Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 204

Văn bản gốc(Tây Tạng)

Trang 19 / 23 (50.000 ký tự/trang)
་ར་དྭ་ཏིའི་བུས་གསོལ་པ། བདག་ཅག་གིས་ནི་དེང་སླན་ཆད་ལ་ལར་ཆོས་བསྟན་ན་ཆེས་ཐོག་མར་བྱང་ཆུབ་སེམས་དཔའི་ཐེག་པ་ལས་བརྩམས་ནས་བསྟན་པར་བགྱི་ཞིང་། ཉན་ཐོས་ཀྱི་ཐེག་པ་ནི་
སླར་གྱིས་བསྟན་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། སེམས་ཅན་འགའ་ཞིག་བྱང་ཆུབ་ཆེན་པོ་ལ་བཞག་ན་བདག་གིས་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་དེ་ལྟར་གོ་གྱོན་པ་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་དེ་ལྟ་བུ་
དེ་ལ་འཕྱ་བ་དང་། བསྟིང་བར་བྱེད་པ་དང་། མདོ་སྡེ་དེ་ལྟ་བུ་སྤོང་བར་བྱེད་པ་འབྱུང་བའི་ཕྱིར་རོ། །ཆོས་བཞི་དང་ལྡན་ན། བདག་ཉིད་ཀྱིས་བདག་དབུགས་ཕྱུང་ཞིང་བདེ་བར་གནས་པ་ཡིན་ནོ། །བཞི་ནི་ཐེག་པ་ཆེན་པོ་ལ་ཞུགས་ནས་ལོངས་སྤྱོད་ཀྱི་བདོག་པ་ཐམས་ཅད་གཏོང་བ་ཡིན། ཚུལ་ཁྲིམས་ཀྱི་ཕུང་
པོ་ལ་གནས་པ་ཡིན། ཆོས་ཟབ་མོའི་ཡེ་ཤེས་འཕགས་ཤིང་ལུས་དང་སྲོག་གི་ཕྱིར་ཡང་ཆོས་མི་གཏོང་བ་ཡིན། དགེ་སློང་དམ་པའི་ཆོས་སྨྲ་བ་དམ་པའི་ཆོས་འཛིན་པ་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་སྟོབས་པ་ཡིན་ནོ། །ཆོས་བཞི་དང་ལྡན་ན་བྱང་ཆུབ་ཆེན་པོ་ལས་ཉམས་པར་མི་འགྱུར་ལ།

ཚེ་བརྗེས་ནས་ཀྱང་འཁོར་ལོས་སྒྱུར་བར་འགྱུར་ཞིང་། དགེ་བའི་རྩ་བ་ཡང་ཇི་ལྟར་སྨོས་པས་འཇུག་པར་འགྱུར། འཁོར་ལོས་སྒྱུར་བ་ཐོབ་ནས་རབ་ཏུ་འབྱུང་བར་ཡང་འགྱུར་ཞིང་། ཚངས་པའི་གནས་པ་བཞི་ཡང་འཐོབ་བར་འགྱུར། དེ་ནས་ཤི་འཕོས་ནས་ཀྱང་ཚངས་པའི་
འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །བཞི་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པ་མཐོང་ནས་བཅོས་པའི་ཕྱིར་སྤྲོ་ཞིང་ཐ་ན་འཇིམ་པའི་གོང་བུ་གཅིག་ཙམ་ཡང་རྩིག་པར་བྱེད་པ་ཡིན། མཆོད་རྟེན་བརྩིགས་པས་སྐྱེ་བོ་མང་པོ་འདུ་བའི་ས་ལམ་གྱི་བཞི་མདོ་ལྟ་བུ་མཆོད་རྟེན་དང་ཁང་པ་བརྩེགས་པ
འམ། རྡོ་རིངས་སམ་དེ་བཞིན་གཤེགས་པའི་ཡོན་ཏན་རྗེས་སུ་དྲན་པ་གང་ཡང་རུང་བ་བྱེད་པ་འདི་ལྟ་སྟེ། མངོན་པར་འབྱུང་བ་ནས་མྱ་ངན་ལས་འདས་པའི་བར་གྱིས་མཆོད་རྟེན་བརྩིགས་པ་ཡིན། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་བྱེ་ཞིང་འཐབ་པ་དང་།
རྩོད་པ་བྱུང་བ་མཐོང་ནས་མི་འབྱེད་པ་དང་མཐུན་པར་བསྡུམ་པའི་ཕྱིར་བརྩོན་པ་ཡིན། བསྟན་པའི་ཆོས་རབ་ཏུ་འཇིག་པ་ནི་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་ཡང་བསྲུང་བ་དང་། མི་ཉམས་པར་བྱ་བའི་ཕྱིར་བརྩོན་བ་ཡིན་ནོ། །ཆོས་བཞི་དང་ལྡན་ན་ཚེ་བརྗེས་ནས་
དགེ་སློང་ཚུར་ཤོག་ཅེས་བྱས་པའི་རབ་ཏུ་འབྱུང་བ་འཐོབ་སྟེ། བཞི་ནི་བདག་ཉིད་རབ་ཏུ་འབྱུང་བ་ལ་དགའ་ཞིང་གཞན་ཡང་རབ་ཏུ་འབྱུང་བ་འཛིན་དུ་འཇུག་ལ། རྣམ་པ་ཐམས་ཅད་དུ་རབ་ཏུ་འབྱུང་བ་ལ་རྟོན་པར་བྱེད་དེ། རབ་ཏུ་བྱུང་ནས་ཆོས་དང་ལྡན་པའི་གཏམ་གྱིས་
ཡང་དག་པར་དགའ་བར་བྱེད་ཅིང་འཛིན་དུ་འཇུག་པ་ཡིན་ནོ། །ཆོས་བཙལ་བའི་ཕྱིར་བདག་ཉིད་ཀྱང་བརྩོན་ཞིང་གཞན་ཡང་བརྩོན་པར་འཇུག་པ་ཡིན། བདག་ཉིད་བཟོད་པ་དང་ངེས་པ་དང་ལྡན་ཞིང་གཞན་ཡང་དེ་ལ་འགོད། བདག་ཉིད་ཡོ་བྱད་བསྙུངས་ཤིང་ཤེས་པ་ཕུན་སུམ་ཚོགས་ལ་
གཞན་ཡང་དེ་དག་ལ་འགོད་པ་ཡིན། བདག་ཉིད་ཐབས་ལ་མཁས་ཤིང་སྨོན་ལམ་གྱི་སྟོབས་ཅན་ཡིན་ལ། གཞན་ཡང་དེ་ལ་འགོད་པ་ཡིན་ནོ། །ཆོས་བཞི་དང་ལྡན་ན། བྱང་ཆུབ་ཆེན་པོ་ལས་མི་ཉམས་པ་ཡིན་ཏེ། བཞི་ནི་ལྷག་པའི་སེམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་

བཞིན་གཤེགས་པའི་བསྟན་པ་ལ་དགའ་བ་ཡིན། ཆོས་ཉན་པས་ངོམས་མི་ཤེས་པ་ཡིན། མི་སླུ་བས་བདེན་པར་སྨྲ་བ་ཡིན་ནོ། །གང་དག་དགེ་སློང་བསྟེན་བྱེད་པ། །དེ་དག་མང་དུ་ཐོས་པར་འགྱུར། །ཆོས་ཀྱི་རྒྱལ་པོས་བཀུར་བ་ཡིན། །དེ་དག་འདི་ནི་ང་རྗེས་འབྲང་། །ཇི་ལྟར་ན་བྱང་ཆུབ་
སེམས་དཔའ་ཆོས་ལས་ཉམས་པ་ཡིན་ཞེ་ན། ཆོས་སྟོང་པ་ཉིད་བསྟན་ཀྱང་ཟང་ཟིང་སྔོན་དུ་བཏང་སྟེ་སྟོན་པར་བྱེད་པ་ཡིན། ཆོས་དེ་དག་སྟོན་ཀྱང་དེ་དེ་བཞིན་དུ་ཞུགས་པ་མ་ཡིན་ཏེ། དེ་ལྟར་ན་ཆོས་ལས་ཉམས་པ་ཡིན་ནོ། །ཡབ་དང་སྲས་མཇལ་བ་ལས། དེ་བཞིན་གཤེགས་པའི་ཡོན་
ཏན་གཟུགས་ཅན་ཞིག་ཡིན་ན་ནི། སེམས་བསྐྱེད་པ་རེ་རེའི་བསོད་ནམས་དང་ཡོན་ཏན་གྱི་ཚོགས་ཀྱང་། དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པ་དེ་སྙེད་དུ་བརྗོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་
སེམས་བསྐྱེད་པ་ཡང་རུང་སེམས་ཅན་ཇི་སྙེད་པ་ཐམས་ཅད་ལ་ཕན་བ་དང་། བདེ་བའི་དོན་དུ་མ་སྐྱེས་པ་གཅིག་ཀྱང་མེད་དོ། །སེམས་ཅན་གྱི་ཁམས་ཚད་མེད་པ་དང་ཟད་མི་ཤེས་པ་བསོད་ནམས་ཀྱང་དེ་སྙེད་དུ་འགྱུར་རོ། །སེམས་དེ་ལྟར་བསྐྱེད་པས་སེམས་ཅན་ཐམས་ཅད་ཀྱིས་མཆོད་པས་ཀྱང་ལན་མི་
ལོན་ཏོ། །འཇིག་རྟེན་པའི་མཆོད་པ་ནི་ཟང་ཟིང་ཡིན་ལ། སེམས་བསྐྱེད་པ་ནི་སེམས་ཅན་འཁོར་བ་ལ་གཞོལ་བ་རྣམས་མྱ་ངན་ལས་འདས་པར་གཞོལ་བར་བྱེད་པས་ཟང་ཟིང་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ཉིད་སྔོན་བགྲང་དུ་མེད་པའི་སྔོན་རོལ་ན། དེ་བཞིན་གཤེགས་
པ་དབང་པོའི་ཏོག་ཅེས་བྱ་བར་གྱུར་ཏོ། །ཆོས་རྣམས་གང་ཡང་རང་བཞིན་ཉིད་ཀྱིས་མེད། རྣམ་པར་རྟོག་པ་ཆོས་འབྱུང་ཀུན་ཀྱང་སྟོང་། །རྟོག་པ་མེད་པས་མཚན་མ་མེད་པར་འགྱུར། །དེ་ཉིད་བྱང་ཆུབ་གཞན་དུ་མཁས་མི་སྨྲ། །སངས་རྒྱས་བརྡ་ཙམ་ཉིད་ལགས་ཏེ། །དེ་བཞིན་སྟོབས་
དང་ཡེ་ཤེས་དང་། །མི་འཇིགས་བཞི་ཡང་དེ་བཞིན་དུ། །ཀུན་རྫོབ་ཅེས་ནི་ཐུབ་པས་གསུངས། །དཀོན་མཆོག་སྤྲིན་ལས། དེ་དེ་ལྟར་སེམས་མི་མཁས་པས། ཆོས་འདི་དག་ནི་སྒྱུ་མ་ལྟ་བུའོ། །ཆོས་འདི་དག་ནི་རྨི་ལམ་ལྟ་བུའོ། །ཆོས་འདི་དག་ནི་དགེ་བའོ། །ཆོས་འདི་དག་ནི་མི་དགེ་

བའོ། །ཆོས་འདི་དག་ནི་འབྱུང་བའོ། །ཆོས་འདི་དག་ནི་མི་འབྱུང་བའོ་ཞེས་ཆོས་རྣམས་ལ་ཡོངས་སུ་རྟོག་སྟེ། དེ་འདི་སྙམ་དུ་ཆོས་འདི་དག་ཐམས་ཅད་ནི་སེམས་ལ་གནས་པ། སེམས་ལས་བྱུང་བ། སེམས་རྐྱེན་དུ་འགྲོ་བ་སྟེ། སེམས་ཤིན་ཏུ་བཅིལ། ཤིན་ཏུ་
བཏུལ། ཤིན་ཏུ་ཁོང་དུ་ཆུད་པར་བྱས་ནས། ཆོས་དེ་དག་ཐམས་ཅད་ཀྱང་ཤིན་ཏུ་བཅིལ་བ་དང་། ཤིན་ཏུ་བཏུལ་བ་དང་། ཤིན་ཏུ་ཁོང་དུ་ཆུད་པར་འགྱུར་ཏེ། དེས་ཆོས་རྣམས་དེ་ལྟར་མཐོང་བས། རྒྱུ་དེ་དང་རྐྱེན་དེས་སེམས་ཞི་བར་བྱ་བའི་ཕྱིར་ནན་ཏན་བྱེད་དེ་དེ་སེམས་ཉིད་ལ་མི་གཏོད་
དོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་བསྔོ་བའི་ཐབས་མཁས་པ་ཡིན་ཞེ་ན། གང་འདི་མེ་ཏོག་གི་རྣམ་པའམ། འབྲས་བུའི་རྣམ་པ་ང་ཡིར་བྱ་བ་མེད་པ་ཡོངས་སུ་བཟུང་བ་མེད་པ་དེ་རྣམས་ཉིན་ལན་གསུམ་མཚན་ལན་གསུམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་
འབུལ་ལོ། །དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་བཞིན་དུ་མེ་ཏོག་གི་ཤིང་ལ་སོགས་པ་ཡང་བསྔོའོ། །མདོ་སྡེ་དག་མཆོད་པའི་རྣམ་པ་རྒྱ་ཆེན་པོ་དག་ཉན་ཅིང་བསམ་པ་ཐག་པ་ནས་ཡོངས་སུ་བསྔོའོ། །ཇི་ལྟར་ན་བྱང་ཆུབ་སེམས་
དཔའ་གནས་ནས་གནས་སུ་སློང་བའི་ཐབས་ལ་མཁས་པ་ཡིན་ཞེ་ན་སེམས་ཅན་གང་དག་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་ཤིང་ལྕོགས་པ་ཞིག་ལ་དེ་ཡང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ཐོག་མར་རྩོལ་ཞིང་འབད་དེ། བརྩོན་འགྲུས་བརྩམ་
པ་མཐོང་ན། དེ་གནས་དེ་ནས་བསླངས་ཏེ་དེ་ན་འཁོར་དབྱེ་བ་ཡང་བྱས་ནས་ཐེག་པ་ཆེན་པོ་ལ་འཇོག་སྟེ། དེ་ལྟར་ན་གནས་ནས་གནས་སུ་སློང་བའི་ཐབས་ལ་མཁས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྣོད་དུ་མ་གྱུར་པའི་སེམས་ཅན་རྣམས་ལ་ཆོས་མི་སྟོན་ཏོ། །
ཞེ་འགྲས་པ་རྣམས་ལ་མ་ཡིན། ཀླན་ཀ་ཚོལ་བ་དང་། མུ་སྟེགས་ཅན་དང་། རི་མོ་མེད་པ་དང་། མ་དད་པ་མང་བ་དང་། གཡོ་དང་སྒྱུས་གླགས་པ་དང་། འཚོ་བའི་བསམ་པ་ཅན་དང་། རྙེད་པ་དང་། བཀུར་སྟི་དང་། ཕྲག་དོག་དང་། སེར་སྣས་གླགས་བ་དང་།

