Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 211
Văn bản gốc(Tây Tạng)
Trang 22 / 22 (50.000 ký tự/trang)
་མ་ཤེས་པ་དག་ཡོད་པ་རང་རྒྱུད་པ་དང་། མེད་པ་རྣམ་དག་ཕྱོགས་གཅིག་པ་དང་། ཕྱོགས་ཀྱི་གཉིས་མེད་ལ་འཁྲུལ་པར་སྨྲ་ན། སྐྱོན་ནི་གསུམ་པ་ཇི་ལྟར་གྲངས། ཤེས་པ་འཁྲུལ་སྣང་ཡོད་མེད་སྐབས་སུ་ བཤད་པ་དང་མཐུན་པར་བགྲང་ངོ་། །དེ་བསལ་བ་ནི། མིག་ཡོར་གསུམ་ལ་དངོས་མེད་འདྲའི། །ཆོས་ཡོད་བཞིན་པས་ཤེས་པ་འཁྲུལ་ཏུ་བཏུབ་པའི་དཔེ་ནི། ཐོ་ཡོར་དང་སོམ་མོ་དང་ཐག་པ་ལ། ཡང་དག་པའི་རྟ་སྤྲུལ་གྱི་ཤ་ཁྲག་མེད་ཀྱང་། མི་རྟ་སྦྲུལ་དང་འདྲ་བའི་ཆོས་ཡོད་པས་འཁྲུལ་དུ་བཏུབ་པའི་རྐྱེན་བཞིས་བཏུབ་པ་བཞིན། རང་སེམས་ལ། དེ་དངོས་མེད་ཀྱང་རྒྱུ་རྐྱེན་དྲུག །རང་བཞིན་ལྷུན་གྲུབ་དཔག་བསམ་བཞིན། །སོ་སོར་སྣང་བ་ཞེས་པ། སེམས་ལ་འཁོར་བ་རང་རྒྱུད་ མེད་ཀྱང་མེ་ལོང་གི་གཡའ་བཞིན་འཁོར་བའི་རྒྱུ་གཉིས་རྐྱེན་བཞིས་གནས་པས་སྣང་དུ་བཏུབ་ལ། དཔག་བསམ་ཤིང་ལ་བསོད་ནམས་ཆེ་ཆུང་གིས་སོ་སོར་སྣང་བ་ལྟར། དག་དང་མ་དག་པའི་སྤྱོད་ཡུལ་དུ་སྣང་ངོ་། །གཞི་མ་རིག་པ་ཡང་དག་པར་རང་ སྣང་བ་དང་། ལྷན་ཅིག་སྐྱེས་པའི་མ་རིག་མཚུངས་པར་ཡོད་པ་དང་། ཡོད་མེད་དབྱེར་མེད་པས་འཁྲུལ་གཞི་མེད་དོ་ཡོད་དོ་གཉིས་སུ་མེད་དོ་ཞེས་པ་བསྟན་པ་དོན་གཅིག་གོ། །དུས་གསུམ་དུ། རྒྱུན་དུ། འཁྲུལ་པ་ལྷུན་གྲུབ་པས། ཤེས་པ་ དུས་དང་འཁྲུལ་གཞིའོ། །འགྲོ་འོང་འབྱུང་འཇུག་མེད་སྣང་བ། །གཞི་ཡོད་མེད་དང་དབྱེར་མེད་མཚུངས། །ཞེས་པ་ཆུ་རླབས་ཀྱི་ཚུལ་དུ་འགྲོ་འོང་མེད་པར་འཁོར་བར་སྣང་བའི་གཞི་ཡོད་མེད་དབྱེར་མེད་དུ་གཅིག་པ་ལ་སྐྱོན་མེད་དེ། དྲུག་པ་དེ་ ལྟར་དེ་བདེན་ན། དེ་ལ་སྐྱོན་དུ་བྱ་བ་བདུན། །ཞེས་པ་གོང་དུ་འཁྲུལ་ཚུལ་བསྟན་པ་ལྟར་བདེན་ཏེ། ཡིད་མེད་ཕྱོགས་ཅན་ལས་འཁྲུལ་ཏུ་བཏུབ་ན། ཐོ་ཡོར་ལ་རྟ་རུ་འཁྲུལ། སམ་མོ་ལ་མིར་འཁྲུལ། ཐག་པ་ལ་རྟར་འཁྲུལ་པར་རིགས། མི་ སྲིད་པའི་ཆོས་གཞི་འབྱུང་བར་རིགས་ཏེ་དཔེ་སྐྱོན་བདུན་ནོ། །དེ་བས་འཁྲུལ་པའི་རང་བཞིན་འཁྲུལ་པ་ཉིད་དུ་རྟོག་ནའང་། འཁོར་བ་གཞི་ལ་གྲུབ་ནས། འཁྲུལ་པའི་རྒྱུ་རྐྱེན་གཉིས་ལ་རག་མི་ལུས་པའི་སྐྱོན་གཉིས། འཁྲུལ་པ་མི་སངས་པའི་ སྐྱོན། གང་ཟག་དགོས་པ་རྩན་དུ་འཁོར་བ་ལ་མཐའ་མི་འོང་། བདེན་པ་མཐོང་དུ་མི་བཏུབ་ཆོས་ཉིད་དུ་མ་འདུས་ཤིང་མ་ཁྱབ་པའི་སྐྱོན་འབྱུང་ངོ་། །དེ་བསལ་བའི་ཐབས། ཐམས་ཅད་འཆིང་གྲོལ་དབྱེར་མེད་ལ། །ཞེས་པ་གཞི་ལ་འཁྲུལ་མ་ འཁྲུལ་ཡོད་མེད་ཀྱི་སྒྲོ་སྐུར་མེད་པའོ། །གཉིས་མཐོང་འཁྲུལ་པར་བལྟ་བའོ། །འཁྲུལ་ཞེས་པ་རང་བཞིན་མ་ཉམས་པར་བལྟ་བའོ། །འཁྲུལ་པའོ། །དེ་བས་བླང་དང་དོར་མ་བྱེད། །བདེ་སྡུག་གནས་སུ་རིས་མ་བལྟ། །ཞེས་པ་དོན་གཉིས་མོད་ལ་ ལྟ་སྤྱོད་ཀྱི་གདམས་ངག་དག་གོ། །བདུན་པ་རང་རིག་ཅན་ཡིན་ན། །དེ་ལ་སྐྱོན་བཅུ་འབྱུང་བར་འགྱུར། །ཞེས་པ་རང་བྱུང་ཡེ་ཤེས་ལྟ་བའི་ངོ་བོ་ཡིན་ན། །རང་བྱུང་ཡེ་ཤེས་གཅིག་པས་གཅིག་གིས་རྟོགས་ན་ཀུན་གྱི་སྐྱོན་འབྱུང་། སྐྱེ་མི་འབྱུང་། རྒྱལ་བ་དང་འགྲོ་བ་ཁྱད་པར་མེད་པར་འགྱུར། ལམ་ཆད། ད་ལྟ་ཉིད་ནས་ཐམས་ཅད་མཁྱེན་པར་ཐལ། གཞིར་ཐལ། སྒོམ་མི་དགོས། ཚིག་དང་ཡི་གེ་ལ་ལ་དགོས་པ་མེད། གཏན་ལ་དབབ་མི་དགོས། མངོན་ཤེས་མ་བསྒོམ་པར་འཆར་ བར་འགྱུར་བ་དང་བཅུའོ། །དེ་བསལ་བ། དེ་བཞིན་ཉིད་ཀྱི་ཡེ་ཤེས་འདི། །མི་ལྔ་བདག་པོ་ཀུན་གྱི་སེམས། །ཞེས་པ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། མི་གནས་པ་དང་། རང་བྱུང་དང་། ལྷུན་གྱིས་རྫོགས་པའི་ཡེ་ཤེས་དང་ལྔའོ། །ངོ་ བོ་འགྲོ་བ་ཀུན་གྱིས་སེམས་སོ། །རང་སྤྱི་ཇི་སྙེད་ཇི་ལྟ་བ། །རང་ཡུལ་མེད་པར་ངེས་གསལ་བ། །ཞེས་པ་ལྟ་བའི་དོན་ནོ། །དཔེ་ནི། ནམ་མཁའི་སྤྲིན་མཐོངས་འོད་བཞིན་དུ། །ཞེས་པ་སྤྲིན་གང་དག་པ་ན། ཉི་ མའི་འོད་དང་ནམ་མཁའ་གསལ་བ་ལྟར། རབ་རིབ་གང་དག་ཤེས་རབ་སྣང། །ཞེས་པ་ལོག་རྟོག་ཐ་དད་པའི་བསམ་རྒྱུད་གང་དག་པ་ལ་རིམ་པར་རང་བྱུང་ཡེ་ཤེས་སྣང་བས། སྟོབས་རྫོགས་མ་རྫོགས་ཀྱི་སྐྱོན་མེད་དོ། །བརྒྱད་པ་ངེས་མཐོང་ སྒྲིབ་པའི་གྲངས། བརྒྱད་པ་བསྙད་པ་ཡན་ལག་བཅས། །ཞེས་པ་དོན་མཐོང་བ་ལ་སྒྲིབ་པའི་ཐེ་ཚོམ་སྟེ། དེའི་རྩ་བ་བདུན་ལ་སྐྱོན་གྱི་གྲངས་བརྗོད་ཟིན་པ་དེ་བསྡུ་ན། ཕྱག་རྒྱ་བཞི་པའི་གཞིར་གྱུར་པ། །ངེས་པར་ངོས་ཟིན་བྱ་བར་བསྙད། ། ཅེས་པ་འདི་སྐད་དུ། བཀའ། དོན། གཏན་ཚིགས། རིགས་པ་གཞི། སྣང་དང་། མི་འགལ། རྒྱས། འཐད་སྦྱར་ཞེས་པས་དོན་ངོས་གཟུང་ངོ་། །ལ་བཟླ་བ་ནི། མ་རིག་པ་ཉིད་ཡེ་ཤེས་གསལ། །ཐེ་ཚོམ་ཉིད་ཀྱང་ངེས་པའི་སྤྱན། ། ལོག་རྟོག་ཉིད་ཀྱང་མ་ནོར་ལམ། །དེ་ལ་མི་མཐུན་ཤེས་དང་བྲལ། །ཞེས་པ་གསུམ་པོ་རིམ་པ་རང་སྣང་ཕྱིར། དེ་དག་གཉིས་སུ་མེད་པར་བསྟན་པ་ལ་འགལ་བ་འདུས་པར་བརྟག་ཏུ་མེད་པའོ། །དགུ་པ་འཇིག་རྟེན་འདས་དང་འཇིག་རྟེན་པའི། ། ཐེག་པའི་ལྟ་བ་གྲལ་བགོད་པ། །སྐས་གདང་ལྟ་བུར་བསྟན་པ་དག་གོ། །ཀུན་དང་བདག་དང་བྲལ་བའི་ཕྱིར། །འཇིག་རྟེན་ཤེས་འཕགས་ཅི་སྨོས་ཏེ། །ཞེས་པ་ཉན་ཐོས་ཡན་ཆད་ཀུན་འཇིག་རྟེན་པའི་བདག་ཉིད་མེད་པར་འཕགས་མོད་ ཀྱང། དེ་དག་ཉིད་ནི་དགག་དང་སྒྲུབ་ཞེས་པ། ཐེག་པ་ཆེ་ཆུང་ནད་པ་གོལ་བ་མན་ཆོད་ལ་ཡོད་པས་ཁྱད་པར་ནི། རིམ་པ་ཡོད་མེད་ཁྱད་པར་དང་། །ལྟོས་པས་ཕྱེ་བའི་ཁྱད་པར་ནི། །ཞེས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྣམས་ལྟ་བ་ རྣམས་ལྟ་བ་གཏན་ལ་འབེབས་པའི་ཚེ། འདི་སྐད་དུ། བདག་སྤང་བདག་མེད་བསྒྲུབ་པ་དང་། །གཟུགས་སྤང་ཕྱི་སྟོང་བསྒྲུབ་པ་དང་། །དོན་འགོག་སེམས་ཙམ་བསྒྲུབ་པ་དང་། །མཐའ་སྤོང་མཐའ་བྲལ་བསྒྲུབ་པ་དང་། །དྲི་སྤོང་དག་པ་བསྒྲུབ་པ་ དང། །མཚན་འགག་མཚན་མེད་བསྒྲུབ་པ་དང་། །བླང་དོར་འགག་མེད་བསྒྲུབ་པ་དང་། །རྩོལ་སྤོང་རྩོལ་བྲལ་བསྒྲུབ་པ་དང་། །དེ་དག་ཀུན་ཀྱང་ཡོད་མེད་ཕྱིར། དགག་བསྒྲུབ་རང་གིས་མི་བྱེད་པའོ། །རིམ་པར་ཕྱེ་བའི་ཁྱད་པར་སྟོན། །མཐོང་ བ་དག་དང་མ་དག་པའི། །རིམ་པས་དོན་གཅིག་ཁྱད་པར་སྣང་། །ཞེས་པ་ལྟ་བ་མ་དག་པའི་བྱིས་པ་གཉིས་སོ། །ལྟོས་པའི་མ་དག་པའི་རྗེས་སུ་རྣལ་འབྱོར་མན་ཆད་དོ། །འོ་ན་དག་པ་ཆེན་པོ་གང་ཞེ་ན། མཐོང་བ་དག་པ་ཀུན་མཐོང་བ་འདི། ཞེས་ པ་ཐམས་ཅད་མཁྱེན་པའི་ལྟ་བའོ། །དེ་ཡང་འདི་སྐད་དུ། སྣ་ཚོགས་ཐེག་པའི་ལྟ་བ་དང་། །ཇི་སྙེད་བསྡོམ་པའི་ལྟ་བ་རྣམས། །སྤྱད་པར་བྱ་བ་མ་ཡིན་ཡང་། །མ་འདྲེས་ཡོངས་སུ་རྫོགས་པར་གསལ། །ཞེས་འབྱུང་བས། ངོ་བོ་རང་བྱུང་ཐམས་ཅད་ མཁྱེན་པ་དང་། །རང་བཞིན་ལྟ་བ་ཐམས་ཅད་དང་། །མཚན་ཉིད་ལྟ་བ་གང་དང་ཡང་མ་འདྲེས་པ་དང་། རྩལ་ལྟ་བའི་སྒྲིབ་པ་ཀུན་བཅོམ་པ་དང་། བྱིན་རླབས་ལྟ་བ་ཀུན་འབྱུང་བ་དང་། ཡོན་ཏན་ལྷག་པའི་ལྷ་དང་། སངས་རྒྱས་ཐོབ་པས་གོ་འཕང་བླ་ན་མེད་ པའོ། །བསྔོ་བ་ཚོགས་ཀྱི་ལུང་ནི། ཀུན་ཤེས་བཞིན་འདྲ་རབ་རིབ་དྲི་མ་ཉིད། །ཅེས་པ་འགྲོ་བ་ཀུན་གྱི་ཤེས་རབ་ཀྱིས་རང་གི་བཞིན་རང་གིས་མ་མཐོང་བ་ལྟར། མ་རིག་པས་སྒྲིབ་པ་ནི། བསྟན་པའི་མེ་ལོང་མཐོང་བསྒོམ་རང་དག་པར། །འགྱུར་བས་མ་འོངས་ དོན་ཅན་ཆེད་བགྱིད་པའི། །དགེ་རྩས་བདག་དང་མཐའ་ཡས་གྲོལ་བར་བསྔོ། །ཞེས་པ་བཞིན་ལ་མེ་ལོང་བསྟན་པས་དྲི་མ་མཐོང་ནས་འདག་པར་བྱས་པ་བཞིན། འཕྲུལ་གྱི་ཚིག་དགུས་བསྟན་པའི་ཚིག་གི་སྒྲོན་མས། ལྟ་བ་རྟོགས་པ་ལ་བསྒོམས་པས་སྒྲིབ་པ་ འདག་པར་འགྱུར་བས། མ་འོངས་པ་བདག་བས་བློ་དམན་པའི་དོན་དུ། འཕྲུལ་གྱི་མེ་ལོང་བརྩམས་པའི་དགོས་ཀྱི་སྦྱིན་པའི་དགེ་རྩས། མཐའ་ཡས་པ་ཐེག་པ་ཆེན་པོའི་ཆེན་པོར་གྲོལ་བར་དམིགས་པའོ། །འཕྲུལ་གྱི་མེ་ལོང་དགུ་ སྐོར་ལ། རིག་པའི་མེ་ཏོག་གིས་འགྲེལ་པའོ། །སློབ་དཔོན་ཆེན་པོ་བི་མཱ་ལས་མཛད་པ་རྫོགས་སོ།། །།༄། །ཐུགས་ཀྱི་སྒྲོན་མ་བཞུགས། །༄༅༅། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ བདག །ཆོས་ཀུན་རྫོགས་པའི་ཐུགས་རྡོ་རྗེ། །སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །ཛྙནའི་ཡིན་བར་བཞེང་། ཕྱག་ཕྱག་འཚལ་ལོ།། སྤྱན་མཆོག་དབུལ་བའི་ཤི་ཤའི་ཕྱིར། །སྒྱུ་འཕྲུལ་དྲ་བའི་རྒྱུད་དག་ལས། །འཁོར་ལོ་དག་མཆུའི་ཚུལ་བཞིན་དུ། །སྒྱུ་འཕྲུལ་ཐུགས་ཀྱི་སྒྲོལ་ མ་དེ། །འཛིན་པའི་དབང་གིས་སྡུག་བསྔལ་བས། །གཡོ་འཛིན་གསུམ་དང་མི་གཡོ་བའི། །འཛིན་དགུ་ལོག་ལྟ་དེ་བཞིན་པའི། །རྣམ་གཉིས་སྤང་ཕྱིར་གཉེན་པོར་བརྗོད། །བསམ་མི་ཁྱབ་དང་དེ་བསྡུས་པ། །བརྒྱད་ཁྲི་བཞི་སྟོང་ད་ལྟ་བས། །གཉིས་བསྡུས་ ངེས་བཞི་འབྲས་བུར་གཅིག །ཐུན་མོང་མཆོག་གི་ལམ་ལྔ་པོ། །འདོད་པའི་ཡུལ་ལ་ཞེན་པ་དང་། །བསམ་གཏན་སྙོམས་འཇུག་འདུ་ཤེས་མེད། །རྟག་ཚད་བཅུ་གསུམ་ཞེན་པ་རྣམས། །རིང་དུ་གཏོང་ལ་མི་མཐུན་པའི། །སྤྱོད་པ་ཉི་ཤུ་རྩ་གཅིག་ལའང་། །དང་ པོ་ཕྱེད་སྤོང་གཅིག་གཏང་སྙོམས། །བྱེད་པའི་ཞེན་པས་གཞི་བྱེད་དང་། །འཕྲ་ཟབ་དངོས་ལྟའི་ཞེན་པ་དང་། །ཕྱོགས་སྟོང་དེ་བཞིན་ཕྱོགས་འཛིན་པའི། །རྒྱུད་འཛིན་ཞེན་པ་བདེན་པ་གཉིས། །རིགས་འབྱེད་ཞེན་པའི་སྟོང་པ་ཅན། །འཇིག་རྟེན་ངན་སོང་ ཁམས་སུ་རྩེ། །ཞི་བ་ཕྱོགས་ལས་ངེས་འབྱུང་དང་། །རྒྱུ་འབྲས་རྟེན་འབྲེལ་འབྱུང་བའང་། །ཕྱི་པ་དག་ལྷ་གཉིས་རྗེས་འབྲང་། །མཚན་མེད་འོད་གསལ་ངེས་ཞེན་པའི། །སྤོང་ལེན་ངེས་འཛིན་བདག་འཛིན་གཞི། །ཐེག་མཆོག་ལམ་གྱི་སྟེགས་གྱུར་ ཀྱང༑ །རང་རང་ངེས་པས་བསྒྲིབས་པ་མིན། །མཆོག་གི་གཞུང་ལུགས་གདེང་མ་གྱུར། །དེ་བས་རྣལ་འབྱོར་ཆེན་པོའི་ལུགས། །བཅུ་གཉིས་གཅིག་གི་ཞེན་པ་དག །མི་སྤོང་གཉིས་མེད་བླང་བ་མེད། །ཐབས་ཀྱི་རང་བཞིན་བྲལ་མངོན་བྱེད། །དེ་བཞིན་ པ་ཡི་ལུགས་མཆོག་འདི། །རྒྱུད་དང་རྣལ་འབྱོར་གསུམ་རིམ་པ། །དེ་ལས་ཀུན་ནས་སྤགས་པའི་དོན། །ཡང་རབ་རྣལ་འབྱོར་བློ་ལ་གསལ། །དེ་གང་ཞེ་ན་གདོད་བསམས་པས། །དུག་ལྔ་དངོས་དང་ཡུལ་ཤེས་བཅས། །སེམས་ཕྱིར་ཆོ་འཕྲུལ་སྣང་ བ་ལ། །གསུམ་སྣང་ཞེན་པའི་ཡུལ་མེད་པར། །རྒྱུད་དྲུག་ཤེས་པ་རྐྱེན་བཅས་ཀྱིས། །ཡུལ་མེད་མི་དམིགས་ཕྱིར་མི་མཐོང་། །མཐོང་ཤེས་དབང་བཅས་རང་མ་མཐོང་། །དེ་བཞིན་པ་ཡིས་ལྔ་ཉོན་མོངས། །རྗེས་འབྲངས་སྟོབས་གྱུར་འགྲོ་ལྔར་སྨིན། ། མི་མཐུན་བདེ་སྡུག་མྱོང་གྱུར་བཞིན། །ལམ་བྲལ་དུས་དགྲས་བཅོམ་པ་དང་། །ཐར་མེད་ཡང་དག་ལམ་སྟོན་དགོས། །དེ་ཕྱིར་མི་གཙང་རུས་སྤྱོད་དང་། །སབ་རྟ་ཐག་སྤྲུལ་མཐོ་མི་ལྟར། །མི་བདེན་ཤེས་སྣང་ཕྱིར་རྫུན་པའང་། །མི་སྤོང་མོད་ཀྱང་ བདེན་པ་མེད། །རང་བྱུང་ཡེ་ཤེས་མཐའ་དབུས་མེད། །མི་གཡོ་རང་གསལ་འཛིན་བྲལ་ལ། །ཚད་མེད་བཞི་དང་བསམ་གཏན་བཞི། །རིམ་པར་སོ་སོར་བདག་རྟོག་ཅིང་། །གཟུགས་རྣམས་ཀུན་ལ་བདག་རྟོག་པས། །གསང་བའི་བདེན་གསུམ་ མཉམ་མ་མཐོང་། །ཐམས་ཅད་མཁྱེན་ལྡན་འབྲལ་བ་ཡིས། །འདུ་ཤེས་མེད་ལྟ་ཤོ་བར་བ། །མཉམ་པ་གསུམ་ལ་མདོངས་པ་ཡིས། །མི་གཡོ་སྙོམས་འཇུག་བཞི་འཛིན་ཅན། །ཐལ་འགྱུར་ཏིང་འཛིན་ལུས་ཞིག་ན། །ཡ་ངའི་འབྲས་བུ་ལྟུང་ཡོང་ ཕྱིར། །དྲན་པ་ཉམས་པའི་ཏིང་འཛིན་ཏེ། །ཡིད་བརྟན་བྱ་བའི་ཡུལ་མ་ཡིན། །རང་བཞིན་འདས་དང་འཁོར་བ་དག །གཉིས་མེད་ལྷུན་གྲུབ་བརྗོད་བསམ་ཡུལ། །འདས་དང་སྔོན་བཞིན་མ་མཐོང་བས། །འཁྲུལ་ཡུལ་གཞིར་མཐོང་ལྟར་བློ་འཁྲུལ། །གཡང་ ས་མཐོ་དམན་ལམ་ཞུགས་པས། །ཟད་པར་བདེ་སྡུག་མྱོང་བར་འགྱུར། །འདོད་པའི་འབྲས་བུ་ག་ལ་ཡིན། །དེ་ཕྱིར་གསུམ་ལ་ཁྱད་པར་མེད། །དྲུག་གཉིས་སྟོན་པའི་རྗེས་འབྲངས་པའི། །རིགས་མིན་ལྟ་བ་བསམ་ཡས་པ། ། གཉིས་བསྡུས་རྟག་དང་ཆད་པ་དངོས། །ལོག་ལྟའི་གཙོ་བོ་ཡ་ངའི་རྒྱུ། །ལྔ་པ་རིལ་པོ་འབྱེད་ལྟ་བའང་། །སྔ་མ་དྲན་པའི་བྱེད་ལྟ་བའི། །རིགས་བཞི་ངེས་འདོད་རང་བློ་ལོག །དེ་ལ་ཁ་དོག་དབྱིབས་ཡོད་ན། །གཟུགས་སུ་ཐལ་བས་མང་ཉུང་གིས། །འགལ་ དང་དྲན་པ་སྐྱེ་མི་འགྱུར། །རྣམ་སྨིན་མྱོང་བ་ག་ལ་རུང་། །འོན་ཏེ་གཟུགས་ཀྱིས་ཤེས་མྱོང་ཐལ། །དེས་ན་རིལ་པོ་རྫུན་པར་ངེས། །བྱེད་པོས་བྱས་པའང་དེ་བཞིན་ཏེ། །དེ་ཁོ་གལ་ཏེ་བདེན་ཞེ་ན། །བྱེད་པོར་གྲུབ་པ་སུ་ཡིས་བྱས། །བྱེད་པོ་རྡུལ་ལས་འགྲུབ་ འགྱུར་རམ། །འོན་ཏེ་ལས་ཀྱིས་བྱེད་འབྱུང་ཞེ་འམ། །བྱེད་པོ་ཉིད་ལ་བྱེད་ཡོད་དམ། །རང་བཞིན་ཉིད་ཀྱིས་འབྱུང་བར་འགྱུར། །བྱེད་པོ་སྟེས་དབང་ཙམ་དུ་ཟད། །བྱེད་ལ་བྱེད་ཡོད་ཐུགས་མེད་སྐྱོན། །རྡུལ་ན་བྱས་འདྲ་རག་ལུས་མེད། །ལས་ཡིན་ཁོ་བོའི་འདོད་ པ་མེད། །རང་བཞིན་སྟེས་དབང་བྱས་པའང་ཐལ། །ཚ་རིམས་ཨ་བྲས་ཆོད་པའི་མིག །འབག་སོགས་སྣང་ལྟར་ག་ལ་བདེན། །ཅིས་ཤོས་ཉ་ཤིང་བཙོས་བསྲེགས་པས། །མི་སྐྱེ་བརླག་འགྱུར་རིགས་པ་ཡིན། །སྔ་ཕྱི་མེད་པར་བདེན་ལྟ་བའང་། །མི་བདེན་ ད་ལྟ་ཤ་འབྲུག་ལྟར། །སྟེས་དབང་སྣང་དུ་བཏུབ་ཞེ་ན། །སྔ་ཕྱི་འང་སྟེས་དབང་ཅིས་མི་འབྱུང་། །དེ་མི་འབྱུང་ན་ད་ལྟའང་། །མི་འབྱུང་དེ་མིན་སྨོས་ཅི་དགོས། །ད་ལྟར་དེ་ན་བདག་དང་གཞན། །སྟེས་དབང་སྣང་བ་དུས་གསུམ་དུ། །རྒྱུན་བརྟགས་མེད་པ་ཞེས་ པ་འགྱུར། །གཟུགས་ལ་རུང་ཡང་མིང་བཞིས་སོ། །དེ་ལྟར་བདེན་ན་རྨི་ལམ་གྱི། །ཤེས་པའང་ཉ་ཤིང་མཚུངས་བརླག་འགྱུར། །རྨི་ལམ་བཏགས་ལྡང་ཞིང་རྒྱུན་བརྟག་ན། །གཟུགས་ཕུང་ཞིག་ཀྱང་དེ་འདྲ་མོད། །འོན་ཏེ་ད་ལྟ་ཡོད་པ་བཞིན། །སྔ་ཕྱི་ཡོད་ པ་སྨོས་ཅི་དགོས། །རྟག་ཆད་གཉིས་ཀར་བློ་ཞེན་ན། །དོན་གྱི་སྙིང་པོ་མཆོག་ལས་གོལ། །རང་རིག་སྣང་སྟོང་ཡུལ་མིན་པར། །རིག་པ་རང་གསལ་བསམ་བརྗོད་འདས། །དེ་ཕྱིར་གཉིས་དང་དེར་མི་འཛིན། །དེ་ལ་བླང་དོར་ཕྱོགས་འཛིན་མེད། །དེ་དག་ སོ་སོ་ཞེན་ཡུལ་བཅས། །བློས་བཞག་མེད་ཨ་ཡོད་བརྟགས་པ། །སྤོང་བྱེད་ཆད་དུ་བྱས་སྤོང་བའང་། །ལྔ་ཡི་བྱེ་བྲག་མི་མཐུན་པ། །མོས་པ་ཐ་དད་ཕྱིར་གསུངས་པ། །བྱེ་བྲག་མདོ་ཙམ་བཤད་པར་བྱ། །ཐེག་པ་དང་པོ་བཅུ་དྲུག་འགྲན། །གཉིས་པ་བཞི་ ཡི་ལྟ་སྤྱོད་བསྲུངས། །གསུམ་པ་བཅུ་གཉིས་ངེས་པར་བསྟན། །བཞི་པ་བདེན་པ་རྣམ་པ་གཉིས། །ལྔ་པ་གསང་བ་འང་ཕྱི་པའང་། །དང་པོ་རང་རིག་རྣམ་པར་དག །གཉིས་པ་སྔ་ཕྱི་རྗེས་སུ་འབྲངས། །གསུམ་པ་དབྱིངས་ཉིད་འོད་གསལ་བའི། །ས་བདུན་ རིམ་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཐེག་པ་བཞིས་ཡིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཐ་མའང་བསྟི་གནས་མཐར་ཐུག་སྟེ། །ཐ་མའང་གཙོ་མཆོག་འདིར་བཤད་དོ། །དེ་ལ་སྤོང་ཐབས་མི་མཐུན་ པ། །འདོད་དང་འགོག་སྤང་སྦྱོང་སོལ་བྱེད། །འབྲས་ཤེས་བཏང་སྙོམས་དག་བྱེད་དང་། །ཕྱོགས་སྤྱོད་དང་ལེན་ད་རོ་ལ། །བདག་ཕྱིར་བླང་དོར་མེད་པ་ཡིས། །ཆེ་བས་སྐས་གདང་ལྟ་བུར་འགྱུར། །བརྒྱད་གཉིས་བཅུ་སྤྱོད་ཐེག་སོགས་པ། །ཐུན་མོངས་ ལམ་བརྗོད་རྣམ་དགུ། །སྲིད་པ་དང་པོ་དངོས་ལྟ་བ། །རྣལ་འབྱོར་གཡེང་དྲུག་གིས་བྲལ་ཡང་། །རྒྱུ་འབྲས་ཤེས་པས་ཡ་ང་སྤོང་། །བསྟི་གནས་དང་པོ་སྨིན་པར་འདོད། །ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། །གཞན་དུ་གཡོ་བ་ཅི་ཡང་མེད། །བསམ་གཏན་ སྙོམས་འཇུག་པ་བརྒྱད་པོ། །འདོད་སྤྱོད་སྡིག་སོགས་སྤྱོད་པས་འདོར། །དང་པོའི་གཡེང་དྲུག་བསམ་པས་འདོར། །འཛིན་པ་ཕྲ་བས་ཏིང་ངེ་འཛིན། །དོར་བ་གཉིས་མཐུན་དོར་བ་ཡིས། །ས་སྟེགས་རྩ་གཅིག་ཐོབ་བྱེད་པའོ། །ལོག་ལྟ་བཞི་པོ་གཉིས་ མཐོང་བས། །ལོག་པའི་ལམ་ཞུགས་ཡ་ངའི་འབྲས། །ལམ་རིམ་དང་པོ་དངོས་འཛིན་གཞི། །འཁོར་བའི་ལམ་བཞི་ཟག་བཅས་འབྲས། །དེ་དག་མཆོག་གི་གསུམ་ལ་རྨོངས། །དེ་ཕྱིར་མ་རྟོགས་ལོག་རྟོགས་པའོ། །སྤང་ བགེགས་བྱེད་པའི་བྱིས་པ་གཉིས། །ཚུལ་ཁྲིམས་བསླབ་པས་དངས་འགོག་ཅིང་། །མཐོང་གོམས་ཤེས་རབ་ཏིང་འཛིན་གྱིས། །སྤོང་བགེགས་མེད་སྨྲ་ཏིང་འཛིན་ལྟ། །ཟབ་ཕྲའི་གཟུང་འཛིན་བྱ་བ་བར། །བརྟག་དངོས་ཞགས་པས་བཅིངས་པ་ཡི། ། ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མིན་ཏེ། །ལྷག་པར་དྲུག་གཉིས་ཕྱི་སྟོང་འདོད། །ཕྱོགས་སྟོང་ཞེན་པས་བསྒྲིབས་པ་སྟེ། །རྨི་ལམ་རྟེན་འབྲེལ་གཞི་སྣང་བས། །མི་བདེན་རང་བྱུང་ཡེ་ཤེས་སྐལ། །བཤེད་མེད་ཐེག་ པའི་གཞུང་གཉིས་པོས། །རྡུལ་དང་རྟེན་འབྲེལ་བཞིར་འདོད་པས། །ཕྱོགས་གཅིག་འདས་མཐའ་ལམ་ཞུགས་པས། །བསྟི་གནས་དང་པོ་འབྲས་བུ་ཙམ། །བླ་ན་མེད་པའི་ཐེག་པ་པ། །བསླབ་པ་གསུམ་གྱིས་སྤང་བྱ་དག །སོལ་སྦྱོང་དག་པས་ཐོབ་ འདོད་པ། །རྣམ་རིག་རྣལ་འབྱོར་མདོ་སྡེའོ། །དང་པོ་རང་བྱུང་ཡེ་ཤེས་དོན། །མི་དམིགས་ཕྱིར་ན་རང་སེམས་ལ། །རྣམ་པ་ཡོད་མེད་རྩོད་པ་བྱེད། །གང་ལྟར་རྩོད་ཀྱང་འཁྲུལ་པའི་མཐའོ། །འཁྲུལ་སྣང་ཡུལ་གྱི་རྣམ་པ་ཅན། །རང་བཞིན་འཁྲུལ་ མཐོང་ཡོད་མ་མྱོང་། །རྣམ་པ་མེད་པའི་རང་རིག་པ། །འོད་གསལ་ཤེལ་ལྟར་དག་པ་འང་། །རྒྱུ་རྟག་སྐད་ཅིག་མི་རྟག་པས། །སྐྱེ་འགག་མེད་པའི་ཡེ་ཤེས་ལ། །ནམ་ཡང་རེག་པར་མི་འགྱུར་ཏེ། །རྣམ་པར་འགོག་པར་ཐུག་པའི་མཐའོ། །རྣམ་དག་ ཡེ་ཤེས་རྣམ་བྲལ་བ། །སེམས་ཅན་རྒྱུད་རེ་དེ་ཡིན་ཏེ། །རྒྱུད་འཛིན་ཡུལ་མེད་གཟུང་འཛིན་ཅན། །གཡོ་མེད་རྩོད་པ་འཁྲུལ་པར་ཟད། །བྱིས་པ་མཁའ་ལ་རྩོད་དང་མཚུངས། །རྣམ་པ་ཡོད་མེད་ཀུན་བདག་སྐལ། །ཤེས་རྒྱུད་བཞི་ལ་རྩོལ་བའི་ལམ། དེ་དང་ཐུན་མོང་སངས་རྒྱས་དེའི་འབྲས་བུར། །བྱེད་ཀྱི་ལྷག་པའི་གསུམ་མ་མཐོང་། །དམ་པའི་ཤེས་པའང་བརྫུན་པའོ། །རྣལ་འབྱོར་སྤྱོད་པའང་དེ་འདྲའི་ཕྱིར། །སྔ་མའི་དམ་པ་རྒྱུ་རྐྱེན་ལ། །རང་ལུས་ཞིག་དང་སྐྱེས་དང་སྐྱེས། །དེ་བས་བརྫུན་ལྟ་དམ་པར་ནི། ། ཐམས་ཅད་སེམས་ཏེ་དེ་མ་དམིགས། །མ་སྐྱེས་སྟོང་པ་སྨྲ་བསམ་འདས། །མཐའ་ལ་དབེན་པའི་དོན་དུ་ལྟ། །རྣམ་པ་ཡོད་མེད་རྩོད་དང་བྲལ། །ཤེས་པ་མ་སྐྱེས་ཕྱོགས་ལྟ་བ། །མཐའ་དང་བྲལ་བ་ཐུག་པའི་མཐའ། །སྐྱེ་མེད་ཕྱོགས་གཅིག་མཐའ་དང་བྲལ། ། དེ་ཁོ་མཆོག་ལྟའི་ཞེན་པ་ཅན། །གཉིས་མེད་དབྱེར་མེད་མ་མཐོང་བས། །སེམས་སྟོང་བཞི་པ་དཀའ་སྤྱོད་ལམ། །འབྲས་བུ་སྔོན་བཞིན་འདས་པའི་མཐའ། །གྲུབ་མཐའ་ནོར་རྟོག་ཤེས་རབ་ཀྱིས། །འབད་པས་བརྟན་ཐོབ་དེ་ཡི་ཕྱིར། །དེ་མི་བདེན་པས་ དེ་མི་བདེན། །མདོ་སྡེ་པ་ཡི་གཞུང་ལུགས་ཀྱང་། །ཀུན་བརྟགས་སྣང་བའི་སྤྱོད་ཡུལ་འདི། །དམ་པ་གཞན་དབང་སྒྱུ་མ་ཙམ། །ཤེས་སྣང་མ་ཡིན་འདུ་སྣང་ཡིན། །དམ་པར་སྐྱེ་མེད་སྨྲ་བསམ་འདས། །རྟེན་འབྲེལ་གཅིག་དང་དུ་མ་མེད། །རྡོ་རྗེ་གཟིགས་མ་རྣམ་ བཞི་དང་། །མུ་བཞི་སྐྱེ་འགག་ལ་སོགས་པས། །མཐའ་ཡས་བྱེ་བྲག་སེལ་བྱེད་ཅིང་། །དེ་འདྲ་བསམ་གཏན་འདས་ཆེན་ཅིང་། །སྣང་བ་ཡོད་དང་མེད་པ་དང་། །རིག་པས་འགྲུབ་དང་མ་གྲུབ་སོགས། །དེ་དག་ལ་རྩོད་མཐའ་ཚོལ་བ། །སྙེད་ནས་ངེས་འཇོག་ གཟུང་འཛིན་ཅན། །བདེན་གཉིས་ངོ་བོ་གཅིག་མི་གཅིག །རྩོད་ཅིང་གཅིག་ལ་བདེན་དང་རྫུན། །རིགས་ལྟ་ཆ་ཤས་ཞེན་པ་ཅན། །གཅིག་ན་རྫུན་མཐོང་བདེན་ཐལ་འགྱུར། །ཡང་ན་བདེན་མཐོང་བརྫུན་པར་འགྱུར། །བརྫུན་ཞེན་བདེན་པར་བསླུ་སོགས་ ལྡར། །ཐལ་འགྱུར་བདེན་བཞིན་བརྫུན་པའང་། །སྐྱེ་འགག་མེད་སོགས་བཞིན་ཐལ་འགྱུར། །ཡང་ན་མཉམ་གཞག་ཚེ་ནའང་། །བདེན་གཉིས་དུས་གཅིག་མཐོང་བར་རིགས། །བདེན་བརྫུན་ཕན་ཚུན་སྤངས་པས་འགལ། །ཐ་དད་གྱུར་ན་སྒྱུ་མ་ལ། བརྟེན་ནས་དོན་དམ་མི་རྟོགས་ཤིང་། །སྒྱུ་མར་འབད་པས་འང་ཚི་ཚད་འགྱུར། །དམ་པ་བཙལ་བའི་གནས་མེད་ཅིང་། །འགྲེལ་བ་མེད་པས་མི་འགྱུར། །གང་མ་སྐྱེས་བའང་། །སྐྱེ་བ་མེད་པར་འགྲུབ་མི་འགྱུར། །ཞེན་སྤོང་གཉེན་པོ་ མི་བཏུབ་ཅིང་། །དེ་ཉིད་རང་རྒྱུད་ཅན་གྱུར་པས། །གང་ལ་ཕན་གནོད་མེད་འགྱུར་རོ། །དེ་ལྟར་རྟོག་ཅིང་ཐེ་ཚོམ་ཟ། །ཁས་བླངས་མེད་སྒྲ་ཕྱོགས་ལ་ཞེན། །དེ་བས་བླ་མེད་ཐེག་པ་པ། །དོན་དམ་དུ་ནི་དབྱེར་མེད་དེ། །ཀུན་རྫོབ་ཙམ་དུ་ཐམས་ཅད་ལ། །དག་ དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །དོན་དམ་དུ་ནི་ཀོར་བདུན་ནོ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུའང་དབྱེ་རིགས་ཏེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །དེ་ཉིད་འབྲས་བུའི་ མཚན་ཉིད་ལ། །དོན་དམ་ངོ་བོ་ཉིད་ཀྱི་རྒྱུ། །ལྷག་པའི་བདེན་པར་མཚན་བརྗོད་དོ། །ཅིར་ཡང་སྣང་བའི་ཡེ་ཤེས་ཉིད། །མཚན་མར་མ་འགག་ཅིར་ཡང་སྣང་། །ངོ་བོ་མ་ངེས་དོན་མཛད་དང་། །རྟག་པ་གཉིས་ལས་རིང་བ་དང་། །རྣལ་འབྱོར་དམ་ པའི་ཡུལ་མཐུན་དང་། །སྣང་ལ་སྐྱེ་འགག་མེད་པའི་ཕྱིར། །ལྷག་པའི་ཀུན་རྫོབ་ཞེས་སུ་གྲགས། །ཐམས་ཅད་ཀུན་གྱི་རང་བཞིན་པས། །ཡེ་ཤེས་སྣང་བའང་རྒྱུ་རྐྱེན་མེད། །སྐྱེ་འཇིག་མེད་དོ་ལྔ་འབྲས་བུ། །དབྱིངས་དང་ཡེ་ཤེས་རྫོགས་མི་ དམིགས། །ཕྱོགས་མེད་རེ་སྐོང་འཕྲིན་ལས་ནི། །ཀུན་ནས་མཚམས་པས་དོན་མཛད་དེ། །ཆེད་དུ་བྱས་པའི་རྟག་པའང་བྲལ། །རང་བཞིན་མཚན་ཉིད་ངོ་བོ་དང་། །ཡོན་ཏན་འཕྲིན་ལས་རྟོགས་པས་དབེན། །ཆོས་དྲུག་ལྡན་ཕྱིར་ལྷག་པར་བསྒྲགས། །དེ་ བཞིན་རང་བཞིན་འབྲས་བུ་དང་། །ཡེ་ཤེས་གསུམ་ཕྱིར་དོན་དམ་པའང་། །ཤེས་དོན་ནང་ནས་མཆོག་གྱུར་པས། །དོན་གྱི་མིང་དུ་འགྲུབ་པ་ཡིན། །དེའང་མ་སྐྱེས་དབྱིངས་ཀྱི་དོན། །གཞི་ཡིས་ངེས་ལ་ཁྱད་གྱུར་པ། །ལོག་རྟོག་སྤྱོད་ཡུལ་ལས་སོགས་ པ༑ །ཀུན་གྱི་རང་བཞིན་ཕྱོགས་བཀོལ་མེད། །ངོ་བོ་བདུན་རྫོགས་དམིགས་པ་མེད། །མཚན་ཉིད་ཀུན་གྲོལ་ཀུན་བདག་ལ། །ཕྱོགས་སྟོང་ཆད་པར་ཡོད་པ་མེད། །ཀུན་བྱིན་ལྡན་པའི་བརླབས་སྣང་ལ། དངོས་པོ་གཉིས་ཀྱི་ངོ་བོའི་རྒྱུར། །གྱུར་པས་ ཅི་ཡང་མི་འགོག་སྟེ། །རྒྱ་མཚོའི་ཆུ་དང་རླབས་བཞིན་ནོ། །ཡིད་བཞིན་ནོར་ལྟར་རེ་སྐོང་བའོ། །ཡོན་ཏན་ཀུན་རྫོགས་ཕྱིར་སྣང་བའོ། །ཐུན་མོང་དམ་པའི་ཡུལ་མིན་ཏེ། །ཕྱོགས་གཅིག་མཐའ་བྲལ་མ་ཡིན་ཏེ། །དཔེ་དང་གཏན་ཚིགས་ཐུན་མོང་བས། །གཏན་ ལ་འབེབས་པ་མ་ཡིན་ཏེ། །བདུན་སོགས་ངོ་བོར་གནས་པའི་ཕྱིར། །ལྷག་པའང་གྲངས་མཐུན་ཉིད་དུ་བརྗོད། །རྣལ་སོགས་སྤྱོད་ཡུལ་མ་ཡིན་ནོ། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིག་རྒྱུད་མེད། །ཁ་ དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མེད། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཕྱོགས་བཅུ་མ་ལུས་ཐམས་ཅད་ལ། །རང་བྱུང་ཆེན་པོས་ཀུན་ཏུ་ཁྱབ། །རང་བྱུང་དེ་ཉིད་དངོས་མེད་པས། །ཆོས་དང་གང་ ཟག་བདག་མེད་པ། །ཀུན་གྱི་ཕྱག་རྒྱའི་རྒྱུ་ཡིན་ནོ། །མ་སྐྱེས་བཞི་ལ་བགྲོད་པའི་ལམ། །གང་སྤངས་གང་ཐོབ་དེའི་འབྲས་བུ། །དངོས་པོ་ཇི་བཞིན་མི་མཐོང་བས། །འབྲས་བུ་བཏགས་པའི་སངས་རྒྱས་ཙམ། །དེ་ལྟར་ངེས་འབྱུང་བྱེ་བྲག་གི། །རྒྱུད་ མས་ངེས་པའི་གསང་བའང་། །དང་པོ་རྒྱུ་འབྲས་དབྱེ་བྱེད་པས། །འབྲས་བུ་ལམ་དུ་བྱེད་ཅེའང་། །ཕྱོགས་གཅིག་དག་པའི་ཆོས་ཉིད་ལ། །ལྟ་ཞིང་དེ་ལས་ལྷ་དྲུག་སོགས། །དམིགས་པ་གསུམ་དང་ཡན་ལག་གིས། །སྒོམ་བྱེད་འབྲས་བུ་གཟུང་འཛིན་ ཅན། །ལྟ་སྤྱོད་ཡ་ཆའི་ཞེན་པ་ཡིས། །བདག་ཉིད་ཆེན་པོ་ནང་མི་མཐོང་། །དག་པའི་སེམས་ཞི་རྩོལ་བའི་ལམ། །རྡོ་རྗེ་གསུམ་གྱི་ས་འཛིན་པ། །རྨུས་ལོང་འདྲི་མཁན་དང་མཚུངས་ཏེ། །རྣལ་འབྱོར་ཆེན་པོའི་ཐུགས་རྗེའི་ཡུལ། །གཉི་ག་བ་ཡི་བྱ་བ་ དང་། །རྣལ་འབྱོར་རྗེས་སུ་ལྟ་སྤྱོད་འབྲང་། །གཉིས་པོ་ཡ་ཆ་སྔོན་བཞིན་ཏེ། །དེ་ཉིད་བཞི་ཡི་ཞེན་པ་ཅན། །དེའང་ཕྱི་རོལ་པ་ལ་གནས། །རྣལ་འབྱོར་ཏིང་འཛིན་ཞེན་པ་ཅན། །དམ་པར་རང་རིག་འོད་གསལ་བ། ། དབྱིངས་ཉིད་རྣམ་དག་ཡེ་ཤེས་ལ། །ཀུན་རྫོབ་བྱིན་རླབས་དཀྱིལ་འཁོར་དག །ཡེ་ཤེས་སྣང་སྨྲ་དེ་ལ་དམིགས། །དེ་ཕྱིར་ལྟ་དགོངས་ཕྱི་རོལ་འགྱུར། །དེ་རྟོགས་ཁས་ལེན་གཙང་སྨྲར་ལེན། །ཆུ་ཡི་རལ་གྲི་ཕྱིས་པ་བཞིན། །སྤྱོད་པར་མི་ཕོད་ འཛིན་པ་ཅན། །དེ་ཉིད་སྒོ་ནས་ཕྱི་རོལ་སྤྱོད། །ཤིན་ཏུ་ནང་དོན་མ་གཏོགས་པས། །ཕྱི་རོལ་ཆ་ཡིས་བཅིངས་པ་ཡིན། །འོད་གསལ་བཞི་ལས་མཚན་མར་གཡོ། །སྣང་སྟོང་རེས་སློབ་ལམ་ལྔ་ཡིས། །ཐོབ་པ་དམ་པའང་བསྟི་བའི་གནས། །ཕྱི་ རོལ་གཉིས་སོགས་འབྲས་བུའི་ཕྱིར། །མཆིང་བུ་རིན་ཆེན་ཇི་ལྟ་བར། །ལམ་འབྲས་མ་འབྲེལ་འཁྲུལ་པར་ཟད། །གཙོ་མཆོག་བཤད་པར་ཁས་བླངས་པ། །རྒྱས་པར་གདམས་ཀྱི་གདེང་དུ་བགྱིས། །རྣལ་འབྱོར་ཆེན་པོ་ལྟ་བའི་དོན། །ཡོད་ ལས་བཙལ་ན་སྒྲོས་བཏགས་ཏེ། །མེད་ལས་བཙལ་ན་སྐུར་བཏབ་འགྱུར། །ཡོད་མེད་གཉིས་ལས་བཙལ་བྱས་ན། །དེ་ནི་ལུང་དུ་མ་བསྟན་འགྱུར། །དེ་ལ་གཞན་ཡང་འབྲེལ་མེད་པས། །ནམ་ཡང་རྙེད་པར་མི་འགྱུར་ཏེ། །མཐའ་ལ་རྩོད་ ཀུན་དེ་ལྟ་བས། །གསུམ་བྲལ་ཕྱོགས་གཅིག་མཐའ་བྲལ་བ། །རང་བློ་འཁྲུལ་པ་སྣང་བ་ཡིན། །དེ་བས་མཐར་ཐུག་ལྟོས་ཡོད་པ། །ཀུན་ཀྱང་མཐའ་ཡིས་བྲལ་བའང་མཐའ། །ཡིན་ཕྱིར་ངེས་པའི་བློ་མི་བཞག །གཉིས་མེད་སྨྲས་བསམ་བྲལ་བ་ལྟོས། ། ཚིག་དང་སྒྲ་མཐུན་ཐ་དད་པ། །ལྟ་སྤྱོད་ལོག་པར་དྲངས་ཐབས་སུ། །གསུང་ཕྱིར་རྡོ་རྗེ་ཐེག་ཆེན་པོ། །སྒྲ་གཅིག་དོན་གྱི་ཁྱད་པར་རྟོགས། །དང་པོ་ཆོས་ཀུན་གནས་བུབས་ཉིད། །དང་པོར་མཚན་ཅིང་དངོས་བཟློག་དང་། །གཉིས་པར་ཡང་དག་ བདེན་བྲལ་དོན། །མཚོན་ཕྱིར་མ་སྐྱེས་དེ་བཞིན་ཉིད། །སྟོང་པ་ཉིད་དང་སྣང་བ་མེད། །གཉིས་སུ་མེད་དང་མཉམ་པ་ཉིད། །ཅིའང་མིན་དང་སྨྲ་བསམ་འདས། །མི་གནས་མི་དམིགས་མི་རྟོག་དང་། །མཐའ་བྲལ་རྣམ་པར་དག་པ་དང་། ། མཚན་མེད་སྨོན་པ་མེད་པ་དང་། །ཆོས་ཉིད་ཆོས་ཀྱི་དབྱིངས་ཉིད་དང་། །སྤྲོས་བྲལ་འགྲོ་འོང་མེད་པ་དང་། །སྣང་དང་འགག་མེད་ཐོབ་པ་མེད། །གྲོལ་དང་ཐར་དང་ཐོབ་པ་དང་། །ཀུན་རྫོབ་དོན་དམ་བདེན་པ་དང་། །མ་ཆགས་པ་དང་རང་བཞིན་དང་། ། དངོས་མེད་ཞེན་མེད་རིག་པ་དང་། །བདག་མེད་གཞན་མེད་སྤྱོད་ཡུལ་མེད། །ལྟ་བ་རིག་པ་ཡེ་ཤེས་སོགས། །མཚོན་པའི་སྒྲ་གྲག་ཆོས་རྣམས་ཀྱི། །རང་རང་དོན་རྣམས་ཐ་དད་པ། །ཁྱད་པར་མ་འདྲེས་གསལ་བྱའི་ཕྱིར། །རིག་པས་མདོ་ ཙམ་ཕྱོགས་བརྗོད་པ། །དང་པོ་རྒྱུན་གྱིས་ལོག་རྟོག་ཆོས། །བཀག་བསལ་ཕྱོགས་གཅིག་མ་སྐྱེས་དང་། །དྲི་མར་མ་སྐྱེས་མཚན་མར་མིན། །ཆེད་དུ་བྱས་པ་མ་སྐྱེས་རྣམས། །སྐྱེས་སྤོང་མ་སྐྱེས་འདོད་པ་ཡིས། །སྲིན་བུ་བལ་བཞིན་བཅིངས་ པར་ཟད། །ཇི་སྙེད་ཐ་དད་ཆོས་རྣམས་ཀུན། །གཉིས་མེད་བླང་དོར་མེད་པ་ཡིས། །ལྟག་པ་མ་གོ་དོན་མཆོག་ནི། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །དབྱིངས་ཕྱོགས་མ་སྐྱེས་དེ་བཞིན་ཉིད། །རིག་པ་ཉིད་དང་ཡོད་ཡེ་ཤེས་འདོད། །བླང་དོར་མེད་པའི་དེ་ བཞིན་ཉིད། །གཉིས་མེད་མ་བྱས་མ་བཅོས་པ། །སྨྲ་བསམ་འདས་པའི་གཙོ་མཚོ་སྐྱེས། །དེ་བཞིན་སྟོང་ཉིད་ཞེན་པའང་། །ཕྱོགས་སྟོང་གསལ་སྟོང་ལ་སོགས་ལས། །རྣམ་པའི་མཆོག་ལྡན་སྟོང་ཆེན་པོ། །ཡོད་པ་ཉིད་ནི་སྟོང་པ་ཉིད། །ཡོད་དང་ མེད་དབུས་སྨྲ་བསམ་འདས། །ངོ་བོ་རང་བཞིན་མཚན་ཉིད་དང་། །བྱིན་རླབས་ལ་སོགས་ཁྱད་པར་འཕགས། །སྣང་བ་མེད་ཅེས་བརྗོད་པ་ཡང་། །མ་རྟོགས་པ་དང་ལོག་པར་རྟོགས། །སྣང་ལ་མེད་ལྟ་བུས་པ་མེད། །ཕྱོགས་གཅིག་སྣང་མེད་ཕྱོགས་རིས་མེད། །བརྫུན་པ་ གསལ་བ་སྣང་མེད་དང་། །སྣང་བ་དྲི་མ་མེད་པ་དང་། །མཚན་སྣང་མེད་པ་ལ་སོགས་པ། །ཆེད་བྱས་སྣང་རྟགས་ཀུན་པར་ཟད། །སྣ་ཚོགས་སྣང་བ་དང་བཅས་པའི། །སྣང་བ་མེད་པའི་མཆོག་འདི་ནི། །སྣང་བ་ཡང་མེད་དབྱེར་མེད་ པས། །འདི་ལྟར་སྣང་ཞེས་བསམ་དུ་མེད། །གཉིས་སུ་མེད་པར་བསྟན་པ་ཡང་། །ཕྱོགས་སྟོང་གཉིས་མེད་ཡུལ་སེམས་མེད། །ཕྱོགས་གཅིག་བྲལ་བའི་གཉིས་མེད་པ། །དེ་ཀུན་གཉིས་པའི་གཙོ་མཆོག་གོ། །དོན་དམ་འདོད་པ་ཡོད་ཕྱིར་རོ། །རྒྱུ་འབྲས་ གཉིས་སུ་མེད་པ་ཡང་། །བྱ་བ་རྣལ་འབྱོར་དོན་དམ་པར། །གཉིས་མེད་དང་དུ་ལེན་པའང་། །རེས་འཇོག་ལྟོས་པའི་ཕྱོགས་གཅིག་པའོ། །གཉིས་པར་གྲགས་པའི་ཆོས་སོ་ཅོག །ལྡན་བཞིན་གཉིས་སུ་མེད་པ་ཡིས། །ལྷུན་གྲུབ་བླང་དོར་མེད་པ་དང་། །གཟུགས་ བརྙན་ནོར་བུས་མཚོན་པའོ། །ཚེ་ཕྱིར་མཉམ་ཉིད་གསུངས་པ་དང་། །འདྲ་བའི་མཉམ་པ་མི་མཉམ་ཆོས། །མི་མཉམ་བྲལ་བའི་ཕྱོགས་མཉམ་ནི། །མཉམ་པའི་མཐའ་ལ་གནས་པས་ལོག །གསང་ཆེན་མཉམ་པ་ཆེན་པོ་ནི། །མི་མཉམ་ཆོས་ཀུན་བདག་ཉིད་ལ། ། མཉམ་དང་མི་མཉམ་ཆ་ཤས་མེད། །མཉམ་པ་ཀུན་གྱི་ཡང་རྩེ་ཡིན། །གཞན་སེལ་དོན་དུ་གཉེར་བའི་ཕྱིར། །ཅི་འང་མིན་པར་བཀའ་སྩལ་པའང་། །རིག་པས་མ་ཡིན་ཤེས་པ་ལ། །ཡིན་པར་སྣང་ལ་སྐྱོན་ལྟ་བར། །མཐའ་སེལ་ཕྱོགས་གཅིག་མ་ཡིན་དང་། །དམིགས་ པ་མ་ཡིན་ཀུན་ཀྱང་མཐའ། །བླང་དོར་མེད་སོགས་མི་གསུམ་ལྡན། །ཅིའང་མིན་ཞེས་བརྗོད་པའང་། །ཅིའང་ཡིན་པའི་དངོས་གཞི་ཅན། །ཡིན་མིན་དབྱེར་མེད་ཆ་ཤས་བྲལ། །ཕྱོགས་སུ་ཐུག་པ་འདི་ལ་མེད། །རྨ་བྱའི་མདོངས་རྩེ་ཁ་དོག་འདྲ། །དགོས་ཆེད་སྔོན་ བཞིན་སྨྲ་བསམ་འདས། །བདེན་པ་ཕྱོགས་གཅིག་དེ་བཞིན་པ། །མཁུར་བར་ཆུ་བླུགས་བཞིན་འདོད་ལ། །ཕྱོགས་ཆོས་སྨྲ་བསམ་ཡུལ་ལས་འདས། །རྟོག་གེའི་ཡུལ་དུ་ང་སྨྲའོ། །མི་གསུམ་ལྡན་པའི་དོན་མཆོག་ནི། །སྨྲ་བསམ་ཀུན་དངོས་སྨྲ་བསམ་དཀའ། བློ་དན་ཡུལ་དུ་མ་གྱུར་ལས། །ནམ་མཁའ་འདི་ཞེས་དཀའ་དང་འདྲ། །ལོག་རྟོག་ཕྱོགས་རིགས་རྣལ་འབྱོར་དང་། །ཕྱོགས་གསལ་མི་གནས་རྟེན་པ་ཅན། །ཕྱི་པའང་འཛིན་པའི་གཞི་ཅན། །གནས་པའི་གཙོ་བོར་བདག་གིས་བརྗོད། །བླང་མེད་དོར་མེད་མི་གནས་ པ། །བསྒོམ་བྱ་སེམས་ཕྱིར་རྟེན་བྲལ་བ། །གནས་དང་མི་གནས་སྤོང་ལེན་མེད། །ཅི་ལའང་ཡིད་རྟེན་མི་འཆའ་བས། །མི་གནས་ཉིད་ལ་གནས་མི་བྱེད། །རྟེན་དང་རྟེན་ཅན་མེད་པ་ནི། །མི་གནས་ཆེན་པོ་མཆོག་ཡིན་ཏེ། །ནམ་མཁའ་ལྟ་བུ་རྟེན་དང་བྲལ། །གང་ གི་མི་དམིགས་ཤེས་བརྗོད་པའང་། །ལོག་དང་འཇིག་རྟེན་ཏིང་འཛིན་དང་། །འགོག་གཉིས་ཕྱོགས་གཅིག་ལ་གནས་དང་། །དབུ་མ་བ་དག་མི་དམིགས་གསུམ། །འདོད་ལས་གསེལ་བའི་དམིགས་པ་ཅན། །ཕྱོགས་གཅིག་རྟེན་མེད་དམིགས་པའོ། །དམིགས་ པ་ཀུན་བདག་མི་དམིགས་ལ། །མཚོན་ཆེན་ཅན་དུ་དེ་བརྗོད་ཀྱང་། །མི་དམིགས་འདོད་པའི་ཆགས་པ་མེད། །དམིགས་སྤོ་ཞེ་སྡང་ཕྲག་དོག་མེད། །གཉིས་སུ་མེད་པར་མི་དམིགས་ལ། །མཁའ་ལ་འདི་ཞེས་དམིགས་བྲལ་འདྲའོ། །རྣམ་པར་མི་རྟོག་བརྗོད་པའང་། ། འཇིག་རྟེན་ཞེན་པའི་རྣམ་མི་རྟོག །ལོག་པར་སྒོམ་པ་མི་རྟོག་དང་། །བྱིས་པ་དགག་སྒྲུབ་མི་རྟོག་གཉིས། །ཕྱོགས་འཛིན་གསལ་བ་མི་རྟོག་པ། །རྣམ་དག་གསལ་བ་མི་རྟོག་རྣམས། །བཞི་ལ་རྟོག་པ་མེད་སྨྲ་ཞིང་། །མི་རྟོག་མི་མཐུན་བགེགས་ལྟ་བས། །དགག་ སྒྲུབ་བླང་དོར་བྱེད་པ་དེ། །ངེས་མཆོག་བཞི་ཡི་རྟོག་པ་ཅན། །ཐབས་ཆེན་རྣམ་པར་མི་རྟོག་པ། །རྟོགས་ཚོགས་མིང་ཙམ་ཡེ་ཤེས་ཕྱིར། །རྟོག་པ་ཉིད་ནས་མ་སྐྱེས་པས། །སྐྱེས་བརྡའི་འདུ་ཤེས་དབྱེ་བ་མེད། །དགག་དང་སྒྲུབ་མེད་མི་རྟོག་པ། །མི་རྟོག་ཉིད་ དུའང་རྟོག་མེད་པས། །མེ་ལོང་ནང་ལ་རྟོག་མེད་བཞིན། །གྲོལ་རྟོགས་བྱ་ཕྱིར་མཐའ་བྲལ་བ། །མཐའ་ཞེས་ཐུབ་པར་གྲགས་པ་རྣམས། །ལོག་པའི་མཐའ་གཉིས་བྲལ་གཟུགས་མེད། །སྐྱེ་འགག་ཆ་ཤས་བྲལ་བ་དང་། །རང་རིག་མཐའ་བརྒྱད་བཞི་གཉིས་བྲལ། མཐའ་ལ་སྐྱོན་དུ་རྟོག་བྱེད་ཅིང་། །མཐའ་བྲལ་ཡོན་ཏན་ལེན་བྱེད་པ། །ལྟོས་པས་ཐུབ་པ་ཡོད་པའི་ཕྱིར། །མཐའ་བྲལ་ཉིད་ཀྱང་མཐའ་ཡི་གཙོ། །ཀུན་རྫོབ་ཤེས་ཡུལ་བྱེད་པས་འཁྲུལ། །ཡང་དག་མཐའ་བྲལ་ཤེས་ པའང་། །མཐའ་བརྒྱད་ལ་སོགས་གྲགས་པ་རྣམས། །རང་རིག་ཡེ་ཤེས་སྣང་བའི་ཕྱིར། །སྤྲོས་པ་ཐུགས་རྗེའི་དུས་ཉིད་ན། །མིང་ཙམ་དེར་རེད་མེད་པའི་ཕྱིར། །མཐའ་དང་བྲལ་བ་གཉིས་སུ་མེད། །སྨན་ཞེས་བྱ་བའི་ག་བུར་དུས། །གྲང་བའི་དུག་ དང་གཉིས་མེད་ལྟར། །བྲལ་རྗེས་བརྗོད་པ་དེ་ཁོ་ན། །ཐུག་པའི་མཐའ་དང་དབྱེར་མེད་ལ། །གང་དུའང་ཐུག་པ་མེད་པའི་ཕྱིར། །མཐའ་བྲལ་བླ་མར་བཤད་པ་ཡིན། །རྣལ་འབྱོར་དག་པ་སྦྱང་བྱ་དག །མཐོང་སྒོམ་ལམ་གྱི་སྤང་བྱ་ཞིང་། །སྔགས་དང་ ཕྱག་རྒྱ་སྤྱོར་རིམ་དག །དག་འདོད་དྲི་མེད་ཆགས་པས་བཅིངས། །ཐུག་པའི་རྣམ་དག་ཞེན་པ་ཅན། །རང་རང་ཀུན་ཏུ་བཏགས་པས་ནོན། །འོག་མས་སྨད་པའི་དྲི་མ་རྣམས། །དྲི་མ་ཉིད་ན་རྣམ་དག་ཅིང་། །བླང་དོར་གཉིས་སུ་མེད་པ་ལ། །དག་དང་མ་ དག་རིས་མེད་པས། །ཐེག་པ་ཀུན་གྱི་ཡང་ཀྱེ་སྟེ། །འདམ་སྐྱེས་པདྨ་ཇི་བཞིན་ནོ། །མཚན་མ་མེད་པའི་རིམ་པ་ཡང་། །གྲགས་པའི་མཚན་མེད་འདོད་པ་ཡིས། །སྤང་དང་སྤེལ་བས་ཕྱོགས་གཅིག་པ། །འདུ་ཤེས་ཡུལ་ལ་སྐྱོན་ལྟ་ཞིང་། །དེ་ མེད་པ་ལ་མཆོག་གཞོལ་བྱེད། །འདོད་དང་ཞེན་པའི་གཟུང་འཛིན་ཅན། །ཕྱི་ཡི་བྱ་བ་རྣལ་འབྱོར་ཀྱང་། །དེ་ཕྱོགས་མཐུན་མཚན་ཕྱིར་ན་བརྫུན། །མཆོག་གི་མཚན་མ་མེད་ཅེས་པ། །འདུ་ཤེས་ཀུན་བདག་རང་རིག་ཕྱིར། །ཡུལ་མེད་དེ་ལ་འཛིན་པ་ མེད། །དེ་ནས་ཕྱོགས་ཀྱི་མཚན་འཛིན་བྲལ། །དེ་བཞིན་སྨོན་པ་མེད་པ་ཡང་། །བློ་ཆུང་ལྟོས་པའི་སྨོན་བྱེད་དང་། །བསལ་དང་ལེན་དང་སྨོན་མེད་གསུམ། །འདོད་པས་ཞེན་པ་སྨོན་པ་ཡིན། །སྨོན་པ་ཀུན་རྫོགས་རང་རིག་ཉིད། །ལམ་དང་ འབྲས་བུ་དངོས་གཞིའི་ཕྱིར། །འཕྲུལ་དགའི་ལོངས་སྤྱོད་ཚུལ་བཞིན་དུ། །གཞན་དུ་རེ་སྨོན་སྐྱེ་བ་མེད། །ཆོས་ཉིད་དབྱིངས་ཞེས་བརྗོད་པའང་། །སྤྱོད་ཡུལ་འདི་དག་མེད་སྟོང་ཞིང་། །གསལ་བྲལ་སྟོང་པའི་ཆོས་དབྱིངས་དང་། །རང་རིག དག་པའི་ཆོས་ཉིད་དང་། །མཚན་ཉིད་མེད་པའི་དབྱིངས་སོགས་པས། །ཞེན་ཡུལ་ཆོས་ཅན་མཐའ་ལས་རིལ། །སྟོང་ཉིད་མུ་མཐའ་མེད་སོགས་སྨྲ། །རང་རིག་རྟགས་མཐོང་དབྱིངས་ཤེས་བྱ། །གསང་སྔགས་ཆེན་པོའི་ཆོས་ཉིད་དབྱིངས། །ཆོས་ ཅན་མ་གོལ་དམིགས་པའང་མེད། །བྱར་མེད་བྱས་མེད་བསླད་པའང་མེད། །འདི་དང་འདི་ཞེས་རིས་མེད་པ། །ཆོས་ཉིད་དམ་པ་དེ་ཁོ་ནའོ། །ཀུན་འབྱུང་མུ་མེད་བརྡ་ཁྱབ་མེད། །གང་ཡང་མ་སྤངས་བཀོལ་བ་མེད། །ཕྱོགས་ཚད་མེད་དེ་བློས་རིག་མེད། ། དེ་ཕྱིར་གསང་བའི་དབྱིངས་ཞེས་བྱ། །རྣམ་མྲངས་ཆོས་དེ་ནམ་མཁའ་དང་། །མཐུ་ཡོད་ཕྱིར་ན་ཉེར་སྤྱར་བའོ། །སྤྲོས་བྲལ་ཤེས་པར་བྱ་བའང་། །ལོག་རྟོག་ཞེ་ན་སྤྲོས་པ་རྣམས། །སྐྱོན་ཤེས་སེལ་བའི་ཕྱོགས་གཅིག་པ། །ཕྱོགས་གཅིག་སྤྲོས་པའི་ མཐའ་ཐུབ་བཅིངས། །རང་རིག་ཡེ་ཤེས་སྤྲོས་པའང་། །སྤོང་ལེན་བྱེད་ན་སྤྲོས་པའི་མཐའ། །ཐིག་ལེ་ཀུན་ནས་བཟླུམ་པ་ལྟར། །སྤྲོས་པ་ལྷུན་འགྲུབ་སྤྲོས་བྲལ་ནི། །ཇི་སྙེད་སྤྲོས་པ་སེམས་ཉིད་ཕྱིར། །རྒྱུ་འཛིན་མེད་པའི་བྱང་ཆུབ་སེམས། །མིང་ ལྔ་ལྡན་པའི་ཡེ་ཤེས་ནི། །དེ་ཉིད་ཆོས་དབྱིངས་རང་བྱུང་སྟེ། །མི་གནས་ཤེས་པ་ལྷུན་འགྲུབ་པ། །དེ་ཁོ་དེ་བཞིན་ཉིད་དམ་པའོ། །ཡུལ་དང་ངོ་བོས་སྤྲོས་མེད་ཕྱིར། །སྤྲོས་བྲལ་ཀུན་གྱི་བློར་འགྱུར་ཡིན། །འགྲོ་དང་འོང་བ་མེད་པ་འདི། །ཞེན་ལོག་འགྲོ་འོང་དམ་ པར་མེད། །ཐུན་མོང་ཕྱོགས་གཅིག་འགྲོ་འོང་མེད། །དག་དང་འོད་གསལ་འགྲོ་འོང་མེད། །འགྲོ་འོང་ཕྱོགས་ལ་སྨོད་བྱེད་ཅིང་། །འགྲོ་འོང་མེད་ཕྱོགས་རྗེས་འབྲངས་པ། །ཤེས་བྱ་ཤེས་བྱེད་ཡ་ཆ་བ། །དམ་པའི་ལམ་དུ་གང་ལ་འགྱུར། །འགྲོ་འོང་ ཀུན་དང་གཉིས་མེད་པའི། །འགྲོ་འོང་མེད་པ་ཆེན་པོའོ། །འགྲོ་འོང་ཉིད་ན་མེད་པའི་ཕྱིར། །འོང་དང་མི་འོང་ཡོད་མེད་མེད། །རྒྱ་མཚོར་འབྲེལ་པའི་འབབ་ཆུ་བཞིན། །ཡོད་མེད་མཐའ་ཡི་པ་མེད། །རྟག་པ་འཁྲུལ་སྣང་ ལོག་སྣང་དང་། །ཕྲ་རབ་སྟོང་འཁྲུལ་རྣམ་སྣང་དང་། །སྒྱུ་སྣང་ལྟར་སྣང་རིམ་པ་དག །ཡོད་སྣང་ལ་སོགས་འདུས་སྣང་དང་། །བདག་རིག་རང་བཞིན་རྐྱེན་བསླངས་པས། །ལྷག་སྣང་འདོད་པས་འཁྲུལ་མཐོང་ཡིན། །སྣང་མེད་སྣང་བ་ ཀུན་བདག་ཉིད། །རང་རིག་ཡེ་ཤེས་ཆོ་འཕྲུལ་ནི། །རྒྱ་མཚོ་ཆུ་དང་རླབས་བཞིན་དུ། །བྱང་ཆུབ་སེམས་ཉིད་ཀུན་ཏུ་ཤར། །འགག་པ་མེད་པའི་བྱེ་བྲག་ནི། །མེད་ན་མི་འགྱུར་འགག་མེད་དག །བློ་བུར་ཙམ་སྣང་མི་འགོག་དང་། །འབྲས་བུ་རྡོ་རྗེའི་ འགག་མེད་གཉིས། །འགག་སྤོང་དེ་དང་བྲལ་འདོད་ན། །འགག་མེད་མཐའ་ལ་ཞེན་པར་ཟད། །གཉིས་མེད་འགག་པ་མེད་པ་ནི། །རང་བྱུང་ཡེ་ཤེས་རང་སྣང་ཕྱིར། །འགག་པ་ཉིད་ན་འགག་མེད་པས། །ནམ་མཁའ་ལྟ་བུར་སྐྱེ་འཇིག་མེད། ། འདོད་པ་ཞེན་པ་ཐོབ་པ་དང་། །སྤངས་ཐོབ་སྦྱངས་ཐོབ་བགྲོང་པ་དང་། །བདག་ཡིན་ལས་རུང་ཐོབ་པ་དག །འདོད་པས་སྤངས་ཐོབ་ཕྱིར་ན་རྫུན། །ཐོབ་པ་མེད་པའི་ཐོབ་པ་ནི། །མཚན་ལྡན་ལོང་བ་མིག་ཕྱེད་བཞིན། །ཐབས་ལ་རྟེན་པའི་ཤེས་རབ་ཉིད། ། འབྲས་བུས་ཤར་བར་ཟད། །གཞི་ཙམ་ཉིད་ལ་སྤང་ཐོབ་མེད། །ཆེད་དུ་ཕྱེད་པའི་ཐོབ་མེད་གཉིས། །ལན་ཅིང་ཆགས་པ་ཡོད་པའི་ཕྱིར། །ཐོག་མེད་ཞེན་པ་ལྕགས་སྒྲོག་ཅན། །བདག་ཉིད་ཆེན་པོ་ཐོབ་མེད་ནི། །འབྲས་བུ་ཀུན་བདག་རང་རིག་ལ། །གཉིས་ ཕྱིར་ཐོབ་བྱའི་ཆོས་མེད་དེ། །དབུལ་མོ་གཏེར་དང་ཕྲད་ནོར་བཞིན། །བྱེད་པོས་བགྲོལ་དང་སྐག་གྲོལ་དང་། །སྦྱངས་པ་གྲོལ་བ་ཕྱོགས་གཅིག་པ། །ཐུན་མོང་མིན་པའི་བལྟས་གྲོལ་བ། །འཆིང་གྲོལ་གཉིས་སུ་བལྟས་པས་བཅིངས། །བདག་ ཉིད་ཆེན་པོར་དབྱེར་མེད་པ། །སུས་ཀྱང་མ་བཅིངས་བཅིངས་མེད་དེ། །བཅིངས་པར་བྱ་བ་མེད་གཉིས་གྲོལ། །མཁའ་ལ་འདུད་མེད་ཇི་ལྟ་བུའོ། །མ་རིག་ཉོན་མོངས་ལས་སྡུག་བསྔལ། །ཆུ་བོ་བཞི་ལས་ཐར་པའང་། །ཤིན་ཏུ་རིང་དང་རྒྱུད་པ་ དང། །བཀག་སྤངས་གསལ་བས་ཐར་པ་དང་། །ཟིལ་གནོན་སྦྱོར་བས་ཐར་འདོད་པ། །འདོད་པའི་རྒྱ་མཚོར་ཆུད་པའི་ཕྱིར། །རྩོལ་བའི་ཆུ་རྒྱུན་ཕྱོགས་ཆ་ཁྱེར། །མཆོག་དང་རིང་བའི་ལོག་ལྟ་ཅན། །ཆུ་བོ་བཞི་ཉིད་ལམ་འབྲས་ཕྱིར། ། ཐབས་དང་ཤེས་རབ་ལས་ཉིད་ཀྱི། །ཆུ་བོ་ཉིད་ལ་རོལ་སྤྱོད་པས། །བརྒལ་བ་མེད་པར་རྣམ་པར་ཐར། །ཆུ་ལ་ཉ་ཆེན་འཕྱོ་བའམ། །སྨན་སྔགས་ལྡན་པའི་དུག་ནད་འདྲའོ། །ལོག་པའི་ཀུན་རྫོབ་རྣམ་གཉིས་དང་། །འཁྲུལ་པ་གཞན་ དབང་ཀུན་རྫོབ་རྣམས། །རིག་པ་བཞིས་བཅུས་བདེན་ལྟ་བའང་། །ཡོན་ཏན་རླབས་འབྱུང་ལྔ་ཡི་འཁོར། །ཚུལ་མཐུན་རིག་པས་འབྲས་བུར་ལྟ། །ལྷག་པ་ཀུན་རྫོབ་དོན་དམ་གཉིས། །བཤད་པ་བཞིན་དུ་ཤེས་པར་བྱ། །ཐུན་མོང་དོན་དམ་བྱེ་ བྲག་ཀྱང་། །བཤད་པ་ཆ་ཡིས་ཤེས་པར་བྱ། །རྒྱ་མཚོ་དངས་པར་གཟའ་སྐར་བཞིན། །བདེན་གཉིས་སྣང་སྟོང་དབྱེར་མེད་པ། །ཕྱོགས་བལྟའི་མཐར་ཐུག་མེད་པ་ནི། །དེ་ཀ་རང་བཞིན་རྒྱུད་ཉིད་དོ། །ཞེན་པའི་ཡུལ་ལ་མ་ཆགས་པའང་། །ཚིམ་ དང་སྙིང་པོ་བར་ཆད་སོགས། །ཆགས་མེད་འཁྲུལ་དང་ལོག་པ་དང་། །བཀག་སྤངས་ཕྱོགས་གཅིག་ཆགས་པ་དང་། །བཟློག་དང་གཏང་སྙོམས་ཆགས་མེད་དང་། །བཞི་པོ་ཆགས་མེད་ཆགས་པས་བཅིངས། །ཆགས་མེད་བླང་དོར་མེད་པ་ནི། ། ཆགས་པ་ཉིད་ན་ཆགས་མེད་པས། །ཐབས་དང་ཤེས་རབ་གདེང་ལྡན་པས། །པདྨ་ལ་ནི་དེ་བཞིན་ནོ། །ཀུན་བརྟགས་རང་བཞིན་ཆོས་རྣམས་ནི། །རྒྱུད་སྤངས་ཕྱོགས་གཅིག་རང་བཞིན་མེད། །ཕྱོགས་གཅིག་མཐའ་ཡི་རང་བཞིན་དང་། །ཆོས་ ཉིད་མཚན་ཉིད་ལ་སོགས་པ། །རང་བཞིན་ཡོད་འདོར་མེད་བསྒྲུབ་ཕྱིར། །སྤོང་ལེན་མཐར་གྱུར་རང་བཞིན་ཅན། །ནམ་མཁའ་དངས་པའི་དུས་ཉིད་དང་། །འཇའ་སྤྲིན་ཚོགས་ཀྱི་རང་བཞིན་ལྟ། །བརྟགས་པའི་རང་བཞིན་ཐམས་ ཅད་པ། །དེ་ཉིད་སྣང་ཕྱིར་གཉིས་མེད་པའོ། །དེ་བཞིན་དངོས་པོ་མེད་པ་དང་། །ཞེན་པ་མེད་ཅིང་གྲགས་པ་རྣམས། །ཡེ་མེད་སྔ་ལ་གཅིག་མེད་གཅིག་ལ་གཅིག །མེད་དང་ཞིག་མེད་འདོད་ལྟ་བ། གཞི་ལ་གཉིས་པ་མེད་འདོད་པ། །མི་སྲིད་གཞི་ཡི་དཔེས་མཚོན་པར། ། འདོད་པ་སྣང་རིས་མི་མཐུན་པར། །ལྟ་བ་སྔོན་བཞིན་རྒྱུ་རིམ་བཞིན། །དེ་ཉིད་འབྲས་ལྟའི་རིམ་པ་གཉིས། །དྲུག་པོ་འདས་པའི་མཐར་ཞེན་ཅིང་། །ཕྱོགས་གཅིག་གཞི་ལ་གང་ལྟ་བ། །སྣ་ཚོགས་སྣང་བའི་གཞི་མི་རུང་། །དེ་དེས་མར་མེ་གསལ་དུས་ན། །མུན་པ་ མ་སང་སྒྲོལ་མེད་དེ། །གསལ་ཉིད་གཉིས་སུ་མེད་པར་ལྟ། །དངོས་ཞེན་མ་རིག་ཡེ་ཤེས་པ། །སྤངས་དང་མི་གནས་འགལ་བ་མེད། །ཡིད་བཞིན་ནོར་བུའི་ཡོན་ཏན་ལྟར། །དངོས་གཉིས་ལྷུན་གྲུབ་ཅིར་ཡང་སྣང་། །ཆོས་ཀུན་གཞི་ཞེས་དེ་ཕྱིར་བྱའོ། །རྫུན་ལ་སོགས་ པའི་རིག་པ་ནི། །རྒྱུ་ཡི་གཞི་འདོད་བདེན་ལྟ་བ། །ཕྱོགས་གཅིག་ཡིན་གྱི་ངེས་འཇོག །འབྱུང་བའི་གཞི་རྩར་ཐེ་ཚོམ་མེད། །ཐམས་ཅད་ཡེ་ནས་དབྱེར་མེད་ལ། །རིག་དང་མ་རིག་བླང་དོར་མེད། །གཉིས་མེད་སྟོན་པའི་ལུང་མན་ངག །རིག་པས་འཚམ་པ་གོ་འབྱེད་ པ། །དཔའ་བོའི་ལག་ཆ་ཇི་བཞིན་དུ། །རྣམ་གྲངས་ཀུན་ཀྱང་རྟོགས་པའི་ཐབས། །རིག་པ་མེད་ཀྱང་ཐབས་ཀྱི་མཆོག །ཡིན་མིན་ཆོས་ལ་རྩོད་མི་བྱེད། །ཆོས་དང་གང་ཟག་བདག་མེད་པ། །དངོས་ལྟའི་བདག་མེད་ཉན་ཐོས་པས། །ཕྱོགས་ཙམ་སྟོང་ པའི་ཆོས་བདག་མེད། །རྒྱུན་སྣང་དོན་འགོག་བདག་མེད་དང་། །གསལ་བ་ཕྱོགས་གཅིག་བདག་མེད་དང་། །རིག་སྣང་བདག་མེད་ཡེ་ཤེས་སྣང་། །གསུམ་གཉིས་སྤོང་ལེན་བྱེད་པའི་ཕྱིར། །བདག་ཏུ་འཛིན་པའི་གཙོ་བོ་ཡིན། །ཕྱོགས་བཅུ་རང་ བྱུང་ཡེ་ཤེས་ལ། །རང་བྱུང་འདི་འདྲའི་དངོས་མེད་པས། །ཆོས་དང་གང་ཟག་ཡོད་མ་ཡིན། །ལ་ལར་ཉི་མའང་མུན་རྐྱེན་ལྟར། །བདག་མེད་ཡེ་ཤེས་བདག་ཀུན་ལྡན། །གཉིས་མེད་བདག་མེད་བདག་ཉིད་ཆེ། །མེད་མཐར་ཐུག་པ་འདི་ལ་མེད། །གཞན་མེད་སྤྱོད་ ཡུལ་མེད་པ་ཡང་། །ཕྲ་བས་གཞན་པའི་ཡོར་པོ་མེད། །ཟབ་པས་རྟགས་པའི་དཔྱོད་བྱེད་མེད། །གཞན་པ་སྟོང་པས་མེད་པ་དང་། །འཁྲུལ་པས་མེད་པའི་རྫུན་པས་མེད། །རིག་ཕྱིར་མེད་དང་ཡེ་ཤེས་ཕྱིར། །གཞན་མེད་པའང་དེ་བཞིན་ནོ། །དེ་བྲལ་ འདོད་ཕྱིར་ལྕགས་ཀྱི་དཀྲིས། །སྔོན་བཞིན་ཐམས་ཅད་ཡེ་ཤེས་ལ། །ངོ་བོ་གཅིག་ཕྱིར་ཆ་ཤས་མེད། །གཅིག་མཐའ་མེད་པས་ཀུན་ཏུ་ཤར། །གཉིས་སུ་མེད་པས་ཕུང་གསུམ་མེད། །དེ་ལ་སྨྲས་བསམ་མེད་པའི་ཕྱིར། །གཟུང་འཛིན་ལྕགས་ཀྱིས་བསྡོམས་ པ་མེད། །ལྷ་རིག་གཉིས་ཀྱི་སྔོན་བརྗོད་པ། །འདོད་པ་ཐ་དད་ཡུལ་མཐོང་བའོ། །ཤེས་རབ་སྤྱན་གྱི་ངོ་བོ་སྟེ། །ཁྱད་པར་བཤད་པ་ཉིད་དུ་ཟད། །མཐོང་བའི་ལམ་དུ་གཅིག་སྨྲ་བའང་། །བཤེས་གཉེན་རྐྱེན་ཕྲད་སྔགས་མཐོང་གི། །དེ་མེད་རང་གི་མངོན་ཤེས་ ཀྱིས། །མཐོང་ན་བཅུ་པའང་ཐོབ་པར་རིགས། །ལྟ་བའི་སྒྲིབ་པས་ཕྱེ་བའི་ཕྱིར། །ལས་དང་འབྲས་བུའི་ཁྱད་བར་ཆེའོ། །སྒྱུ་འཕྲུལ་དྲ་བའི་ཡེ་ཤེས་ལ། །བཅུ་དྲུག་གཉིས་སུ་འདོད་པ་དང་། །བཞི་དང་གཉིས་སུ་གནས་འགྱུར་འདོད། །རིག་པ་བཞི་དང་ ལྔར་འདོད་པ། །རང་རང་རྟོགས་པའི་དོན་མཐོང་ཕྱིར། །མུན་པའི་རབ་མཆོག་ཡིན་ཞེས་བརྗོད། །བརྒྱད་དྲུག་ཚོགས་བཞི་སྣང་བཅས་པ། །དཔྱོད་ཡུལ་དངོས་པོ་སྣང་ངོ་ཅོག །རིག་པས་དབང་བསྒྱུར་བཞིན་སྣང་དང་། །སོ་སོའི་ཇི་ལྟར་བརྟགས་སྣང་ དང། །ངོ་བོས་ངེས་པ་རེད་མེད་ཕྱིར། །སེམས་ཉིད་འབའ་ཞིག་སྣང་བ་ཡང་། །འཁྲུལ་དུས་རང་བཞིན་མ་འཁྲུལ་དང་། །སོ་སོ་ཤེས་པ་བརྒྱད་ཆོས་ཕྱིར། །མིང་གསུམ་ལྡན་པའི་ཤེས་གཅིག་སྟེ། །གཅིག་དང་དུ་མ་ཀུན་དངོས་པས། །ཡེ་ཤེས་ཀུན་ གྱི་བདག་ཉིད་པ། །ཆ་ཡི་ལྔ་དང་བརྒྱད་བརྗོད་པ། །རྩ་བ་རང་བྱུང་ཡེ་ཤེས་སོ། །ཡེ་ནས་ཤེས་པའི་བདག་ཉིད་པས། །མེ་ལོང་བལྟ་བའི་ཚུལ་བཞིན་དུ། །སྣང་སྟོང་ཆོས་སུ་གྲགས་པ་ཀུན། །ཁ་དོག་དབྱིབས་སོགས་རང་སྣང་བའོ། །རྟག་ ཆད་ཕྱིན་ཅི་ལོག་པའི་གྲངས། །དངོས་དང་ཐེར་ཟུག་སྐད་ཅིག་རྒྱུན། །མི་ཉམས་ངོ་བོ་ཉིད་རྟག་པ། །ཐ་མ་ཐེག་མཆོག་བཞེད་ཀུན་དང་། །ཞིག་མེད་ཡེ་ནས་ཆད་པ་དང་། །རྐྱེན་གྱི་རིང་ཆད་ལ་སོགས་པ། །མེད་བཞིན་སྔོན་བཞིན་གསུངས་པ་ཡང་། །ཆེད་དུ་བྱས་ པའི་རྟག་སྣང་ཟད། །སུམ་ཅུ་བརྒྱད་སོགས་མཐའ་རྣམས་ལ། །སྤོང་ལེན་བྲལ་འདོད་ཞེན་ཆགས་ཅན། །བདག་མེད་སྨྲ་བའི་བླང་དོར་མཁན། །བླང་དོར་མཐའ་ལ་མཁན་པོ་གནས། །མཆོག་འདིར་མཐའ་ཡི་གྲངས་དེའང། །འདུ་ཤེས་བཟློག་ཕྱིར་བརྗོད་པ་ ལས། །དེ་དག་ཉིད་དུ་འདོད་པ་མེད། །སེམས་ཕྱིར་མི་སྤོང་རྐུན་བུ་ཡང་། །སོ་སོ་ཕྱོགས་ཀྱི་མ་རེག་པས། །སྒྱུ་འཕྲུལ་དྲ་བའི་ངོ་བོ་ལ། །ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་བསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ན་རྣམ་པར་དག །དེ་ཕྱིར་ ལྷག་པ་ཞེས་སུ་བརྗོད། །རང་བཞིན་སྒྱུ་འཕྲུལ་དྲ་བའི་དོན། །སངས་རྒྱས་སེམས་ཅན་ཐམས་ཅད་ཀུན། །ངོ་བོ་གཅིག་པའི་དེ་ཁོ་ན། །དེ་ནི་གཅིག་གི་མཐར་ཐུག་འགྱུར། །ཅིར་ཡང་སྣང་བའི་ཡེ་ཤེས་ཉིད། །བཅོས་མེད་ངེས་པའི་དེ་ཁོ་ན། །ལྷག་པའི་ཡེ་ ཤེས་སྒྱུ་མ་དེ། །བྱས་འགྲོ་མེད་པར་ཅི་ཡང་འཁྲུལ། །ནམ་མཁའི་ཆོ་འཕྲུལ་མཚོ་རླབས་བཞིན། །སྣང་བའི་དུས་ན་སྣང་མེད་དེ། །དབྱེར་མེད་པ་ལ་རིམ་མི་ཕྱེད། །དེ་ཕྱིར་གཅིག་ཅེས་མཚོན་ཐབས་བརྗོད། །དེ་ཁོ་འདྲ་བའི་མཆོག་ཡིན་ནོ། །ཐ་དད་སྤོང་བའི་གཅིག་ འདོད་པ། །གཅིག་གི་མཐའ་ལ་ཞེན་པས་ནོར། །དག་པའི་འོག་ཏུ་གཅིག་པ་ལས། །མ་དག་གློ་བུར་སྣང་འདོད་པ། །ས་བོན་མེད་པའི་འབྲས་འདོད་པ། །ས་བ་རྟ་མཐོ་མི་ཐག་སྦྲུལ་ལྟར། །སྨིག་རྒྱུ་ཆུ་ཟླ་ལྟར་མེད་པས། །སྣང་ཞེས་རིག་པས་བསྒྲུབ་པ་ པ་ཡང་། །འཁྲུལ་ཏེ་དེ་ན་རི་བོང་རྭའང་། །འབྱུང་བ་ཉིད་དུ་ཐེ་ཚོམ་མེད། །གཞི་ལ་འདྲ་འཁྲུལ་ཆོས་ཡོད་ཕྱིར། །འདི་འདྲ་འཁྲུལ་པའི་ཆོས་མེད་ལྟར། །ལྷུན་འགྲུབ་དབྱེར་མེད་ངང་ལ་སྣང་། །འཁོར་འདས་སྣང་ཡང་གྲུབ་པ་མེད། །ཡོད་པ་སུན་འབྱིན་ ཆོས་འདི་ལ། །མེད་པར་སྨྲ་བ་བྱིས་པའི་བློ། །མེད་པར་སུན་འབྱིན་ཆོས་དག་ལ། །ཡོད་ལྟ་ཡིན་ཞེས་སྨྲ་བའང་ལོག །དབུས་འཛིན་སུན་འབྱིན་ཆོས་དག་ལ། །གཅིག་ཏུ་ལྟ་བུར་བྱེད་པའང་འཁྲུལ། །མཐའ་བྲལ་འཛིན་པ་སུན་འབྱིན་བ། དྲི་མས་ འགོས་འདྲ་ནོར་བའི་མིག །ཀུན་གྱི་འབྱུང་གནས་བྱེད་པའོ། །དེ་ཡིས་མ་བྱས་གང་ཡང་མེད། །ཁ་དོག་དབྱིབས་རིགས་ཀུན་དངོས་དང་། །ཁ་དོག་དབྱིབས་རིགས་གང་ཡང་མིན། །ཤིན་ཏུ་བརྟག་དཀའ་སུས་མི་རིག །རིག་མེད་དང་ལ་ ཐམས་ཅད་སྣང་། །བྱང་ཆུབ་སེམས་ཞེས་བརྗོད་པ་ནི། །སྐད་ཅིག་ཀུན་དངོས་རྒྱུད་མེད་ཕྱིར། །གང་ནས་མ་འོང་གར་མི་འགྲོ། །རྟོག་མེད་རང་རིག་ཁོ་ནའོ། །ཤེས་བྱར་གྱུར་པའི་ཆོས་སོ་ཅོག །རིག་པ་ཡེ་ནས་རང་གསལ་ཕྱིར། །རང་རིག་ཤེས་བྱ་ དམིགས་སྐྱེ་མེད། །དངོས་ཡུལ་ཙམ་ཡང་འདོད་མ་ཡིན། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི། །ཀུན་ལ་ཁྱབ་ཅིང་མི་གནས་པ། །ཁ་དོག་གནས་དབྱིབས་རིས་ཡོད་མིན། །ཡོན་ཏན་མཆོག་གི་སྙིང་པོ་ནི། །རྟོག་གེའི་སྤྱོད་ཡུལ་དེ་མ་ཡིན། །མཉམ་ པའི་དོན་ཉིད་ཇི་ལྟ་བུ། །མཉམ་ཉིད་རང་བཞིན་གང་ཡང་མིན། །གཉིས་ཕྱིར་མིན་ཞེས་བརྗོད་པ་ལས། །ཕྱོགས་གཅིག་མིན་པ་སྨྲ་བརྗོད་འདས། །ཞེན་པ་བཟློག་ཕྱིར་རྐྱེན་བཤད་མ་རྟོགས་པ། །ཆོས་ཀྱི་ངང་ལ་ཚིག་མེད་བརྗོད་མེད་པའང་། ། སྤངས་བསལ་མེད་ཕྱོགས་ལོག་གསུམ་བལྟ་བ་སྟེ། །རང་བཞིན་ངོ་བོ་མཚན་ཉིད་མཆོག་ལས་གོལ་བ་ནི། །འོག་མས་སྤངས་པའི་ལོག་རྟོག་གྲངས། །མཐའ་ཡས་མི་སྤོང་རང་རིག་ཕྱིར། །ལེན་པའི་ཆོས་རྣམས་བླང་དུ་མེད། །བླང་དོར་མེད་པའི་ དོན་མཆོག་ནི། །ཞེན་བྲལ་མཐའ་འདས་འཆིང་གྲོལ་སོགས། །བླང་བྱ་ཀུན་གྱི་མཆོག་ཡིན་ཏེ། །དེ་ཉིད་བདག་ཡིན་བླ་མེད་པ། །ཉམས་སུ་བླང་བའི་ཐབས་མཆོག་ཡིན། །སུས་ཀྱང་མ་བཅིངས་བཅིངས་མེད་དེ། །བཅིངས་ པར་བྱ་བ་ཡོད་མ་ཡིན། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཡིད་བཞིན་ནོར་བུའི་ཡོན་ཏན་ལྟར། །བདེན་གསུམ་དོན་ཀྱང་དེ་ལྟར་སྣང་། །དོན་དུ་བདེན་དང་མི་བདེན་ཞེས། །གཉིས་པའི་རྟོག་པ་རང་གིས་མེད། ། དེ་མཐོང་ཤེས་རབ་མཆོག་གི་སྤྱན། །དམིགས་པའི་ཡུལ་གྱིས་བལྟ་འདོད་པ། །གཟུང་འཛིན་ལམ་དུ་ཞུགས་པའི་ཕྱིར། །ནམ་ཡང་ལྷག་པའི་དོན་མི་མཐོང་། །རྟོག་པའི་ཡིད་དང་རྡོ་རྗེའི་ཡིད། །སྔ་མ་མི་སྤོང་མི་ལེན་ཏེ། །དེ་སོགས་བརྒྱད་པོའི་རིགས་ མེད་ཕྱིར། །བརྒྱད་བཞིའི་ཚོགས་རྣམས་གཅིག་ཡིན་ཏེ། །རང་རིག་ཚོགས་གཅིག་དབང་དྲུག་མཆོག །སོ་སོའི་རྒྱུད་དུ་དབྱེར་མེད་དེ། །བརྟགས་པས་ཐ་སྙད་སྣང་དུས་ན། །ངོ་བོ་གཅིག་པ་རྡོ་རྗེ་ཡིན། །ཡུལ་མེད་རང་གསལ་ཤེས་རབ་སྤྱན། །ཤེས་ པ་སྤྱོད་ཡུལ་གཉིས་སུ་མེད། །ཤེས་དང་ཤེས་པར་བྱ་མེད་པའི། །ཡེ་ཤེས་སྒྲོན་མེ་སྦར་བར་ནི། །རྒྱུ་མེད་རྒྱུན་ཏུ་རང་ཤར་བས། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མཐོང་། །ཐམས་ཅད་མཁྱེན་པའི་ཤེས་རབ་ཅན། །གོ་ཚིམ་མྱོང་རག་རིག་ སོགས་ཆོས། །མིང་གྲངས་དྲུག་བཞི་གཉིས་སུ་གྲངས། །དེ་ལྟར་ངེས་པའི་ལྟ་བ་ལ། །ཞེན་པའི་ལམ་དུ་འགྲོ་ས་མེད། །འཇུག་པའི་དུས་ན་གཅིག་པོ་ཉིད། །ངེས་པར་རང་གསལ་མི་གཡོ་ལ། །རྟོག་གེ་པ་དག་དེ་ལྟ་ན། །བོགས་དང་ཡོན་ཏན་དགག་ འགྱུར་ཞེས། །སོམ་ཉིས་ཟ་གཞིའི་ཡུལ་མིན་པས། །གཉིས་སུ་བསླབས་པ་གཅེས་པར་བྱ། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ། །བློ་རྩོལ་རབ་ཀྱིས་རྟོགས་འགྱུར་ཅིང་། །བརྗོད་བཞིན་ཤེས་པ་དེས་སྐྱེ་ཕྱིར། །ཟབ་བརྗོད་ཟབ་མོར་ངེས་པར་སྐྱེ། ཟབ་མོའི་ཚེ་ན་བློ་ཅན་གྱིས། །རང་གི་མཚན་ཉིད་མངོན་རྟོགས་ཕྱིར། །འདོད་པ་མེད་པར་ཞོར་བོགས་སོགས། །འབྱུང་བ་ཉིད་ན་གཡོས་པ་མེད། །རྣལ་འབྱོར་ཐབས་དང་ཤེས་རབ་ལམ། །རིམ་པར་མངོན་བྱས་སྟོབས་འགྱུར་ན། །དཔག་བསམ་ཤིང་དང་རིན་ཆེན་ ལྟར། །ངོ་མཚར་རྨད་འབྱུང་འབྲས་བུ་ལྔ། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་ན་ཤེས་རབ་ཉིད། །དེ་ལྟ་བུ་ཡི་དང་དུ་འབྱུང་། །ཡང་དག་རྫོགས་སངས་རྒྱས་ཤེས་བྱ། །རིགས་འཛིན་གསུམ་པའི་གང་དེ་ཉིད། །སྲིད་པ་ཐ་མ་མཛད་རྫོགས་པས། །ང་ཡི་ དབང་བསྐུར་མངོན་སངས་རྒྱས། །རྡོ་རྗེ་འཛིན་པར་ཐེ་ཚོམ་མེད། །སྐལ་བ་སྣོད་ཤེས་དད་བརྩོན་ཤེས། །མཆོག་རྣམས་ཀུན་གྱིས་རྟོག་བྱ་བགྱིས། །དེ་བཟློག་ཡུལ་མིན་སྒྲོ་སྐུར་ལ། །མིང་ཙམ་དོན་ཕྱིར་བསྟན་མི་བྱ། །བསྐལ་མུན་ནང་གི་རིན་ཆེན་ནོར། །སྒྲོན་མེས་རྙེད་ འགྱུར་དབུལ་སེལ་ལྟར། །སྐལ་བ་ཐུགས་ཀྱི་རིན་ཆེན་ནོར། །སྟོན་ཚིག་སྒྲོན་མ་འདི་རྙེད་ཤོག །ཐུགས་ཀྱི་སྒྲོན་མ་དཔལ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།༄། །ལྟ་བ་ཡང་དག་སྒྲོན་མ་བཞུགས། །༄༅༅། །དཔལ་ལྡན་ཐུགས་ཀྱི་དཀྱིལ་འཁོར་ཉི་མའི་ འོད་སྟོང་གིས། །ཤིན་ཏུ་འབར་བའི་ཟེར་ཙམ་བདག་བློ་མུན་པར་བྱུང་། །དབྱངས་དང་ཚིག་འདས་ནམ་མཁའི་མཚན་ཉིད་ལས་འདས་པའི། །རང་སེམས་སྐྱེ་མེད་ཟབ་མོའི་དོན་གྱི་ཕྱོགས་ཙམ་སྣང་། །རང་གིས་རྟོགས་པས་མཁས་པས་གསུངས་པའི་རྣམ་མང་བ། །རྟོག་ གེ་བདག་འདྲའི་སྤྱོད་ཡུལ་རྩོམ་པར་མི་འོས་ཀྱང་། །རིག་པའི་བརྗེད་བྱང་ཙམ་འདི་ངེས་དོན་མོས་རྣམས་ཀྱིས། །ཆོས་ཕྱིར་འབྲང་བའི་བློ་ཡིས་དཔྱད་ཅིང་གོམས་པར་བྱ། །བསྐལ་པ་མང་པོར་རྒྱལ་བ་རྣམས་ལ་ནི། །དགེ་རྩ་བསྐྱེད་ཅིང་རང་སེམས་སྦྱངས་པ་ཡིས། །རྣལ་ འབྱོར་དམ་པ་ངེས་པའི་ལུང་ཆེན་ལ། །ཤེས་རབ་མཆོག་ལྡན་རིག་པའི་མོས་བློ་གསལ། །རྣམ་པར་མི་རྟོག་དོན་དམ་རང་བཞིན་གྱི། །རིག་པའི་ཚུལ་ཆེན་སེམས་ཀྱིས་དམིགས་པ་ནི། །ལུང་དང་མན་ངག་རིགས་པས་ཐག་བཅད་དེ། །ཆོས་ཀྱི་རང་བཞིན་ཡང་དག་ཡིད་ ཆེས་བྱ། །ཇི་ལྟར་ནམ་མཁའ་ལ་ནི་ཐ་སྙད་དུ། །མིང་དང་ཚིག་གིས་རྗོད་པར་བྱེད་མོད་ཀྱི། །མཚན་མ་མེད་ཅིང་སྤྲོས་དང་བྲལ་བ་སྟེ། །ངོ་བོ་ཉིད་ཀྱིས་སེམས་ཀྱི་ཡུལ་ལས་འདས། །ཇི་ལྟར་སྨིག་རྒྱུའི་ཕུང་པོ་སྣང་བ་དག །སྣང་བ་ཉིད་ན་ནམ་མཁའི་རང་བཞིན་ ལྟར། །དེ་བཞིན་ཆོས་རྣམས་སྣ་ཚོགས་ལྟར་སྣང་ཡང་། །སྣང་བ་ཉིད་ན་མཚན་མ་ནམ་མཁའ་བཞིན། །རྒྱ་ཆེ་རབ་ཟབ་ཐེག་མཆོག་ཡངས་པའི་ལམ། །དོན་དམ་དམིགས་མེད་སྤྲོས་པ་ཀུན་ལས་འདས། །བདག་དང་ཆོས་ཀྱི་དབྱིངས་སུ་མཉམ་པ་ཡི། །དབུ་མའི་དོན་ཅན་བློ་ཡི་རྟིང་དུ་གོ་བར་བྱོས། ། ཡང་དག་དོན་དམ་ཅིག་ཅར་གོ་ནས་ནི། །ཡོད་མེད་ལ་སོགས་སེམས་ཀྱི་ཡུལ་འདས་ཤིང་། །རེ་དང་དོགས་པའི་མཐའ་ནི་རབ་སྤངས་ནས། །རྩོལ་བ་མེད་པའི་བརྩོན་འགྲུས་བརྩམ་པར་བྱ། །ཆོས་རྣམས་ཐམས་ཅད་ཡེ་ནས་རོ་གཅིག་ཕྱིར། །བསྒོམ་པ་དང་ནི་བསྒོམ་བྱའང་དམིགས་སུ་མེད། ། སེམས་ཉིད་ཡེ་ནས་ཆོས་ཉིད་ཡིན་ཤེས་ན། །ཆོས་ཀྱི་དབྱིངས་ཉིད་གཞན་དུ་བསྒོམ་མི་དགོས། །རྨི་ལམ་དག་གི་བདེ་དང་སྡུག་བསྔལ་དག །སད་པར་གྱུར་ན་རང་བཞིན་མཉམ་པ་ལྟར། །རྣམ་པར་རྟོག་དང་མི་རྟོག་གཉིས་ཀ་ཡང་། །ཤེས་པས་རིག་ན་རང་བཞིན་ཡོངས་ཀྱིས་མཉམ། ། དེ་ལྟར་དུས་གསུམ་རྣམ་པར་དག་པ་དག །རང་བཞིན་ཉིད་ལས་མ་འདས་ཤེས་ན་ནི། །སྒྲོ་འདོགས་གུས་པའི་རྗེས་སུ་མ་འབྲངས་ན། །རང་བཞིན་ངང་དུ་ཡོང་གིས་བཅོས་མི་དགོས། །ཇི་ལྟར་ནམ་མཁའ་མཚན་མ་མེད་པའི་ཕྱིར། །ནམ་མཁའ་དེ་ཉིད་བསྒོམ་པར་མི་འགྱུར་བཞིན། །ངོ་བོ་ ཉིད་ཀྱིས་མ་སྐྱེས་སེམས་ཀྱིས་ནི། །མ་སྐྱེས་དེ་ཉིད་བསྒོམ་པར་ག་ལ་འགྱུར། །མི་མཐུན་པ་དང་གཉན་པོ་དབྱེར་མེད་དོན། །རང་གིས་ཤེས་ན་རྩོལ་བ་ཀུན་སྤངས་ཏེ། །བཏང་སྙོམས་ཆེན་པོར་མ་བཅོས་ངང་བཞག་ན། །ཐ་སྙད་ཙམ་དུའང་བསྒོམ་ཞེས་དེ་ལ་བྱ། །སྐྱོན་དང་ཡོན་ཏན་ གཉིས་པོ་མ་སྐྱེས་ཕྱིར། །རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་། །མ་བཀག་རང་བྱུང་མ་འབྲངས་རང་ཞི་སྟེ། །མ་བཅོས་མ་བྱས་རང་གི་ངང་གིས་གསལ། །ལྟ་བ་ཡང་དག་སྒྲོན་མ་རྫོགས་སོ།། །།ཨཱ་ཙརྱ་དཔལ་དབྱངས་ཀྱིས་མཛད་པའོ།། །།༄། །མཐའི་མུན་སེལ་ སྒྲོན་མ་བཞུགས། ༄༅༅། །།ཆོས་རྣམས་སེམས་ཀྱི་འཁྲུལ་པ་སྟེ། །སེམས་ལས་མ་གཏོགས་ཆོས་རྣམས་མེད། །ཆོས་སུ་སྣང་བ་འཁྲུལ་པའི་སེམས། །རྟེན་འབྲེལ་སྒྱུ་མ་སྐྱེ་བ་མེད། །སྐྱེ་བ་མེད་ཅེས་བསྟན་པའང་། །དངོས་པོར་འཛིན་པ་བཟློག་ཕྱིར་ཏེ། །སྒྱུ་མ་ཡེ་ནས་སྐྱེ་མེད་ལ། ། སྐྱེ་མེད་སྙད་ཀྱི་སྒྲ་མི་གདགས། །ནམ་མཁའ་འདི་ནི་མེད་དོ་ཞེས། །བླུན་པོ་གང་ཞིག་རྟོག་པར་བྱེད། །མཁས་པ་སྔོན་ནས་ཡོད་མི་འཛིན། །མེད་པར་མི་རྟོག་ཚིག་མི་བརྗོད། །སེམས་ལས་མ་གཏོགས་ཆོས་མེད་ཕྱིར། །བསྒོམ་བྱའི་ཆོས་ཉིད་གུད་ན་མེད། །སེམས་ཀྱང་ཡེ་ནས་མ་སྐྱེས་ན། ། བསྒོམ་པ་པོའང་གང་ལ་ཡོད། །བརྗོད་པའི་རྩ་བ་སེམས་ཉིད་ནི། །མ་སྐྱེས་དངོས་གཞི་ཡོད་མིན་ན། །བསྒོམ་དང་བསྒོམ་དུ་མེད་པ་ཡི། །ཐ་སྙད་གང་ཞིག་གང་ལ་འཇུག །འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། །དེ་ནི་མ་སྐྱེས་རང་མི་དམིགས། །དེ་ལས་གཞན་པའི་སེམས་མེད་ཕྱིར། ། བཅོས་ཤིང་གནས་པ་གང་ཞིག་ཡོད། །འཁྲུལ་རྟོག་རྐྱེན་དང་ལྡན་གྱི་བར། །སྨིག་རྒྱུ་བཞིན་དུ་སེམས་སྣང་ན། །རང་བཞིན་ཤེས་པས་བཅོས་སུ་མེད། །མི་ཤེས་སྨིག་རྒྱུ་བཅོས་པ་བཞིན། །མི་རྟོག་མཚན་མེད་སེམས་རྣམས་ཀྱིས། །མ་རྟོགས་མཚན་མ་མེད་ལའང་གནས་མ་བྱེད། ། མཚན་མ་མེད་ལ་མི་གནས་ན། །མཚན་མར་གནས་པ་སྨོས་ཅི་དགོས། །བསྒྲུབ་པ་མེད་ཅིང་གནས་པ་མེད། །འདུ་བྱེད་མེད་པ་མཁའ་འདྲ་བས། །འདུ་བྱེད་ལས་བྱུང་བསམ་གཏན་སྐྱོན། །མ་ལུས་ཀུན་གྱིས་གོས་པ་མེད། །ཇི་ལྟར་རྟོག་མེད་ཟབ་མོ་ཞིག །བློ་ཡི་ཡུལ་དུ་སྣང་ཞེ་ན། །མི་ རྟོག་ཟབ་མོའི་ཉམས་མྱོང་བ། །མྱོང་བ་ཡིན་ཕྱིར་དེ་ཉིད་མིན། །ལྟ་བ་དགུམ་ཆུང་། མཐའི་མུན་སེལ་སྒྲོན་མ། བོད་ཀྱི་པཎྜི་ཏ་ཨཱ་ཙརྱ་གཉན་དཔལ་དབྱངས་ཀྱིས་མཛད་པའོ།། །།༄། །ཐབས་ཤེས་སྒྲོན་མ་བཞུགས། །༄༅༅། །དུས་གསུམ་རྒྱལ་བས་ཇི་ལྟར་ཐུགས་ཆུད་པའི། །ཆོས་ ཀྱི་རང་བཞིན་རིག་པའི་རྣལ་འབྱོར་པས། །མ་ཐོབ་ཐོབ་ཕྱིར་བརྩོན་པར་མི་བྱེད་ཀྱང་། །སྙིང་རྗེའི་བྱེ་བྲག་ཐབས་ཀྱི་སྤྱོད་པའང་སྟོན། །ཇི་ལྟར་མཁའ་ལ་འཇའ་ཚོན་རྣམ་མང་ཡང་། །ནམ་མཁའི་ངང་དུ་རོ་གཅིག་བྱེ་བྲག་མེད། །དེ་བཞིན་རྒྱལ་བའི་གཟུགས་སྐུ་རྣམ་མང་ཡང་། །ཡེ་ཤེས་དབྱིངས་ སུ་རོ་གཅིག་བྱེ་བྲག་མེད། །བདེ་གཤེགས་སྙིང་པོ་སེམས་ཀྱི་རང་བཞིན་ལ། །ཡུན་རིང་དུས་ནས་རྨོངས་པའི་སེམས་ཅན་རྣམས། །བདག་ཏུ་འཛིན་པའི་སེམས་རྒྱུད་སོ་སོར་སྣང་། །རང་བཞིན་ཉིད་ནི་རྒྱལ་བའི་ཆོས་སྐུར་གཅིག །ཡེ་ཤེས་སྒྱུ་མར་སྣང་བའི་སངས་རྒྱས་དང་། ། ལོག་རྟོག་སྒྱུ་མར་སྣང་བའི་སེམས་ཅན་གཉིས། །ཡེ་ཤེས་ལོག་རྟོག་ཁྱད་པར་བསམ་ཡས་ཀྱང་། །སྒྱུ་མ་ཡིན་ཕྱིར་རང་བཞིན་ཡོངས་ཀྱིས་མཉམ། །སེམས་ཅན་སངས་རྒྱས་བདེན་པར་ཚུལ་གཅིག་ཅིང་། །རང་གི་སེམས་ཉིད་སངས་རྒྱས་ཡིན་ཤེས་ན། །གཞན་ནས་བསྒྲུབ་པར་བྱ་ བ་ཅི་ཡང་མེད། །དེ་ལྟ་བས་ན་སྤང་བར་བྱ་བའང་མེད། །འདི་ལྟ་བུ་ཡི་ཆོས་ཀྱི་ཚུལ་རིག་ན། །མ་རིག་རྣམས་ལ་སྙིང་རྗེ་ཡོངས་ཀྱིས་སྐྱེ། །སྙིང་རྗེ་སྐྱེས་ནས་སྒྱུ་མའི་ཏིང་འཛིན་གྱིས། །ཕན་འདོགས་ཐབས་ཀྱི་སྤྱོད་པ་ཅིར་ཡང་སྟོན། །སངས་རྒྱས་དགོངས་པ་ཇི་ལྟ་བ། །སེམས་ཀྱི་རང་བཞིན་ གནམ་མེད་དེ་ལྟར་བསྒོམ། །ཐུགས་རྗེའི་འབད་པ་རབ་འབྱམས་ཇི་ལྟ་བ། །རྣལ་འབྱོར་ཐབས་ཀྱི་ཏིང་འཛིན་དེ་ལྟར་སྤྲལ། །བདག་དང་བདག་གིར་འཛིན་པ་མེད་པའི་ཕྱིར། །ཕ་རོལ་ཕྱིན་དྲུག་དམིགས་མེད་རྫོགས་པར་ལྡན། །ཐབས་ཀྱི་སྤྱོད་པས་གདུལ་བྱ་ཀུན་འདུལ་ཡང་། །སྒྱུ་མའི་བློ་ལྡན་ རློམ་སེམས་ཅི་ཡང་མེད། །མ་སྐྱེས་སེམས་ལ་སེམས་ཅན་མེད་པའི་ཕྱིར། །ངོ་བོ་ཉིད་ཀྱི་ཆོས་སྐུའི་ང་རྒྱལ་འཆང་། །ཆོས་ཀུན་སྒྱུ་མར་མངོན་སུམ་གསལ་བའི་ཕྱིར། །ཏིང་འཛིན་སྒྱུ་མས་ཅི་འདུས་དེ་ལྟར་སྟོན། །ཆོས་སྐུ་མཉམ་ཉིད་རྟོགས་ནས་འགྲོ་དོན་དུ། །བདེ་གཤེགས་བྱིན་རླབས་ཅིང་ ཡང་སྟོན་པ་ལྟར། །བདག་ཉིད་ཆོས་སྐུ་རིག་པའི་རྣལ་འབྱོར་པས། །ཐབས་ཀྱི་བྱེ་བྲག་ད་ནས་དེ་ལྟར་བརྗོད། །ཐབས་དང་ཤེས་རབ་ལྡན་པའི་སྒྲོན་མ་རྫོགས་སོ།། །།སློབ་དཔོན་དཔལ་དབྱངས་ཀྱིས་མཛད་པའོ།། །།༄། །རྣལ་འབྱོར་སྤྱོད་བའི་ལུགས་ངེས་པའི་དོན་ལ་ཇི་བཞིན་སྒོམ་ཐབས་ཀྱི་སྒྲོན་མ་ བཞུགས། །༄༅༅། །ཇི་བཞིན་པ་ཡི་ཆོས་བརྩོན་པར། །ཆོས་ལ་ཆོས་ནི་མི་འཇུག་སྟེ། །ཇི་ཙམ་ཟབ་པའི་ཚིག་བརྗོད་ཀྱང་། །དོན་དང་མཐུན་པར་མི་འགྱུར་རོ། །སེམས་ནི་ཅི་ལ་འང་མི་གནས་དང་། །ཅི་ལའང་མི་དམིགས་ཤེས་བྱ་བ། །སེམས་ལ་གནས་དམིགས་སྐྱོན་སེལ་བའི། །སེམས་འཛིན་ ཕྲ་མོ་དེ་ལ་ཡོད། །སྨིག་རྒྱུ་བཞིན་དུ་སེམས་མེད་ན། །མི་གནས་མི་དམིགས་བྱེད་པ་གང་། །ནམ་མཁའ་རང་ལའང་མི་གནས་ཤེས། །བསྒོམ་པ་དོན་དང་ལྡན་མ་ཡིན། །དེ་བཞིན་སྐྱིལ་ཀྲུང་དྲང་འདུག་དང་། །ལུས་ཀྱི་བཅོས་པ་ཐམས་ཅད་ཀྱང་། །ལུས་རྟོག་མངོན་པར་ཞེན་ལས་བྱུང་། །ལུས་མེད་ མཁའ་ལ་བཅོས་སུ་མེད། །སྒྱུ་མ་བཞིན་དུ་ལུས་ཤེས་ན། །དྲང་འདུག་སྐྱིལ་ཀྲུང་འཆའ་བ་མེད། །སྤྱོད་ལམ་གསུམ་གྱིས་གནས་པ་གང་། །ཆེད་དུ་བྱ་མེད་བྱེད་པའང་མེད། །ལུས་སེམས་མ་སྐྱེས་གཞི་མེད་པ། །མཁའ་ལྟར་བཅོས་པའི་ཁ་ན་མེད། །ཚད་མར་ལུས་སེམས་འཆོས་བྱེད་པ། །འཛིན་ པའི་ཕུར་པ་དེ་ལ་ཡོད། །ཇི་ལྟར་མཚན་མེད་ནམ་མཁའ་ནི། །དམིགས་དང་དམིགས་མེད་རྩོལ་དང་བྲལ། །དེ་བཞིན་སེམས་ཉིད་ནམ་མཁའ་ཡང་། །རང་བཞིན་ཉིད་ཀྱིས་དེ་ལྟའོ། །ལས་ལ་སོགས་ཀྱང་དེ་བཞིན་ཏེ། །རྩོལ་བ་མེད་ཕྱིར་གང་ལྟར་ཡང་། །གནས་པ་མེད་དེ་མི་གནས་ན། ། མི་འགལ་ཙམ་དུ་གྱུར་པ་ཡིན། །རྣལ་འབྱོར་སྤྱོད་པའི་ལུགས་ངེས་པའི་དོན་ལ་ཇི་བཞིན་བསྒོམ་ཐབས་རྫོགས་སོ།། །།མན་ངག་དགུམ་ཆུང་། གཉན་དཔལ་དབྱངས་ཀྱིས་མཛད་པའོ།། །།༄། །ལྟ་བ་རིན་ཆེན་སྒྲོན་མ་བཞུགས། །༄༅༅། །གདོད་ནས་མ་སྐྱེས་རྣམ་དག་བྱང་ཆུབ་ སེམས། །རྒྱལ་བ་རྒྱ་མཚོའི་ཐུགས་དང་ཡེ་ནས་མཉམ། །རིག་དང་གཏི་མུག་སྒྱུ་མའི་ཁྱད་པར་ལས། །སྲིད་དང་རྣམ་གྲོལ་རྒྱུ་དང་འབྲས་བུར་སྣང་། །དངོས་པོ་མེད་ཕྱིར་དངོས་པོར་རྟོག་པའང་མེད། །ཆོས་ཅན་མི་དམིགས་ཆོས་ཉིད་ཡོད་མ་ཡིན། །ཞེན་པ་བཟློག་ཕྱིར་རྐྱེན་བཤད་མ་གཏོགས་ པ། །ཆོས་ཀྱི་ངང་ལ་ཚིག་མེད་བརྗོད་དུ་མེད། །སྣང་བ་ཉིད་ན་མེད་པའི་སྨིག་རྒྱུ་ལ། །ཤེས་ལྡན་རྣམས་ནི་མེད་པའི་བློ་མི་འབྱུང་། །ཆོས་རྣམས་རང་བཞིན་མ་སྐྱེས་རྟོགས་པ་ཡི། །མཁས་པས་སྐྱེ་མེད་སྟོང་པར་སྒྲོ་མི་འདོགས། །ཇི་བཞིན་མ་སྐྱེས་གདོད་ནས་ཞི་བ་ཡི། །གཉིས་མེད་སྤྲོས་བྲལ་རང་རིག་ བློ་ལྡན་པ། །བརྗོད་མེད་ངང་ཙམ་དུ་ཡང་མི་གནས་ན། །དངོས་དང་ཐ་སྙད་འཛིན་པར་ག་ལ་འགྱུར། །བདག་མེད་ཆོས་སྐུ་བྱང་ཆུབ་སྙིང་པོ་བས། །གཞན་ནས་བཙལ་ཞིང་ཐོབ་བ་མ་ཡིན་ཡང་། །རྨི་ལམ་སད་ནས་གཟུགས་དང་བྲལ་བ་བཞིན། །སྒྲིབ་སྤངས་བྱང་ཆུབ་ཐོབ་ཅེས་རྒྱལ་བས་གསུངས། རྨི་ལམ་སྐྱེས་བུས་དུག་འཐུངས་ཇི་བཞིན་དུ། །སྲིད་རྒྱུ་ཉོན་མོངས་ལས་རྣམས་དེ་ལྟར་ཤེས། །རྨི་ལམ་དུག་ནད་སྡུག་བསྔལ་བཟོད་དཀའ་བ། །སྐྱེ་རྒས་ན་འཆི་འཁོར་བའི་སྡུག་བསྔལ་ཡིན། །རྨི་ལམ་ནད་སེལ་སྨན་དང་འདྲ་བ་ནི། །འཕགས་ལམ་རྣམ་ཐར་མང་པོར་རིག་པར་ བྱ། །སྡུག་བསྔལ་ཁད་ཀྱིས་འབྱོར་པའི་སྐད་ཅིག་མ། །ཤེས་རབ་ཏིང་འཛིན་ཁྱད་པར་སྐྱེ་བའི་ཚུལ། །རྨི་ལམ་ནད་བསལ་སོས་པའི་བདེ་རྙེད་པ། །སེམས་ཀྱི་རང་བཞིན་བྱང་ཆུབ་ཐོབ་པའི་དཔེ། །རྨི་ལམ་ཉིད་ན་རྒྱུ་འབྲས་མི་བསླུ་བཞིན། །མ་རིག་གཉིད་ལོག་རྣམས་ལ་དེ་ལྟར་ངེས། །རྨོངས་པའི་ གཉིད་སད་ཤེས་རབ་ལྡན་པ་དང་། །འཁོར་བ་རྨི་ལམ་ལྟ་བུའི་དབང་ཙམ་དུ། །འཕགས་ལམ་དོན་བརྩོན་འབྲས་བུ་རིག་པར་གསལ། །རང་བཞིན་མི་འགྱུར་ཐོབ་པའི་རློམ་སེམས་མེད། །མཉམ་པའི་དོན་ཉིད་བློ་དང་མ་མཉམ་ན། །ཚིག་གི་མཉམ་པས་རྟོག་པའི་ཀླུང་མི་བཟློགས། །དམྱལ་ སོགས་འཁོར་བ་མཉམ་ལས་མ་གཡོས་ཀྱང་། །སྡུག་བསྔལ་མི་ཟད་སྲིད་ལས་འཁྱམ། །ཡེ་ནས་རྣམ་དག་ཐོབ་ལ་མེད་རིག་ནས། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་རབ་བརྩོན་ཞིང་། །སྐུ་གསུང་ཆེ་བའི་ཡོན་ཏན་ཀུན་བསྡུས་པས། །མཚན་མའི་ཉེས་དང་ལྡན་པ་ག་ལ་ཡིན། །ཤེས་རབ་མཆོག་གིས་ ལོག་རྟོག་སེམས་སྦྱངས་ནས། །ཡེ་ཤེས་ཚོགས་ཆེན་རྒྱལ་བ་ཆོས་ཀྱི་སྐུ། །དཔེ་བྱད་མཚན་གྱིས་ཏིང་འཛིན་དབང་ཐོབ་ནས། །བསོད་ནམས་ཚོགས་ཆེན་རྒྱལ་བ་གཟུགས་ཀྱི་སྐུ། །རྣམ་སྨིན་ཚུལ་གྱིས་གྲུབ་པར་མི་ལྟ་ཞིང་། །ཡེ་ཤེས་གཞན་ནས་ཐོབ་པར་མི་བྱེད་དེ། །སྐུ་གསུམ་ཇི་བཞིན་ སྦྱོར་བས་འབྲས་བུའི་མཆོག །རྩོལ་བྱས་བསྒྲུབ་པའི་དབང་གི་རྒྱུ་ཡང་ཡིན། །རང་སེམས་རྣལ་འབྱོར་ཤེས་རབ་ཏིང་འཛིན་ཡིན། །སེམས་ཅན་ཉིད་ན་བདེ་གཤེགས་ཡུལ་ལ་འཇུག །དག་པའི་ཞིང་དུ་སྨོན་པར་མི་བྱེད་དེ། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས་སུ་བསྒོམ། །ཤེས་རབ་གནས་མེད་ ཆགས་པའི་རྡུལ་བྲལ་ཡང་། །སྙིང་རྗེ་སེམས་ཅན་ཁམས་ལ་སྐྱོ་བ་མེད། །སྒྱུ་མའི་མཚན་ཉིད་མ་འགགས་མངོན་སུམ་སྟེ། །མཚན་མེད་རོ་གཅིག་དོན་དམ་དབྱིངས་སུ་རྟོགས། །སློབ་དཔོན་དཔལ་དབྱངས་ཀྱིས་མཛད་པའི་ལྟ་བ་རིན་པོ་ཆེའི་སྒྲོན་མ་རྫོགས་སོ།། །།