླ་གབ་མེད་པར་བཞག་ནས་གཙུག་ལག་ཁང་དུ་འདིར་བདག་གིས་སེམས་མཉམ་པར་མ་བཞག་པ་མཉམ་པར་གཞག་གོ་སྙམ་པའམ། སེམས་མཉམ་པར་བཞག་པ་རྣམ་པར་གྲོལ་བར་བྱའོ་སྙམ་པས་ནང་དུ་ཡང་དག་འཇོག་གི་ཕྱིར་ འཇུག་པར་བྱེད་ཅིང་། དེ་ཏིང་ངེ་འཛིན་དེ་ལས་མཚན་མོའི་ཐུན་དང་པོའམ། ཐུན་ཕྱེད་ན་ལྡང་བར་བྱེད་ན་གལ་ཏེ་གནས་མལ་ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སུ་འགྱུར་ལ། གལ་ཏེ་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་འདུན་གྱི་གནས་མལ་བླ་གབ་ མེད་པར་བཞག་ནས་གཙུག་ལག་ཁང་དུ་འདིར་བདག་གིས་སེམས་མཉམ་པར་མ་བཞག་པ་མཉམ་པར་གཞག་གོ་སྙམ་པའམ། སེམས་མཉམ་པར་བཞག་པ་རྣམ་པར་གྲོལ་བར་བྱའོ་སྙམ་པས་ནང་དུ་ཡང་དག་འཇོག་གི་ཕྱིར་འཇུག་པར་བྱེད་ཅིང་དེ་ཏིང་ངེ་འཛིན་དེ་ ལས་མཚན་མོའི་གུང་ཐུན་ནམ། ཐུན་ཐ་མའམ། སྐྱ་རེངས་མ་ཤར་བའམ། སྐྱ་རེངས་ཤར་བའམ། ཉི་མ་མ་ཤར་བའམ། ཉི་མ་ཤར་བའམ། ཉི་མའི་བརྒྱད་ཆ་ཤར་བའམ། ཉི་མའི་བཞི་ཆ་ཤར་བའམ། ཕྱེད་མ་ཡོལ་བའམ། ཕྱེད་ཡོལ་བའམ། ཉི་མའི་བཞི་ ཆ་ལུས་པའམ། ཉི་མའི་བརྒྱད་ཆ་ལུས་པའམ། ཉི་མ་མ་ནུབ་པའམ། ཉི་མ་ནུབ་པའམ། རྒྱུ་སྐར་དག་མ་ཤར་བའམ། རྒྱུ་སྐར་དག་ཤར་བ་ན་ལྡང་བར་བྱེད་ན། གལ་ཏེ་གནས་མལ་ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སུ་འགྱུར་ལ། གལ་ཏེ་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དུ་ འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་གནས་མལ་གྱི་ཕན་ཕུན་དུ་མཆིས། ཉེ་བ་འཁོར་གཉིས་ཏེ། རླུང་གི་ཕན་ཕུན་དང་། ཆར་པའི་ཕན་ཕུན་ནོ། །རླུང་གི་ཕན་ཕུན་གང་ཞེ་ན། རིམ་པ་གཅིག་ནས་རིམ་པ་ གཉིས་པའི་བར་དུ་བཟློག་པར་གྱུར་པའོ། །ཆར་པའི་ཕན་ཕུན་གང་ཞེ་ན། རིམ་པ་གཅིག་ནས་རིམ་པ་གཉིས་པའི་བར་དུ་ཐལ་བར་གྱུར་པའོ།། །།བར་སྡོམ་ལ། ཆོས་བསྟན་པ་དང་མགྲོན་འབོད་དང་། །གཙུག་ལག་ཁང་དང་ཆོས་ཉན་དང་། །འདུག་པ་དང་ ནི་གཉིས་པོ་དང་། །སྐུ་གཟུགས་དང་ནི་ནད་པ་དང་། །སྟན་དང་ལྔ་དང་གཅིག་ལ་གཉིས། །ཕྱི་བཞིན་འགྲོ་དང་གྲོགས་བྱ་དང་། །ཁ་ཏོན་པ་དང་ཞུ་བ་དང་། །སྟན་བཀུར་བ་དང་ཟན་བཅད་དང་། །བྲུབ་པ་དང་ནི་བཅོལ་བ་དང་། །མེ་དང་ཆུ་ཡང་དེ་བཞིན་ནོ། །བྲམ་ཟེ་ དང་ཁྱིམ་བདག་དད་པ་ཅན་དག་དགེ་སློང་དག་གི་གན་དུ་འོངས་ཏེ་སྨྲས་པ། འཕགས་པ་དག་ཆོས་བསྟན་དུ་གསོལ། དགེ་སློང་དག་གིས་སྨྲས་པ། བཅོམ་ལྡན་འདས་འདི་ན་བཞུགས་ཀྱིས། བཅོམ་ལྡན་འདས་ཀྱི་གན་དུ་དེང་ཤིག་དང་། བཅོམ་ལྡན་འདས་སྟོན་པར་ འགྱུར་རོ། །འཕགས་པ་དག་སྟོན་པ་ཉག་གཅིག་ལགས་པས་རེ་ཞིག་ལྷ་རྣམས་ལ་ཆོས་སྟོན་ཏམ། འོན་ཏེ་ཀླུ་རྣམས་ལའམ། འོན་ཏེ་གནོད་སྦྱིན་རྣམས་ལའམ། འོན་ཏེ་དྲི་ཟ་རྣམས་ལའམ། འོན་ཏེ་མི་རྣམས་ལ་ཆོས་སྟོན་སུས་འཚལ་གྱིས་ཁྱེད་ཀྱིས་ཀྱང་སྟོན་ཅིག ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་རྗེས་སུ་གནང་གིས་དགེ་སློང་རྣམས་ཀྱིས་ཀྱང་ཆོས་བསྟན་པར་ བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཀྱང་ཆོས་བསྟན་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་དག་འགྲེང་བཞིན་དུ་ཆོས་སྟོན་པར་བྱེད་པ་ན་དེ་དག་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ སྨྲས་པ། འདི་དག་སྐྱེས་འབུལ་བ་དག་འོངས་པ་ཡིན་ནམ་ཅི་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་སྟེ་ཆོས་བསྟན་པར་བྱའོ། །དགེ་སློང་དག་རང་རང་གི་སྟན་དག་ཐོགས་ཏེ་འདོང་བ་ན་མ་ དད་པ་དག་གིས་མཐོང་ནས་རོལ་མོ་ལྟར་འདོང་ངམ་ཅི་ཞེས་ཅོ་འདྲི་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་གིས་དགེ་འདུན་གྱི་སྟན་དག་ཉེ་བར་གཞག་པར་བྱའོ། །བཅོམ་ ལྡན་འདས་ཀྱིས་དགེ་འདུན་གྱི་སྟན་དག་ཉེ་བར་གཞག་པར་རྗེས་སུ་གནང་བ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཐོས་ནས། དེས་དགེ་འདུན་ལ་ཁྲི་ལྔ་བརྒྱ་ཕུལ་བ་དང་། དེ་དག་ཐམས་ཅད་ཆོས་སྟོན་པར་བྱེད་པ་ན་ཅ་ཅོར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅིག་གིས་ཆོས་བསྟན་པར་བྱའོ། །དེ་དག་གིས་གང་གིས་བསྟན་པར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གནས་བརྟན་ནས་བཟུང་སྟེ། དགེ་འདུན་གྱི་གསར་བུའི་ བར་གྱིས་ཆོས་བསྟན་པར་བྱའོ། །གལ་ཏེ་གསར་བུའི་མཐའ་དག་ཆོས་སྟོན་པར་བྱེད་པ་ན། རྒན་པའི་མཐའ་དག་མི་བརྗིད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་པའི་མཐའ་ལོགས་སུ་འདུག་སྟེ་ཆོས་བསྟན་པར་བྱའོ། །དགེ་འདུན་གྱི་གནས་བརྟན་ མི་བརྗིད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་པའི་མཐའ་ལོགས་སུ་སྟན་གཉིས་སམ་གསུམ་བཞག་སྟེ་ཆོས་བསྟན་པར་བྱའོ། །དེར་ཡང་ཆོས་སྟོན་པ་མི་བརྗིད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་པའི་མཐའ་ ལོགས་སུ་སྟན་གཉིས་སམ་གསུམ་བཞག་སྟེ་སེང་གེའི་ཁྲི་བཤམ་པར་བྱའོ། །ཆོས་སྟོན་པ་འཛེག་དཀའ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ཕྱོགས་ངེས་པ་ཡིན་ན་སོ་ཕག་དག་གིས་ཐེམ་སྐས་བྱའོ། །གལ་ཏེ་ཕྱོགས་ངེས་པ་མ་ཡིན་ན་ཤིང་དག་ གིས་ཐེམ་སྐས་བྱའོ། །དེ་མཆིལ་མ་འདོར་བས་ཡིད་དུ་མི་འོང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཆིལ་མའི་སྣོད་གཞག་པར་བྱའོ། །དེར་སྦྲང་བུ་དག་འདུ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅལ་བླུག་པར་བྱའོ། །དགེ་སློང་རྣམས་ཀྱིས་ ཅི་ཞིག་བླུག་པ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱེ་མའམ་ཐལ་བ་བླུག་པར་བྱའོ། །དེ་དྲི་ང་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་དུས་སུ་སྦྱང་བ་དང་བསྐམ་པར་བྱའོ། །དེ་དག་གྲལ་ཚར་གཅིག་ཁོ་ནར་རིང་པོར་ཤོམ་པར་བྱེད་ པ་ན་གཞོན་པའི་མཐའ་དག་གིས་མི་ཐོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་རྣམ་པ་གཉིས་སུ་བཤམ་པར་བྱ་སྟེ། ཟླ་གམ་གྱི་རྣམ་པ་ལྟ་བུའམ། རྫིང་བུའི་རྣམ་པ་ལྟ་བུར་རོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་དགེ་སློང་རྣམས་ཁྱིམ་ གཞན་དུ་མགྲོན་དུ་བོས་པ་ན་དགེ་སློང་དག་དང་དུ་མི་ལེན་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་སྨྲས་པ། འཕགས་པ་དག་གང་གི་ཚེ་སངས་རྒྱས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ་ན་ནི་མུ་སྟེགས་ཅན་དག་སྦྱིན་གནས་ལགས་མོད། ད་ནི་བཅོམ་ལྡན་འདས་འཇིག་རྟེན་ དུ་བྱུང་བས་ཁྱེད་ཅག་སྦྱིན་གནས་ལགས་ཏེ། གལ་ཏེ་ཁྱེད་ཅག་དང་དུ་མི་བཞེས་ན། ཅི་བདག་ཅག་དགེ་བའི་ཤུལ་རྒྱགས་མ་མཆིས་པར་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་མཆི་བར་བགྱི་འམ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དང་དུ་བླང་བར་བྱའོ། །དེ་དག་སྟན་དག་གཡར་པོ་བྱེད་པ་ན་དགེ་སློང་རྣམས་ཀྱིས་མི་སྟེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་དག་བརྙན་པར་བྱའོ། །དགེ་སློང་དག་ཟན་ཟོས་ནས། སྟན་དེ་དག་ ཁྱེར་ཏེ་འདོང་བ་ན་དེ་དག་གིས་སྨྲས་པ། འཕགས་པ་དག་ཁྱེད་བཞུད་ཅིག་དང་བདག་ཅག་གིས་འཚལ་ཏེ་མཆིའོ་ཞེས་ཟེར་བ་ན། དགེ་སློང་དག་འགྱོད་པས་མི་འཇོག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞག་པར་བྱའོ། །དེ་དག་གིས་སྨྲས་པ། འཕགས་ པ་དག་སྐོམ་མནབས་ཏེ་བཞུད་ཀྱི་བར་དུ་རེ་ཞིག་གཞེས་ཤིག་ཅེས་ཟེར་བ་ན་དགེ་སློང་དག་མི་སྡོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྡད་པར་བྱའོ། །དེ་དག་ལ་དེ་ལྟ་བུའི་རྐྱེན་བྱུང་ནས་དེས་ན་སྟན་དེ་དག་མི་སྐྱེལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། བླང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་བླང་བར་བྱའོ་ཞེས་བཀའ་སྩལ་ནས་དེ་དག་གིས་གང་གིས་བླང་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་པ་དག་གིས་གཎྜཱི་ཆུང་ངུ་བརྡུངས་ཏེ་བླང་བར་བྱའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ ཅན་དག་གཙུག་ལག་ཁང་དུ་ལྷགས་ཏེ་དགེ་སློང་དག་མགྲོན་དུ་འབོད་པ་ན་དགེ་སློང་དག་དང་དུ་མི་ལེན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དང་དུ་བླང་བར་བྱའོ། །དེ་དག་དགེ་སློང་དག་ཟན་ཟོས་ནས་སྟན་དག་གཡར་པོ་བྱེད་པ་ན་དགེ་སློང་དག་གིས་མི་སྟེར་ནས་དེ་དག་ གིས་སྨྲས་པ། འཕགས་པ་དག་བདག་ཅག་ནི་ཁྱེད་ལ་བཤོས་གསོལ་བ་ལགས་ན། ཁྱེད་ཀྱིས་བདག་ཅག་ལ་སྟན་དག་མི་གཡར་རམ་ཞེས་ཟེར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་དག་བརྙན་པར་བྱའོ། །དེ་དག་གིས་དེ་ཉིད་དུ་བོར་ཏེ་དོང་བ་ན་དེ་དག་མ་བྱིན་པར་ལེན་ པ་དག་གིས་བརྐུས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྲུང་བའི་དགེ་སློང་གཞག་པར་བྱའོ། །དེ་དེ་དག་གི་ནང་ཉིད་དུ་ཞུགས་པ་དང་དེ་དག་གིས་སྨྲས་པ། འཕགས་པ་ཅི་ཡང་བཞེད་དམ། དེས་སྨྲས་པ། ཁོ་བོ་མི་འདོད་དེ། འདི་ལྟར་ཁོ་བོ་སྟན་དག་སྲུང་ངོ་། ། དེ་དག་གིས་སྨྲས་པ། འཕགས་པ་ཅི་བདག་ཅག་ཁྱེད་ཀྱི་གདན་དག་རྐུ་སྙམ་མམ། གལ་ཏེ་ཐུགས་མི་ཆེས་ན་སྣོམས་ཏེ་བཞུད་ཅིག་ཅེས་ཟེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ནང་དུ་འཇུག་པར་མི་བྱ་བར་མཐའ་གཅིག་ཏུ་འདུག་སྟེ། གལ་ཏེ་ཁ་ཏོན་པ་ ཡིན་ན་ནི་དེས་ཁ་ཏོན་བྱ་ཞིང་དེ་ལ་ཡང་སེམས་གཏད་པར་བྱའོ། །གལ་ཏེ་སྤོང་བ་པ་ཡིན་ན་ནི་དེས་ཀྱང་མཐའ་གཅིག་ཏུ་འདུག་སྟེ་ཡིད་ལ་བྱ་བ་བསྐྱེད་པར་བྱ་ཞིང་དེ་ལ་ཡང་སེམས་གཏད་པར་བྱའོ། །གང་གི་ཚེ་དོང་བར་གྱུར་པ་དེའི་ཚེ་ན་བྲུབ་པར་བྱའོ། །དེ་དག་ཆང་གི་ཚིགས་ མ་དང་། སྣུམ་དང་། བཤང་བ་དང་། གཅི་བས་མ་རུང་བར་གྱུར་པ་ན་དགེ་སློང་དག་འདོར་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་དོར་བར་མི་བྱ་བར་གང་དག་ཆང་གི་ཚིགས་མས་མ་རུང་བར་གྱུར་པ་དེ་དག་ནི་ཆུ་དག་གིས་སྦྱང་བར་བྱའོ། །གང་དག་ སྣུམ་གྱིས་མ་རུང་བར་གྱུར་པ་དེ་དག་ནི་ཆལ་གྱིས་སྦྱང་བར་བྱའོ། །གང་དག་བཤང་བ་དང་གཅི་བས་མ་རུང་བར་གྱུར་པ་དེ་དག་ནི་སའམ། འདག་རྫས་སམ། ལྕི་བས་སྦྱང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཆོས་མཉན་པར་བྱའོ། །ཞེས་བཀའ་སྩལ་ནས། དགེ་སློང་ དག་བླ་གབ་མེད་པར་བྱེད་པ་ན་ཉི་མ་ཚ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླ་རེ་གདགས་པར་བྱའོ། །རླུང་དང་ཆར་བྱུང་ནས་དེ་དག་གིས་གནས་མལ་བོར་ཏེ་འདོང་བས་དེ་མ་རུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲུབ་པར་བྱའོ། །དེ་ དག་གིས་སུས་བྲུབ་པ་མི་ཤེས་ཏེ། སུ་གང་ལ་ལ་འདུག་པ་དེས་དེ་འབྲུབ་པར་བྱེད་པ་ན་རྒན་པའི་མཐའ་དག་ལ་གཞི་བཟང་པོ་བཤམས་པ་དེ་དག་དགེ་སློང་གནས་བརྟན་གནས་བརྟན་དག་གིས་བྲུབ་པར་མི་ནུས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་པའི་མཐའ་ དག་གི་ནི་གཞོན་པ་རྣམས་ཀྱིས་བྲུབ་པར་བྱ་ཞིང་། གཞོན་པའི་མཐའ་དག་གི་ནི་རྒན་པ་རྣམས་ཀྱིས་བྲུབ་པར་བྱའོ། །བྲུབས་ནས་ཚོམས་གཅིག་ཏུ་བྱེད་པས་དེ་དག་མ་རུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐུན་པ་དང་མཐུན་པར་གཞག་པར་ བྱའོ། །དེ་དག་ཕྱིས་ཆོས་མཉན་པ་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཡོགས་པའམ། བླ་གབ་མེད་པར་བྱའོ། །དེ་ལྟར་ཆོས་ཉན་པ་ན་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ནོར་བུས་སྤྲས་པ་དང་། གསེར་དང་དངུལ་གྱིས་ བརྒྱན་པའི་གོས་དག་གིས་སེང་གེའི་ཁྲི་བཤམས་པ་དང་། དགེ་སློང་དག་འགྱོད་པས་མི་འདུག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་པའི་གོས་དག་ཡིན་པར་བྱ་སྟེ། མི་རྟག་པ་ཉིད་ཡིད་ལ་བྱ་བས་ཟིལ་གྱིས་མནན་ནས་འདུག་པར་བྱ་སྟེ། འདི་ལ་འགྱོད་ པར་མི་བྱའོ། །དགེ་སློང་དག་དགེ་འདུན་གྱི་གནས་མལ་མི་འབྲུབ་ཅིང་དེ་ཉིད་དུ་འདོར་བ་ན་དེ་དག་མ་རུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ཀྱང་བྲུབ་པར་བྱའོ། །ཁྱིམ་བདག་གཅིག་ལ་གཙུག་ལག་ཁང་དགོན་པ་དང་། གྲོང་མཐའ་པ་ གཉིས་ཡོད་ནས་དེའི་གཙུག་ལག་ཁང་གྲོང་མཐའ་པ་ན་ནི་གནས་མལ་མང་དུ་ཡོད་ལ། གཙུག་ལག་ཁང་དགོན་པ་ན་ནི་གནས་མལ་ཉུང་ངོ་། །དུས་གཞན་ཞིག་ན་དགོན་པའི་གཙུག་ལག་ཁང་དུ་དུས་སྟོན་བྱུང་ནས། དགེ་སློང་དགོན་པ་པ་དག་གི་གྲོང་མཐའི་གཙུག་ ལག་ཁང་ནས་གནས་མལ་གཡར་བ་དང་། དགེ་སློང་གྲོང་མཐའ་པ་དག་གིས་མ་སྟེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྙན་པར་བྱའོ། །གལ་ཏེ་ཆར་འབབ་བམ། ཆར་འབབ་དུ་དོགས་ན་བརྙན་པར་མི་བྱའོ། །ལམ་ཀར་རླུང་དང་། ཆར་བབ་པས་དེ་ དག་མ་རུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་ལྗོན་པའི་དྲུང་ངམ། རྩིག་དྲུང་དུ་བཅེར་ཏེ་རྫས་གཅིག་གིས་གཡོག་པར་བྱའོ། །དེ་དག་རྫས་བཟང་པོས་གཡོག་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྫས་ངན་པས་གཡོག་པར་ བྱའོ། །དུས་སྟོན་ཟིན་ནས་དེ་དག་གཙུག་ལག་ཁང་འདི་ཡང་ཁྱིམ་བདག་དེའི་ཡིན་ནོ་སྙམ་ནས་ཕྱིར་མི་འབུལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐུས་དགུག་པར་བྱའོ། །ངོ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་འདི་ནི་ཁྱིམ་ བདག་ཆེ་གེ་མོ་ཞིག་གི་དགོན་པའི་གཙུག་ལག་ཁང་གི་ཡིན་ནོ། །འདི་ནི་གྲོང་མཐའི་གཙུག་ལག་ཁང་གི་ཡིན་ནོ་ཞེས་ཡི་གེ་བྲི་ཞིང་གནས་མལ་ཇི་ལྟར་ངེས་པར་བྱས་པ་བཞིན་དུ་ལོངས་སྤྱད་པར་བྱའོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །གང་གི་ཚེ་བཅོམ་ལྡན་འདས་བགྲེས་པའི་མཐའ་ ལོགས་ན་བཞུགས་པ་དེའི་ཚེ་ན་བགྲེས་པའི་མཐའ་བརྗིད་པར་གྱུར་ཅིང་། གང་གི་ཚེ་བཅོམ་ལྡན་འདས་བགྲེས་པའི་མཐའ་ལོགས་ན་མི་བཞུགས་པ་དེའི་ཚེ་ན་བགྲེས་པའི་མཐའ་མི་བརྗིད་པར་གྱུར་ན། གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་འཛམ་བུའི་གྲིབ་ མ་ལ་བཞུགས་པའི་སྐུ་གཟུགས་བགྱིད་དུ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནང་གིས་བྱེད་དུ་ཆུག་ཤིག །དེས་འཛམ་བུའི་གྲིབ་མ་ལ་བཞུགས་པའི་སྐུ་གཟུགས་བྱེད་དུ་བཅུག་སྟེ། དེ་རྒན་པའི་མཐའ་ལོགས་སུ་བཞག་གོ། །རླུང་དང་ཆར་པ་བྱུང་ནས་ དགེ་སློང་རྣམས་ཀྱིས་དེ་བོར་ཏེ་དོང་བ་དང་། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་ཁྱེད་ཀྱིས་སྟོན་པ་ཡང་བོར་རོ་ཞེས་སྨོད་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་པའམ། དགེ་ཚུལ་གྱིས་སྤྱན་དྲང་བར་བྱའོ། །ཁྱིམ་པ་ཡང་མེད། དགེ་ཚུལ་ཡང་ མེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་ཀྱིས་སྟོན་པའི་འདུ་ཤེས་བསྐྱེད་དེ་སྤྱན་དྲང་བར་བྱའོ། །དགེ་སློང་དག་ན་བར་གྱུར་ནས་དེ་དག་ལ་སུ་ཡང་མི་ལྟ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་དུས་གསུམ་དུ་བལྟ་བར་བྱའོ། །བཅོམ་ལྡན་ འདས་ཀྱིས་ནད་པ་དུས་གསུམ་དུ་བལྟ་བར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གིས་གང་གིས་བལྟ་བར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གནས་བརྟན་ནས་བཟུང་སྟེ་དགེ་འདུན་གྱི་གསར་བུའི་བར་གྱིས་བལྟ་བར་བྱའོ། །བཅོམ་ ལྡན་འདས་ཀྱིས་ནད་པ་བལྟ་བར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་གནས་བརྟན་གནས་བརྟན་དག་ནད་པ་ལྟ་བར་བྱེད་པ་ན། དེ་དག་འགྲེང་བཞིན་དུ་ནད་པ་ལྟ་བར་བྱེད་པས་ནད་པ་དག་ཉམ་ང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་ སྟེ་ནད་པ་བལྟ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་འདུག་སྟེ་ནད་པ་བལྟ་བར་བྱའོ། །ཞེས་བཀའ་སྩལ་ནས། དགེ་སློང་དག་རང་རང་གི་སྟན་དག་ཁྱེར་ཏེ་འདོང་བ་ན་མ་དད་པ་དག་འཕགས་པ་དག་རོལ་མོ་ལྟར་འདོང་ངམ་ཅི་ཞེས་མཐོ་འཚམ་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་ འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་དག་ཁྱེར་ཏེ་འདོང་བར་མི་བྱ་བར་འདི་ལྟར་ནད་གཡོག་གིས་སྟན་དག་བཤམ་པར་བྱའོ། །དྲུག་སྡེ་དག་ནད་པ་ལྟར་དོང་བ་ན་དེ་དག་དེ་ཉིད་ན་འདུ་འཛིའི་གཏམ་གྱིས་ཡུན་རིང་དུ་འཁོད་ནས་ནད་གཡོག་རྣམས་ ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ནད་པའི་བྱ་བ་ཡོངས་སུ་ཉམས་པར་གྱུར་གྱིས་དེང་ཤིག །དེ་དག་གིས་སྨྲས་པ། དེ་ཡང་གྱིས་ལ་གནས་མལ་ཡང་ལྟོས་ཤིག་དང་དེ་ལྟར་ན་ནད་པ་ཤི་བའི་ཡོ་བྱད་དྲུག་འཐོབ་པར་འགྱུར་རོ། །གཞན་ཡང་ཁྱེད་ནད་པའི་བྱ་བ་ཡོངས་སུ་ ཉམས་པར་མ་བྱེད་པར་དེང་ཤིག་དང་ཁོ་བོ་ཅག་གིས་བལྟ་བར་བྱའོ། །ནད་གཡོག་དེ་དག་གིས་ནད་པ་ལ་མ་བཅོལ་བར་དོང་བ་དང་། དྲུག་སྡེ་དག་ཀྱང་དོང་ནས་རླུང་དང་ཆར་པ་དག་བྱུང་བ་ན་ནད་པས་གནས་མལ་རྟུལ་མ་ནུས་ནས་དེ་དག་མ་རུང་བར་གྱུར་པའི་སྐབས་དེ་དགེ་ སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལྔ་པོ་འདི་དག་ལ་བཅོལ་བར་མི་བྱ་སྟེ། ངོ་ཚ་མེད་པ་དང་། ནད་དང་བཅས་པ་དང་། རྒས་པ་འཁོགས་ཤིང་ཉམ་ཆུང་བ་དང་། ན་བ་སྦྱོར་མི་བཟོད་པ་དང་། རྫོགས་པར་མ་བསྙེན་པ་ཐམས་ཅད་ལའོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཞི་བཅུ་རྩ་བཞི་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་ཁྲི་གཅིག་ལ་དགེ་སློང་གཉིས་མཆིས་ན་དེ་གང་དག་གིས་ བྲུབ་པར་བགྱི། གང་ཕྱིས་ལངས་པས་སོ། །གཉིས་ཀ་དུས་གཅིག་ཏུ་ལངས་ན་གཞོན་པས་སོ། །གཉི་ག་གཞོན་ན་གཉི་གས་བྲུབ་པར་བྱའོ། །སློབ་དཔོན་དང་མཁན་པོ་དག་འཆག་ཏུ་དོང་བ་ན་དགེ་སློང་ལྷན་ཅིག་གནས་པ་དང་། ཉེ་གནས་གཙུག་ལག་ཁང་ན་འཁོད་པ་ན་དེ་ དག་ཆུ་མེད་པ་ནས་ཨུཏྤ་ལ་བཞིན་དུ་དགེ་བའི་ཆོས་རྣམས་ཀྱིས་མི་འཕེལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ལྷན་ཅིག་གནས་པ་དང་། ཉེ་གནས་དག་གིས་སློབ་དཔོན་དང་། མཁན་པོ་དག་གི་ཕྱི་བཞིན་འགྲོ་བར་བྱའོ། །སློབ་དཔོན་དང་། མཁན་པོ་ དག་སྟན་དག་ཁྱེར་ཏེ་འདོང་ཞིང་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ལག་པ་བརྐྱང་སྟེ་འགྲོ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ལྷན་ཅིག་གནས་པ་དང་། ཉེ་གནས་དག་གིས་སློབ་དཔོན་དང་། མཁན་པོ་དག་གི་སྟན་དག་ཁྱེར་ཏེ་འགྲོ་བར་བྱའོ། ། སློབ་དཔོན་དང་མཁན་པོ་དེ་དག་འཆགས་ན་ཕྱག་དར་བྱེད་པ་ན་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ལག་པ་བརྐྱང་སྟེ་འཁོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷན་ཅིག་གནས་པ་དང་། ཉེ་གནས་དག་གིས་ཕྱགས་མ་བླངས་ཏེ། སློབ་དཔོན་དང་། མཁན་ པོ་དག་སྙིང་ལས་ཆུང་ངུར་བྱའོ། །མཁར་ལན་བྱེད་པར་བསྐོས་ན་ནི་ལྟུང་བ་མེད་དོ། །སློབ་དཔོན་དང་། མཁན་པོ་དག་གོས་དག་འཚེམ་པ་ན་ལྷན་ཅིག་གནས་པ་དང་། ཉེ་གནས་དག་སྙིང་ལས་ཆུང་ངུར་འཁོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷན་ཅིག་གནས་པ་ དང་། ཉེ་གནས་དག་གིས་ཁབ་བླང་ཞིང་། སློབ་དཔོན་དང་། མཁན་པོ་དག་སྙིང་ལས་ཆུང་ངུར་བྱའོ། །ཚེམ་འདྲུབ་པར་བསྐོས་ན་ནི་ལྟུང་བ་མེད་དོ། །ལྷན་ཅིག་གནས་པ་དང་། ཉེ་གནས་དག་གིས་སློབ་དཔོན་དང་། མཁན་པོ་དག་གི་ལུང་མནོས་ཏེ་དེ་དག་ཉིད་ཀྱི་མདུན་ན་ ཀློག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁ་ཏོན་སློབ་པ་དག་གིས་ལུང་མནོས་ནས་ཐོས་པའི་ཉེན་ཀོར་སྤངས་ཏེ་སྣང་བའི་ཉེ་འཁོར་དུ་འདུག་ནས་ལུང་ཕོག་ལ་བཀླག་པར་བྱའོ། །དགེ་སློང་སྤོང་བ་པ་དག་གིས་གདམས་ངག་མནོས་ནས་མཐའ་གཅིག་ཏུ་སོང་སྟེ་ ཡིད་ལ་བྱ་བ་བསྐྱེད་པར་བྱའོ། །ལྷན་ཅིག་གནས་པ་དང་། ཉེ་གནས་དེ་དག་ལས་སུ་བསྐོས་པར་འགྲོ་བ་ན་དེ་དག་སློབ་དཔོན་དང་། མཁན་པོ་དག་ལ་ཞུས་ཏེ་སོང་བ་ན། དེར་སོང་བ་དེ་དག་ལ་ལས་གཞན་བྱུང་ནས་དེ་དག་ཡང་ཕྱིར་འོང་ཞིང་ཞུ་བར་བྱེད་ནས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དེར་དོང་བ་རྣམས་ལ་ལས་གཞན་བྱུང་ན་དེ་དག་གིས་ཡང་དང་ཡང་དུ་ཕྱིར་འོངས་ཏེ་ཞུ་བར་མི་བྱ་བར་དེ་ཉིད་དུ་ལས་བྱ་སྟེ། དེ་དག་གིས་སྔར་ཞུས་པ་དེ་ཉིད་ཀྱིས་ཐམས་ཅད་ཞུས་པ་ཡིན་ནོ། །དེ་དག་གིས་དེར་སྟན་དག་ཁྱེར་བ་ཕྱིར་ཁྱེར་ ཏེ་མི་འོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་སྟན་ཁྱེར་ཏེ་འོང་བར་བྱའོ། །དེ་དག་གིས་ཆེས་སྔར་སྟན་དག་ཁྱེར་ཏེ་དོང་བ་དང་། སློབ་དཔོན་དང་། མཁན་པོ་དག་ལ་གང་གིས་དེ་དག་མི་འགྲོ་བ་དེ་འདྲ་བའི་རྐྱེན་བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དེ་དག་གིས་སློབ་དཔོན་དང་མཁན་པོ་དག་ལ་འཆག་ཏུ་འགྲོ་འམ་མི་འགྲོ་ཞེས་ཞུ་བར་བྱ་ཞིང་གལ་ཏེ་འགྲོའོ་ཞེས་ཟེར་ན་སྟན་དག་བསྐུར་བར་བྱའོ། །གལ་ཏེ་མི་འགྲོ་ཞེས་ཟེར་ན་སྟན་དག་བསྐུར་བར་མི་བྱའོ། །ཁྱིམ་བདག་གཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་ གི་དགེ་འདུན་ཁྱིམ་གཞན་དུ་བཤོས་ལ་སྤྱན་དྲངས་པ་ན། གཞོན་ནུ་ཞིག་དགེ་བའི་ཕྱོགས་ལ་ཤིན་ཏུ་བརྩོན་ནས་དེས་བསམས་པ། དེང་བདག་བསོད་སྙོམས་ལ་འཇུག་མི་དགོས་པས་ཇི་སྲིད་དུ་གདུགས་ཚོད་ལ་བབ་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་དགེ་བའི་ཕྱོགས་ལ་ཏྲོན་བྱའོ་ སྙམ་ནས། དེ་སྟན་ཁྱེར་ཏེ་ཕྱི་རོལ་དུ་སོང་བ་དང་། དགེ་སློང་རྣམས་དུས་སྔ་མ་ཚོགས་སུ་གཙུག་ལག་ཁང་གི་སྒོ་བཅད་དེ་དོང་ངོ་། །དེས་ཀྱང་དུས་ཤེས་པར་བྱས་ཏེ་འོངས་པ་དང་། ཇི་ཙམ་ན་གཙུག་ལག་ཁང་གི་སྒོ་བཅད་པ་མཐོང་ནས་དེས་བསམས་པ། བདག་ཟན་བཅད་པ་ ནི་བླའི་བདག་ལྟུང་བ་དང་བཅས་ན་མི་རུང་ངོ་སྙམ་ནས་དེ་ཟན་བཅད་པ་བྱས་པ་དང་། དེའི་ལུས་ལ་ཇི་སྲིད་དུ་མདངས་ཡོད་པ་དེ་སྲིད་དུ་དེས་དགེ་བའི་ཕྱོགས་ལ་ཏྲོན་བྱས་སོ། །གང་གི་ཚེ་ལུས་ལས་མདངས་ཡལ་བ་དེའི་ཚེ་ན་གློས་ཕབ་སྟེ་ཉལ་བ་དང་། དགེ་སློང་རྣམས་ཀྱིས་དེ་ལ་ སྨྲས་པ། ཚེ་དང་ལྡན་པ་གལ་ཏེ་ཟན་གཞན་གྱི་ཡིན་ཞེས་ཏེ་ལྟོ་ཡང་གཞན་གྱི་ཡིན་སྙམ་མམ། ཅི་ན་ཁྱེད་ཅི་ཙམ་གྱིས་དགེ་བའི་ཕྱོགས་ལ་ཏྲོན་བྱེད་ཀྱང་མི་ནུས་པ་དེ་ཙམ་ཟའམ། སུས་ཟོས། ཁྱོད་ཀྱིས་མ་ཟོས་སམ། མ་ཟོས་སོ། །ཅིའི་ཕྱིར། དེས་སྐབས་དེ་དགེ་སློང་ རྣམས་ལ་བརྗོད་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་ཀྱིས་དུས་སྔ་མ་ཚོགས་སུ་ཁྱིམ་གཞན་དུ་འཇུག་པར་མི་བྱ་བར་དུས་ཤེས་པར་བྱས་ཏེ་གཎྜཱི་བརྡུངས་ནས་འཇུག་པར་བྱའོ། །སློབ་ དཔོན་དང་། མཁན་པོ་དག་གིས་ཀྱང་རང་རང་གི་འཁོར་ལ་བལྟ་བར་བྱའོ། །བློ་བུར་དུ་འོངས་པ་འགའ་ཞིག་ཡོད་ན་དེ་ནི་དགེ་འདུན་གྱི་གནས་བརྟན་གྱིས་བལྟ་བར་བྱའོ། །གལ་ཏེ་དགེ་སློང་སྒོ་བཅད་པར་འོངས་ན་དེས་སྟན་དེ་རྩིག་པའི་དྲུང་ངམ་ཤིང་ལྗོན་པའི་དྲུང་དུ་བཞག་སྟེ་ འགྲོ་བར་བྱའོ། །དགེ་སློང་གིས་གྱ་ཚོམ་དུ་ཟན་གཅད་པར་མི་བྱའོ། །དགེ་སློང་གིས་གྱ་ཚོམ་དུ་ཟན་གཅོད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གཙུག་ལག་ཁང་དུ་འོངས་ཏེ། དེ་དག་སྟན་དག་ལ་འདུག་འདུག་ནས་དེ་ཉིད་དུ་བོར་ ཏེ་དོང་ནས། དེ་དག་སུས་ཀྱང་མ་བྲུབས་པས་དེ་ཉིད་དུ་མ་རུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གིས་མཐོང་བ་དེས་བྲུབ་པར་བྱའོ། །དགེ་སློང་རྒན་པོ་འཁོགས་པ་ཉམ་ཆུང་བ་དང་། ནད་པ་སྦྱོར་མི་བཟོད་པ་དག་གིས་དེ་དག་བླ་གབ་མེད་པར་བཞག་ པ་མཐོང་ཞིང་དེ་དག་གིས་འབྲུབ་པར་མི་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་དགེ་སྐོས་ལ་བརྗོད་པར་བྱ་ཞིང་། དེས་ཀྱང་གུས་པར་བྱ་སྟེ་བྲུབ་པར་བྱའོ། །དགེ་སློང་རྣམས་ཀྱིས་གནས་མལ་དག་བླ་གབ་མེད་པར་བཏིང་ནས་དགེ་སློང་གཅིག་པུ་ཞིག་ལ་ བཅོལ་ནས་བསོད་སྙོམས་ལ་ཞུགས་ཤིང་གཞན་གྱིས་ཀྱང་དེ་ཉིད་ལ་བཅོལ། གཞན་གྱིས་ཀྱང་དེ་ཉིད་ལ་བཅོལ་ཏེ་བསོད་སྙོམས་ལ་ཞུགས་པ་དང་། རླུང་དང་ཆར་བྱུང་སྟེ་དེས་བྲུབ་པར་མ་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ཏུ་མང་པོ་དག་གིས་དགེ་སློང་གཅིག་ ལ་བཅོལ་བར་མི་བྱའོ། །གལ་ཏེ་དེ་ལྟ་བུའི་རྐྱེན་བྱུང་ན་དེས་གཎྜཱི་བརྡུང་བར་བྱ་ཞིང་དེ་ན་དགེ་སློང་གང་དག་འཁོད་པ་དེ་དག་གིས་གུས་པར་བྱ་སྟེ་བྲུབ་པར་བྱའོ། །དེ་དག་གིས་ཀྱང་གཎྜཱི་ཐོས་ནས་གུས་པས་འགྲོ་བར་བྱའོ། །ནགས་ཀྱི་ནང་ན་གཙུག་ལག་ཁང་ འདུག་པ་ལ་མེ་ཤོར་ནས་མེས་གྲོང་དང་། གྲོང་ཁྱེར་དང་། རྒྱལ་པོའི་ཕོ་བྲང་དང་། ཡུལ་འཁོར་ཡང་ཚིག་ལ་ཐུག །སྤྱོད་ཡུལ་དང་སྤྱོད་ཡུལ་གྱི་ལམ་དང་། འཆག་ས་དང་། དག་ར་དང་། སྒོ་ཁང་དང་། གཙུག་ལག་ཁང་ཡང་ཚིག་ལ་ཐུག་པ་ན། དགེ་སློང་ རྣམས་ཀྱིས་རང་རང་གི་ལྷུང་བཟེད་དང་ཆོས་གོས་དག་ནི་ཕྱུང་། དགེ་འདུན་གྱི་གནས་མལ་དག་ནི་ཚིག་ནས་ཁྱིམ་བདག་འོངས་ཏེ་དགེ་སློང་རྣམས་ལ་དྲིས་པ། འཕགས་པ་དག་ཅི་དག་མ་ཚིག་གམ། ཅི་ཡང་མ་ཚིག་གོ། །དགེ་འདུན་གྱི་གནས་མལ་དག་ག་རེ། ཚིག་གོ། ། ཅི་ཡང་མ་ཚིག་པ་དེ། དེ་འདྲ་འམ། ཁོ་བོ་ཅག་གི་ཅི་ཡང་མ་ཚིག་གོ། །དེས་སྨྲས་པ། ཀྱེ་མའོ་དགེ་འདུན་གྱི་གནས་མལ་ཙམ་འབྱིན་ཀྱང་མ་ཕོད་ཅེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། དགེ་འདུན་གྱི་གནས་མལ་ཡང་དབྱུང་བར་བྱའོ། །དེ་དག་དགེ་འདུན་གྱི་གནས་མལ་འབྱིན་པ་ན་དེ་དག་གི་གང་ཟག་གི་གནས་མལ་དང་། ལྷུང་བཟེད་དང་། ཆོས་གོས་དག་ཚིག་ནས། དེ་དག་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་ འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་ནི་ཕོངས་པར་འགྱུར་ལ། དགེ་འདུན་ནི་མི་འགྱུར་བས་ཇེ་དང་པོར་གང་ཟག་གི་ལྷུང་བཟེད་དང་། ཆོས་གོས་དབྱུང་བར་བྱ་ཞིང་དེའི་འོག་ཏུ་དགེ་འདུན་གྱི་དབྱུང་བར་བྱའོ། །དེ་དག་ཕྱུང་བ་ན་མ་ བྱིན་པ་ལེན་པ་དག་གིས་བརྐུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་སྲུང་མ་དགེ་སློང་གཞག་པར་བྱའོ། །དེ་དག་མཐུ་དང་ལྡན་པ་འཇོག་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐུ་ཆུང་ངུ་གཞག་པར་བྱའོ། །དེ་དག་མེ་མི་བཟོད་ པར་འཇུག་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་མ