གླེན་པ་རྨོངས་པ་ལུག་ལྟར་ལྐུགས་པ་རྣམས་ལ་མ་ཡིན། ཅིའི་ཕྱིར་ཞེ་ན། ཆོས་ལ་སེར་སྣ་ཡང་མེད་སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་ཡང་མ་ཡིན་མོད་ཀྱི། སེམས་ཅན་འདི་དག་ནི་དེ་བཞིན་གཤེགས་པའི་ཆོས་འདུལ་བའི་སྣོད་དུ་མ་གྱུར་ཏོ་ཞེས་བཏང་སྙོམས་
སུ་འཇུག་གོ། །སེམས་ཅན་ཅི་འདྲ་བ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་ཆོས་སྟོན་ཞེ་ན། སེམས་ཅན་དང་བ་ཅན་དང་། དགེ་བའི་རྩ་བ་སྨིན་པ་དང་། སྣོད་དུ་གྱུར་བ་དང་། གཡོ་མེད་པ་དང་། སྤྱོད་ལམ་མི་འཆོས་པ་དང་། རྙེད་པ་དང་། བཀུར་སྟི་ལ་མ་ཆགས་
པ་དང་། ཚུལ་བཟང་པོ་དང་། ལེགས་པར་སྟོན་ནུས་པ་དང་། དབང་པོ་རྣོ་བ་དང་། ཇི་སྐད་བཤད་པ་བཞིན་བྱེད་པ་རྣམས་ལ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་ནི་ཐེག་པ་ཆེན་པོ་ཡོངས་སུ་འཛིན་པ་དང་། དེ་ཡོངས་སུ་འཛིན་པ་རྣམས་ལ་ཆོས་མཚུངས་པའི་འདུ་ཤེས་ཀྱིས་
ཞེ་ས་དང་། རི་མོ་དང་བཅས་པ་དང་། ཐེག་པ་ཆེན་པོ་ལ་གཞོལ། འབབ། བབ་པ་ཡིན་ཏེ། དེས་ན་བྱང་ཆུབ་ཀྱི་སེམས་མ་སྣད་པ་ཡིན་ནོ། །སྐྱོན་ཡང་གང་ཞེ་ན། རྙེད་པ་དང་། བཀུར་སྟི་འདོད་པ་དང་། རིགས་དང་རུས་དང་། ལྟ་བ་ལ་ཆགས་པ་དང་། སྡིག་པ་ཆུང་ངུས།
འཇིགས་པར་མི་ལྟ་བ་དང་། ཤི་བས་མི་སྐྲག་པ་དང་། མི་བསམ་པ་སེམས་པ་དང་། ལམ་མ་ཡིན་བ་ལ་ལམ་དུ་འདུ་ཤེས་པ་དང་། འཕྲལ་གྱི་བྱ་བ་ལ་ཆགས་པ་དང་། ཐེག་པ་ཆེན་པོ་དང་། དེ་སྟོན་པའི་གང་ཟག་གི་མི་བསྔགས་པ་བརྗོད་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་།
དེ་སྟོན་པའི་གང་ཟག་གི་བསྔགས་པ་བརྗོད་པ་དང་། རྩོད་པ་ལྷུར་ལེན་བ་དང་། བརླང་བ་དང་། རྩུབ་བ་དང་། སྤྱི་བརྟོལ་ཆེ་བ་དང་། གཏུགས་པ་དང་། དག་མི་སྙན་པ་དང་། མུར་ཅོར་སྨྲ་བ་དང་། མི་གཙིགས་པར་སྨྲ་བ་དང་། ངག་ཏུ་སྨྲ་བ་སྟེ། དེ་དེ་ལྟར་སྐྱོན་ལ་མཁས་པས་
སྤྲོས་པ་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར། སྟོང་པ་ཉིད་བསྒོམས་པ་ལ་རྣལ་འབྱོར་དུ་བྱེད་དོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུལ་བའོ། །ལང་ཀར་གཤེགས་པ་ལས། ལང་ཀའི་བདག་པོ། ས་བོན་གཅིག་ལས་བྱུང་ཡང་། མྱུ་གུ་དང་། ལྗང་བུ་དང་།

སོག་མ་དང་། ཚིགས་དང་། ཡལ་ག་དང་། མེ་ཏོག་དང་། འབྲས་བུ་དང་། གྲ་མའི་བྱེ་བྲག་ཡོད་པ་དེ་བཞིན་དུ་ཕྱི་ནང་གི་ཆོས་སྐྱེ་བའི་ཆོས་མ་རིག་བ་ལས་རབ་ཏུ་བྱུང་བ་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་དང་ཁམས་གསུམ་
དུ་སྐྱེས་པའི་ཆོས་ཐམས་ཅད་ལ་བདེ་བའི་དབྱིངས་དང་། བརྗོད་པ་དང་འགྲོ་བའི་ཁྱད་པར་དག་སྣང་སྟེ། མཚན་ཉིད་གཅིག་པའི་རྣམ་པར་ཤེས་པ་ཡུལ་ན་མངོན་པར་འཛིན་པར་རབ་ཏུ་འཇུག་པའི་ཁྱད་པར་རབ་དང་འབྲིང་དང་། ཐ་མའི་ཁྱད་པར་དང་། རྣམ་པར་བྱང་བ་དང་།
དགེ་བ་དང་མི་དགེ་བར་ཡང་སྣང་ངོ་། །ལང་ཀའི་བདག་པོ་དེ་དག་གི་ཐ་དད་པའི་ཁྱད་པར་དུ་ཡང་མ་ཟད་དེ། རྣལ་འབྱོར་བ་རྣལ་འབྱོར་བསྒོམ་པ་རྣམས་ཀྱི་ལམ་ལ་ཡང་སོ་སོ་རང་གིས་རིག་པའི་མཚན་ཉིད་སྣང་ན། སོ་སོའི་རྣམ་པར་རྟོག་པ་ལས་བྱུང་བའི་ཆོས་དང་། ཆོས་མེད་པའི་ཁྱད་པར་
ལྟ་ཅི་སྟེ་མེད་དེ་ཡོད་དོ། །བློ་གྲོས་ཆེན་པོ་འཇིམ་པའི་གོང་བུ་རྡུལ་ཕྲ་རབ་ལས་ཐ་དད་པ་ཞིག་ཡིན་ན་ནི། དེ་དག་ལས་བརྩམས་པ་མ་ཡིན་པར་འགྱུར་བ་ཞིག་ན་བརྩམས་པས་ཐ་དད་པ་མ་ཡིན་ནོ། །ཐ་མི་དད་པ་ནི་ཁྱད་མེད་པར་འགྱུར་རོ། །དེ་བཞིན་དུ་འཇིག་པའི་རྣམ་པར་ཤེས་པ་རྣམས་ཀུན་
གཞིའི་རྣམ་པར་ཤེས་པའི་རིགས་ཀྱི་མཚན་ཉིད་དང་ཐ་དད་ན་ནི་དེ་ལས་འབྱུང་བར་མི་འགྱུར་རོ། །ཐ་མི་དད་ན་ནི་འཇིག་པའི་རྣམ་པར་ཤེས་པ་འགགས་ན་ཀུན་གཞི་ཡང་འགག་པར་འགྱུར་ན། རང་གི་རིགས་ཀྱི་མཚན་ཉིད་ནི་འགག་པར་མི་འགྱུར་ཏེ། དེའི་ཕྱིར་རྣམ་པར་ཤེས་པ་
རྣམས་ཀྱི་རང་གི་རིགས་ཀྱི་མཚན་ཉིད་མི་འགག་གི་ལས་ཀྱི་མཚན་ཉིད་འགག་གོ། །རང་གི་རིགས་ཀྱི་མཚན་ཉིད་འགགས་ན་ཀུན་གཞི་རྣམ་པར་ཤེས་པ་ཡང་འགག་པར་འགྱུར་ཏེ། བློ་གྲོས་ཆེན་པོ་ཀུན་གཞི་རྣམ་པར་ཤེས་པ་འགགས་ན་ནི་སྨྲ་བ་འདི་ཡང་མུ་སྟེགས་བྱེད་པའི་ཆད་པར་
སྨྲ་བ་དང་ཁྱད་པར་འགྱུར་རོ། །མུ་སྟེགས་བྱེད་རྣམས་ཀྱི་སྨྲ་བ་ནི་འདི་ལྟ་སྟེ། ཡུལ་འཛིན་པ་རྒྱུན་ཆད་པས་རྣམ་པར་ཤེས་པ་རྒྱུན་ཆད་པར་འགྱུར་ཏེ། རྣམ་པར་ཤེས་པའི་རྒྱུན་ཆད་པས་ཐོག་མ་མེད་པའི་དུས་ཀྱི་རྒྱུན་ཡང་ཆད་པར་འགྱུར་རོ། །མུ་སྟེགས་བྱེད་པ་རྣམས་ནི་རྒྱུ་ལས་

རྒྱུན་འབྱུང་བར་སྨྲ་བའི་རྒྱུ་མ་གཏོགས་པར་མིག་གི་རྣམ་པར་ཤེས་པ་གཟུགས་དང་སྣང་བ་འདུས་པ་ལས་འབྱུང་བར་མི་སྨྲ་སྟེ། རྒྱུ་ནི་གཙོ་བོ་དང་། སྐྱེས་བུ་དང་། དབང་ཕྱུག་དང་། དུས་དང་། རྡུལ་ཕྲ་མོར་སྨྲ་བའོ། །བློ་གྲོས་ཆེན་པོ་སྙིང་རྗེ་ཆེན་པོ་དང་ཐབས་ལ་མཁས་པ་ལྷུན་གྱིས་གྲུབ་
པར་འགྱུར་བའི་སྦྱོར་བ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་སྒྱུ་མ་དང་། གཟུགས་བརྙན་དང་། མཉམ་པ་ཉིད་དང་། རྐྱེན་གྱིས་མ་བརྩམས་པ་དང་། ནང་དང་ཕྱིའི་ལས་རྣམ་པ་དབེན་པ་དང་། ཕྱི་རོལ་སེམས་སུ་ལྟ་བས་མཚན་མ་མེད་པའི་གནས་དང་ལྡན་པ་རྣམས། རིམ་
གྱིས་སའི་རིམ་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་རྗེས་སུ་འཇུག་པ་དང་། ཁམས་གསུམ་པ་དག་གི་སེམས་སྒྱུ་མར་ཤིན་ཏུ་མོས་པས་རབ་ཏུ་སྒོམ་པ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། །བདག་གི་སེམས་སྣང་བ་ཙམ་ལ་འཇུག་པས། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་གནས་པ་རྗེས་སུ་འཐོབ་པ་སྐྱེ་བ་བྱ་བ་དང་ལྡན་པ་མེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་རྡོ་རྗེའི་གཟུགས་ལྟ་བུ། དེ་བཞིན་གཤེགས་པའི་སྐུའི་རྗེས་སུ་སོང་སོང་བ། དེ་ཉིད་ཀྱི་སྤྲུལ་པ་དང་ལྡན་པ། སྟོབས་དང་མངོན་པར་ཤེས་པ་དང་། སྙིང་རྗེ་དང་ཐབས་
ཀྱིས་བརྒྱན་པ། སངས་རྒྱས་ཀྱི་ཞིང་མུ་སྟེགས་ཀྱི་གནས་ཐམས་ཅད་དུ་ཉེ་བར་སོང་བ་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ། རིམ་གྱིས་གནས་འཕོས་པ་དེ་བཞིན་གཤེགས་པའི་སྐུ་རབ་ཏུ་འཐོབ་པར་འགྱུར་རོ། །ཇི་ལྟར་སྒྱུ་མ་སྣ་ཚོགས་དག །སྣང་ཡང་ཡོད་པ་མ་
ཡིན་ཏེ། །དེ་བཞིན་གཤེགས་པ་སྣ་ཚོགས་ཀྱང་། །བཤད་པ་རྣམ་པར་འཁྲུལ་པ་ཡིན། །གཞན་ལ་གང་ཞིག་བསྟན་པ་དེ། །གཞན་ལ་བཤད་པར་མི་རུང་སྟེ། །ཇི་ལྟར་ནད་པ་སོ་སོ་ལ། །སྨན་པ་སྨན་རྣམས་བཏང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་
ཙམ་དུ་ཡང་རབ་ཏུ་གསུངས། །མགོན་པོ་རྣམས་ནི་གང་གསུངས་པའི། །སོ་སོ་རང་རིག་སྤྱོད་ཡུལ་ནི། རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན། །ཉན་ཐོས་རྣམས་ཀྱི་འང་དེ་བཞིན་མིན། །བློ་གྲོས་ཆེན་པོ་གནས་ཡང་བྱང་ཆུབ་སེམས་དཔའ་རང་གི་སེམས་སྣང་བའི་གཟུང་བ་དང་།

འཛིན་པ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཡོངས་སུ་ཤེས་པར་འདོད་པས་འདུ་བ་དང་། འདུ་འཛི་དང་། གཉིད་དང་སྒྲིབ་པ་མེད་པར་བྱའོ། །སྲོད་དང་ཐོ་རངས་དང་ནམ་གྱི་གུང་ཐུན་ལ་མི་ཉལ་བའི་སྦྱོར་བ་ལ་བརྩོན་པར་བྱའོ། །མུ་སྟེགས་ཅན་ངན་པའི་གཙུག་ལག་
དང་། གཏམ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པའི་མཚན་ཉིད་དང་བྲལ་བར་བྱ་ཞིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་གི་སེམས་སྣང་བ་ལ་རྣམ་པར་རྟོག་པའི་མཚན་ཉིད་ཁོང་དུ་ཆུད་པར་རྟོགས་པར་བྱའོ། །སྣ་ཚོགས་སྣང་བ་ཡོད་མ་ཡིན། །སྣང་
བ་ལས་ནི་སེམས་འབྱུང་སྟེ། །ལུས་དང་ལོངས་སྤྱོད་གནས་ལྟ་བུར། །ཀུན་གཞི་མི་ལ་སྣང་བ་ཡིན། །བློ་གྲོས་ཆེན་པོས་རང་སེམས་སྣང་བའི་རྒྱུར་རྣམ་པར་དག་པར་བྱ་བའི་ཕྱིར་ཡང་གསོལ་བ་བཏབ་པ། བཅོམ་ལྡན་འདས་རང་གི་སེམས་སྣང་བའི་རྒྱུ་ཅིག་ཅར་རམ་རིམ་གྱིས་འཇུག་
པས་སམ། ཇི་ལྟར་རྣམ་པར་དག་པར་འགྱུར། །བཀའ་སྩལ་པ། རིམ་གྱིས་ཏེ་ཅིག་ཅར་མ་ཡིན་པའི་དཔེ་ཨ་མྲའི་འབྲས་བུ་སྨིན་པ་དང་། རྫ་མཁན་སྣོད་བྱེད་པ་དང་། ས་ལས་རྩི་ཤིང་སྐྱེ་བ་དང་། རོལ་མོ་ལ་མཁས་པ་རིམ་གྱིས་འབྱུང་བ་གསུངས། མེ་ལོང་དུ་གཟུགས་བརྙན་སྣང་
བ་རྟོག་པ་མེད་པ་ཅིག་ཅར་འབྱུང་བའི་དཔེས། དེ་བཞིན་གཤེགས་པ་ཡང་སེམས་ཅན་གྱི་རང་གི་སེམས་སྣང་བའི་རྒྱུད་རྣམ་པར་མི་རྟོག་ཅིང་སྣང་བ་མེད་པའི་སྤྱོད་ཡུལ་ཅིག་ཅར་རྣམ་པར་སྤྱོད་དོ་ཞེས་བསྟན། བློ་གྲོས་ཆེན་པོ་ཡང་ཉན་ཐོས་ཀྱི་དངོས་པོ་རྣམ་པར་རྟོག་
པའི་རང་བཞིན་ལ་མངོན་པར་ཞེན་པ་གང་ཞེ་ན། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དྲོ་བ་དང་། གཤེར་བ་དང་། གཡོ་བ་དང་། སྲ་བའི་འབྱུང་བ་ཆེན་པོ་རྣམས་བྱེད་པ་མེད་པར་འབྱུང་བ་རང་དང་སྤྱིའི་མཚན་ཉིད་དང་། རིགས་པ་དང་། ལུང་གི་ཚད་
མ་དང་། ཤིན་ཏུ་འགྲེལ་པ་རྣམས་མཐོང་ནས། དེའི་རང་བཞིན་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་འབྱུང་ངོ་། །བློ་གྲོས་ཆེན་པོ་འདི་ནི་བྱང་ཆུབ་སེམས་དཔས་ཁོང་དུ་ཆུད་ནས་བཟློག་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་བློ་གྲོས་ཆེན་པོས་གསོལ་བ། ཇི་ལྟར་

བདག་དང་བྱང་ཆུབ་སེམས་དཔའ་གཞན་སྒྲོ་འདོགས་པ་དང་། སྐུར་པའི་ལྟ་བ་ངན་པ་སྤངས་པའི་བློ་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་ཞིང་། སངས་རྒྱས་ནས་ཀྱང་རྟག་པ་དང་སྒྲོ་འདོགས་པ་དང་ཆད་པ་དང་། སྐུར་པ་འདེབས་པའི་ལྟ་བ་རྣམ་པར་སྤངས་ཏེ། ཁྱོད་ཀྱིས་སངས་རྒྱས་
ཀྱི་ཚུལ་ལ་མི་སྐུར་པར་འགྱུར་བ་སྒྲོ་འདོགས་པ་དང་། སྐུར་པའི་མཚན་ཉིད་བདག་ལ་བཤད་དུ་གསོལ། བཀའ་སྩལ་པ། སྒྲོ་འདོགས་པ་དང་སྐུར་པ་དག །སེམས་ཙམ་པོ་ལ་ཡོད་པ་མིན། །ལུས་དང་ལོངས་སྤྱོད་གནས་ལྟ་བུས། །སེམས་ནི་སུ་དག་མི་ཤེས་པ། །སྒྲོ་འདོགས་པ་དང་སྐུར་བ་
ལ། །མི་མཁས་དེ་དག་རབ་ཏུ་སྤྱོད། །རང་བཞིན་མེད་པ་ནི་རང་བཞིན་ཐར་པ་མེད་པ་ལ་དགོངས་ཏེ། དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཞེས་བྱའོ། །བློ་གྲོས་ཆེན་པོ་ཐམས་ཅད་ཀྱི་རྟེན་ནས་རྒྱུ་དང་འབྲེལ་པར་འབྱུང་བའི་མཚན་ཉིད་ནི་རྣམ་པ་གཉིས་ཏེ། འདི་ལྟར་ཕྱིའི་དང་ནང་གི་
གིའོ། །དེ་ལྟར་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འཇིམ་པའི་གོང་བུ་དང་། ལག་ཟུངས་དང་། འཁོར་ལོ་དང་། སྲད་བུ་དང་། ཆུ་དང་། མིའི་ནན་ཏན་ལ་སོགས་པའི་རྐྱེན་གྱིས་རྫ་མ་འབྱུང་བ་དང་། དེ་བཞིན་དུ་ཐགས་ལས་སྣམ་བུ་དང་། རྩི་སྐྱོང་ལས་རེ་ལྡེ་དང་། ས་བོན་ལས་
མྱུ་གུ་དང་། སྲུབ་མ་ལ་སོགས་པ་མིའི་ནན་ཏན་དང་། ཞོ་ལས་མར་འབྱུང་བ་འདི་ནི་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་སྔ་མ་ལས་ཕྱི་མ་འབྱུང་བའོ། །ནང་གི་ནི་འདི་ལྟ་སྟེ། མ་རིག་པ་དང་། སྲིད་པ་དང་། ལས་དང་། ཆོས་འདི་དག་ལ་སོགས་པ་ནི་རྟེན་ཅིང་འབྲེལ་
པར་འབྱུང་བའི་མིང་འཐོབ་པོ། །བློ་གྲོས་ཆེན་པོ་འདི་དག་ལས་སྐྱེས་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཅེས་བྱ་བའི་ཆོས་དེ་དག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་མིང་འཐོབ་སྟེ། དེ་དག་ནི་ཁྱད་པར་མེད་པ་ལས་བྱིས་པ་རྣམས་ཀྱིས་བརྟགས་པའོ། །བློ་
གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་བཤད་པས། རྒྱུ་རྣམ་པར་བརྗོད་པ་ཉིད་བགྱིས་ཀྱི། རང་གི་ཚུལ་གྱིས་སླར་གཞིལ་བའི་ཚུལ་མ་གསུངས་ན། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་གང་ལས་དངོས་པོ་རྣམས་འབྱུང་

བ་འདི་ལྟ་སྟེ། གཙོ་བོ་དང་དབང་པོ་དང་། སྐྱེས་བུ་དང་དུས་དང་། རྡུལ་ཕྲ་མོ་འཇུག་པས། རྒྱུ་ལས་བྱུང་བར་བརྗོད་དེ། བཅོམ་ལྡན་འདས་ཀྱིས་ནི་རྣམ་གྲངས་གཞན་གྱིས་དངོས་པོ་རྣམས་སྐྱེ་བར་བཀའ་སྩལ་མོད་ཀྱི། གྲུབ་པའི་མཐའ་ལ་བྱེ་བྲག་ཏུ་དབྱེ་བ་ནི་
མ་མཆིས་སོ། །བཅོམ་ལྡན་འདས་མུ་སྟེགས་ཅན་རྣམས་ཀྱང་མ་མཆིས་པ་དང་། མ་མཆིས་པ་ལས་སྐྱེ་བར་བརྗོད། བཅོམ་ལྡན་འདས་ཀྱིས་ཀྱང་མ་མཆིས་པ་ལས་རྐྱེན་རྣམས་ཀྱིས་འབྱུང་བ་དང་། བྱུང་ནས་ཀྱང་འཇིག་པར་གསུངས་ཏེ། གང་ཡང་བཅོམ་ལྡན་འདས་ཀྱིས་མ་རིག་
པའི་རྐྱེན་གྱིས་རྒ་ཤིའི་བར་གསུངས་པ་འདི་ཡང་རྒྱུ་མེད་པར་སྨྲ་བ་རྣམས་བརྗོད་པ་གསུངས་ཀྱི་རྒྱུར་སྨྲ་བ་ནི་མ་ལགས་སོ། །འདི་ཡོད་ན་འདི་ཡོད་དོ་ཞེས་བགྱི་བ་འདི་ནི་ཅིག་ཅར་གནས་པ་རྣམས་ལ་རུང་གི། རིམ་གྱིས་འབྱུང་བ་ལ་ལྟོས་བར་གནས་པ་རྣམས་ལ་མ་ཡིན་ཏེ། མུ་སྟེགས་ཀྱི་བརྗོད་
པ་ཉིད་བཟང་གི་ཁྱོད་ཀྱི་བཟང་པོ་མ་ལགས་སོ། །ཅིའི་སླད་དུ་ཞེ་ན། མུ་སྟེགས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ལགས་པའི་རྒྱུས་འབྲས་བུ་མངོན་པར་སྒྲུབ་པོ། །བཅོམ་ལྡན་འདས་ཁྱོད་ཀྱིས་རྒྱུ་ཡང་འབྲས་བུ་ལ་ལྟོས། འབྲས་བུ་ཡང་རྒྱུ་ལ་ལྟོས་པས། རྒྱུ་རྐྱེན་ཡང་འདྲེ་སྟེ། དེ་བཞིན་ཕན་ཚུན་ཐུག་
པ་མ་མཆིས་པར་ཡང་འགྱུར་རོ། །འདི་ཡོད་ན་འདི་ཡོད་དོ་ཞེས་བརྗོད་པ་ནི་འཇིག་རྟེན་རྒྱུ་མ་མཆིས་པར་འགྱུར་རོ། །བཀའ་སྩལ་པ། བློ་གྲོས་ཆེན་པོ་གཟུང་བ་དང་། འཛིན་པ་མེད་པ་དང་། རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པའི་ཕྱིར་འདི་ཡོད་དོ་ཞེས་བརྗོད་ཀྱང་རྒྱུ་དང་བྱེད་པར་སྨྲ་བ་དང་། རྒྱུ་
རྐྱེན་འདྲེས་པར་ཡང་མི་འགྱུར་རོ། །གང་གཟུང་བ་དང་། འཛིན་པ་ལ་མངོན་པར་ཞེན་ཅིང་། ཕྱི་རོལ་གྱི་རང་གི་ཡུལ་གྱི་དངོས་པོ་མེད་པར་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པ་དེ་དག་ལ་ནི་འདི་ལྟ་བུ་ཉེས་པར་འགྱུར་གྱི། ངའི་རྟེན་ཅིང་འབྲེལ་པར་འབྱུང་བ་བརྗོད་པ་ལ་ཉེས་
པར་མི་འགྱུར་རོ། །བློ་གྲོས་ཆེན་པོ་སྒྱུ་མ་ནི་སྐྱེས་བུ་གཞན་གྱི་རིག་སྔགས་ཀྱི་མཐུས་འབྱུང་སྟེ། རང་གི་རྣམ་པར་རྟོག་པའི་གནས་ངན་ལེན་གྱི་བག་ཆགས་ཀྱི་མཐུ་ལས་ནི་མ་ཡིན་ནོ། །བྱིས་པ་སོ་སོའི་སྐྱེ་བོ་ལྟ་བ་ངན་པའི་མཚན་ཉིད་དུ་ལྟུང་བའི་བསམ་པ་ཅན། རང་གི་སེམས་སྣང་

བ་ཙམ་དུ་མ་རྟོགས་པ་རྒྱུ་དང་རྐྱེན་གྱི་བྱེད་པ་ལས་སྐྱེ་བའི་མཚན་ཉིད་དུ་མངོན་པར་ཆགས་པ་རྣམས་ལ་ཕན་པའི་ཕྱིར་ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་གྱི་རང་བཞིན་གྱི་མཚན་ཉིད་དུ་བསྟན་ཏོ། །བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་སྟེ།
ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་འདི་ལྟར་རང་གི་བློས་རྣམ་པར་དཔྱད་ན། རང་དང་སྤྱིའི་མཚན་ཉིད་ཀྱི་དངོས་པོ་མི་རིགས་པས་ན། དེའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་ཅེས་བྱའོ། །སྲོག་དང་ལུས་གཞན་དང་གཞན་མ་ཡིན་པ་ལ་སོགས་པ་དྲིས་ན་འཇོག་
པ་ནི་མུ་སྟེགས་ཅན་སེམས་ཙམ་མི་ཤེས་པ་ཡིན་གྱི། སངས་རྒྱས་ཀྱི་མ་ཡིན་གྱི་བུདྡྷའི་ནི་གཞག་པར་ལུང་བསྟན་པ་ཡེ་ཤེས་མེད་དེ་སྣོད་ལ་ལྟོས་ནས་རེ་ཞིག་ལུང་མི་བསྟན་པར་བྱ་བར་འགྱུར། ལོག་པ་ལ་བདེན་པར་ཆགས་པས་ནི་ཕུང་པོ་ལྔ་འདུས་པ་དང་། འབྱུང་
བ་ལས་གྱུར་པ་རྣམས་སྐྱེའོ། །བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་ཡང་གནས་ཀྱི་ཡུལ་སྣ་ཚོགས་ལ་མངོན་པར་ཆགས་ཤིང་འདོད་པའི་རྒྱུས་འགྲོ་བ་གཞན་དུ་མཚམས་སྦྱོར་བར་འབྱུང་ངོ་། །སའི་འབྱུང་བ་ལས་གྱུར་པ་རྣམས་ལ་ནི་རྒྱུ་འབྱུང་བ་ཆེན་པོ་རྣམས་ཡོད་མོད་
ཀྱི། འབྱུང་བ་ཆེན་པོ་རྣམས་ལ་ནི་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་དངོས་པོ་དང་། རྟགས་དང་། མཚན་ཉིད་དང་། དབྱིངས་དང་། བྱ་བའི་བདག་ཉིད་དང་། སྦྱོར་བ་མེད་པས་འབྱུང་བ་རྣམས་མི་སྐྱེའོ། །དངོས་པོ་ལ་སོགས་པའི་བྱ་བ་འདུས་པ་ལས་སྐྱེ་བར་
འགྱུར་གྱི། རྟགས་དང་མི་ལྡན་པ་ལས་མ་ཡིན་ནོ། །དེ་ལྟ་བས་ན་བློ་གྲོས་ཆེན་པོ་འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་མཚན་ཉིད་ནི། མུ་སྟེགས་བྱེད་རྣམས་ཀྱིས་རྣམ་པར་བརྟགས་པ་ཡིན་ཏེ། ངས་ནི་མ་ཡིན་ནོ། །བརྟགས་པ་སྣ་ཚོགས་སྣང་བ་
ནི། །གཞན་གྱི་དབང་ཞེས་བརྗོད་པ་སྟེ། །རྣམ་པ་གཞན་དུ་བརྟགས་ན་ནི། །མུ་སྟེགས་སྨྲ་ལ་གནས་པར་འགྱུར། །རྟོག་པ་རྟོགས་ཞེས་བྱ་བ་སྟེ། །མཐོང་བའི་ཕྱིར་ནི་རྒྱུ་ལས་བྱུང་། །རྣམ་རྟོག་གཉིས་ལས་གྲོལ་བ་ནི། །དེ་ཉིད་ཡོངས་སུ་གྲུབ་པ་ཡིན། །

བློ་གྲོས་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ནི་ཤེས་བྱའི་སྒྲིབ་བ་དང་། ལས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར་ཆོས་ལ་བདག་མེད་པ་མ་རྟོགས་ཤིང་བསམ་གྱིས་མི་ཁྱབ་པར་འགྱུར་བའི་འཆི་འཕོ་བ་མ་ཐོབ་པས་ཉན་ཐོས་རྣམས་ལ་ཐེག་པ་
གསུམ་དུ་བསྟན་ཏེ་གཅིག་ཏུ་མ་བསྟན་ཏོ། །བློ་གྲོས་ཆེན་པོ་དེ་དག་ནམ་ཉེས་པའི་བག་ཆགས་ཐམས་ཅད་སྤངས་ཤིང་ཆོས་ལ་བདག་མེད་པ་རྟོགས་པ་དེ་ནི། དེ་དག་བག་ཆགས་ཀྱི་ཉེས་པ་དང་། ཏིང་ངེ་འཛིན་གྱིས་མྱོས་པར་གྱུར་ནས། ཟག་པ་མེད་པའི་དབྱིངས་ནས་སླར་སད་དེ་འཇིག་
རྟེན་གྱི་དང་། འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་དབྱིངས་སུ་གཏོགས་པའི་ཚོགས་རྣམས་ཡོངས་སུ་བསྐང་ནས། ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ལ་དབང་བྱེད་པ་རབ་ཏུ་འཐོབ་པར་འགྱུར་རོ། །ཐེག་པ་རྣམ་པར་གཞག་མེད་ཀྱང་། །སེམས་ཅན་རྣམས་ནི་དྲང་བའི་ཕྱིར། །ཐེག་
པ་ཐ་དད་ངས་བཤད་དོ། །ཐེག་པ་གཅིག་ཏུ་ངས་བཤད་དོ། །སེམས་ཀྱི་གནས་ཤིན་ཏུ་གྱུར་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒོ་གཞན་དག་རབ་ཏུ་ཐོབ་པ་དང་། མཚན་དང་། དབང་དང་། མངོན་པར་ཤེས་པ་དུ་མའི་མེ་ཏོག་རྒྱས་ཤིང་ཡིད་ཀྱི་མགྱོགས་པ་དང་མཚུངས་
པ་སྒྱུ་མ་དང་། རྨི་ལམ་གཟུགས་བརྙན་ལྟ་བུ་འབྱུང་བ་ལས་གྱུར་པ་མ་ཡིན་པ་ལ་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་འདྲ་བ་གཟུགས་ཐམས་ཅད་ཀྱི་ཡན་ལག་སྣ་ཚོགས་འདུས་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འཁོར་གྱི་དཀྱིལ་འཁོར་དུ་རྗེས་སུ་སོང་བའི་ལུས་དེ་ནི་ཆོས་ཀྱི་ངོ་བོ་ཉིད་
རྟོགས་པ་ཡིན་གྱིས་ལུས་ཞེས་བྱའོ། །ལྟ་བ་ཐམས་ཅད་རྣམ་བཟློག་ཅིང་། །རྟོག་དང་བརྟགས་པ་སྤངས་པ་སྟེ། །དམིགས་མེད་སྐྱེ་བ་མེད་པ་ན། །སེམས་ཙམ་དུ་ཡང་ངས་བཤད་དོ། །དངོས་མིན་དངོས་པོ་མེད་མིན་པ། །དངོས་དང་དངོས་མེད་རྣམ་པར་སྤངས། །དེ་
བཞིན་སེམས་ལས་གྲོལ་བ་ནི། །སེམས་ཙམ་དུ་ཡང་ངས་བཤད་དོ། །དེ་བཞིན་ཉིད་དང་སྟོང་པའི་མཐའ། །མྱ་ངན་འདས་དང་ཆོས་ཀྱི་དབྱིངས། །སྣ་ཚོགས་ཡིད་ཀྱི་ལུས་རྣམས་ནི། །སེམས་ཙམ་དུ་ཡང་ངས་བཤད་དོ། །རྣམ་རྟོག་བག་ཆགས་འབྲེལ་བ་ཡིན། །

སྣ་ཚོགས་སེམས་ལས་བྱུང་བ་སྟེ། །མི་རྣམས་ལ་ནི་ཕྱི་རོལ་སྣང་། །འཇིག་རྟེན་པ་ཡི་སེམས་ཙམ་མོ། །ཕྱི་རོལ་སྣང་བ་ཡོངས་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནངས་
བཤད་དོ། །བུདྡྷའི་དྲུང་དུ་བྲམ་ཟེ་འཇིག་རྟེན་རྒྱང་པན་པ་ཞིག་གིས་ཐམས་ཅད་བྱས་པའམ་མ་བྱས་པའམ། རྟག་པའམ་མི་རྟག་པའམ། གཅིག་པའམ་ཐ་དད་པའམ་ཞེས་བྱ་བ་ལ་སོགས་པ་མང་པོ་ཞིག་ཞུས་པ་ལས། བུདྡྷས་ལན་དུ་དེ་སྐད་ཅེས་ཟེར་
བ་ཐམས་ཅད་ནི་འཇིག་རྟེན་རྒྱང་པན་པ་ཡིན་ཏེ། ཀྱེ་བྲམ་ཟེ་འཇིག་རྟེན་རྒྱང་པན་པ་འདི་ནི་ཁྱོད་ཀྱི་སྟེ་དེའི་མ་ཡིན་ནོ། །བྲམ་ཟེ་ང་ནི་ཐོག་མ་མེད་པའི་དུས་ནས་སྤྲོས་པ་རྣམ་པར་རྟོག་པའི་བག་ཆགས་གནས་ངན་ལེན་གྱི་རྒྱུ་ལས་སྲིད་པ་གསུམ་སྐྱེས་པར་སྟོན་ཏེ། བྲམ་ཟེ་
དེ་ཡང་རང་གི་སེམས་སྣང་བ་ཙམ་ཁོང་དུ་མ་ཆུད་པས་རྣམ་པར་རྟོག་པ་འབྱུང་གི །ཕྱི་རོལ་གྱི་དངོས་པོ་དམིགས་པ་ལས་ནི་མ་ཡིན་ནོ། །འདི་ལྟ་སྟེ། མུ་སྟེགས་བྱེད་རྣམས་ཀྱི་བདག་དང་། དབང་པོ་དང་། དོན་གསུམ་ཕྲད་པ་ལྟ་བུ་ངའི་མ་ཡིན་ནོ། །ཀྱེ་བྲམ་ཟེ་ང་ནི་རྒྱུར་སྨྲ་བ་
ཡང་མ་ཡིན། རྒྱུ་མེད་པར་སྨྲ་བ་ཡང་མ་ཡིན་ཏེ། གཞན་དུ་ན་རྣམ་པར་རྟོག་པ་ཉིད་གཟུང་བ་དང་འཛིན་པའི་དངོས་པོ་རབ་ཏུ་བཤིག་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བར་སྟོན་ཏོ། །ཁྱོད་ལྟ་བུ་དང་བདག་ཏུ་འཛིན་པར་ལྟུང་བའི་རྒྱུད་ཅན་གཞན་དག་གིས་མི་རིག་གོ། །
གཞན་ཡང་བློ་གྲོས་ཆེན་པོ་བྲམ་ཟེ་འཇིག་རྟེན་རྒྱང་པན་པས་ང་ལ་འདི་སྐད་ཅེས་ཟེར་རོ། །ཀྱེ་གཽ་ཏ་མ་སྲིད་པ་གསུམ་པོ་འདི་མི་ཤེས་པ་དང་། སྲེད་པ་དང་། ལས་ཀྱི་རྒྱུ་ལས་བྱུང་ངམ། དེ་སྟེ་རྒྱུ་ལས་མ་བྱུང་། བྲམ་ཟེ་འདི་གཉིས་ཀ་ཡང་འཇིག་རྟེན་རྒྱང་པན་པའོ། །ཀྱེ་གཽ་ཏ་མ་
དངོས་པོ་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་ལྟུང་བའམ། ཀྱེ་བྲམ་ཟེ་དེ་ཡང་འཇིག་རྟེན་རྒྱང་ཕན་པ་ཉིད་ཡིན་ཏེ། བྲམ་ཟེ་ཇི་ཙམ་དུ་ཡིད་ལས་རྣམ་པར་གཡོས་པ་དང་། ཕྱི་རོལ་གྱི་དོན་ལ་མངོན་པར་ཆགས་ཤིང་རྣམ་པར་རྟོག་པ་དེ་ཙམ་དུ་འཇིག་རྟེན་རྒྱང་པན་ནོ། །མེ་ལོང་

ལ་ནི་ཇི་ལྟར་གཟུགས། །སྣང་ཡང་ཡོད་པ་མ་ཡིན་ལྟར། །བག་ཆགས་དག་ནི་མེ་ལོང་ལ། །བྱིས་པས་སེམས་ནི་རྣམ་གཉིས་མཐོང་། །སེམས་ཀྱི་སྣང་བ་མ་ཤེས་པས། །རྣམ་པར་རྟོག་པ་རྣམ་གཉིས་སྐྱེ། །སེམས་ཀྱི་སྣང་བ་ཡོངས་ཤེས་ནས། །རྣམ་པར་
རྟོག་པ་མི་འབྱུང་ངོ་། །སེམས་ནི་སྣ་ཚོགས་འགྱུར་བ་སྟེ། །མཚན་དང་མཚན་གྱི་གཞི་ཡང་སྤངས། །ཇི་ལྟར་བྱིས་པས་བརྟགས་པ་བཞིན། །སྣང་བའི་རྣམ་པ་སྣང་བ་མེད། །སྲིད་གསུམ་རྣམ་པར་རྟོག་ཙམ་པས། །ཕྱི་རོལ་གྱི་ནི་དོན་མེད་དོ། །རྣམ་རྟོག་སྣ་ཚོགས་སྣང་བ་ནི། །
བྱིས་པ་དག་གིས་མི་རྟོགས་སོ། །ཇི་སྲིད་དུ་ཡང་དམ་བཅའ་བ །།དེ་སྲིད་ཐམས་ཅད་འདྲེས་བ་ཅན། །རང་སེམས་ཙམ་དུ་བལྟ་བྱ་སྟེ། །རྩོད་པ་བཙལ་བར་མི་བྱའོ། །བློ་གྲོས་ཆེན་པོ་གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་དེ་བཞིན་གཤེགས་པའི་སྙིང་པོ་
མེད་དུ་ཟིན་ན། དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་མེད་པས་འཇུག་པའང་མེད། ལྡོག་པའང་མེད་པར་འགྱུར་ན། བློ་གྲོས་ཆེན་པོ་བྱས་པ་དང་། འཕགས་པ་རྣམས་ལ་འཇུག་པ་དང་། ལྡོག་པ་ཡང་ཡོད་དེ་རྣལ་འབྱོར་ཅན་བརྩོན་པ་མི་
འདོད་པ་རྣམས་བདག་གི་སོ་སོ་རང་གིས་རིག་པ་ཚེ་འདིའི་བདེ་བར་སྤྱོད་པས་གནས་སོ། །དྲོ་དང་གཤེར་དང་སྲ་གཡོ་བར། །ཆོས་རྣམས་བྱིས་པས་རྣམ་པར་བརྟགས། །ཡང་དག་མ་ཡིན་སྒྲོ་འདོགས་ཏེ། །མཚན་ཉིད་མེད་ཅིང་མཚན་གཞི་མེད། །རྒྱུན་རྣམས་ཀྱི་ནི་ལུས་འདི་
ལ། །འདི་ནི་རྫས་བརྒྱད་གཟུགས་ཡིན་ཏེ། །ལུས་ཀྱི་དབྱིབས་དང་དབང་པོར་ནི། །བྱིས་པ་ནོར་བ་རྣམ་རྟོག་གོ། །ལུས་དང་ལོངས་སྤྱོད་གནས་དག་ནི། །གཟུང་བའི་རྣམ་པར་རིག་གསུམ་སྟེ། །ཡིད་དང་ཡིད་ཀྱི་རྣམ་རིག་དང་། །རྣམ་པར་རྟོག་ནི་འཛིན་པ་གསུམ། །
རང་གི་སེམས་ལ་མངོན་ཆགས་པས། །སེམས་ནི་ཤིན་ཏུ་འབྱུང་བར་འགྱུར། །ཕྱི་རོལ་སྣང་བ་ཡོངས་མེད་དེ། །དེ་ཡི་ཕྱིར་ན་སེམས་ཙམ་མོ། །དབང་པོ་རྣམས་ནི་སྒྱུ་མ་བཞིན། །ཡུལ་རྣམས་ཀྱང་ནི་རྨི་ལམ་འདྲ། །བྱེད་དང་ལས་དང་བྱ་བ་ཉིད། །རྣམ་

པ་ཀུན་དུ་གཡོ་བ་མིན། །ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་པ་མིན། །གང་འདི་སྣ་ཚོགས་སྣང་བ་ནི། །གནས་ངན་ལེན་གྱིས་བསྒོས་པའི་སེམས། གཟུགས་སུ་སྣང་བ་འཛིན་པ་སྟེ། །ཕྱི་རོལ་དག་ན་སེམས་འཁྲུལ་པ། །སྣང་བ་རི་བོང་རྭ་
བཞིན་ཏེ། །མི་རྣམས་ཀྱི་ནི་རྣམ་རྟོག་ཡོད། །སྨིག་རྒྱུ་ལ་ནི་རི་དགས་བཞིན། །གང་རྣམས་རྟོགས་པ་དེ་དག་ནོར། །རྣམ་རྟོག་མངོན་པར་ཆགས་པ་ཡིས། །རྣམ་པར་རྟོག་པ་ཤིན་ཏུ་འབྱུང་། །ཕྱི་རོལ་བརྟགས་པའི་རང་བཞིན་ཏེ། །གཞན་དབང་རང་གི་གཞི་ལས་
སྐྱེས། །བདག་ལ་སྐྱེས་པའི་འཁྲུལ་མ་མཐོང་། །དེ་ཡི་སེམས་རྣམས་རབ་ཏུ་འཇིག །དེ་ཡི་རྒྱུ་ཅན་དེ་ལ་དམིགས། །ཡིད་མི་འཇུག་པའི་གནས་ཡིན་ཏེ། །སེམས་ཀྱི་རྒྱུ་ཡང་འབྱིན་པར་བྱེད། །རྣམ་པར་ཤེས་ཀྱང་དེ་ལ་གནས། །དངོས་པོ་མཚན་ཉིད་ལྡན་པ་ནི། །ཕྱི་རོལ་
ཇི་སྲིད་རྣམ་རྟོག་ཅིང་། །རང་གི་ནོར་བ་མ་མཐོང་ན། །དེ་སྲིད་དུ་ནི་སེམས་རྒྱས་བྱེད། །བག་ཆགས་དག་ལས་སེམས་མི་བྱེད། །སེམས་དང་བག་ཆགས་གཅིག་མ་ཡིན། །སེམས་ནི་ཐ་དད་མ་ཡིན་མཚན། །བག་ཆགས་རྣམས་ཀྱིས་ཡོངས་སུ་དཀྲིས། །ཡིད་ཀྱི་
ཤེས་ལས་བྱུང་བ་ཡི། །བག་ཆགས་དྲི་མ་བཞིན་དུ་ལྟོས། །སེམས་ནི་རས་ཡུག་དཀར་པོ་འདྲ། །བག་ཆགས་རྣམས་ཀྱིས་མི་མཛེས་སོ། །མྱ་ངན་ལས་འདས་པའི་སྐབས་ནས་གསོལ་པ། བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པ་བརྒྱད་དུ་གཞག་གམ། གཞོག་
གོ། །བཞག་ན་ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ལོག་ལ་མ་བཞག་ལགས། བཀའ་སྩལ་པ། དེའི་རྒྱུ་དང་དམིགས་པའི་ཕྱིར་རྣམ་པར་ཤེས་པ་འདུས་པ་རྣམས་འབྱུང་བར་འགྱུར་ཏེ། །བློ་གྲོས་ཆེན་པོ་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་བྱེ་བྲག་འབྱེད་པ་ལ་མངོན་པར་ཆགས་
ཤིང་འབྱུང་བས། བག་ཆགས་ཀྱི་ཀུན་གཞི་རྣམ་པར་ཤེས་པ་ཤིན་ཏུ་རྒྱས་པར་བྱེད་དོ། །ཡིད་དང་ལྷན་ཅིག་ཏུ་བདག་དང་བདག་གིར་འཛིན་པ་ལ་མངོན་པར་ཆགས་པས། རང་སེམས་པ་ལྟ་བུ་རྗེས་སུ་འཇུག་སྟེ། ཀུན་གཞི་རྣམ་པར་ཤེས་པ་རྒྱུར་གྱུར་ཅིང་། དེ་ལ་དམིགས་པ་

ལུས་ཐ་དད་པ་མ་ཡིན་པའི་མཚན་ཉིད་དོ། །རང་གི་སེམས་སྣང་བའི་ཡུལ་ལ་མངོན་པར་ཆགས་པས། གཅིག་གི་རྒྱུར་གཅིག་གྱུར་པའི་སེམས་འདས་པ་འབྱུང་སྟེ། བློ་གྲོས་ཆེན་པོ་རྒྱ་མཚོ་ཆེན་པོ་ལྟར་རང་གི་སེམས་སྣང་བའི་ཡུལ་གྱི་རླུང་གིས་བསྐྱོད་
པས་འཇུག་ཅིང་ལྡོག་གོ། །དེ་ལྟ་བས་ན་ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པས་བདུན་པོ་རྣམས་ཀྱང་ལྡོག་པར་འགྱུར་རོ། །ཀུན་གཞི་ལ་ནི་རྟེན་བཅས་ནས། །ཡིད་ཀྱང་ཤིན་ཏུ་འཇུག་པར་འགྱུར། །སེམས་དང་ཡིད་ལ་རྟེན་བཅས་ནས། །རྣམ་པར་ཤེས་པ་འཇུག་པར་འགྱུར། །དཀར་པོ་ལ་ནི་དྲི་
མ་སྣང་། །དྲི་མ་ལ་ནི་སེམས་མི་སྣང་། ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །དེ་བཞིན་སེམས་ཀྱང་མི་སྣང་ངོ་། །ཐམས་ཅད་འབྱུང་འགྱུར་གཟུགས་མེད་དེ། །འབྱུང་ལས་མ་གྱུར་གཟུགས་ཡོད་དོ། །དྲི་ཟའི་གྲོང་ཁྱེར་རྨི་ལམ་དང་། །སྒྱུ་མ་སྨིག་རྒྱུ་འབྱུང་འགྱུར་མིན། །ཇི་ལྟར་གསེར་
ནི་དག་པ་དང་། །ཆུ་ཡང་རྙོག་པ་དྭངས་པ་དང་། །ནམ་མཁའ་ལ་ནི་སྤྲིན་མེད་ལྟར། །རྣམ་རྟོག་དག་པ་དེ་བཞིན་ནོ། །དབུས་མ་འཇིགས་པ་དང་སེམས་ཙམ། །དབུ་མ་ཡིན་པ་རྒྱུན་ཆགས་འབྱུང་། །ཡོན་ཏན་རྡུལ་ཕྲན་རྫས་འདུས་པར། །བྱིས་པ་རྣམས་ནི་གཟུགས་ལ་རྟོག །
རྡུལ་ཕྲན་རེ་རེར་ཡོད་པ་མིན། །དེ་ཡི་ཕྱིར་ཡང་དོན་མེད་དོ། །རང་གི་སེམས་ནི་སྣང་བའི་དབྱིབས། །མི་རྣམས་ལ་ནི་ཕྱི་རོལ་སྣང་། །ཕྱི་རོལ་སྣང་བ་ཡོད་མིན་ཏེ། །དེ་ཡི་ཕྱིར་ཡང་དོན་མེད་དོ། །སྐྲ་ཤད་འཛིངས་དང་སྒྱུ་མ་དང་། །རྨི་ལམ་དྲི་ཟའི་གྲོང་ཁྱེར་དང་། །མགལ་མེ་
སྨིག་རྒྱུ་སྣ་ཚོགས་དག །མེད་ཀྱང་མི་ལ་རབ་ཏུ་སྣང་། །སེམས་དང་རྣམ་རྟོག་རྣམ་རིག་དང་། །ཡིད་དང་རྣམ་ཤེས་ཉིད་ཀྱང་སྟེ། །ཀུན་གཞི་སྲིད་གསུམ་གཡོ་བ་རྣམས། །དེ་དག་སེམས་ཀྱི་རྣམ་གྲངས་ཡིན། །གང་དག་འཇུངས་པའི་ཉན་ཐོས་དང་། །མུ་སྟེགས་ཅན་གྱིས་བྱས་པ་ནི། །
གང་ཕྱིར་རྟོག་གེས་བཤད་པས་ན། །དེ་དག་དོན་ལ་འཁྲུལ་པའོ། །ཆོས་ཡང་དག་པར་སྡུད་པ་ལས། །ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་བྱང་ཆུབ་སེམས་དཔའ་རྣམས་མི་འགྲོགས་པ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དམན་པ་ལ་སེམས་པ་དང་། དམན་པ་

ལ་སྨོན་པའི་སེམས་ཅན་དམན་པ་རྣམས་དང་ལྷན་ཅིག་མི་འགྲོགས་པ་དང་། སེམས་ཅན་མི་བརྩོན་པ་མི་འགྲུས་པ་ལེ་ལོ་ཅན་བརྩོན་འགྲུས་མེད་པ་རྣམས་དང་ལྷན་ཅིག་མི་འགྲོགས་པ་དང་། ང་རྒྱལ་བདུན་དང་ང་རྒྱལ་གྱིས་ཁེངས་པའི་སེམས་ཅན་རྣམས་
དང་ལྷན་ཅིག་མི་འགྲོགས་པ་དང་། སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས་དང་། གནོད་སེམས་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། འཆལ་པའི་ཤེས་རབ་ཀྱི་རང་བཞིན་ཅན་གྱི་སེམས་ཅན་རྣམས་དང་ལྷན་ཅིག་མི་འགྲོགས་པ་དང་། འདོད་པ་ལ་འདུན་པ་
དང་། གནོད་སེམས་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་རྣམས་དང་ལྷན་ཅིག་མི་འགྲོགས་པ་དང་། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཀུན་དུ་རྟོག་པ་ཐམས་ཅད་དང་ལྷན་ཅིག་མི་འགྲོགས་པ་དང་། སྒྲིབ་པ་དང་། ཆོད་པ་དང་། ཀུན་ནས་དཀྲིས་པ་ཐམས་ཅད་དང་
ལྷན་ཅིག་མི་འགྲོགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཐམས་ཅད་དང་ལྷན་ཅིག་མི་འགྲོགས་པ་དང་། རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་མངོན་པར་དགའ་བའི་ཡིད་ལ་བྱེད་པ་ཐམས་ཅད་དང་ལྷན་ཅིག་མི་འགྲོགས་པ་དང་། ངར་
འཛིན་པ་དང་། ང་ཡིར་འཛིན་པ་རྣམས་དང་ལྷན་ཅིག་མི་འགྲོགས་པ་དང་། འཇའ་ལ་ཁ་དོག་སྐྱ་བོ་དང་། སྔོན་པོ་དང་། དམར་པོ་རྣམས་ནི་རིམ་བཞིན་ས་ཆུ་མེའི་དབང་པོ། །གཞུའི་དབྱིབས་ནི་རླུང་གི་དབང་པོ་ཞེས་འབྱུང་། རྣལ་འབྱོར་སྤྱོད་པའི་དགེ་སློང་དགེ་བ་
མེད་པའི་ཚོགས་རྣམ་པར་དག་པ། དབང་རབ་ཏུ་ཐོབ་པས་ཟད་པར་ནམ་མཁར་བསམས་ཙམ་གྱིས་དེ་བཞིན་དུ་འགྱུར་ཏེ། སྲ་བ་དང་། གཤེར་བ་དང་། ཚ་བ་དང་། གཡོ་བ་རྣམས་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཀྱི་སྒྲིབ་པ་མེད་
པར་འགྱུར་ཡང་། སེམས་ཀྱི་སྒྲིབ་པ་མེད་པ་ནམ་མཁའི་སྒྲིབ་པ་མེད་པར་འཕོ་བ་ཡང་མ་ཡིན། བསམས་པ་ཙམ་གྱིས་སྒྲིབ་པ་མེད་པ་དང་མི་ལྡན་པར་སྲབ་ལ་སོགས་པ་མེད་པར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་རྐྱེན་ལས་བྱུང་བའི་ལས་དགེ་བ་དང་། མི་དགེ་བ་ཐམས་

ཅད་ཀྱི་རྣམ་པར་སྨིན་པའི་དབང་ཉིད་ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་བ་བརྒྱད་ལ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། སྟོང་པ་དང་གཡོ་བ་མེད་པར་ལྟ་སྟེ། དེས་འགྲོལ་བས་
རྣམ་པར་ཐར་པ་ཞེས་བྱའོ། །ནང་གཟུགས་མེད་པར་འདུ་ཤེས་པས། ཕྱིའི་གཟུགས་རྣམས་ལ་ལྟ་བ་ནི་སྟོང་པ་ཉིད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། གཡོ་བ་མེད་པར་ལྟ་བས་སོ། །སྡུག་པར་མོས་པ་ནི་སྟོང་པའོ། །མི་སྡུག་པ་ནི་ལྟ་བར་གྱུར་པའོ། །སྡུག་པར་མོས་པས་སོ། །
གཟུགས་ཀྱི་འདུ་ཤེས་ལས་འདས་ནས། ནམ་མཁའ་མཐའ་ཡས་སོ་སྙམ་པ་ནི་སྟོང་པ་སྟེ་རྣམ་ཤེས་མཐའ་ཡས་སོ་སྙམ་པ་ནི་རྣམ་པར་ཤེས་པ་ཐོག་མ་མེད་པ་ཅན་དུ་བཤད་ལ། གང་ཐོག་མ་མེད་བ་དེ་ནི་སྟོང་པ་ཡིན་ཏེ། དེ་ལྟར་མཐོང་བས་སོ། །ཅི་ཡང་མེད་དོ་སྙམ་པ་ནི་ཅི་ཡང་ཞེས་བྱ་བ་ནི་དུས་གསུམ་སྟེ། དེ་དག་མེད་པས་
མཐོང་ངོ་། །འདུ་ཤེས་མེད་འདུ་ཤེས་མེད་མིན་རྫོགས་པར་བྱ་སྟེ། གནས་པ་ནི་འདུ་ཤེས་མེད་ཅེས་བྱ་བ་ནི་སྟོང་པའོ། །འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དེ་ལྟར་མཐོང་བས་སོ། །འདུ་ཤེས་དང་ཚོར་བ་འགོག་པ་ནི་དེ་འདི་སྙམ་
དུ་འདུ་ཤེས་ནི་སྨིག་རྒྱུ་ལྟ་བུའོ། །ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུ་སྟེ། འདུ་ཤེས་ཉིད་ཚོར་བ། ཚོར་བ་ཉིད་འདུ་ཤེས་པས། འདི་ལ་ཤེས་པ་པོ་མེད། ཚོར་བ་པོ་མེད་ནས། དེ་ལྟར་མཐོང་བས་སོ། །འདུ་ཤེས་དང་ཚོར་བ་འགོག་པ་ནི་བྱང་ཆུབ་སེམས་དཔའི་ཟད་པར་གྱི་སྐྱེ་མཆེད་
བཅུ་ལ། ཟད་པར་ས་ནས་རྣམ་པར་ཤེས་པའི་བར་དུ་མོས་ན་ཡང་དེ་ཁོ་ན་བཞིན་དུ་འགྱུར་ཏེ། ཟད་པར་གྱི་སྐྱེ་མཆེད་ཅེས་བྱའོ། །རེ་རེ་ལ་ཡང་སྐྱེ་མཆེད་ཐམས་ཅད་དུ་འགྱུར་བས་དེའི་ཕྱིར་ཟད་པར་སྐྱེ་མཆེད་ཅེས་བྱའོ། །བྱང་ཆུབ་སེམས་དཔའི་དབང་བཅུ་ལ། མི་འཆི་བ་ཐོབ་
པས་ཚེ་ལ་དབང་བའོ། །སེམས་ཙམ་དུ་ཡོངས་སུ་ཤེས་པའི་ཕྱིར་སེམས་ལ་དབང་བའོ། །ལག་ན་རིན་པོ་ཆེ་དང་། ནམ་མཁའི་མཛོད་རབ་ཏུ་བརྙེས་པའི་ཕྱིར་ཡོ་བྱད་དོ། །བག་ཆགས་དང་བཅས་པའི་ལས་ཀྱི་ལམ་བཅད་པས་ལས་སོ། །ཏིང་ངེ་འཛིན་བཟློག་པའི་བསམ་

གཏན་རྙེད་པས་སྐྱེ་བའོ། །ལྷུན་གྱིས་གྲུབ་པར་བྱ་བ་ལ་འཇུག་པ་ཐོབ་པས་རྫུ་འཕྲུལ་ལོ། །ཟད་པར་གྱི་སྐྱེ་མཆེད་ཐོབ་པས་མོས་པའོ། །བསམས་པ་ཙམ་གྱིས་དོན་འཐོབ་པས་སྨོན་ལམ་མོ། །ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཐོབ་པས་ཡེ་ཤེས་སོ། །དེ་
བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་མཉམ་པའི་ཡེ་ཤེས་དྲི་མ་མེད་པའི་ཕྱིར་ཆོས་སོ། །དབང་བཅུ་པོ་དག་མི་མཐུན་པ་གང་གི་གཉེན་པོ་ཡིན་པ་དང་། དེ་དག་གི་རྒྱུ་ཡང་དྷརྨ་འདི་ལས་བཤད། བྱང་ཆུབ་སེམས་དཔའ་ནི་གང་སོ་སོར་ཐར་བའི་
སྡོམ་པས་བསྡམས་པ་ཡང་ལགས་ལ། སོ་སོར་ཐར་པ་ཙམ་གྱིས་དག་པར་ཡང་མི་སེམས་ཏེ། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་རྟོན་པ་ལགས་སོ། །དྷརྨ་འདི་ལས་སངས་རྒྱས་བཅུ་འབྱུང་། ཆོ་འཕྲུལ་ཆེན་པོ་བསྟན་པ་ལས། འཇམ་དཔལ་ཇི་ལྟར་བྱང་ཆུབ་སེམས་དཔའ་
ལུས་ཡོངས་སུ་དག་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་ཡིད་ལས་བྱུང་བའི་ལུས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ལུས་དང་མཐུན་པར་སྟོན་པ་ཡིན། ཇི་ལྟར་ངག་ཡོངས་སུ་དག་པ་ཡིན། སེམས་ཅན་ཐམས་ཅད་ཀྱི་སྒྲ་ཡོངས་སུ་རྫོགས་པས་འབྲས་བུ་ཡོད་པས་ཆོས་སྟོན་པ་ཡིན།
ཇི་ལྟར་ན་སེམས་ཡོངས་སུ་དག་པ་ཡིན། སེམས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཡོངས་སུ་ཤེས་པ་ཡིན་ནོ། །བུདྡྷའི་སྤྱན་སྔ་ན་འཕགས་པ་འཇམ་དཔལ་དང་། ལྷའི་བུ་དེད་དཔོན་ཆོས་གླེང་བ་ལས། དེད་དཔོན་གྱིས་ཆོས་ཟབ་མོ་མང་དུ་སྨྲས་པ་དང་། ཤཱ་རིའི་
བུས་བུདྡྷ་ལ་དེད་དཔོན་འདི་དགེ་བའི་རྩ་བ་ཅན་ནོ་ཞེས་གསོལ་པ་དང་། སྔོན་ཡང་དགེ་བ་སྤེལ་བ་ཡིན་པ་ལས་གླེང་བ་བསྐལ་བ་གྲངས་མེད་པའི་སྔོན་རོལ་ན་འཇིག་རྟེན་གྱི་ཁམས་བདེ་བར་བུདྡྷ་རི་རབ་ལྟ་བུར་འབྱུང་བ་དེའི་ཚེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དགེ་བས་བཀོད་པ་བྱུང་།
དེ་ལ་བུདྡྷས་ཆོས་བཤད་ནས་བུ་དང་བཅས་པས་ཆོས་དང་མཐུན་པའི་བཟོད་པ་ཐོབ། དེ་ནས་འཁོར་དེ་ནི་ཆོས་སྨྲ་བའི་དགེ་སློང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་ཞིག་ཡོད་པས་རྒྱལ་པོ་ལ་ཆོས་ཟབ་མོ་བཤད་པ་དང་རྒྱལ་པོ་རངས་ནས་གོས་དང་། རྒྱན་ཅི་ཡོད་པ་དེ་ལ་ཡོན་དུ་བྱིན་ནོ། །

དེ་ནས་དགེ་སློང་དེས་གོས་ལ་སོགས་པ་ནི་མཆོད་པ་ཆེན་པོ་མ་ཡིན་གྱི། རབ་ཏུ་བྱུང་ཞིང་ཆོས་སྤྱོད་མཆོད་པའི་བར། །གང་དག་སྟོང་ཆེན་སེམས་ཅན་དེ་དག་ཀུན། །བྱང་ཆུབ་ཕྱིར་ནི་རབ་ཏུ་ཞུགས་གྱུར་ཅིང་། །མ་ཞུམ་སེམས་ཀྱིས་བསྐལ་པ་རྫོགས་
པར་ནི། །བུ་དང་ཆུང་མ་སྦྱིན་པ་བྱས་པ་ལས། །གང་གིས་བྱང་ཆུབ་ཕྱིར་ནི་སེམས་བསྐྱེད་ནས། །དེ་བཞིན་གཤེགས་པའི་རྗེས་སུ་བསླབ་ཆེད་དུ། །རབ་འབྱོར་སེམས་ཀྱིས་གོམ་པ་གཅིག་བོར་བ། །དེ་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །གང་དག་སྔོན་ཆད་བྱུང་
བའི་སངས་རྒྱས་དང་། །གང་དག་མ་བྱོན་བྱུང་དང་བཞུགས་པ་རྣམས། །དེ་དག་སྐྱོན་མང་ཁྱིམ་ནི་མ་སྤངས་པར། །བླ་མེད་བྱང་ཆུབ་ཞི་བ་ཐོབ་པ་མེད། །རབ་བྱུང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །རབ་ཏུ་སྟོན་ཅིང་བསྔགས་ལ་བཀུར་བ་སྟེ། །གང་ཞིག་སངས་རྒྱས་ཀུན་ལ་མཆོད་
འདོད་པ། །རྒྱལ་བའི་བསྟན་ལ་རབ་བྱུང་གཟུང་བར་གྱིས། །གང་ཞིག་ཁྱིམ་གནས་རིན་ཆེན་ཁྱིམ་བརྒྱན་པའི། །གང་གཱའི་བྱེ་སྙེད་སངས་རྒྱས་ཞིང་བྱིན་དང་། །གང་ཞིག་རབ་བྱུང་ཉིད་དང་མཚན་གཅིག་ཏུ། །མི་རྟག་སྡུག་བསྔལ་བདག་མེད་སེམས་བྱེད་ན། །གང་ཞིག་རབ་བྱུང་བག་ཡོད་གྱུར་བ་
ཡི། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ཉེ་བ་དང་། །བདུད་ཀྱི་དཀྱིལ་འཁོར་ཤིན་ཏུ་བཅོམ་བྱས་ཤིང་། །དགེ་བའི་ཕྱོགས་ཀྱང་མི་འགྲིབ་འཕེལ་བ་ཡིན། །རབ་བྱུང་དེ་ནི་ལམ་ངན་སྤངས་པ་དང་། །ལམ་གྱི་རྗེས་མཐུན་འཕགས་པའི་སྐྱེ་བོས་བསྟོད། །དེ་ནི་དགེ་བ་ཅུང་ཟད་མ་ཡིན་ཞིང་། །དེ་ནི་ཡོངས་
སུ་འཛིན་པ་སྤངས་བ་ཡིན། །ཁྱིམ་ལས་གྲོལ་བ་ཉོན་མོངས་མི་འཕེལ་ཞིང་། །ཉོན་མོངས་རྣམ་གྲོལ་བདུད་ཀྱི་འཆིང་བ་མེད། །རྣམ་གྲོལ་སེམས་ནི་བྱང་ཆུབ་སྤྱད་པ་སྤྱོད། །སྤྱོད་པ་དག་པས་བྱང་ཆུབ་རྙེད་མི་དཀའ། །དེ་ནས་རྒྱལ་པོ་དེ་རབ་ཏུ་བྱུང་བར་འདོད་ནས། བུདྡྷ་ལ་གསོལ་ཏེ་གནད་
ནས་བུ་སྟོང་ལ་སྨྲས་པ། ཁྱེད་ལས་རྒྱལ་སྲིད་འཛིན་ཅིང་སེམས་ཅན་ཆོས་བཞིན་སྐྱོང་བར་སྤྲོ་བ་སུ་ཡོད། །དེ་དག་ཐམས་ཅད་ཀྱིས་བདག་ཀྱང་རབ་ཏུ་འབྱུང་གིས་མི་འདོར་བར་གསོལ་ཞེས་སྨྲས་སོ། །རྒྱལ་པོས་སྨྲས་པ། འདི་རབ་ཏུ་བྱུང་ན་གླིང་བཞི་བའི་འགྲོ་བ་ཆུད་ཟོས་སུ་འོང་གིས། ཁྱོད་

པས་གང་སྙིང་རྗེ་བརྟན་པ་དེས་རྒྱལ་སྲིད་ཟུང་ལ་འགྲོ་བ་ཆོས་ལ་ཚུད་ཅིག། དེ་ནས་རྒྱལ་བུ་སྙིང་རྗེ་ཅན་སེམས་ཀྱིས་ཁས་བླངས་ནས། གཞན་རིལ་རབ་ཏུ་བྱུང་ངོ་། །དེའི་ཚེ་རྒྱལ་པོའི་དེད་དཔོན་ཆོས་སྨྲ་བའི་དགེ་སློང་དེ་འཇམ་དཔལ་ལོ། །རྒྱལ་བུ་རྒྱལ་སྲིད་འཛིན་པ་ནི་བཅོམ་ལྡན་འདས་
ཤཱཀྱ་ཐུབ་པའོ། །རྒྱལ་བུ་གཞན་ནི་བསྐལ་བ་བཟང་པོའི་སངས་རྒྱས་གཞན་ནོ། །ཡེ་ཤེས་སྣང་བའི་རྒྱན་ལས། དཔེར་ན་ས་ཆེན་པོ་འདི་བཻ་ཌཱུརྱའི་རང་བཞིན་དུ་གྱུར་ཏེ། སུམ་ཅུ་རྩ་གསུམ་པའི་གནས་བརྒྱ་བྱིན་ལོངས་སྤྱོད་དང་བཅས་པར་སྣང་ལ་དེ་ནི་ལྷ་རྣམས་ཀྱིས་འཛམ་བུའི་
གླིང་གི་མི་རྣམས་ལ། ཀྱེ་ལྷའི་དབང་པོ་ལ་ལྟོས་ཁྱེད་ཀྱང་བསོད་ནམས་ཀྱིས་ལས་འདི་འདྲ་བར་འགྱུར་བར་གྱིས་ཤིག་ཅེས་སྨྲས་པ་དང་། དེ་དག་བསོད་ནམས་དག་བྱེད་སྨོན་ལམ་ཡང་འདེབས་སོ། །དེ་ན་བརྒྱ་བྱིན་ལ་སོགས་པ་མེད་ཀྱང་ས་གཞི་དག་པས་དེ་ལྟར་སྣང་བ་
དེ་བཞིན་དུ་བསྒོམ་པ་ལ་ཤིན་ཏུ་གོམས་ཤིང་སེམས་དག་པའི་ཕྱིར་སེམས་ཅན་གྱིས་དེ་བཞིན་གཤེགས་པའི་སྐུ་མཐོང་བར་འགྱུར་ཞིང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་སྐུ་མཐོང་སྟེ། དེ་ཡང་མ་སྐྱེས་མ་འགགས་སྣང་བ་ཡང་མ་ཡིན་མི་སྣང་བ་ཡང་མ་ཡིན་མོད་
ཀྱི། དེ་བཞིན་གཤེགས་པའི་སྐུའི་གཟུགས་བརྙན་ལ་དམིགས་ནས། བསོད་ནམས་བྱེད་ཅིང་ཡོངས་སུ་བསྔོའོ། །བརྒྱ་བྱིན་གྱི་གཟུགས་བརྙན་མི་གཡོ་མི་སེམས་མི་རྟོག་པ་དེ་བཞིན་གཤེགས་པ་ཡང་མི་སྐྱེ་མི་རྟོག་མོད་ཀྱི་གཟུགས་བརྙན་དང་འདྲ་བར་འཇིག་རྟེན་
ནི་སྣང་སྟེ། སེམས་ཅན་རྣམས་ཀྱི་མཐོང་བའི་རིམས་ཐ་དད་པས་ཆེ་བའི་རིམ་པ་ཐ་དད་པར་སྟོན་ཏོ། །ཡོངས་སུ་སྨིན་པ་དང་དད་པའི་སྟོབས་བསྐྱེད་པས་ཆོས་ཐོས་བར་འགྱུར་ཞིང་བསམ་པ་ཇི་ལྟ་བ་བཞིན་ཐེག་པ་གསུམ་དུ་ཡང་ཤེས་རབ་རྣམ་པར་གྲོལ་བར་ཡང་འགྱུར་
རོ། །ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དང་། གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་མྱ་ངན་ལས་འདའ་བས་འདུལ་བ་རྣམས་ཀྱི་སྔོན་གྱི་རྣམ་པར་སྨིན་པས། གཟུགས་བརྙན་ལྟར་མི་སྣང་བར་གྱུར་པ་དང་། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་

ཞེས་དེ་སྙམ་དུ་སེམས་སོ། །ཉི་མའི་དཀྱིལ་འཁོར་སའི་མཐོན་དམན་རིམ་པར་འཆར་བ་བཞིན་དུ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཉི་མའི་དཀྱིལ་འཁོར་ཡང་བྱང་ཆུབ་སེམས་དཔའ་ནས་ཐ་ན་ལོག་པར་ཞུགས་པ་ཡན་ཆད་ལ་རིམ་
གྱིས་འཆར་རོ། །མདོར་ན་མི་དགེ་བ་ཡིད་ལ་བྱེད་པ་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པའི་རྒྱུའོ། །དགེ་བ་ཡིད་ལ་བྱེད་པ་ཐམས་ཅད་ནི་རྣམ་པར་བྱང་བའི་རྒྱུའོ། །བཀའ་སྩལ་པ། དེ་བཞིན་གཤེགས་པས་རྩ་བ་མེད་ཅིང་རྟེན་མེད་པའི་བྱང་ཆུབ་བརྙེས་
སོ། །འཇམ་དཔལ་གྱིས་གསོལ་བ། རྩ་བ་དང་རྟེན་གང་ལགས། རྩ་བ་ནི་འཇིག་ཚོགས་སོ། །རྟེན་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་སོ། །གང་བརྗོད་དུ་མེད་པའི་དོན་དེ་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཏོ། །གང་རྟེན་ཅིང་འབྲེལ་པར་འབྱུང་བའི་
དོན་དེ་ཆོས་ཀྱི་དོན་ཏོ། །གང་ཆོས་ཀྱི་དོན་དེ་སངས་རྒྱས་ཀྱི་དོན་ཏོ། །དེའི་ཕྱིར་གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །གང་གིས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་སྟེ། ཇི་ལྟར་བཙལ་ན་ཅི་ཡང་མི་མཐོང་བ་དེ་ལྟར་
མཐོང་ངོ་། །འཇམ་དཔལ་ཅི་ཡང་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། སེམས་དང་དམིགས་པའོ། །དེ་ནས་སེམས་དང་དམིགས་པ་མི་མཐོང་བ་དེ་ན་ཡང་དག་པ་མཐོང་བའོ། །དེ་ལྟར་ན་ཆོས་དེ་དག་དེ་བཞིན་གཤེགས་པས་མཉམ་པ་ཉིད་ཀྱིས་མཉམ་པར་
མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་བཞིན་གཤེགས་པ་དགེ་ཆོས་ཟག་མེད་ཀྱིས། །གཟུགས་བརྙན་ལྟ་བུ་ཡིན་ཏེ་འདི་ལ་ནི། །དེ་བཞིན་གཤེགས་མེད་དེ་བཞིན་ཉིད་ཀྱང་མེད། །འཇིག་རྟེན་དག་ན་གཟུགས་བརྙན་སྣང་བར་ཟད། །ཆོས་ཡང་དག་པར་བསྡུས་
པ་ལས། བྱང་ཆུབ་སེམས་དཔའ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ། འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་

ཏེ་གནས་སོ། །དེ་ལ་འདོད་པ་རྣམས་ནི་བསམ་གཏན་དང་པོའི་མི་མཐུན་པའི་ཕྱོགས་ཏེ། གང་སྲེད་པ་དེ་དག་ལས་དབེན་པའོ། །སྡིག་པ་མི་དགེ་བའི་ཆོས་རྣམས་ནི་ཆགས་པ་དང་། ཞེ་སྡང་དང་གཏི་མུག་སྟེ། གཞི་དེ་ལས་མི་དགེ་བ་བཅུ་འབྱུང་ངོ་། །འདི་ནི་སྡིག་པ་མི་དགེ་བའི་ཆོས་
རྣམས་ཞེས་བྱ་སྟེ། དེ་དག་ལ་དབེན་པ་ནི་བསམ་གཏན་དང་པོའོ། །རྟོག་པ་དང་ལྷན་ཅིག་པ་ནི་རྟོག་པ་དང་བཅས་པ་སྟེ། རྟོག་པ་དེ་དག་གང་ཞེ་ན། གང་དག་བསམ་གཏན་དང་པོ་དང་མཐུན་པའི་རྟོག་པ་སྟེ། དེ་ཆོ་ག་བཞིན་དུ་རྟོག་ཅིང་དེ་དག་ཀྱང་དུལ་བས་ན། དེ་དག་ནི་རྟོག་པ་
ཞེས་བྱ་སྟེ། ཤེས་པ་དང་ཁོང་དུ་ཆུད་པ་དང་། དཔྱོད་པ་དང་རབ་ཏུ་རྟོག་པ་དང་། ཏིང་ངེ་འཛིན་དུ་བྱེད་པ་ནི་རྟོག་པའོ། །དཔྱོད་པ་གང་ཞེ་ན། བསམ་གཏན་དང་པོ་དང་མཐུན་པའི་རྟོག་པ་དེ་དག་ཉིད་ལ་དཔྱོད་པ་དང་། རྣམ་པར་དཔྱོད་པ་དང་། ཉེ་བར་དཔྱོད་པ་དང་། ཀུན་
དུ་ལོངས་སྤྱོད་པ་དང་། ཏིང་ངེ་འཛིན་དུ་བྱེད་པ་དང་། སེམས་རྗེས་སུ་འགྲོ་བ་ནི་དཔྱོད་པ་ཞེས་བྱ་སྟེ། དེ་དག་དང་ལྷན་ཅིག་པ་ནི་རྟོག་པ་དང་བཅས། དཔྱོད་པ་དང་བཅས་པ་བསམ་གཏན་དང་པོའོ། །དགའ་བ་དང་བདེ་བ་དབེན་པ་ལས་སྐྱེས་པས་དེའི་ཕྱིར་དབེན་པ་ལས་སྐྱེས་པའི་
དགའ་བ་དང་བདེ་བ་ཞེས་བྱའོ། །རྫོགས་པར་བྱས་ཏེ་གནས་ཞེས་བྱ་བ་ལ། རྫོགས་པར་བྱས་ཞེས་བྱ་བ་ནི། སྡོམ་པ་དང་། སྡོམ་པར་བྱེད་པ་དང་། སྦེད་པ་དང་། སྦེད་པར་བྱེད་པ་དང་། རོ་མྱང་བ་དང་མངོན་པར་དགའ་བ་སྟེ། བསམ་གཏན་དེ་ལ་གནས་པའི་བྱང་ཆུབ་
སེམས་དཔའ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཁོང་དུ་ཆུད་པར་བྱ་བའི་འདུན་པ་དང་། འདོད་པ་འཐོབ་སྟེ། འདུན་པ་དང་འདོད་པ་དེས་བསམ་གཏན་དང་པོ་ལ་སྙིང་པོ་འདུ་ཤེས་པ་མ་ཡིན་ནོ། །དེ་བསམ་གཏན་གཉིས་པ་རྩོམ་ཏེ། དེ་བསམ་གཏན་དང་པོའི་
རྟོག་པ་དང་། དཔྱོད་པ་དེ་དག་ཞི་བར་བྱེད། དེ་དག་ལས་སེམས་རབ་ཏུ་ཞི་བར་བྱེད་ཅིང་། བསམ་གཏན་གཉིས་པ་ཡོངས་སུ་འགྲུབ་པའི་རྒྱུ་ཚོལ་ཏེ། དེ་རྟོག་པ་དང་དཔྱོད་པ་དང་བྲལ་ནས། ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་དང་དཔྱོད་

པ་མེད་པར་དགའ་བ་དང་ལྡན་པ། བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་ལ་ནང་ཡོངས་སུ་དང་བ་ནི་དེའི་བསམ་གཏན་གཉིས་པའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་གང་ཡིན་པ་དེ་དག་ཉེ་བར་ཞི་བ་དང་ལྡན་པ་ཡིན་ཏེ།
དེའི་ཕྱིར་ནང་ཡོངས་སུ་དང་བ་ཞེས་བྱའོ། །རྒྱུད་གཅིག་ཏུ་གྱུར་ཞེས་བྱ་བ་ནི་བསམ་གཏན་དང་པོའི་རྟོག་པ་དང་དཔྱོད་པ་དེ་དག་ཐམས་ཅད་རབ་ཏུ་ཞི་ནས། རྒྱ་མཚོའི་ཆུ་ལྟར་རོ་གཅིག་ཏུ་འགྱུར་བར་འཐོབ་པའོ། །འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོར་ཆུ་འབབ་པ་རྣམས་
ལན་ཚྭར་རོ་གཅིག་པར་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་པའི་བསམ་གཏན་དང་པོའི་རྟོག་པ་དང་དཔྱོད་པ་དེ་དག་ཐམས་ཅད་ཞི་ནས་རོ་གཅིག་ཏུ་གྱུར་ཏེ། དེ་ནི་ཏིང་ངེ་འཛིན་ཞེས་བྱའོ། །ཏིང་ངེ་འཛིན་དེ་ལས་སངས་
རྒྱས་དང་། ཆོས་དང་། དགེ་འདུན་ལ་དགའ་བ་སྐྱེས་ཏེ། དེ་དཀོན་མཆོག་ལ་དགའ་བས་དགེ་བའི་ཆོས་རྣམས་རྫོགས་པར་འགྱུར་རོ། །དེ་ལས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་འདུན་པ་ཤིན་ཏུ་འབར་བ་དང་། ཤིན་ཏུ་འོད་གསལ་བ་དང་། ཤིན་ཏུ་འོད་བ་འཐོབ་པོ། །
དེ་འདུས་པ་དེས་བསམ་གཏན་གཉིས་པ་ལ་མི་ཆགས་ཏེ། བསམ་གཏན་གསུམ་པ་ཀུན་དུ་ཚོལ་ལོ། །དེ་འདི་སྙམ་དུ་སེམས་ཏེ་དགའ་བ་ནི་བསམ་གཏན་གསུམ་པའི་སྒྲིབ་པ་ཡིན་ནོ་སྙམ་ནས། དེ་དགའ་བ་དེ་ལས་འདོད་ཆགས་དང་བཏང་སྙོམས་དྲན་པ་ཡོངས་སུ་དག་
པ། འཕགས་པ་རྣམས་ཀྱིས་གང་དག་དགའ་བ་མེད་པ་བདེ་བ་ལ་གནས་པ་ཞེས་བརྗོད་པ། བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ། །ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་ལ་འདོད་ཆགས་དང་བྲལ་བར་ཐོབ་པ་དེ་གང་དེ་དགའ་བ་མེད་པའི་
གཏན་དུ་བདེ་བ་མ་ཡིན་གྱི་ཟད་པ་དང་འཇིག་པའི་ཆོས་ཅན་ཏེ། དེ་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན་ཞིང་དེ་ཡིད་བརྟན་དུ་མི་རུང་ངོ་སྙམ་པའི་སེམས་དེ་ལྟ་བུ་འཐོབ་པོ། །དེ་ལྟར་ཤེས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པར་རབ་ཏུ་འཐོབ་པའི་འདུན་པ་དྲག་པོ་ཆེན་

པོ་འཐོབ་པོ། །འདུན་པ་དྲག་པོ་དེས་བདེ་བ་དང་སྡུག་བསྔལ་ལ་མངོན་པར་ཆགས་པ་མི་སྐྱེའོ། །དེ་བདེ་བ་ཡང་སྤངས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས། བདེ་བ་ཡང་མ་ཡིན། །སྡུག་བསྔལ་བ་ཡང་མ་ཡིན་པ།
བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་བསམ་གཏན་བཞི་བ་ལ་སྙོམས་པར་ཞུགས་པས་གཉེན་པོའི་སེམས་སོ། །ཡིད་དུ་འོང་བའི་སེམས་སོ། །ལས་སུ་རུང་བའི་སེམས་སོ། །འོད་གསལ་བའི་སེམས་སོ། །
དྲན་པའི་སེམས་སོ། །བདེ་བ་དེ་སེམས་ཅན་ཐམས་ཅད་ཀྱིས་མངོན་པར་སྨོན་ཏེ། དེ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ལ་མངོན་དུ་ཕྱོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་སྣང་བ་སྐྱེའོ། །དེ་སྣང་བ་སྐྱེས་པ་དེས་བསམ་གཏན་བཞི་པ་སྡུག་བསྔལ་བ་ཡང་མ་ཡིན། བདེ་
པ་ཡང་མ་ཡིན་པ་མང་བ་དེ་ལ་དགའ་བར་མི་འགྱུར་རོ། །གང་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པའི་བདེ་བ་ལས་ཡང་ཆགས་པར་མི་བྱེད་དོ། །དེ་ལ་མི་ཆགས་པས་དེ་ནམ་མཁའ་ཉིད་དུ་སྣང་བར་འགྱུར་རོ། །དེ་ཐམས་ཅད་ཀྱི་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་
པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་འདི་སྙམ་དུ་སེམས་ཏེ། མདོར་ན་འདི་ལ་གཟུགས་ནི་རྣམ་པ་གཉིས་ཏེ།
འབྱུང་བ་དང་། འབྱུང་བ་ལས་གྱུར་པའོ། །འབྱུང་བའི་གཟུགས་ནི་འབྱུང་བ་ཆེན་པོ་བཞིའོ། །འབྱུང་བ་ལས་གྱུར་པ་ནི་ཁ་དོག་དྲི་རོ་རེག་པ་སྟེ། དེ་ལྟར་གཟུགས་རྣམ་པ་བརྒྱད་དོ། །གཟུགས་དེ་དག་གིས་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ནས། ཐོགས་པའི་འདུ་ཤེས་མི་འབྱུང་སྟེ་ནུབ་པར་འགྱུར་རོ། །གང་
ན་གཟུགས་སུ་འདུ་ཤེས་པ་དེ་ན་ཐོགས་པའི་འདུ་ཤེས་པ་སྟེ། དེ་བས་ན་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ནས་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་འགྱུར་རོ། །ཐོགས་པའི་འདུ་ཤེས་རྣམས་ནུབ་ན། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་

མཁའ་མཐའ་ཡས་སོ་སྙམ་དུ་འཇུག་གོ། །དེ་ནས་ནམ་མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་པ་འདི་སྙམ་དུ་
སེམས་ཏེ། ནམ་མཁའ་ནི་མཐའ་མེད་པས་སོ། །གང་ལ་མཐའ་མེད་པ་དེའི་ཐོག་མ་ཡོད་པར་ག་ལ་འགྱུར་དབུས་ཡོད་པར་ག་ལ་འགྱུར་ཏེ། དེ་ལྟར་ཆོས་ཐམས་ཅད་ནི་ཐོག་མ་དང་ཐ་མ་དང་། དབུས་མེད་དོ་སྙམ་མོ། །དེ་ལྟར་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་
སེམས་ཅན་རྣམས་ལ་ནི་སྙིང་རྗེ་ཆེན་པོ་བསྐྱེད། ཆོས་རྣམས་ལ་ནི་ནམ་མཁའ་དང་མཚུངས་པ་ཉིད་ཀྱི་ཤེས་པ་འཇུག་སྟེ། དེ་ནི་དེའི་མི་སྐྱེ་བའི་ཆོས་ལ་བཟོད་པའི་བརྩོན་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་
པ་མཐའ་ཡས་སོ་སྙམ་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་འདི་སྙམ་དུ་སེམས་ཏེ། ནམ་མཁར་འདུ་ཤེས་པ་ནི་རྣམ་པར་ཤེས་པར་འགྱུར་བའོ་སྙམ་ནས། འདི་སྙམ་དུ་འདི་ཐམས་ཅད་ནི་རྣམ་པར་ཤེས་པ་ཙམ་སྟེ། རྣམ་ཤེས་མཐའ་
ཡས་དེ་ཡང་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ནོ་སྙམ་དུ་སེམས་སོ། །དེ་དེ་ལྟར་སྙོམས་པར་ཞུགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡིན་ཏེ། ཡོངས་སུ་གྲུབ་པ་ནི་མ་ཡིན་ནོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་
ཏེ། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །ཅི་ཡང་མེད་ཅེས་བྱ་བ་ལ། ཅི་ཡང་ཞེས་བྱ་བ་ནི་འདོད་ཆགས་ཞེ་སྡང་གཏི་མུག་དང་། རྟོག་པ་དང་རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་དང་། འདུས་བྱས་ཀྱི་ཆོས་ཐམས་ཅད་དང་།
ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་ལས་བྱུང་བ་རྣམས་ནི་ཅི་ཡང་ཞེས་བྱའོ། །ཅི་ཡང་མེད་པ་ནི་ཇི་སྐད་དུ་བརྗོད་པ་དེ་དག་ལས་ཆུང་ངུར་འགྱུར། ཕྲ་བར་གྱུར་པ་ནི་ཅི་ཡང་མེད་པ་ཞེས་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའི་མི་སྐྱེ་བའི་ཆོས་ལ་བཟོད་པ་

ཤིན་ཏུ་འབར་བ་ཤིན་ཏུ་འོད་གསལ་བ་ཡིན་ནོ། །དེ་རྒྱུ་དེ་དང་རྐྱེན་དེ་དང་གཞི་དེ་དང་དེ་ཐོབ་པ་དེའི་ཕྱིར། ཅི་ཡང་མེད་པའི་སྐྱེ་མཆེད་ལ་མི་ཆགས་ཏེ་གོང་དུ་ཚོལ་ལོ། །དེ་གོང་དུ་ཚོལ་བ་ནི་འདི་སྙམ་དུ་སེམས་ཏེ། འདི་ནི་གང་དུ་འདུ་ཤེས་རྣམས་ཀྱི་ཕྲ་བ་ལ་ཅི་ཡང་མེད་པར་
ཡོངས་སུ་བརྟགས་ཏེ། དེ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་མ་ཡིན་ནོ་སྙམ་མོ། །དེ་ལ་འདུ་ཤེས་མེད་པ་ནི་སྟོང ་པའི་ཕྱིར་རོ། །འདུ་ཤེས་མེད་པ་ཡང་མ་ཡིན་པ་དེ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ། །དེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་མངོན་དུ་
གྱུར་ཏེ། དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་དེ་ལ་གནས་ནས་འདི་སྙམ་དུ་སེམས་ཏེ། གང་འདུ་ཤེས་མེད་འདུ་ཤེས་མེད་མིན་དེ་ལ་དགའ་བ་ཅི་ཞིག་ཡོད་སྙམ་ནས།
བློ་དེ་ལས་གོང་དུ་བསྐྱེད་དོ། །བློ་དེ་ལས་གོང་དུ་བསྐྱེད་ནས། སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཆོས་མངོན་དུ་གྱུར་ཏོ། །དེ་ཆོས་ཐམས་ཅད་མ་སྐྱེས་པ་དང་། མ་འགགས་པར་མཐོང་ངོ་། །དེ་ཆོས་ཐམས་ཅད་རང་བཞིན་གྱིས་འགགས་པར་མཐོང་ནས་ཡང་མི་འཇིག་མི་རྟག་གོ། །དེའི་
ཕྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡོངས་སུ་དག་པ་ཡིན་ནོ། །དེ་དེ་ལས་གོང་དུ་ལྷུན་གྱིས་གྲུབ་པ་རྒྱུན་མི་འཆད་པར་འཇུག་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །དྲི་མ་མེད་པར་གྲགས་པས་བསྟན་པ་ལས། ལི་ཙྪ་བཱི་གཞོན་ནུ་དཀོན་
མཆོག་འབྱུང་གནས་ཀྱིས། བུདྡྷ་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཞུས་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་། དགེ་བ་བཅུ་དང་། བྱང་ཆུབ་ཀྱི་སེམས་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡིན་པར་བཤད་པའི་རྗེས་ལ། རིགས་ཀྱི་བུ་དེ་ལྟ་བས་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་
འདོད་ན་བྱང་ཆུབ་སེམས་དཔས་རང་གི་སེམས་ཡོངས་སུ་སྦྱང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་ཡོངས་སུ་དག་པ་དེ་ཙམ་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འོང་ངོ་། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྙམ་དུ་སེམས་

སོ། །ཇི་ལྟར་རང་གི་སེམས་ཅན་ཐམས་ཅད་ཡོངས་སུ་དག་པ་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་རོ་ཞེ་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཡོངས་སུ་དག་གམ། ཅི་ནས་སངས་རྒྱས་ཀྱི་ཞིང་འདི་ལྟ་བུར་ཡོངས་སུ་མ་དག་
པར་སྣང་། དེ་ནས་བཅོམ་ལྡན་འདས་ཀྱི་ཤཱ་རིའི་བུའི་བསམ་པ་མཁྱེན་ནས་བཀའ་སྩལ་པ། ཤཱ་རིའི་བུ་ཇི་སྙམ་དུ་སེམས། ཉི་མ་དང་ཟླ་བ་དག་ཅི་ན་དམུས་ལོང་གིས་མ་མཐོང་བ། དམུས་ལོང་གིས་ནོངས་ཀྱི་ཉི་ཟླས་མ་ནོངས་སོ། །ཤཱ་རིའི་བུ་དེ་བཞིན་དུ་སེམས་ཅན་བསོད་ནམས་མེད་ཅིང་མ་རིག་
པའི་མིག་གིས་ཉེས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་མང་པོ་སེམས་ཅན་གང་གིས་ཀྱང་མི་མཐོང་བ་ནི་དེ་བཞིན་གཤེགས་པས་མ་ཉེས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་ན་ཁྱོད་ཀྱིས་མ་མཐོང་ངོ་། །དེ་ནས་ཚངས་པ་རལ་པ་ཅན་གྱིས་ཤཱ་རིའི་བུ་ལ་སྨྲས་
པ། སངས་རྒྱས་ཀྱི་ཞིང་མ་དག་གོ་ཞེས་མ་ཟེར་ཅིག །སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པའོ། །ཤཱ་རིའི་བུ་དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་བརྒྱན་པ་བཞིན་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་འདི་ཡང་ཡོན་ཏན་གྱིས་བརྒྱན་པར་བདག་ཅག་གིས་མཐོང་ངོ་། །
དེ་ནས་ཤཱ་རིའི་བུས་ཚངས་པ་རལ་པ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཚངས་པ་ཁོ་བོས་ནི་ས་ཆེན་པོ་འདི་མཐོན་དམན་དང་། ཚེར་མ་དང་། གད་པ་དང་། རོང་དང་། རི་རྩེ་དང་། ངམ་གྲོག་དང་། མི་གཙང་བ་དང་། བོང་བས་རབ་ཏུ་གང་བར་མཐོང་ངོ་། །ཚངས་པས་སྨྲས་པ། བཙུན་
པ་ཤཱ་རིའི་བུ་སེམས་ཡོངས་སུ་མ་དག་ཅིང་མཐོན་དམན་དུ་རྟོག་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་བསམ་པ་ཡོངས་སུ་མ་དག་པས་ན་སངས་རྒྱས་ཀྱི་ཞིང་དེ་ལྟ་བུར་མཐོང་། ཤཱ་རིའི་བུ་སེམས་ཅན་དེ་དག་ཐམས་ཅད་ཀྱི་སེམས་ཀྱི་བསམས་པ་ཡོངས་སུ་དག་ཅིང་སངས་རྒྱས་
ཀྱི་ཡེ་ཤེས་ལ་བསམ་པ་ཡོངས་སུ་དག་པ་དེ་དག་གིས་ནི་སངས་རྒྱས་ཀྱི་ཞིང་འདི་ཡོངས་སུ་དག་པར་མཐོང་ངོ་། །དེ་ནས་སངས་རྒྱས་ཀྱི་འཁོར་དེ་རྣམས་འདི་ལྟ་བུ་ཇི་ཞིག་ཡིན་སྙམ་དུ་སེམས་པ་མཁྱེན་ནས་ས་ཆེན་པོ་འདི་ལ་ཞབས་ཀྱི་མཐེ་བོས་རིག་པར་མཛད་པ་དང་། དེའི་ཚེ་སྟོང་གསུམ་

གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་དུ་མ་དང་། ཡོན་ཏན་གྱི་ཚོགས་ཀྱིས་བརྒྱན་པར་སྣང་སྟེ། དཔེར་ན་དེ་བཞིན་གཤེགས་པ་རིན་ཆེན་རྒྱན་གྱི་ཞིང་ལྟར་སྣང་ངོ་། །འཁོར་ཐམས་ཅད་ཀྱང་བདག་ཀྱང་རིན་པོ་ཆེའི་པད་མོ་ལ་འཁོད་པར་ཤེས་སོ། །དེ་ནས་ཤཱ་རིའི་
བུ་ལ་བཀའ་སྩལ་པ། མཐོང་ངམ། གསོལ་པ། སྔོན་མ་མཐོང་བ་འདི་ལྟ་བུ་མཐོང་ངོ་། །བཀའ་སྩལ་པ། ངའི་སངས་རྒྱས་ཀྱི་ཞིང་རྟག་ཏུ་ཡང་འདི་བཞིན་དག་སྟེ། སེམས་ཅན་ངན་པ་སྨིན་པར་བྱ་བར་གནོད་པ་དང་ཉེས་པ་མང་པོར་སྟོན་ཏོ། །དཔེར་ན་ལྷའི་བུ་རྣམས་སྣོད་
གཅིག་ནས་ཟ་བ་ཟ་མོད་ཀྱི། བསོད་ནམས་ཇི་ལྟ་བ་བཞིན་མྱོང་ངོ་། །དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་གཅིག་ཏུ་སྐྱེས་ཀྱང་སེམས་ཅན་གྱི་བསམ་པ་ཇི་ལྟར་དག་པ་བཞིན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་བསྔགས་པ་ཡང་དེ་བཞིན་མཐོང་ངོ་། །དེ་ནས་སངས་རྒྱས་
ཀྱི་ཞིང་དེ་ལྟར་སྣང་བའི་ཚེ། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སྣང་བ་བསམ་དུ་མེད་པ་ལས། རྒྱལ་པོ་སྡེ་རབ་ཏུ་འཕམ་བྱེད་ཀྱིས་སངས་རྒྱས་ལ་ཞུས་པ་དང་། བཀའ་སྩལ་པ། བསྐལ་པ་དགུ་བཅུ་རྩ་གཅིག་གི་སྔོན་ལོགས་སུ་
སངས་རྒྱས་རྣམ་པར་གཟིགས་བྱུང་བའི་ཚེ། དེའི་གསུང་རབ་ལ་བྱང་ཆུབ་སེམས་དཔའ་བཟང་བའི་ལྷ་དང་ས་ཞེས་བྱ་བ་གཉིས་ཤིག་བྱུང་བ་ལས། བཟང་བའི་ལྷ་ནི་འདོད་པ་ཆུང་བྱ་བ་ཉུང་བསམ་གཏན་དང་མངོན་པར་ཤེས་པ་བྱ་བ་ལ་ཕྱིར་མི་ལྡོག་པ་ཞིག་གོ། །ས་ནི་དེ་ཙམ་
གྱི་ཆོས་ཆེན་པོ་དང་ལྡན་པ་མ་ཡིན་ཏེ། བཟང་བས་ལྷའི་གཡོག་བྱེད་པ་ན། དེ་ཧ་ཅང་གྲོང་དང་ཡུལ་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་འགྲོ་ཞིང་དེར་ཕྱིན་ནས་ཀྱང་བྱ་བ་མང་བ་དང་། བཟང་བའི་ལྷ་ཁྱོད་ཧ་ཅང་བྱ་བ་མང་ཆེས་སོ། །སྤྱད་པས་སྤང་བ་ལ་ཅུང་ཟད་སྒྲིམས་
ཤིག་ཅེས་བྱས་ཏེ་ཡང་བསྐུལ་ཡང་བསྐུལ་བ་དང་། ཁྲོས་ཚིག་མི་དགའ་ནས། ཚིག་རྩུབ་མོས་ནལ་བུ་སྦྱར་མའི་བུ་ཁྱོད་ཀྱི་ཕ་མ་ཡང་བྱི་བོ་བྱེད་ན། ཁྱོད་ལ་ཚུལ་ཁྲིམས་དང་། ཤེས་རབ་ག་ལ་ཡོད་ཅེས་སྨྲ་ཞིང་སླར་ཡང་མི་འཆགས་བག་ལ་ཉལ་སྟོན་ཏོ། །བཟང་བའི་

ལྷས་ཀྱང་དེ་སྣོད་མ་ཡིན་པ་ཙམ་དུ་རིག་ནས་བཅོས་ཏེ་བཏང་བ་དང་། དེ་ཚིག་པ་ཟ་ནས་ཕྲད་དགུ་ལ་བཟང་བའི་ལྷ་ལ་ཁ་ཕྱར་བཏང་ངོ་། །དེ་ཤི་ནས་བསྐལ་པ་དྲུག་ཅུར་ནལ་བུར་སྐྱེས་ཤིང་སྐྱེས་མ་ཐག་ཏུ་སྲང་གི་རྡོག་ལམ་དུ་བོར་ནས་ཝ་ཁྱི་ལ་སོགས་པས་
ཟ་བ་དང་། འགྲོ་བ་མང་པོས་ནལ་བུ་སྦྱར་མའི་བུ་ཞེས་ཁ་ཕྱ་བར་གྱུར་ཏོ། །བྱང་ཆུབ་ཀྱི་སེམས་ཀྱིས་བཟུང་བས་སེམས་ཅན་དམྱལ་བར་མ་སྐྱེས་སོ། །བཟང་བའི་ལྷ་ནི་དེ་བཞིན་གཤེགས་པ་མི་སྒུལ་བའི་སངས་རྒྱས་ཀྱི་ཞིང་ན་ཚངས་བར་སྤྱད་པ་སྤྱོད་དེ། བྱང་ཆུབ་སེམས་
དཔའ་དཔལ་འབྱུང་ཞེས་བྱའོ། །སྣང་བ་བསམ་དུ་མེད་པས་ཀྱང་སྔོན་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་བཞིའི་དྲུང་དུ་ཚངས་བར་སྤྱད་ཅིང་མཉེས་པར་བྱས་པས། དེ་ལྟ་བུའི་བདག་ཉིད་ཆེན་པོར་གྱུར་ཏོ། །དེ་བས་ན་སྲོག་དང་ཡང་བསྔོས་ཏེ། སྡིག་པའི་ལུས་དང་ངག་དང་ཡིད་ཀྱི་ལས་
བསྡམ་མོ། །དགེ་བའི་བཤེས་གཉེན་ལ་བརྟན་པར་བྱ་སྟེ། དེ་ལས་ཡོན་ཏན་གྱི་ཚོགས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེའི་ཚེ་བུདྡྷ་ཛེ་ཏན་བཞུགས། བུདྡྷ་བསོད་སྙོམས་ལ་གཤེགས་པའི་ཚེ། ཁྱེའུ་ཡང་ཛེ་ཏའི་ཚོང་འདུས་ཀྱི་སྲང་གི་ཁང་སྟོང་ཞིག་ན་གཞག་པ་གཟིགས་སོ། །
ཁྱེའུ་ཡང་བསྐལ་པ་གྲངས་མེད་པ་བརྒྱ་ན་སྣང་བ་བསམ་དུ་མེད་པའི་བུདྡྷར་འགྱུར་བར་ལུང་བསྟན་ཏོ། །རིན་པོ་ཆེའི་ཕུང་པོ་ལས། དགེ་སྦྱོང་གི་དྲི་མ་ནི་སུམ་ཅུ་རྩ་གཉིས་ཏེ། གང་ཞེ་ན། འདོད་པའི་ལྷ་རྣམ་པར་རྟོག་པ་དང་། གནོད་སེམས་དང་། འཚེ་བ་དང་། བདག་བསྟོད་པ་
དང་། ཕ་རོལ་ལ་བརྙས་པ་དང་། ཡ་ང་བའི་རྙེད་པ་ཚོལ་བ་དང་དྲི་མ་ནི་རྙེད་པས་རྙེད་པ་འདོད་པ་དང་། དད་པས་བྱིན་པ་ཆུང་གཟོན་པ་དང་། ལྟུང་པ་འཆབ་བ་དང་། ཁྱིམ་པ་ལ་བརྟེན་པ་དང་། རབ་ཏུ་བྱུང་བ་དང་བརྟེན་པ་དང་། འདུ་འཛི་ལ་དགའ་བ་དང་། རྙེད་པ་ཡོངས་སུ་མ་རྫོགས་པར་
རྟོག་པ་དང་། ཕ་རོལ་གྱི་རྙེད་པ་ལ་འདོད་པ་དང་། བདག་གི་རྙེད་པས་ཆོག་མི་ཤེས་པ་དང་། ཕ་རོལ་བསོད་ནམས་རྙེད་པ་ལ་ཕྲག་དོག་དང་། སེར་སྣ་བྱེད་པ་དང་། ཕ་རོལ་གྱི་འཁྲུལ་པ་ཚོལ་བ་དང་། བདག་གི་འཁྲུལ་པ་ལ་སོ་སོར་ཐར་པ་དང་། འདུལ་བས་མ་བསྡམས་པ་དང་།

བྱ་རོག་ལྟར་མུར་ཅོར་སྨྲ་བ་དང་། མ་གུས་པ་དང་། རྒོད་པ་དང་། གཡེང་བ་དང་། ལྟ་བ་ཀུན་ནས་ལྡང་བ་དང་། རྐྱེན་དང་འདུ་བ་ཚོགས་ཏེ་བྱུང་བ་དང་། འགལ་བ་དང་མཐར་ལྟ་བ་ལ་ཆགས་པ་དང་། འཁོར་བ་ལ་མངོན་པར་དགའ་བ་དང་། མྱ་ངན་ལས་འདས་པ་ལ་མངོན་པར་མི་དགའ་བ་
དང་། འཇིག་རྟེན་གྱི་འདུ་མཆེད་པའི་གསང་སྔགས་འཛིན་པ་དང་། སྒྲིབ་པས་ཀུན་དུ་བསྐོར་བ་དང་། ལས་ཀྱི་རྣམ་པར་སྨིན་པ་འགལ་བ་དང་། རྣམ་པར་ཐར་པའི་སྒོ་གསུམ་གྱིས་སྐྲག་པ་དང་། སངས་རྒྱས་ཀྱི་ཆོས་ཟབ་མོ་སྤོང་བ་དང་། ཆོས་དང་འགལ་བ་གནས་པ་དང་། དཀོན་མཆོག་
གསུམ་ལ་མ་གུས་པའོ། །འོད་སྲུངས་སྡིག་པའི་དགེ་སློང་མང་པོས་ངའི་བསྟན་པ་འདི་ནུབ་པར་བྱེད་དོ། །འོད་སྲུངས་མུར་འདུག་དགུ་བཅུ་རྩ་ལྔ་དང་། ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་ནི་ངའི་བསྟན་པ་ནུབ་པར་བྱེད་མི་ནུས་སོ། །གཞན་དུ་ན་ངའི་བསྟན་པ་འདི་ཉིད་ལས་
སྐྱེས་བུ་གཏི་མུག་པ་འབྱུང་སྟེ། དེས་ངའི་བསྟན་པ་འདི་ནུབ་པར་བྱེད་དོ། །འདི་ལྟ་སྟེ། འོད་སྲུངས་རི་དགས་ཀྱི་རྒྱལ་པོ་སེང་གེ་འཆི་བའི་དུས་བྱས་ནས་ཀྱང་། རི་དགས་དང་བྱ་གག་གིས་ཀྱང་དེའི་ཤ་ཟ་བར་མི་ནུས་ཀྱི། འདི་ལྟར་སེང་གེའི་རོ་དེ་ཉིད་ལས་སྲིན་བུ་
བྱུང་སྟེ། གང་རི་དགས་ཀྱི་རྒྱལ་པོ་སེང་གེའི་ཤ་ལ་ཟ་བ་དང་འདྲའོ། །འོད་སྲུངས་ཆོས་བཞི་དང་ལྡན་པ་ནི་སྡིག་པའི་དགེ་སློང་དུ་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཁེངས་པ། ཅ་ཅོ་ཅན། བྱ་རྒོད་ལྟ་བུ། འཆལ་བའི་ཚིག་ཡིན་ནོ། །ཡང་བཞི་སྟེ། འཕྱར་བ། འགྱིང་བ།
རྙེད་པ་འདོད་པ། ཆོས་མ་ཡིན་པ་འདོད་པའོ། །འོད་སྲུངས་དགེ་སློང་གཉིས་ཀྱིས་ཞལ་ཏེ་བྱ་བར་ངས་རྗེས་སུ་གནང་སྟེ། གཉིས་གང་ཞེ་ན། ཡོངས་སུ་དག་པའི་དགེ་སློང་འཇིག་རྟེན་ཕ་རོལ་གྱི་ཁ་ན་མ་ཐོ་བས་འཇིགས་པར་ལྟ་བ་ལས་ཀྱི་རྣམ་པར་སྨིན་པའི་
རྗེས་སུ་འབྲང་བས་ངོ་ཚ་ཞིང་འགྱོད་པ་དང་ལྡན་ཞིང་། དགྲ་བཅོམ་པར་གྱུར་པའོ། །དཀོན་མཆོག་གི་ཟ་མ་ཏོག་ལས། ཀླུའི་རྒྱལ་པོ་མཐུ་དང་ལྡན་པ་ས་སེམས་པའི་དབང་གིས་སྤྲིན་གྱི་ཕུང་པོ་གཅིག་ལས་ཚ་བའི་བདག་ཉིད་གློག་གི་ཕྲེང་བ་ཡང་

གཏོང་ངོ་། །སྐྱེད་པར་བྱེད་པའི་བདག་ཉིད་རྒྱུའི་རྒྱུན་ཀྱང་གཏོང་ངོ་། །ཀུན་དགའ་བོ་ཕྱི་མའི་དུས་ལྔ་བརྒྱའི་ཐ་མ་ལ་དམ་པའི་ཆོས་འཇིག་པའི་ཚེ། ངའི་བསྟན་པ་ལ་དགེ་སློང་དག་ཕལ་ཆེར་ཤམ་ཐབས་དང་བླ་གོས་ལེགས་པར་མ་བགོས་པ་བཏུལ་ཏེ་
བྱོན་པ་ལྷུང་བཟེད་ཆག་པ། ཤེས་བཞིན་མེད་པ། སྤྱོད་ལམ་མི་སྡུག་པ། ལག་ན་འཁར་བ་ཐོགས་པ། སྣ་ལེབ་དང་ཞར་བ་དང་། ཐེང་པོ་དང་། ཞ་བོ་དང་། ལུས་ཀྱི་ཤ་ཚུགས་མ་ལེགས་པ་ནད་སྣ་ཚོགས་ཀྱིས་བཏབ་བ་འབྱུང་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེའི་ཚེ་དགེ་སློང་དག་
ཕལ་ཆེར་བསྙེན་བཀུར་དང་རྙེད་པ་དང་། བཀུར་སྟི་འདོད་པ་བྱ་བ་སྣ་ཚོགས་ཀྱིས་འབྲེལ་བ། འདུལ་བ་པོར་སོ་སོར་ཐར་པ་དྲལ་བ་ཡིན། ཚེ་འདིར་ལྷུར་ལེན་པ་ཚེ་ཕྱི་མ་ལ་མི་ལྟ་བར་འགྱུར་ཏེ། དེ་དག་ཆོས་ཀྱི་ཕྱིར་མ་ཡིན་གྱི། བསྙེན་བཀུར་གྱི་ཕྱིར་ཞར་བ་དང་། ཤ་ཚུགས་མ་ལེགས་
པའི་བར་རབ་ཏུ་འབྱིན་པ་བསྙེན་པར་རྫོགས་པར་བྱེད་པར་འགྱུར་རོ། །དེའི་དེ་ལྟ་བུས་ངའི་བསྟན་པ་བལྟར་མི་རུང་བ་དང་། མཉན་དུ་མི་རུང་བར་འགྱུར་རོ། །ལྷ་རྣམས་ནི་ཡིད་མི་དགའ་བར་འགྱུར་རོ། །བདུད་རྣམས་ནི་དགའ་བ་དང་བཏང་སྙོམས་སུ་འགྱུར་རོ། །ཆོས་གཉིས་
ཀྱིས་ནི་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བརྩོན་འགྲུས་དང་བག་ཡོད་པའོ། །མདོར་ན་བྱང་ཆུབ་སེམས་དཔའི་ཐབས་མཁས་པའི་ལས་ཇི་སྙེད་པ་དེ་དག་ཐམས་ཅད་ནི་བརྩོན་འགྲུས་སོ། །ཤེས་རབ་ཀྱི་ལས་ཡོད་པ་ཐམས་ཅད་ནི་བག་ཡོད་པ་སྟེ།
དེ་བས་ན་ཐབས་དང་ཤེས་རབ་དང་ལྡན་པ་ལ་བླ་ན་མེད་པའི་བྱང་ཆུབ་ལས་ལྡོག་པ་མེད་དོ། །རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ་ལས། དེས་པའི་དོན་གྱི་མདོ་གང་ཞེ་ན། བརྗོད་དུ་མེད་པའི་ཕྱིར་མདོ་སྡེ་ཐམས་ཅད་ནི་ངེས་པའི་དོན་ཏེ། དེ་ལྟར་ན་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ་ཡིན་
ནོ། །ངེས་པའི་དོན་གྱི་མདོ་སྡེ་འདི་དག་ལ་གང་དག་མི་རྟོན་པ་དེ་དག་ནི་དྲང་བ་ཞེས་བྱ་སྟེ། ཅིའི་ཕྱིར་དྲང་བ་ཞེ་བྱ་ན། འདི་ལྟར་ངེས་པའི་དོན་དང་འགལ་བའི་ཆོས་ལ་གནས་པ་ཡིན་ཏེ། དེ་དག་ནི་དྲང་དགོས་པ་ཡིན་ནོ། །གང་གིས་དྲང་ཞེ་ན། སྒྲས་དྲང་ངོ་། །ངེས་པའི་དོན་གྱི་མདོ་སྡེ་

དག་ལ་རྟོན་པ་ནི་སྒྲས་དྲང་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་དག་གིས་དོན་དམ་པ་བརྗོད་དུ་མེད་པ་རྟོགས་ཤིང་། དེ་དག་གིས་དུས་གསུམ་གྱི་ཆོས་ཐམས་ཅད་ལ་ལྷག་ཆད་མེད་པར་ཤེས་པའི་ཕྱིར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དོན་གྱི་རྣམ་པ་འདི་ལ་དེ་ལྟར་ཆོས་ཉིད་འདི་ལ་
རྟོན་ན་མདོ་སྡེ་ཐམས་ཅད་ངེས་པའི་དོན་དུ་འགྱུར་རོ། །དེ་ལྟར་མི་རྟོན་ན་མདོ་སྡེ་ཐམས་ཅད་དྲང་བའི་དོན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ལྷའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་ན་མི་རྣམས་ཀྱི་བཟའ་བ་དང་བཏུང་བ་རྣམས་ཀྱང་ཡིད་ལ་བསམས་པ་ཙམ་གྱིས་འབྱུང་ངོ་། །
དྲག་ཤུལ་ཅན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་མོ་པ་མཐོང་ན་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། དགེ་བའི་བཤེས་གཉེན་དེ་ཚེ་བརྗེས་ནས་ལོངས་སྤྱོད་དུ་འགྱུར་བ་དང་། བྱང་ཆུབ་ཀྱི་ལམ་ཉེ་བར་བསྟེན་པའོ། །ཡང་གསུམ་སྟེ། དུག་གསུམ་དང་
བྲལ་བར་རོ། །ཅིའི་ཕྱིར་ཞེ་ན། དངོས་པོ་གཏོང་བ་དང་། སྙིང་རྗེ་བ་དང་། སྦྱིན་པ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བས་སོ། །ཁྱིམ་ན་གནས་པ་ནི་གདུང་བ་དང་། བཅིངས་པ་དང་དོན་ཆུང་བ་དང་ངན་སོང་གི་ཐེམ་སྐས་དང་དམ་པའི་ཆོས་རྒུད་པ་དང་། ཟང་ཟིང་དང་བཅས་པ་དང་སྡུག་
བསྔལ་གྱི་གཞིའོ།།རབ་ཏུ་བྱུང་བ་ནི་དེ་དག་ལས་བཟློག་པའོ། །བྱང་ཆུབ་སེམས་དཔའ་ཁྱིམ་པས་ནི་དགེ་སྦྱོང་གི་སྤྱོད་པ་ལ་མཁས་པར་བྱའོ། །དགེ་སྦྱོང་གི་མི་འདུམ་པ་རྣམས་ཀྱི་སྡུམ་བྱའོ། དམ་པའི་ཆོས་འཇིག་པ་ན་སྲོག་དང་བསྡོས་ཏེ་བསྲུང་བར་བྱའོ། །དགེ་སློང་ན་བ་
མཐོང་ན་རང་གི་ཤ་ཁྲག་གིས་ཀྱང་གསོ་བར་བྱའོ། །ཚུལ་ཁྲིམས་ཡོངས་སུ་དག་པ་བཞི་ནི་འཕགས་པའི་རིགས་བཞི་ལ་གནས་པ་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ལ་མངོན་པར་དགའ་བ་དང་། ཁྱིམ་པ་དང་རབ་ཏུ་བྱུང་བ་དང་མི་འདྲེ་བ་དང་། ཚུལ་འཆོས་པ་མེད་
པར་དགོན་པར་གནས་པའོ། །བྱམས་པ་སེང་གེས་སྨྲས་པ། བཞི་ནི་དགེ་སྦྱོང་ཆོམ་རྐུན་པ་སྟེ། དགེ་སློང་གི་རྟགས་ཁ་དོག་དང་དབྱིབས་ལ་གང་གནས་ཤིང་སྡིག་པའི་ཆོས་སྤྱོད་པ་དང་། ཚུལ་ཁྲིམས་འཆལ་བ་དང་དབེན་པར་སོང་བ་སྟེ། མི་དགེ་བ་རྣམ་པར་རྟོག་པ་དང་འབྲས་

བུ་མ་ཐོབ་པར