Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 204
Văn bản gốc(Tây Tạng)
Trang 10 / 23 (50.000 ký tự/trang)
ཡིན་པ་ལྟ་བུའོ། །གཞན་གྱི་མིང་དང་ལྡན་པ་ནི་མདའ་གཞུ་ཅན་ལྟ་བུ་ ཕྱོགས་ཀྱི་མིང་དང་ལྡན་པ་ནི། ཤར་དང་ལྷོའི་བར་ལ་ཤར་ལྷོ་ཞེས་པ་ལྟ་བུའོ། །ཚིག་མང་པོ་དོན་གཞན་ལ་འཇུག་པ་ནི་གསུམ་སྟེ། དེ་ལ་གྲངས་ཙམ་དང་ལྡན་པ་ནི། བཅུ་དང་ཉེ་བ་ནི་ཉེ་བར་བཅུ་པ་ཞེས་པའམ། ཡང་ན་བརྒྱ་རྩ་བརྒྱད་ལྟ་བུའོ། །གྲངས་མ་ཡིན་པ་དང་ལྡན་པ་ནི། ཕྱོགས་གང་ ན་མེ་ཏོག་པདྨ་མང་པོ་ཡོད་པ་དེ་ནི་མེ་ཏོག་པདྨ་མང་པོ་ཅན་ནམ། སྐྱེས་བུ་གང་ལ་ལེགས་པའི་ཡོན་ཏན་མང་པོ་ཡོད་པ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་ཅན་ཞེས་པ་ལྟ་བུའོ། །གཅིག་ལ་བརྟེན་པས་འགྲུབ་པ་ནི། གང་དང་གང་དག་ལ་གཅིག་ལ་གཅིག་ཕན་ཚུན་གནོད་པ་སྒྲུབ་པ་སྟེ། དཔེར་ན་ལྷ་སྦྱིན་ སྟོབས་འགྱེད་པ་ཅན་ཞེས་མཚུངས་པ་ཐོབ་པ་ལྟ་བུ་ཡིན་ནོ། །སྦྱོར་བའི་བྱེ་བྲག་གིས་ཕྱེ་བས་དྲུག་ཡིན་ཏེ། བྱེད་པའི་ཚིག་དྲུག་གིས་བསྒྱུར་ན་བཞི་བཅུ་རྩ་གཉིས་སུ་འགྱུར་རོ། །དྲང་བའི་གནས་གྱི་མུ་བཞིས་ཕྱེ་ན་བརྒྱ་དྲུག་ཅུ་རྩ་བརྒྱད་ཡིན་ནོ། །མུ་བཞི་ནི་གཞི་མཐུན་པ་གཉིས། གཞི་ཐ་དད་པ་ གཉིས་སོ། །དེ་ལ་གཞི་མཐུན་པ་ནི་ལྷ་སྦྱིན་རྣ་བ་འཕྱང་བ་ཅན་ནམ། སྐྱེས་བུ་ལུས་ལེགས་པ་ཅན་ལྟ་བུ་ཐམས་ཅད་མཐུན་པའམ། སྐྱེས་བུ་རྐང་ལག་ཅན་ལྟ་བུ་ཚིག་དོན་རྐང་པ་དང་ལག་པ་ནི་ཐ་དད་པ་ཡིས་བསྟན་པའི་ལྡན་པས་ནི་མཐུན་པ་གཉིས་སོ། །གཉིས་ཐ་ དད་པ་ནི་མདའ་གཞུ་དང་སྐྱེས་བུ་ཐ་དད་པ་དང་བ་ཁྲ་མོ་ཅན་ལྟ་བུ་བ་དང་ཁྲ་མོ་གཉིས་ངོ་བོ་མཐུན་ལ་ལྡན་པ་དང་ཐ་དད་པ་གཉིས་སོ། །དེས་ཀུན་མཐུན་པ་དང་ཀུན་མི་མཐུན་པ་དང་འབྲུ་མང་པོ་པ་མཐུན་པ་དང་མི་མཐུན་པ་དང་། འབྲུ་མང་པོ་ཐ་དད་པ་དང་། མཐུན་པའི་གཞི་ཡིན་ནོ། །བྱེད་ཚིག་དྲུག་གི་ལས་ དང་བྱེད་པ་དང་། ཆེད་དང་། རྒྱུ་དང་། འབྲེལ་པ་དང་། གཞིའི་ཚིག་གོ། །དེ་རྣམས་ནི་ཚིག་འབྲུ་གཞན་གྱིས་དོན་གཞན་སྟོན་པའི་སྦྱོར་བ་ཡིན་ནོ་ཞེས་བྱ་བ་ནི། རང་གི་ཚིག་གི་དོན་གྱིས་བསྟན་པར་བྱ་བ་གཞན་སྟོན་པས་རང་གི་ཚིག་གི་དོན་གཙོ་བོ་མ་ཡིན་ནོ་ཞེས་བྱ་བ་སྟོན་ཏོ། །མདོར་བསྡུ་ བ་ནི་ལྔ་སྟེ་ཞེས་བྱ་བ་ནི་ཚིག་བསྡུ་བ་ལྔ་ཡིན་ནོ། །དེ་ལ་གཉིས་ཀྱིས་མདོར་བསྡུ་བ་ནི་ཕ་དང་མ་ཞེས་ཟླས་དབྱེ་བའི་ཚིག་སྡུད་པ་ལྟ་བུའོ། །རྣམ་གྲངས་ཀྱིས་མདོར་བསྡུ་བ་ནི་ས་དང་ཆུ་དང་མེ་དང་རླུང་ནི། ས་ཆུ་མེ་རླུང་ཞེས་ཟླས་དབྱེ་བའི་ཚིག་སྡུད་པ་ལྟ་བུའོ། །གཞན་གྱིས་དོན་བསྡུས་པ་ནི། རྟ་ཁྲ་བོ་དང་ལྡན་པ་ནི་རྟ་ཁྲ་ཅན་ཞེས་གཞན་གྱི་ཚིག་གི་དོན་བསྡུ་བ་ལྟ་བུའོ། །བྱེད་པའི་ཚིག་དྲུག་གིས་མདོར་བསྡུས་པ་ནི་ལས་ལ་སོགས་པའི་ཚིག་བསྡུས་པ་སྟེ། ཆོས་ལ་སྤྱོད་པ་ནི་ཆོས་སྤྱོད་ཅེས་ལས་ཀྱི་ཚིག་བསྡུས་པ་དང་། ཡོན་ཏན་གྱིས་འཐོབ་པ་ནི་ཡོན་ཏན་འཐོབ་ཅེས་བྱེད་པའི་ ཚིག་བསྡུས་པ་དང་། མཆོད་པའི་ཆེད་དུ་བཙུགས་པའི་སྡོང་པོ་ནི་མཆོད་སྡོང་ཞེས་ཆེད་ཀྱི་ཚིག་བསྡུས་པའོ། །ཤིང་ལས་བྱུང་བའི་འབྲས་བུ་ནི་ཤིང་འབྲས་ཞེས་རྒྱུའི་ཚིག་བསྡུས་པ་དང་། ཟས་ཀྱི་བཅུད་ནི་ཟས་བཅུད་ཅེས་འབྲེལ་པའི་ཚིག་བསྡུས་པ་དང་། དཀའ་བ་ལ་གནས་པ་ནི་དཀའ་ གནས་ཞེས་གཞིའི་ཚིག་བསྡུས་པའོ། །ཁྱད་པར་གྱིས་མདོར་བསྡུས་པ་ནི་སྔོན་པོ་ཡང་དེ་ཉིད་ཨུཏྤ་ལ་ཡང་དེ་ཉིད་ཡིན་པ་ནི་ཨུཏྤ་ལ་སྔོན་པོ་གཞན་སྤོང་བའི་ཚིག་མདོར་བསྡུས་པའོ། །དེ་རྣམས་ནི་མདོར་བསྡུས་པ་ཙམ་གྱི་སྦྱོར་བ་ཡིན་ཞེས་བྱ་བ་ནི་ཚིག་གི་དོན་གྱིས་བསྡུས་པ་གཞན་ལས་ཀྱང་ ཕྱོགས་མཐུན་ནོ་ཞེས་པའི་དོན་ཏོ། །བྱེ་བྲག་བསྡུ་བ་ནི་གཉིས་ཏེ། དེ་ལ་ཚིག་སྔ་མ་བྱེ་བྲག་ཏུ་སྦྱོར་བ་ནི། སྔོན་པོ་ཉིད་ཨུཏྤ་ལ་ཞེས་པ་སྔ་མའི་ཚིག་གི་དོན་བྱེ་བྲག་ཏུ་སྟོན་པ་ཡིན་ནོ། །ཚིག་ཕྱི་མ་བྱེ་བྲག་ཏུ་སྦྱོར་བ་ནི། ཨུཏྤ་ལ་ཉིད་སྔོན་པོ་ཞེས་པ་ལྟ་བུ་ཕྱི་མའི་ཚིག་གི་དོན་བྱེ་བྲག་ཏུ་སྟོན་པ་ཡིན་ ནོ། །དེ་དག་ནི་དངོས་པོ་ཀུན་སྤྱི་དང་བྱེ་བྲག་དང་ལྡན་པའི་ཕྱིར་བྱེ་བྲག་བསྡུས་པ་ཡིན་ཞེས་པ་ནི། སྤྱི་ཙམ་ནི་ཁོང་དུ་ཆུད་ལ། བྱེ་བྲག་ནི་ཁོང་དུ་མ་ཆུད་པ་དག་ལ་སྤྱིར་བྱེ་བྲག་བསྡུས་པས། བྱེ་བྲག་ལ་ཐེ་ཚོམ་ཟ་བ་སེལ་བར་ནུས་པ་ཡིན་ནོ། །ཡན་ལག་བསྡུ་བ་ནི་བཞི་སྟེ། དེ་ལ་འབྲེལ་པའི་ ཡན་ལག་བསྡུ་བ་ནི་གཙོ་བོ་ལ་འབྲེལ་པའི་ཡན་ལག་བསྡུ་སྟེ། ལུས་ལ་སོགས་པའི་དབང་པོ་ལྔ་ལ་ཞེས་པ་ལྟ་བུའོ། །གོ་རིམས་ཀྱི་ཡན་ལག་བསྡུ་བ་ནི། མིག་ལ་སོགས་པའི་དབང་པོ་ཞེས་པའམ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ལྟ་བུའོ། །དོན་གྱི་ཡན་ལག་བསྡུ་བ་ནི། དོན་གྱི་དབང་གིས་གཙོ་བོའམ། སྐབས་ཀྱི་དབང་གིས་གཙོ་བོ་ཡིན་པའི་ཡན་ལག་བསྡུ་བ་སྟེ། ཤེས་རབ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྟ་བུའམ། འཁོར་ལོ་ལ་སོགས་པའི་རིན་པོ་ཆེ་ཞེས་པ་ལྟ་བུའོ། །གྲགས་པའི་ཡན་ལག་བསྡུ་བ་ནི། འཇིག་རྟེན་པ་དང་བསྟན་བཅོས་ལ་གྲགས་པ་གཉིས་ཏེ། དེ་ལ་འཇིག་རྟེན་ ལ་གྲགས་པ་ནི། ཀ་བ་དང་བུམ་པ་ལ་སོགས་པའི་ཐ་སྙད་ཅེས་པ་ལྟ་བུ་གྲགས་པ་ཙམ་གྱི་ས་གཙོ་བོ་ཡིན་པས་སོ། །བསྟན་བཅོས་ལ་གྲགས་པ་ནི། ལས་ལ་སོགས་པའི་བྱེད་པའི་ཚིག་ཅེས་པ་ལ་སོགས་པ་གྲགས་པ་ཙམ་གྱིས་གཙོ་བོ་ཡིན་པས་ཡན་ལག་བསྡུ་བ་ཡིན་ནོ། །དེ་རྣམས་དངོས་པོ་ཀུན་གཙོ་བོ་དང་ཡན་ལག་དང་ ལྡན་པའི་ཞེས་བྱ་བ་ནི། རྣམ་པ་བཞིའི་སྒོ་ནས་གཙོ་བོ་དང་ཡན་ལག་ལྡན་པས་སོ། །གཙོ་བོ་ལ་སོགས་པས་ཞེས་པ་ནི་གཙོ་བོའི་རྗེས་སུ་སོགས་པའི་ཚིག་གིས་ཡན་ལག་ཇི་ལྟར་རིགས་པར་སྡུད་པ་ཡིན་ནོ། །གཞི་བསྡུ་བ་ནི་གཉིས་ཏེ། དེ་ལ་རིགས་བསལ་བའི་བསྡུ་བ་ནི། རིགས་མི་མཐུན་པ་ཙམ་སེལ་བའི་རྗེས་སུ་ཀུན་སྡུད་ པའི་ཚིག་སྨོས་པ་སྟེ། ཆོས་ཐམས་ཅད་དང་ཆོས་མཐའ་དག་དང་ཟད་པར་ལ་སོགས་པའོ། །རིགས་མ་བསལ་བའི་བསྡུ་བ་ནི་མ་ལུས་པ་ལ་སྙེགས་པའི་ཚིག་སྟེ། ཐམས་ཅད་ཟད་པར་ཀུན་ལ་སོགས་པའོ། །དེ་དག་ནི་དེ་གཉིས་ཀྱི་སྒོ་ནས་ཀུན་སྡུད་པ་ཙམ་བྱེད་པའི་སྦྱོར་བ་ཡིན་ནོ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་དངོས་པོ་དེ་སྒྲ་གཉིས་ ཀྱི་སྒོ་ནས་ཀུན་སྡུད་པའི་ཚིག་ཡིན་ནོ། །གཞི་གཅིག་ཏུ་བསྡུ་བ་ནི་གཉིས་ཏེ། དེ་ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བ་ནི། འདུས་བྱས་ཐམས་ཅད་མི་རྟག་པར་ཕྱོགས་གཅིག་ཏུ་བྱེད་པ་ལྟ་བུའོ། །སོ་སོ་ཕྱོགས་གཅིག་ཏུ་བྱེད་པ་ནི་འདུས་བྱས་དང་འདུས་མ་བྱས་ནི་བདག་མེད་པར་ཕྱོགས་གཅིག་ཏུ་བྱེད་པ་ལྟ་བུའོ། ། དེ་དག་ནི་གཞི་བསྡུ་བའི་ཕྱོགས་སུ་བྱས་པ་ལས་ཞེས་པ་ནི་འདུས་བྱས་ཐམས་ཅད་ཅེས་གཞི་བསྡུ་བའི་ཕྱོགས་སུ་བྱས་པ་ལས་མི་རྟག་གོ་ཞེས་མཚན་ཉིད་གཅིག་ཏུ་བསྡུས་པའི་སྦྱོར་བ་ཡིན་ནོ་ཞེས་པའོ། །སྐྱེས་བུའི་བསྡུ་བ་ནི་གསུམ་མོ། །ལས་འཛིན་པའི་བསྡུ་བ་ནི། ཆོས་རྣམས་ཀྱི་ངོ་བོ་འགའ་ལ་ཁྱད་པར་གྱི་གཞི་དང་ ཁྱད་པར་གྱི་ཡུལ་དུ་ཡང་འགྱུར་བ་སྟེ་ཨུཏྤ་ལ་ཡང་དེ། སྔོན་པོ་ཡང་དེ་ཡིན་པས་ཨུཏྤ་ལ་སྔོན་པོ་ཞེས་པ་ལྟ་བུ་སྟེ། འདི་ནི་ཁྱད་པར་གྱི་གཞི་ལ་ཐེ་ཚོམ་ཟ་བ་སེལ་བ་ཡིན་ཏེ། འདི་ལྟར་གྱི་ཁྱད་པར་གྱི་ཆོས་ནི། ཁོང་དུ་ཆུད་ལ་ཁྱད་པར་གྱི་གཞི་གང་ལ་ཡོད་པ་ཁོང་དུ་མ་ཆུད་པ་ལ་སྦྱོར་བར་བྱེད་པ་ཡིན་ནོ། །ལས་ཉིད་ ནི་འདི་གཞི་ཡིན་ལ། དེ་འཛིན་པ་ནི་གཙོ་བོ་ཡིན་ནོ། །ལས་དང་གཙོ་བོ་གཉིས་ཀྱི་དབང་དུ་བྱས་པས་ཡན་ལག་གཙོ་བོའི་ཕྱིར་རོ། །ངོ་བོ་ཐ་མི་དད་ཀྱང་དེའི་སྐྱེས་བུ་ཡིན་ནོ། །བ་གཉིས་པའི་བསྡུ་བ་ནི། མཚམས་སྦྱོར་བ་ལ་བསྡུས་པའི་དོན་དང་། རྣམ་གྲངས་ཡོད་པ་སྟེ། ཕུང་པོ་ཞེས་བྱ་བའི་དོན་དང་། ལྔ་ཞེས་བྱ་བ་ གྲངས་ཡོད་པའི་ཚིག་ལ་ཕུང་པོ་ལྔ་ཞེས་ཚིག་གཉིས་བསྡུ་བའི་སྦྱོར་བ་ཡིན་ནོ། །བྱེད་པའི་ཚིག་གི་བསྡུ་བ་ནི། དོན་ཙམ་གྱི་ཚིག་དང་། དབྱེ་བའི་ཚིག་དང་། ཆེད་གྱི་ཚིག་དང་། རྒྱུའི་ཚིག་དང་། འབྲེལ་པའི་ཚིག་དང་། གཞིའི་ཚིག་དང་། དགག་པའི་ཚིག་གོ། །དེ་ལ་དང་པོ་བསྡུ་བ་ནི། དཔེར་ན་ཤིང་ཡན་ལག་རྒྱས་པ་ནི་ཤིང་རྒྱས་པ་ ཞེས་པ་ལྟ་བུའོ། །ལས་ལ་སོགས་པ་བསྡུ་བ་ནི་བྱེད་པའི་ཚིག་དྲུག་བསྡུ་བ་ལྟ་བུར་རིག་པར་བྱའོ། །དག་ག་པ་ཞེས་བྱ་བ་ནི། འགེགས་པའི་ཚིག་སྟེ་མེད་པ་དང་མ་ཡིན་པར་རོ། །དེ་ལ་མེད་པའི་དགག་པ་ནི། དཔེར་ན་རྒྱལ་པོ་མེད་ཅེས་པའི་ཚིག་དོན་རྒྱལ་པོ་མེད་པ་ཉིད་དོན་ཡིན་པ་སྟེ། ཚིག་གི་གཞན་ཞིག་ཡོད་པ་ནི་དོན་མ་ཡིན་ནོ། ། མེད་པ་དེ་ཡང་གཏན་མེད་པ་དང་། ཞིག་ནས་མེད་པ་ཉིད་ཁོན་ཡིན་གྱི་གཏན་མ་ཡིན་ནོ། །མ་ཡིན་པར་དགག་པ་ནི་ཚིག་གི་དོན་ཡོད་པ་ཞིག་སྟེ་དོན་ཡང་དགག་པ་ཡིན་པར་སྟོན་པ་དང་། ཞིག་ནས་མེད་པ་ཉིད་ཁོ་ན་ཡིན་པར་སྟོན་པ་དང་། ཆུང་བ་ལ་སོགས་པ་དང་བྲལ་བ་དང་། མི་འདྲ་བ་དང་དམན་བ་དག་ཏུ་སྟོན་པར་བྱེད་པ་ཡིན་ནོ། །དེ་ དག་ཀུན་ཡན་ལག་གཙོ་བོར་སྟོན་པས་དེའི་སྐྱེས་བུ་ཡིན་ནོ། །ཟླས་བསྡུ་བ་ནི་གཉིས་སོ། །དེ་ལ་མཐུན་པར་བསྡུ་བ་ནི། མི་རྟག་པའི་ཟླས་སྡུག་བསྔལ་བསྡུ་བའོ། །མི་མཐུན་པའི་བསྡུ་བ་ནི། མི་རྟག་པའི་ཟླས་རྟགས་བསྡུ་བ་ལྟ་བུའོ། །དེ་དག་གི་ནི་གཅིག་གི་ཟླས་གཅིག་ཤེས་པའི་སྦྱོར་བ་ཡིན་ཏེ། ཁ་ཅིག་ཏུ་ཟླ་ཉིད་སྡུད། ཁ་ཅིག་ཏུ་སྦྱོར་ བའི་ཚིག་སྡུད་དོ། །དེ་དག་གི་ཚིག་དང་དོན་སྡུད་པའི་ཕྱིར་བསྡུ་བའི་གནས་ཡིན་ནོ། །བསྒྱུར་བའི་གནས་ནི་གོ་སླའོ། །དྲང་བའི་གནས་ནི་མུ་བཞི་སྟེ། ཡིན་བ་དང་མ་ཡིན་པ་དང་། གཉི་ག་ཡིན་པ་དང་གཉི་ག་མ་ཡིན་པ་དག་ལས་དངོས་པོ་གཅིག་ལ་མུ་བཞིར་དྲང་བ་ལ་ཆོས་གཅིག་སྒྲུབ་པའི་སྒོ་ནས་ཡིན་པ་འགྲུབ་པོ་ཞེས་བྱ་བ་ནི། དཔེར་ན་མི་ལ་ བདེ་བའི་ཆོས་སྒྲུབ་པའི་སྒོ་ནས་བདེ་བ་ཡིན་པར་འགྲུབ་པའོ། །ཤིན་ཏུ་བདེ་བའི་ཆོས་དགག་པའི་སྒོ་ནས་ནི་སྡུག་བསྔལ་བདེ་བ་མང་བ་མ་ཡིན་པར་འགྲུབ་པོ། །དེ་གཉི་གའི་སྒོ་ནས་ནི་གཉི་ག་ཡིན་པ་འགྲུབ་པ་སྟེ་བདེ་བ་ཡོང་པའི་སྒོ་ནས་ནི་བདེ་བ་ཡང་ཡིན་ལ། མི་བདེ་བ་ཡོད་པའི་སྒོ་ནས་མི་བདེ་བ་ཡང་ཡིན་ནོ། །མུ་བཞི་ལས་གཅིག་ཏུ་ དྲང་བ་ནི་གཉིས་སོ། །དེ་ལ་ངོ་བོ་ཉིད་ཀྱི་ཚིག་དང་ལྡན་པ་ནི་མ་ཡིན་ཞེས་པ་དང་། མི་མ་ཡིན་ཞེས་ངོ་བོ་སྒྲུབ་པ་དང་དགག་པ་ཡིན་པས་སྔ་མ་ནི་ཁྱད་པར་སྒྲུབ་པ་དང་དགག་པ་ཡིན་པས་ངོ་བོ་གཅིག་ལ་ལྡན་ནོ། །ཁྱད་པར་གྱི་ཚིག་དང་ལྡན་པ་ནི་མིའི་སྐྱེས་བུ་ལྟ་བུའམ་ཨུཏྤ་ལ་སྔོན་པོ་ལྟ་བུ་ལ། ཁྱད་པར་གཞི་ཨུཏྤ་ལ་ཡིན་ལ། ཁྱད་ པར་སྔོན་པོ་མ་ཡིན་པ་དང་། ཁྱད་པར་སྔོན་པོ་ཡིན་ལ། ཁྱད་པར་གྱི་གཞི་ཨུཏྤལ་མ་ཡིན་བ་དང་། གཉི་ག་སྟེ་ཨུཏྤ་ལ་ཡང་ཡིན་ལ། ཁྱད་པར་སྔོན་པོ་ཡང་ཡིན་པ་ལྟ་བུ་དང་། དེ་གཉི་ག་མ་ཡིན་པ་བཞི་ལས་གཅིག་ཡིན་པའོ། །མུ་གསུམ་པ་ལ་ནི་ཁྱད་པར་ཡིན་ལ། ཁྱད་པར་གྱི་གཞི་མ་ཡིན་པ་མེད་དོ་ཞེས་བྱ་བ་ནི་དཀར་པོ་ཡིན་ལ་ཁ་དོག་མ་ ཡིན་པ་མེད་དོ་ཞེས་པ་ལྟ་བུའོ། །མུ་གཉིས་པ་ལ་ནི་ཁྱད་པར་གྱི་གཞི་ཡིན་ལ་ཁྱད་པར་མ་ཡིན་པ་ཡང་མེད་དོ་ཞེས་པ་ནིའང་གི་བརྗོད་པ་ནི་སྔ་མ་སྡུད་པ་ཡིན་ཏེ། བར་མཚམས་ཤེས་པ་ལྟ་བུ་སྟེ། བར་ཡིན་ལ་མཚམས་མ་ཡིན་པ་ཡང་མེད་ལ་མཚམས་ཡིན་ལ་བར་མ་ཡིན་པ་ཡང་མེད་དོ། །ཡི་གེ་འཇུག་པའི་གནས་ནི་བརྒྱད་དེ། སྒྲ་དང་ སྐད་ལ་སོགས་པ་ལྟ་བུའོ། །དེ་ལ་བརྡ་ནི་མིང་དང་མིང་ཞེས་འབྲེལ་པར་བྱེད་པ་སྟེ། སྒྲ་དང་དོན་གྱི་སྤྱིའི་རྣམ་པ་གཞན་སྨྲ་བར་བྱེད་པའི་དུས་ཅན་གྱི་བདག་ཉིད་དོ་ཞེས་བྱ་བ་ནི་མིང་གི་ཀ་བ་ལ་སོགས་པ་ནི་སྒྲ་རང་གི་མཚན་ཉིད་དོ། །དེ་འབྲེལ་པར་བྱེད་པའི་སྒྲ་དང་། དོན་གྱི་སྤྱིའི་རྣམ་པ་ན་བརྡ་བྱེད་པའི་དུས་ན་དོན་ལ་དམིགས་ཤིང་སྒྲ་ལས་ བྱུང་བའི་ཤེས་པ་ལ་འདིའི་མིང་འདི་སྐད་ཡིན་ནོ་ཞེས་ཞེན་པའི་དབང་གིས་ཤེས་པ་གཅིག་ལ་མཐོང་བ་ལ་སོགས་པའི་དོན་གྱི་རྣམ་པ་དང་ཀ་བ་ཞེས་པ་ལ་སོགས་པའི་སྒྲའི་རྣམ་པ་གཉིས་ཡོད་པ་ཡིན་ཏེ། དེ་གཞན་ལ་གོ་བར་བྱེད་ན་འབྲལ་བར་བྱས་པ་ནི་དགོས་ཆེད་ཡིན་ནོ། །འདིར་འབྲེལ་པ་དང་འབྲེལ་པའི་ཡུལ་ངེས་པ་ཅན་ གང་ཞིག་གཟུང་བར་བྱ་ཞེ་ན། དོན་ལ་དམིགས་ཤིང་སྒྲ་ལས་བྱུང་བའི་ཤེས་པ་མངོན་པར་ཞེན་པའི་རྟོག་པ་ལ་འབྲེལ་བ་ངེས་པ་ཡོད་དེ། འབྲེལ་པའི་ཡུལ་དོན་སྤྱིའི་རྣམ་པ་ལ་འབྲེལ་པའི་སྒྲ་སྤྱི་ལ་རག་ལས་པའི་ཕྱིར་རོ། །གཞན་དུ་ནི་སྒྲ་ལས་བྱུང་ཡང་སྒྲ་ཉིད་ལ་དམིགས་པ་ཡོད་དོ། །གནོད་སྦྱིན་གྱི་བརྗོད་པ་ཐོས་པ་ལས་བྱུང་བའི་ ཤེས་པ་ལ་དོན་གྱི་སྤྱི་ལ་རག་མ་ལས་ཀྱི་སྒྲ་ཐོས་པ་ཙམ་ཡུལ་དུ་བྱས་ནས། སྒྲའི་རྣམ་པའི་རྟོག་པ་དང་། ངེས་འབྱུང་བའི་སྒྲའི་རང་གི་མཚན་ཉིད་ཀྱང་གཞན་ཐོས་པ་ཙམ་དུ་བྱེད་ནུས་ཏེ། དེ་ནི་སྔོན་དོན་ལ་དམིགས་ཏེ་མ་སྐྱེས་བས་མིང་དང་མིང་ཅན་འབྲེལ་པར་བྱེད་པའི་ནུས་པ་ཡང་མེད་ལ། འབྲེལ་པའི་ཡུལ་ལ་མ་བརྟེན་པས་ འབྲེལ་པ་ཉིད་ཀྱང་མ་ཡིན་ནོ། །དེའི་ཕྱིར་དོན་ལ་དམིགས་པ་སྨོས་དགོས་སོ། །ཁ་ཅིག་ནི་དོན་ལ་དམིགས་པ་ལས་སྐྱེས་ཀྱང་བརྡ་ལ་མ་བྱང་བ་དག་སྒྲའི་རྣམ་པ་མེད་པ་ཡང་ཡོད་དེ། དེའི་ཕྱིར་སྒྲ་ལས་བྱུང་བ་སྨོས་སོ། །ཁ་ཅིག་ནི་སྔོན་དོན་ལ་དམིགས་ཤིང་སྒྲ་ལས་བྱུང་བའི་ཤེས་པ་སྐྱེས་ཀྱང་མ་ཞེ་ན་པའི་དབང་གིས་ད་ལྟར་བརྗོད་པ་ དང་འདྲེས་པའི་རྟོག་པ་མེད་པ་སྟེ། དེའི་ཕྱིར་མངོན་པར་ཞེན་པ་སྨོས་སོ། །གནོད་སྦྱིན་གྱི་བརྗོད་པ་ཐོས་པ་ལས་སྐྱེས་པའི་གནོད་སྦྱིན་གྱི་སྒྲ་ཙམ་ཡུལ་དུ་བྱས་པ་ལ་ཡང་རྣམ་པར་རྟོག་པ་ཡོད་དེ། སྒྲ་ཉིད་ཡུལ་དུ་བྱས་པའི་རྟོག་པ་དང་། རང་གིས་ཀུན་བརྟགས་པའི་རྟོག་པ་གཞན་ཞིག་དང་ཡུལ་དུ་འགྱུར་རོ་ཞེ་ན་དེ་ལྟ་བུའི་རྟོག་པ་ཡོད་ ཀྱང་བརྗོད་པ་འདྲིས་པའི་དོན་གྱི་སྤྱི་མ་ཡིན་ཏེ། དོན་དང་སྤྱིའི་ཤེས་པ་ལ་ནི་བརྡ་བྱེད་པའི་དུས་ན་ཤེས་པ་གཞན་ལས་ཁྱད་པར་དུ་བྱེད་པའི་ཆོས་ལྔ་དང་ལྡན་དགོས་ཏེ། དེ་ལ་ཡན་ལག་གཅིག་ཉམས་ཀྱང་མི་འགྲུབ་པའོ། །ལྔ་གང་ཞེ་ན། དོན་ལ་དམིགས་པ་དང་། སྒྲ་ལས་བྱུང་བ་དང་། མཐུན་པར་སྣང་བ་དང་། ཐུན་མོང་དུ་གྲགས་པ་དང་། མངོན་པར་ཞེན་པའོ། །དེ་ལ་དོན་ལ་དམིགས་པ་ནི་ཡུལ་གྱི་བྱེ་བྲག་ཏུ་བྱས་པ་ཡིན་ཏེ་སྒྲ་ཉིད་ལ་དམིགས་ཏེ་བྱུང་བ་མ་ཡིན་ནོ། །སྒྲ་ལས་བྱུང་བ་ནི། རྒྱུའི་སྒོ་ནས་བྱེ་བྲག་ཏུ་བྱས་པ་ཡིན་ཏེ། དོན་ཉིད་ལ་དམིགས་ཏེ་བྱུང་བ་མ་ཡིན་ནོ། །མཐུན་པར་སྣང་བ་ནི་དོན་རྣམ་པའི་སྒོ་ནས་བྱེ་བྲག་ཏུ་བྱས་པ་ཡིན་ཏེ། བརྡ་སྟོན་པ་པོ་ཐ་དད་པར་ སྣང་བ་ནི་མ་ཡིན་ནོ། །ཐུན་མོང་དུ་གྲགས་པ་ནི་སྒྲའི་རྣམ་པའི་སྒོ་ནས་བྱེ་བྲག་ཏུ་བྱས་པ་ཡིན་ཏེ། བརྡ་སྟོན་པ་པོ་དང་གཞན་དག་ཏུ་ཐ་དད་པར་གྲགས་པའི་རྣམ་པ་ནི་མ་ཡིན་ནོ། །མངོན་པར་ཞེན་པ་ནི་ཞེན་པའི་སྒོ་ནས་བྱེ་བྲག་ཏུ་བྱས་པ་ཡིན་ཏེ་མ་ཞེན་པ་ས་ནི་མ་ཡིན་ནོ། །ཞེན་པའང་བཞི་སྟེ། དེའང་ཁ་ཅིག་ཏུ་ཚང་བར་འབྱུང་། ཁ་ ཅིག་ཏུ་མ་ཚང་བར་འབྱུང་སྟེ་འོག་ནས་རིག་པར་བྱའོ། །དེ་ལྟར་གནོད་སྦྱིན་གྱི་བརྗོད་པ་ཐོས་པ་ལས་སྐྱོས་པའི་ཤེས་པ་ནི། སྒྲ་ཙམ་ལས་བྱུང་བའི་ཕྱིར་ཡན་ལག་བཞི་ཉམས་པས་སྒྲའི་སྤྱིའི་རྣམ་པར་བརྗོད་པར་བྱ་བ་དང་འདྲེར་རུང་བ་ཡང་དོན་གྱི་སྤྱི་རྣམ་པ་དང་འབྲེལ་པའང་མེད་དེ། རག་ལས་པ་མེད་པས་འབྲེལ་པའི་ཡུལ་མ་ཡིན་ཞེས་ བྱའོ། །སྒྲ་ལས་བྱུང་བའི་ཡན་ལག་མ་ཚང་བ་ལ་སྒྲའི་སྤྱི་མེད་པ་ཡང་དེ་བཞིན་ནོ། །དེ་དག་གི་ཡན་ལག་དེ་དག་གི་དགར་བའི་ས་ཡིན་ནོ། །དེ་དག་གི་རང་རང་གི་ནུས་པ་ནི། དོན་ལ་དམིགས་པས་ནི་དོན་གྱི་རྣམ་པར་སྐྱེད་བར་བྱེད་དོ། །སྒྲ་ལས་བྱུང་བ་ནི་སྒྲ་སྤྱིའི་རྣམ་པར་སྐྱེད་པར་བྱེད་དོ། །མཐུན་པར་སྣང་བ་དང་ཐུན་མོང་དུ་ གྲགས་པས་ནི་ཞེན་པ་སྐྱེ་ཞིང་གཞན་ལ་གོ་བར་ནུས་སོ། །མངོན་པར་ཞེན་པས་ནི་མིང་དང་མིང་ཅན་འབྲེལ་བར་བྱེད་དོ། །དེ་དག་མ་ཚང་ན་ནི་དེ་ལས་བཟློག་པར་འགྱུར་རོ། །སྐྱེ་བའི་རིམ་པ་ཡང་བརྡ་བྱེད་པའི་དུས་ན་ནི། ཕལ་ཆེར་ནི་དང་པོའི་དོན་མཐོང་ནས་དེའི་རྣམ་པར་སྐྱེ་བ་ན། འདི་ནི་མིང་ཅི་ཡིན་ཞེས་ཐ་སྙད་འདོགས་པའི་བློ་ སྐྱེ་བ་ན། སྨྲ་བ་པོ་གཞན་གྱིས་འདི་ཀ་བ་ཡིན་ནོ་ཞེས་སྒྲ་ཐོས་པ་ལས། འདི་ཀ་བ་ཡིན་སྙམ་པའི་སྒྲའི་སྤྱི་རྣམ་པར་སྐྱེའོ། །དེ་ནས་ཀ་བ་ཞེས་པའི་སྒྲ་རྗོད་པར་བྱེད་དོ། །ཁ་ཅིག་ནི་དང་པོ་མིང་གི་སྒྲ་ཙམ་ཐོས་པ་སྟེ། སྒྲ་ཙམ་ལས་བྱུང་བའི་སྒྲའི་རྣམ་པ་ཅན་གྱི་ཤེས་པ་སྐྱེས་ནས། དེ་གང་གི་མིང་ཡིན་པར་ཚོལ་བའི་བློ་སྐྱེ་བ་ན། སྨྲ་བ་པོ་ གཞན་གྱིས་ཀ་བ་འདི་ཡིན་ནོ་ཞེས་དོན་བསྟན་པ་ན་མིང་ཅན་དང་འབྲེལ་པའི་ཤེས་པ་སྐྱེའོ། །མངོན་པར་ཞེན་པ་ནི་དང་པོ་མངོན་སུམ་དུ་གྱུར་ནས། དེ་ནས་ཕྱིས་དོན་དང་འདྲ་བའི་མིང་ཅན་གྱི་ཤེས་པ་སྐྱེ་བ་ན། རྣམ་པ་དེ་ཉིད་ལ་དོན་དེ་ཉིད་དུ་མངོན་པར་ཞེན་པ་སྐྱེའོ། །དེ་ནས་མིང་གི་ཐ་སྙད་བཏགས་པ་ནི་སྒྲའི་རྣམ་པ་ཡི་གེའི་རྣམ་པའི་ བདག་ལ་དོན་གྱི་རྣམ་པ་ཉིད་དུ་མངོན་པར་ཞེན་པ་སྐྱེའོ། །དེ་ནས་སྒྲ་རང་གི་མཚན་ཉིད་བརྗོད་པ་ན། རང་གི་མཚན་ཉིད་ལ་རྣམ་པ་ཉིད་དུ་མངོན་པར་ཞེན་པ་སྐྱེ་སྟེ། དེ་ལྟར་ཞེན་པའི་དབང་གིས་མིང་དང་མིང་ཅན་འབྲེལ་པར་བྱེད་དོ། །ཞེན་པ་གསུམ་པ་འདི་ཤིན་ཏུ་ཞེན་པས་ནི། སྨྲ་བ་པོ་ཉིད་དོན་སྟོན་པ་ལ་སྨྲ་བར་བྱེད་པའང་ ཡིན་ལ་ཉན་པ་པོ་བརྡ་ལ་བྱང་བ་དག་སྒྲས་དོན་ཁོང་དུ་ཆུད་པའང་ཡིན་ནོ། །ཞེན་པ་བཞི་པ་ནི། གང་ཟག་བླུན་པོ་བསྟན་བཅོས་ལ་བློ་མ་བྱང་བར་སློབ་པར་ཞུགས་པ་དག་ཡིན་ཏེ། ཡི་གེ་སྟོན་པའི་གཟུགས་ལ་ཡི་གེ་ཉིད་དུ་འཛིན་ཏེ། དེའི་དབང་གིས་ཡི་གེའི་རྣམ་པ་རྣམ་པར་རྟོག་པ་དང་བཅས་པའི་རྣམ་པར་ ཤེས་པ་ལ་མི་གསལ་བ་ལ་གནས་པའི་སྒྲ་སྤྱིའི་རྣམ་པའང་ཡི་གེའི་གཟུགས་ཀྱི་རྣམ་པར་ཡིད་ལ་བྱེད་པར་འགྱུར་ཏེ། དེ་ནི་སྨྲ་བ་ཀུན་ལ་འབྱུང་བ་མ་ཡིན་ནོ། །གཟུགས་ལ་ཡི་གེ་ཉིད་དུ་ཞེན་པས་ནི། གླེགས་བམ་དུ་བྲིས་པ་ལ་བརྗོད་པའི་ཡུལ་བྱེད་པ་ཡིན་ནོ། །བརྡ་ལ་བློ་བྱང་བ་དག་སྨྲ་བ་པོ་སྒྲ་བརྗོད་པ་དང་ཉན་པ་པོ་དག་ ལ་སྒྲ་ལས་བྱུང་བའི་ཤེས་པ་སྐྱེ་བའི་ཚུལ་ནི་འདི་ཡིན་ཏེ། དེ་ལ་སྨྲ་བ་པོ་དག་སྒྲ་བརྗོད་པ་ན། སྔོན་བརྡ་བྱེད་པའི་དུས་ཡན་ལག་ལྔའི་ཚུལ་ཤིན་ཏུ་འདྲིས་པས། ད་ལྟ་རྗོད་པར་བྱེད་པའི་དུས་ན། ཚུལ་དེ་བཞིན་དུ་འབྱུང་བ་འབད་པ་མེད་པར་འབྱུང་སྟེ། འདི་ལྟར་དོན་གྱི་དངོས་པོ་ཉིད་ཉེ་ཡང་རུང་སྟེ་རྣམ་པ་གཉིས་མངོན་དུ་ བྱས་ཏེ། སྒྲ་རང་གི་མཚན་ཉིད་ཀྱི་རྐྱེན་གཞན་དག་ལའང་བརྟེན་ནས་སྒྲ་རྗོད་པར་བྱེད་དོ། །ཉན་པ་པོ་དག་ཀྱང་སྔོན་བརྡའི་དུས་ན་གོམས་པས། ད་ལྟ་སྒྲ་ཐོས་པ་ན་སྒྲའི་མཐུས་སྒྲ་ཉིད་ཀྱི་རྣམ་པ་ཙམ་སྐྱེད་པ་ལས། སྔོན་སྒྲའི་རྣམ་པ་ལ་དོན་གྱི་རྣམ་པར་ཞེན་པས་དེའི་དབང་གིས་འདི་ཡིན་ནོ་སྙམ་དུ་སྔོན་བརྡའི་དུས་དང་ གཅིག་ཏུ་བསྲེས་ནས་དོན་གྱི་རྣམ་པ་རྟོག་གོ། །རྣམ་པ་ཡང་དོན་དང་འདྲ་བ་དང་། དོན་ཉིད་དུ་ཞེན་པ་ཡིན་པས་དོན་ཁོང་དུ་ཆུད་པར་བྱེད་དོ། །དེས་ན་སྔོན་གྱི་ཡུལ་ལ་དམིགས་པ་དང་། ད་ལྟར་གྱི་ཡུལ་ལ་དམིགས་པ་གཉིས་རྟོག་བཅས་ཀྱི་ཤེས་པ་གཅིག་ཏུ་བསྲེ་དགོས་པའི་ཕྱིར། མཐུན་པར་སྣང་བའི་ཡན་ལག་ དགོས་སོ། །སྔོན་གྱི་སྒྲའི་རྣམ་པའང་དེ་བཞིན་དུ་བསྲེ་དགོས་པས་ཐུན་མོང་དུ་གྲགས་པའི་ཡན་ལག་དགོས་སོ། །འོ་ན་བསྲེས་པས་ཅི་ཞིག་བྱེད་ཅེ་ན། མ་བསྲེས་ན་སྔོན་གྱི་དོན་ཡང་གཞན་ལ། ད་ལྟར་གྱི་དོན་ཡང་གཞན་ཡིན་པས། སྔོན་གྱི་དོན་ལ་བརྗོད་པའི་སྒྲས་ད་ལྟར་གྱི་དོན་ལ་འཇུག་མི་ནུས་པ་སྟེ། དེའི་ཕྱིར་ གཅིག་ཏུ་བསྲེས་པའི་སྒྲས་དོན་གོ་བར་བྱེད་པའི་ནུས་པ་ཡོད་པ་ཡིན་ནོ། །ད་ནི་ཡན་ལག་དེ་དག་གི་ངོ་བོ་བསྟན་པར་བྱ་སྟེ། དེ་ལ་དོན་ལ་དམིགས་པ་ནི་སྔར་དབང་པོ་ཤེས་པ་དང་དོན་དུ་ཕྲད་པ་ན་དོན་མཐོང་བ་དང་། ཕྱིས་དེའི་རྣམ་པ་སྣང་བ་ལ་ཞེན་པའི་སྒོ་ནས་དོན་དེ་ཉིད་ལ་དམིགས་པ་འཆའ་བ་ཡིན་ཏེ། སྒྲ་ཐོས་ན་ དམིགས་པ་དོན་ལ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །མཐུན་པར་སྣང་བའི་ཁ་དོག་དང་དབྱིབས་དང་བྱ་བ་བྱེད་པའི་ནུས་པ་དག་བརྡ་སློབ་པའི་ཤེས་པ་ལ་ཇི་ལྟར་སྣང་བ་དེ་ལྟར་བརྡ་སྟོན་པ་པོ་དང་། གཞན་དག་ལ་ཡང་དེ་ལྟར་སྣང་བ་ཡིན་ཏེ། འདིས་དམིགས་པ་མཐུན་པར་སྣང་བ་ཡིན་ནོ། །ཐུན་མོང་དུ་གྲགས་པ་ནི་ བརྡ་སྟོན་པའི་སྒྲ་གཞན་དག་དང་ཐུན་མོང་དུ་གྲགས་པ་སྟེ། སྒྲ་སྤྱིའི་རྣམ་པ་ཡང་དེ་ཉིད་ཡིན་ནོ། །སྒྲ་ལས་བྱུང་བ་ནི་ཐུན་མོང་དུ་གྲགས་པའི་སྒྲ་ལས་བྱུང་བ་སྟེ། ཐུན་མོང་དུ་མ་གྲགས་པའི་སྒྲ་ལས་བྱུང་བ་ནི་ཡན་ལག་ཉམས་པར་གྱུར་པའི་རྒྱུ་ཡིན་ནོ། །མངོན་པར་ཞེན་པ་ནི་གོང་དུ་བསྟན་པ་ཉིད་དོ། །གཞན་ལ་སྨྲ་བར་བྱེད་ པའི་དུས་ཅན་གྱི་བདག་ཉིད་དོ་ཞེས་བྱ་བ་ནི་བརྡ་ཞེས་བྱ་བ་གཞན་ལ་གོ་བར་བྱེད་པའི་རྒྱུ་མཚན་ཡིན་པས་སོ། །ཐ་སྙད་ནི་དངོས་པོ་ལ་ཐ་སྙད་མེད་པ་ལ་ནན་གྱིས་བཏགས་པ་སྟེ། དེ་ཡང་བཏགས་པའི་ཤེས་པ་ནི་འདི་ཀ་བ་ཡིན་ནོ་སྙམ་པ་ལ་སོགས་པའི་ཤེས་པའོ། །བརྗོད་པ་ནི་འདི་ཀའོ་ཞེས་བྱ་བའི་སྒྲའོ། །འཇུག་པ་ནི་ ཀ་བ་ཡིན་པས་ཁང་ཁྱིམ་བྱེད་པར་རྩོམ་པ་ལ་སོགས་པའོ། །ཐ་སྙད་ཅེས་བྱ་བ་ནི་འཇུག་པའི་རྒྱུ་མཚན་ཡིན་ནོ་གཞན་ནི་གོ་བར་ཟད་དོ། །དེ་ལ་རྒྱུ་རྐྱེན་གྱི་ཚོགས་ལ་བརྟེན་ནས་སྒྲ་རང་གི་མཚན་འབྱུང་སྟེ་ཞེས་བྱ་བ་ནི་བརྒྱུད་པའི་རྒྱུ་ནི་དོན་དང་སྨྲ་བའི་ཉིད་དོ། །ཉེ་བའི་རྒྱུ་ནི་སྒྲ་དང་དོན་གྱི་སྤྱི་ཡིན་ནོ། །དེ་ནི་དཔེར་ན་པི་ ཝང་གི་སྒྲ་འབྱུང་བར་བྱ་བ་ལ་སྐྱེས་བུ་ལྟ་བུའོ། །ཐུན་མོང་གི་འབྱུང་ཁུངས་ནི་བརྒྱད་དེ། ཁོང་སྦུབས་དང་། མགུལ་པ་དང་། རྐན་དང་། ལྕེ་དང་། སོ་དང་། མཆུ་དང་། སྣ་དང་། སྤྱི་བོ་སྟེ། པི་ཝང་གི་སྒྲའི་བྱ་བ་ལ་སྦུབས་དང་ཡུ་བ་དང་ལག་རྟེན་དང་པགས་པ་དང་རྒྱུད་དང་རྒྱུད་རྟེན་ལྟ་བུའོ། །ཁྱད་པར་གྱི་གནས་ནི་བཅུ་སྟེ། ཡི་གེ་ ལ་ལ་ནི་མགུལ་པ་ནས། ལ་ལ་ནི་རྐན་ནས། ལ་ལ་ནི་སོ་ལས། ལ་ལ་ནི་མཆུ་ལས། ལ་ལ་ནི་སྣ་ལས། ལ་ལ་ནི་སྤྱི་བོ་ལས། ལ་ལ་ནི་ཁོང་ལས། ལ་ལ་ནི་མགུལ་དང་རྐན་གཉིས་ཀ་ལས། ལ་ལ་ནི་མགུལ་དང་མཆུ་གཉིས་ཀ་ལས། ལ་ལ་ནི་སྤྱིའི་ཆ་ལས་བྱུང་སྟེ། དེ་དག་ནི་པི་ཝང་གི་པོ་རྒྱུད་དང་མོ་ རྒྱུད་ལས་ཕོ་སྒྲ་དང་མོ་སྒྲ་འབྱུང་བ་ལྟ་བུའོ། །རྣམ་པ་བཞི་སྟེ། ལྕེ་དབུས་དང་། ལྕེའི་དཀྱིལ་སྨད་དང་། །ལྕེའི་རྩེ་དང་། སྣའི་སྦུབས་དང་ངོ་། །དེ་དག་གི་པི་ཝང་གི་སྒྲའི་བྱ་བ་ལ་གཞུ་རྒྱུད་ལྟ་བུའོ། །གསལ་བར་བྱེད་པ་ནི་བཅོ་བརྒྱད་དེ། ཨའི་སྒྲ་ལ་བརྟེན་ནས་ཐུང་དུ་དང་། བར་མ་དང་རིང་དུ་འདྲེན་པ་གསུམ་ལ་ཆེ་བ་དང་ཆུང་ བ་དང་བར་མ་གསུམ་གསུམ་དུ་ཕྱེ་བས་དགུར་འགྱུར་རོ། །དེ་ལ་སྣ་དང་ལྡན་པ་དང་མི་ལྡན་པར་ཕྱེ་བས་བཅོ་བརྒྱད་དེ་དག་གི་པི་ཝང་གི་སྒྲའི་བྱ་བ་ལ་སྒྲ་ཉིད་གསང་བ་དང་བཅས་པས་དབྱུང་དགོས་པ་དང་འདྲའོ། །དེ་ལྟར་རྒྱུ་རྐྱེན་དེ་སྙེད་ཅིག་འཚོགས་པས་སྒྲ་རང་གི་མཚན་ཉིད་མཉན་དུ་རུང་བ་འབྱུང་བ་ ཡིན་ནོ། །རྣམ་པར་དབྱེ་བ་ནི་བསྒྱུར་བ་བདུན་བོད་པ་དང་བརྒྱད་དོ། །དེ་ཡང་སྒྲ་གཅིག་སྒྲ་ཐམས་ཅད་དུ་སྒྱུར་དུ་རུང་བས། སྒྲ་གཅིག་གིས་དངོས་པོ་ཀུན་བརྗོད་དུ་རུང་བ་ཡིན་ཏེ། དེ་ཡང་བསྒྱུར་བའི་གནས་ཀྱིས་ཡིན་ནོ། །དེ་ལ་གང་ཞེས་བྱ་བར་བསྒྱུར་དུ་རུང་བའི་སྒྲ་སྒྱུར་བར་བྱེད་པའི་སུའི་རྟགས་དང་ལྡན་ན་གང་ཞེས་བྱ་བ་ དང་པོ་གཅིག་གི་ཚིག་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་ཨཽ་ཡིས་གང་དག་ཅེས་པ་དང་པོ་གཉིས་ཀྱི་ཚིག་དང་། ཛས་ཀྱིས་དང་པོ་མང་པོའི་ཚིག་འགྲུབ་པར་འགྱུར་ཏེ། ཡི་གེ་དེ་གསུམ་གྱི་རྟགས་སྒྲ་གང་ལ་ཡོང་པ་དེ་ནི་དོན་གྱི་དངོས་པོ་གང་ཡང་རུང་བ་སྟོན་པ་དང་། དེའི་གྲངས་ཙམ་སྟོན་པས། དང་པོ་དངོས་ པོ་གང་ཡང་རུང་བ་ཡིན་ནོ། །གཉིས་པ་འགྲུབ་པར་བྱེད་པ་ནི། ཨམ་ཨཽ་ཤས། འདི་གསུམ་གྱི་རྟགས་དང་ལྡན་ན། གང་ལ་གང་དག་ལ་གང་རྣམས་ལ་ཞེས་པ་གཉིས་པ་གཅིག་ཚིག་དང་། གཉིས་པ་གཉིས་ཀྱི་ཚིག་དང་། གཉིས་པ་མང་པོའི་ཚིག་འགྲུབ་པར་བྱེད་དོ། །གཞན་གྱིས་བྱས་པ་ལས་སུ་སྟོན་པ་དང་། ལས་ལྟ་བུར་བྱེད་པ་སྟོན་པའི་ཕྱིར་གཉིས་པ་ལས་ཀྱི་ས་ཡིན་ནོ། །གསུམ་པ་འགྲུབ་པར་བྱེད་པ་ནི། ཊཱ་བྷྱཱཾ་བྷིས། སྒྲ་གང་ལ་ཡི་གེ་དེ་གསུམ་གྱི་རྟགས་དང་ལྡན་ན། གང་གིས། གང་དག་གིས། གང་རྣམས་ཀྱིས་ཞེས་པ་གསུམ་པ་གཅིག་གི་ཚིག་དང་། གསུམ་པ་གཉིས་ཀྱི་ཚིག་དང་། གསུམ་པ་མང་པོའི་ཚིག་འགྲུབ་པར་ འགྱུར་ཏེ། འདི་རྣམས་དང་ལྡན་པར་ནི་བྱེད་པ་པོ་སྟོན་པའི་ཕྱིར་གསུམ་པ་བྱེད་པའི་ས་ཞེས་བྱ་བའོ། །བཞི་པ་འགྲུབ་པར་བྱེད་པ་ནི། དེ་བྷྱི་བྷྱས། སྒྲ་གང་ལ་འདི་གསུམ་གྱི་རྟོགས་དང་ལྡན་ན། གང་གི་ཕྱིར། གང་དག་གི་ཕྱིར། གང་རྣམས་ཀྱི་ཕྱིར་ཞེས་པ་བཞི་པ་གཅིག་གི་ཚིག་དང་། བཞི་པ་གཉིས་ཀྱི་ཚིག་དང་། བཞི་པ་མང་པོའི་ཚིག་ འགྲུབ་པར་བྱེད་དེ། གང་ལ་དགོས་ཆེད་དམ། དོན་ནམ་གང་ལ་མཆོད་སྦྱིན་དང་ཕྱག་འཚལ་བས་ཁ་ཅིག་ཡུལ་དེ་ཉིད་ཀྱི་ཆེད་དུ་སྦྱོར་བ་ཡང་ཡོད། །ཁ་ཅིག་མཆོད་སྦྱིན་གྱི་ཡུལ་དུ་སྦྱོར་བ་ཡང་ཡོད་དེ། དོན་གྱིས་ན་བྱེད་པ་པོའི་ཆེད་ཡིན་པར་སྦྱར་བར་བྱ་སྟེ། ལའི་དོན་འདི་བརྒྱུད་པར་བྱའོ། །དེའི་ཕྱིར་བཞི་པ་སྦྱིན་པ་དང་ ཕྱག་འཚལ་བ་ཞེས་བྱ་བ། ཤིང་གི་ཕྱིར་ཆུ་འདྲེན་པ་ཡང་ཤིང་ཉིད་རྒྱས་པ་དང་། སྨིན་པའི་ཕྱིར་སྦྱོར་ཡང་། དོན་གྱིས་ཆུ་འདྲེན་པའི་བྱེད་པ་པོའི་ཆེད་ཡིན་པར་འགྱུར་བ་དང་། མཆོད་རྟེན་ལ་ཕྱག་འཚལ་བ་ཡང་། མཆོད་རྟེན་ཉིད་ཕྱག་གི་ཡུལ་ལམ་གནས་སུ་སྦྱར་ཡང་དོན་གྱིས་ཕྱག་འཚལ་བའི་ཆེད་ཡིན་པར་འགྱུར་བ་ བས་བཞི་པ་བྱའམ་ཆེད་ཀྱི་དོན་དུ་དྲང་ངོ་། །དོན་གྱི་དབང་འདིས་ལ་ཕྱིར་དུ་བསྒྱུར་བ་ཡིན་ནོ། །ལྔ་པ་འགྲུབ་པར་བྱེད་པ་ནི། ང་སི་བྷྱཱཾ་བྷྱས། འདི་གསུམ་གྱི་རྟགས་དང་ལྡན་ན། གང་ལས་གང་དག་ལས་གང་རྣམས་ལས་ཞེས་པ་ལྔ་པ་གཅིག་གི་ཚིག་དང་། ལྔ་པ་གཉིས་ཚིག་དང་། ལྔ་པ་མང་པོའི་ཚིག་འགྲུབ་པར་ བྱེད་དེ། ལྔ་པའི་དོན་ནི་གང་ཞིག་ལ། གང་གིས་ཡོད་པ་ལས། དེ་གཞི་དེ་ལས་བྱུང་བ་དང་། བྲལ་བ་དང་། དགར་བ་དང་། ཁྱད་པར་དུ་བྱེད་ན། གང་ལས་ཞེས་བྱ་བའི་སྒྲ་ཡོད་དེ། དེ་ཅིའི་ཕྱིར་ལྔ་པ་གང་ལས་ཞེས་བྱ་བས་རྒྱུ་དང་འབྱུང་ཁུངས་ཀྱིས་ཞེས་བྱའོ། །དྲུག་པ་འགྲུབ་པར་བྱེད་པ་ནི། ངས་ཨོས་ཨཱམ་ཞེས་བྱ་བ་འདི་གསུམ་ གྱི་རྟགས་དང་ལྡན་ན། གང་གི་གང་དག་གི་གང་རྣམས་ཀྱི་ཞེས་དྲུག་པ་གཅིག་གི་ཚིག་དང་། དྲུག་པ་གཉིས་ཀྱི་ཚིག་དང་། དྲུག་པ་མང་པོའི་ཚིག་འགྲུབ་པར་བྱེད་དེ། འདི་ནི་བདག་པོའི་དོན་དུ་ཚིག་སྔ་མ་བྱེད་ཅིང་བརྟེན་པར་བྱ་བའི་དོན་དུ་ཚིག་ཕྱི་མ་བྱེད་པར་སྟོན་པས་དྲུག་པ་བདག་པོ་དང་འབྲེལ་པའི་ས་ཞེས་པ་དང་ལྷག་མའི་ དབང་དུ་བྱས་ཞེས་བྱ་བའོ། །བདུན་པ་འགྲུབ་པར་བྱེད་པ་ནི། ངི་ཨོས་སུ་པ་ཅེས་པ་འདི་གསུམ་གྱི་རྟགས་དང་ལྡན་ན། གང་ལ་གང་དག་ལ་གང་རྣམས་ལ་ཞེས་བདུན་པ་གཅིག་གི་ཚིག་དང་། བདུན་པ་གཉིས་ཀྱི་ཚིག་དང་། བདུན་པ་མང་པོའི་ཚིག་འགྲུབ་པར་བྱེད་དེ། བདུན་པ་གང་ལ་གང་ཡོད་པའི་དོན་ནི་བདུན་པའི་དོན་ ཏོ། །དེ་ནི་བསྒྱུར་བ་བདུན་ཞེས་བྱ་སྟེ། དེ་དག་གང་ཕན་ཚུན་གང་བསྒྱུར་དུ་བཏུབ་པའི་སྒྲ་གཅིག་སྒྲ་ཐམས་ཅད་ལ་འཇུག་པར་ནུས་པ་ཡིན་ནོ། །དེའི་དབང་གིས་སྒྲ་གཅིག་དངོས་པོ་ཐམས་ཅད་ལའང་འཇུག་པ་ཡང་ཡིན་ནོ། །བརྒྱད་པ་བོད་པ་ལ་ནི་བསྒྱུར་བ་མེད་དེ། བསྒྱུར་བ་བདུན་གང་དུ་བསྒྱུར་བ་རྣམས་ལ་བོད་པས་བརྒྱད་པ་བོད་ སི་ཞེས་བྱ་སྟེ། དེ་ལྟར་བསྒྱུར་བ་བདུན་བོད་པ་དང་བརྒྱད་ལ་རྣམ་པར་དབྱེ་བ་ཡིན་ནོ། །ཕྱོགས་ཀྱི་གནས་ནི་གོ་བར་ཟད་དེ། དངོས་པོའི་གནས་ནི་ཆོས་ཅན་གྱི་སྒོ་ནས་ཆོས་ཉིད་ཀྱི་དངོས་པོ་སྒྲུབ་པ་ཞེས་བྱ་བ་ནི་ཆོས་ཅན་གཟུགས་ཀྱི་དངོས་པོའི་སྒོ་ནས་གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་ཉིད་ལྟ་བུའམ། མི་རྟག་པ་ཉིད་དམ་བདག་ མེད་པ་ཉིད་ལྟ་བུ། ཁོང་དུ་ཆུད་པ་ཉིད་ལྟ་བུའམ་མཚོན་པར་ནུས་པའོ། །སྒྲའི་སྒོ་ནས་དོན་གྱི་དངོས་པོ་སྒྲུབ་པར་བྱེད་པ་ཞེས་པ་ནི། ཀ་བའི་སྒྲའི་སྒོ་ནས་ཀ་བའི་དངོས་པོ་ཆུད་པར་བྱེད་པ་སྟེ། རྒྱ་ཆེར་ནི་སྔར་བཤད་ཟིན་ཏོ། །ད་ནི་གནས་བརྒྱད་པོ་དེ་དག་གི་མདོར་བསྟན་པ་ཤེས་པར་བྱ་བའི་ཕྱིར་ཚིགས་སུ་བཅད་དེ་ བསྟན་པ། བྱེད་པས་བྱེ་བྲག་རྣམ་པར་འབྱེད། །བྱ་བ་ཡོངས་སུ་རྫོགས་པར་སྟོན། །ཞེས་བྱ་བ་ནི་བྱེད་པ་པོ་ལྷ་སྦྱིན་དང་། བྱད་པ་སྟ་རེ་དང་། ལས་ཤིང་དང་། དགོས་ཆེད་ཀ་བ་ལ་སོགས་པ་བྱ་བ་གཅིག་གིས་རྒྱུ་རྐྱེན་ཡོངས་སུ་རྫོགས་པར་བསྟན་ཏོ། །བསྡུས་པས་ཡི་གེ་ཉུང་འགྱུར་ཞིང་། །འབྲེལ་བའམ་མིང་ཡང་འདོགས་པར་ བྱེད། །ཅེས་བྱ་བ་ནི། གང་ཡི་གེ་ཉུང་དུ་ནི་བ་ལང་དང་ལྡན་ཤིང་རྟ་ཞེས་བསྡུས་པས་ཡི་གེ་ཉུང་བའམ། ཡང་མིང་འབྲེལ་པ་ཡང་འདོགས་ཏེ། དོན་གཞན་གཙོ་བོ་ཡིན་པ་དེ་ནི་འབྲུ་མང་པོ་པ་ཡིན་ཏེ། དཔེར་ན་བ་ཁྲ་མོ་ཅན་ཞེས་པ་ལྟ་བུའོ། །མིང་བཏགས་པ་ནི་ཚིག་གི་དོན་ཁོང་དུ་ཆུད་པར་བྱེད་པ་ཡིན་ཏེ། དེ་ཡང་བཏགས་པའི་སྦྱོར་བ་ལ་ མཁས་ནས་མིང་བཏགས་པ་དང་བཏགས་པའི་གཞི་གནས་མཐོང་ངམ་སྨྲ་བ་པོ་ལས་ཐོས་པ་ན་ཁོང་དུ་ཆུད་པར་འགྱུར་རོ། །བསྒྱུར་བས་བསྒྱུར་བའི་མཐུ་ཤེས་ཤིང་། །སྐད་བྱིངས་ཁོང་དུ་ཆུད་པར་འགྱུར། །ཞེས་བྱ་བ་ནི་ཡི་གེ་གང་ལ་བསྒྱུར་བར་བྱ་བའི་ནུས་པ་ཇི་སྙེད་ཡོད་པའམ་སྐད་ཀྱི་བྱིངས་གང་ལ་བསྒྱུར་བར་བྱ་བའི་ནུས་པ་ ཤེས་པ་སྟེ། སྐད་ཀྱི་བྱིངས་ནི་ད་དུང་མ་བསྒྱུར་བའོ། །དེ་ལ་ཉེ་བར་བསྒྱུར་བས་ཉེ་བར་བསྒྱུར་ན་ཐེ་ཚོམ་ལེགས་པར་སེལ་བ་ཡིན་ནོ། །དྲང་བས་བཤད་པའི་དམིགས་ལ་མཁས། །གཞན་སེལ་བ་ཡང་ཤེས་པར་འགྱུར། །ཞེས་བྱ་བ་ནི་བྱེ་བྲག་ལེགས་པར་འབྱེད་པ་ནི་མུ་བཞི་ལ་སོགས་པ་དྲང་བ་ཡིན་ལ་དེ་མཁས་ན་བཤད་པ་ མཁས་པའི་དམིགས་པ་ལ་མཁས་སོ། །གཞན་སེལ་བ་ནི་སྒྲ་ཐམས་ཅད་ནི་གང་བསྟན་ཀྱང་གཞན་མ་བསལ་ན་གང་གིས་གང་ཞིག་བསྟན་པ་དེ་ཤེས་པར་མི་ནུས་ཏེ། གཞན་བསལ་བའི་ཚུལ་གྱིས་རང་གི་ངོ་བོ་ཤེས་སོ། །མུ་བཞི་ལ་སོགས་པ་ནི་གཞན་སེལ་བ་ལ་ཕན་པ་ཡིན་ནོ། །འཇུག་པས་བརྡ་དང་ཐ་སྙད་ཤེས། ། དགོས་འབྲེལ་ཁོང་དུ་ཆུད་པར་འགྱུར། །ཞེས་བྱ་བ་ནི་བརྡ་དང་ཐ་སྙད་ཤེས་པ་ནི་གོང་དུ་བཤད་ཟིན་ཏོ། །དགོས་འབྲེལ་ནི་དོན་གྱི་རྣམ་པ་ལས་སྒྲའི་རྣམ་པ་འབྱུང་ལ། སྒྲའི་རྣམ་པས་དོན་གྱི་རྣམ་པ་རྟོགས་པར་འགྱུར་བས་སྤྱིའི་རྣམ་པའི་སྒོ་ནས་ནི་འབྲེལ་པ་ཡིན་ནོ། །འབྲེལ་པའི་སྒོ་ནས་སྒྲ་རང་གི་མཚན་ཉིད་རྟོགས་ཤིང་། སྒྲ་རང་ གི་མཚན་ཉིད་ཀྱིས་དོན་རང་གི་མཚན་ཉིད་ཁོང་དུ་ཆུད་པ་ནི་དགོས་པ་ཡིན་ནོ། །དོན་རང་གི་མཚན་ཉིད་ཁོང་དུ་ཆུད་ནས་དོན་གྱི་བྱ་བ་བྱེད་པ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ། །དོན་གྱི་དབང་གིས་སྒྲའི་གནས་དགོད་པ་རྩོམ་པ་དང་། ངག་ཏུ་སྨྲ་བ་དང་། ཉན་པ་པོ་ཉན་པ་ལ་འཇུག་གོ། །རྟོག་པ་དང་མི་ལྡན་བ་དག་ནི་དོན་ཡོད་པར་ཡིད་ ལ་བྱ་སྟེ། ཞེན་པའི་སྒོ་ནས་སྨྲ་བར་བྱེད་དོ། །དབྱེ་བས་སྒྱུར་བྱེད་རྐྱེན་ལ་མཁས། །སྒྲ་འོ་ཅོག་ལ་མཁས་པར་འགྱུར། །ཞེས་བྱ་བ་ནི་བསྒྱུར་བྱ་སྒྱུར་བྱེད་ནི་བཤད་ཟིན་ཏོ། །སྒྲ་འོ་ཅོག་ལ་མཁས་པར་འགྱུར་བ་ནི། སུ་བནྟའི་སྒྲ་ནི་སྒྲ་ཐམས་ཅད་ལ་བསྒྱུར་བ་ཡིན་པས་སོ། །ཏིང་ནྟའི་སྐད་ཀྱི་བྱིངས་ལ་བསྒྱུར་བ་ཡིན་ནོ། །བྱེ་བྲག་རྣམ་པར་འབྱེད་ཅེས་ བཤད་པ་ཡིན་ནོ། །ཕྱོགས་ཀྱི་སྐྱེས་བུ་རབ་འབྲིང་ཤེས། །ཞེས་པ་ནི་སྐྱེས་བུའི་ནུས་པ་རབ་འབྲིང་ཤེས་པ་ཡིན་ནོ། །དངོས་པོའི་དོན་གྱི་དངོས་གཞི་རྟོགས། །ཞེས་བྱ་བ་ནི་དངོས་གཞི་གང་ཞིག་ཤེས་པར་བྱ་བ་དེ་ཉིད་དོན་གྱི་དངོས་གཞི་ཡིན་ནོ། །དེ་ལྟར་མདོར་བསྟན་པ་བརྗོད་ནས་སྒྲའི་མིང་གི་ནུས་པ་བརྗོད་པར་བྱ་སྟེ། དེ་ལ་དཔེར་ན་མིང་གི་ ཚིག་ནི། སེནྦྷ་བ་ཞེས་བྱ་བ་ནི་ཁ་ཅིག་ཏུ་ལན་ཚྭ་དང་ལྡན་པའི་ཚོད་མ། ཁ་ཅིག་ཏུ་ཆུ། ཁ་ཅིག་ཏུ་རྟ་སྟེ། མིང་ཅན་ཐ་དད་པར་སྟོན་པ་ལྟ་བུ་དང་། མིང་དང་མིང་ཅན་འབྲེལ་པ་དང་། །དགོས་པ་ཐ་དད་སྟོན་པའོ། །ཞེས་བྱ་བ་ནི་གཞི་མཐུན་པ་ནི་ཁྱད་པར་དང་ཁྱད་པར་ཅན་གྱི་གཞི་ནི་གཉི་ག་ལ་ཐེ་ཚོམ་སེལ་བ་ཡིན་ལ། ལས་འཛིན་པ་ནི་ཁྱད་པར་ གྱི་གཞི་ཡིན་ལ་ཐེ་ཚོམ་ཟ་བ་སེལ་བའི་དགོས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཚིག་མཐུན་པ་དགོས་པ་ཐ་དད་པར་སྟོན་པའོ། །ཁ་ཅིག་སྦྱོར་བ་ཐ་དད་ཀྱང་། །དགོས་པ་ཐ་དད་མ་ཡིན་དང་། །ཞེས་བྱ་བ་ནི་ཁྱད་པར་བསྡུ་བ་ལྟ་བུ་ཚིག་གི་སྦྱོར་བ་ཐ་དད་ཀྱང་། དགོས་པའི་ཁྱད་པར་ལ་ཐེ་ཚོམ་ཟ་བ་སེལ་བའི་འདྲ་བ་ལྟ་བུའོ། །ཕྱོགས་གཅིག་ མཐུན་པར་སྟོན་པ་རྣམས། །སྒྲ་ཡི་མིང་གིས་ཤེས་པ་ཡིན། །ཞེས་བྱ་བ་ནི་དེའི་སྐྱེས་བུ་དང་བྱེད་པ་དྲུག་བསྡུ་བའམ། འབྲུ་མང་པོའམ། གཞན་གྱི་མདོར་བསྡུས་པ་ལྟ་བུ་ཡིན་ཏེ། བྱེད་པ་དྲུག་ནི་དེའི་སྐྱེས་བུར་འདུས་སོ། །དེའི་སྐྱེས་བུ་ནི་བྱེད་པ་དྲུག་ཏུ་མི་འདུ་སྟེ་རྒྱ་ཆེ་བའི་ཕྱིར་རོ། །འབྲུ་མང་པོ་པ་ཡིན་ལ་ཚིག་དོན་གཞན་མ་ཡིན་པ་ནི་བྱེད་པའི་ ཚིག་ཅན་གྱི་འབྲུ་མང་པོ་པ་ཡིན་ནོ། །ཚིག་དོན་གཞན་གྱིས་བསྡུ་བ་ཡིན་ལ་འབྲུ་མང་པོ་པ་མ་ཡིན་པ་ནི། གཅིག་ཅིག་གིས་དོན་གཞན་སྟོན་པ་ཡིན་ནོ། །དེ་དག་ཀུན་ཀྱང་སྒྲའི་མིང་ལ་མཁས་ན་ཤེས་པར་འགྱུར་བ་ཡིན་ནོ། །གཞན་ཡང་། ཚིག་ལ་མིང་གིས་སྦྱོར་བ་དང་། །ངག་ལ་ཚིག་གིས་སྦྱོར་བ་དག །བྱེ་བྲག་ཇི་སྙེད་ཡོད་པ་ རྣམས། །ཞེས་བྱ་བ་ནི་ཚིག་གཅིག་ལ་མིང་གི་བྱེ་བྲག་ཏུ་ཡོད་པ་དང་། ངག་གཅིག་ལ་ཚིག་བཞིའམ་དྲུག་ཡོད་དུ་རུང་བ་སྟེ་ཞེས་བྱ་བའི་དོན་ཏོ། །གང་གི་ཚིག་དོན་གཙོ་བོ་ཞེས། །སྦྱོར་བའི་དགོས་པ་ཐ་དད་པའང་། །སྒྲ་ཡི་མིང་གིས་ཤེས་ཞེས་བྱ་བ་ནི། སྦྱོར་བ་ཁ་ཅིག་ནི་ཚིག་སྔ་མའི་དོན་བསྟན་པར་བྱ་ བའི་གཙོ་བོ་ཡིན་ནོ། །ཁ་ཅིག་ནི་ཚིག་ཕྱི་མ་བསྟན་པར་བྱ་བའི་དོན་གྱི་གཙོ་བོ་ཡིན་ནོ། །ཁ་ཅིག་ནི་ཚིག་གཉི་གའི་དོན་བསྟན་པར་བྱ་བའི་གཙོ་བོ་ཡིན་ནོ། །ཁ་ཅིག་ནི་དོན་གཞན་བསྟན་པར་བྱ་བའི་གཙོ་བོ་ཡིན་ཏེ། དེ་ལྟར་དགོས་པ་ཐ་དད་པ་ཐམས་ཅད་ཀྱང་སྒྲའི་མིང་གི་ཤེས་པ་ཡིན་ནོ། །ད་ནི་སྒྲའི་སྒོ་ནས་དམ་པའི་ཆོས་ཀྱང་རྟོགས་ པར་འགྱུར་བའི་ཐབས་དཔེ་བསྟན་པར་བྱ་སྟེ། དེ་ལ་རེ་ཞིག་འཇིག་རྟེན་ན་འདོད་པའི་ཡོན་ཏན་གྱིས་ཕོངས་ཤིང་དབུལ་པ་འཇོམས་པར་བྱེད་པ་ནི་ནོར་བུ་རིན་པོ་ཆེ་ཡིན་ཏེ། དེ་ནི་རྒྱ་མཚོ་དག་ལ་གནས་པ་ལས། ས་ཕལ་པ་དག་ལ་མི་གནས་པས་ཤིན་ཏུ་རྙེད་པར་དཀའོ། །རྒྱ་མཚོ་ཆེན་པོ་ཡང་ལམ་རིང་ཞིང་དགྲ་མང་བའི་ཕྱིར་བགྲོད་པ་ དཀའ་སྟེ། སྐྱེས་པ་གང་ཞིག་རིན་པོ་ཆེ་ཐོབ་པར་འདོད་ན། གྲུ་ཆེན་པོ་ལེགས་པར་ཟག་ལྷན་བྱས་ཏེ། དར་ཆེན་པོ་ཕྱར་ནས་ཕྱོགས་དང་མཐུན་པའི་རླུང་གིས་བསྐྱོད་དེ། ཚོང་དཔོན་ཆུའི་ལོ་རྒྱུས་ལ་མཁས་པས་ཁྲིད་ན། རིན་པོ་ཆེ་ཐོབ་པར་འགྱུར་གྱི། གཞན་དུ་མ་ཡིན་པ་བཞིན་དུ་དམ་པའི་ཆོས་བདུད་རྩི་རིན་པོ་ཆེ་ འཁོར་བའི་སྡུག་བསྔལ་ཐམས་ཅད་འཇོམས་པར་བྱེད་པ་ནི། རྒྱུ་མཐུན་པ་གསུང་རབ་རྒྱ་མཚོ་ལྟ་བུ་ལ་གནས་ཀྱི། འཇིག་རྟེན་གྱི་ཐ་སྙད་དང་རྟོགས་པ་ལ་མི་གནས་པའི་ཕྱིར་ཤིན་ཏུ་རྙེད་པར་དཀའོ། །གསུང་རབ་དེ་དག་ཀྱང་དགོངས་པ་ཟབ་ཅིང་རྒྱ་ཆེ་བའི་ཕྱིར་རྟོགས་པར་དཀའ་སྟེ། སྐྱེས་བུ་གང་ཞིག་དམ་པའི་ཆོས་ ཀྱི་བདུད་རྩི་རིན་པོ་ཆེ་ཐོབ་པར་འདོད་ན། ཡི་གེའི་ཚོགས་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་ཀྱི་གྲུ་གོང་དུ་བསྟན་པའི་ཡན་ལག་ལྔའི་ཚུལ་གྱི་སྐྱོན་མེད་པར་ཟག་ལྷན་བྱས་ཏེ། ཚིག་གི་སྒོ་ཇི་ལྟ་བུ་དག་གིས་དོན་རང་གི་དངོས་པོ་ཇི་ལྟ་བུ་དག་གིས་སྟོན་པར་བྱེད་པའི་སྒྲའི་བྱེ་བྲག་འཐད་པ་དང་བཅས་པའི་དར་ ཕྱར་ལ། སོ་སོར་རྟོག་པའི་ཤེས་རབ་ཀྱི་རླུང་གིས་བསྐྱོད་དེ། ལུང་ངེས་པའི་མན་ངག་དང་ལྡན་པའི་སློབ་དཔོན་གྱིས་ཁྲིད་ན། དམ་པའི་ཆོས་ཀྱི་བདུད་རྩི་རིན་པོ་ཆེ་ཐོབ་པར་འགྱུར་གྱི། ཐབས་གཞན་གྱིས་མ་ཡིན་ནོ། །གནས་བརྒྱད་ཀྱི་འགྲེལ་པ་རྫོགས་སོ།། །། ༄། །བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་བཞུགས། །༄༅༅། །བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ། བཅོམ་ལྡན་འདས་ཡང་དག་པར་གསུང་བ་ལ་ཕྱག་འཚལ་ལོ། །ཡང་དག་རྫོགས་པའི་སངས་རྒྱས་འཇིག་རྟེན་མཁྱེན། །དངོས་པོ་འདི་དག་ཅི་འདྲ་དེ་བཞིན་གསུང་། །བདུད་ ཀྱི་སྟོབས་བཅོམ་མཆོད་པའི་གནས་སུ་འོས། །བདེ་གཤེགས་རིག་པ་གསུམ་དང་རྐང་པར་ལྡན། །འདུལ་འོས་ཁ་ལོ་སྒྱུར་བ་བླ་ན་མེད། །སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། །ལྷ་མིའི་མཁན་པོ་ཁྱོད་ཀྱི་མཐུས་བསྟངས་པས། །སྐྱེ་བོ་ཡང་དག་བཀའ་ཡི་སྣོད་དུ་བསྒྲུབ། །བཅོམ་ལྡན་སྤྱན་ རས་དབང་པོ་འཇིག་རྟེན་མགོན། །ཐུགས་རྗེ་ཆེ་ལ་གུས་པར་ཕྱག་འཚལ་ཏེ། །འགྲོ་བ་ཐམས་ཅད་ཡང་དག་ལྟ་ལམ་དུ། །རིགས་པས་ཚུལ་བཞིན་གཟུད་པ་བསྒྲུབ་པར་བྱ། །བཅོམ་ལྡན་མི་ཕམ་རྒྱལ་ཚབ་ཐམས་ཅད་གསོལ། །བྱམས་མཆོག་གཏིང་ལ་གུས་པར་ཕྱག་འཚལ་ཏེ། །ཕ་རོལ་རྒོལ་བར་སྨྲ་ བ་ཐམས་ཅད་ཀྱིས། །ཕམ་པར་བྱར་མེད་ཕྱོགས་ཉིད་བསྒྲུབ་པར་བྱ། །བཅོམ་ལྡན་ནམ་མཁའི་སྙིང་པོ་སྐྱོན་མི་འཆགས། །མཐའ་ཡས་བློ་ལ་གུས་པས་ཕྱག་འཚལ་ཏེ། །རོ་གཅིག་ཆོས་ཀྱི་ནམ་མཁའ་གོ་ཕྱེ་ཞིང་། །སྟོང་ཉིད་ཆོས་ཀྱི་མཚན་བསྟན་བསྒྲུབ་པར་བྱ། །བཅོམ་ལྡན་ཀུན་དུ་བཟང་པོ་ སྲས་ཀྱི་གཙོ། །རྒྱ་མཚོའི་སྤྱོད་ལ་གུས་པར་ཕྱག་འཚལ་ཏེ། །དགེ་བས་ཁྱབ་པའི་གཙུག་ལག་བཟང་བརྗོད་པ། །འཇིག་རྟེན་ཀུན་ལ་ཕན་གདགས་ལེགས་པར་བསྒྲུབ། །བཅོམ་ལྡན་འཇིགས་འཇོམས་ཕྱག་ན་རྡོ་རྗེ་བསྣམས། །དཔའ་བརྩོན་གཙོ་ལ་གུས་པར་ཕྱག་འཚལ་ཏེ། །ལྟ་བ་ངན་པས་ བསྙེམས་པའི་བྲག་ཆེན་ཀུན། །རྣམ་པར་གཞོམ་པའི་ཐབས་འདི་བསྒྲུབ་པར་བྱ། །བཅོམ་ལྡན་འཇམ་དཔལ་བླ་མེད་དཔལ་གྱི་བདག །དགེ་བཤེས་གཙོ་ལ་གུས་པར་ཕྱག་འཚལ་ཏེ། །རང་དགའ་འདོད་རིས་གདམས་ངག་ལེན་སྤོང་ཞིང་། །དཔལ་ལྡན་ལུང་ཉིད་འཛིན་པར་བསྒྱུར་བ་བསྒྲུབ། །བཅོམ་ ལྡན་སྒྲིབ་པའི་ཤུགས་དྲག་བཟོད་དཀའ་གནོན། །རྒྱལ་སྲས་མཆོག་ལ་གུས་པར་ཕྱག་འཚལ་ཏེ། །འགྲོ་བ་ཡང་དག་མཐོང་ལ་སྒྲིབ་པོ་ཅོག །མ་ལུས་བཞིན་དུ་མནན་པ་བསྒྲུབ་པར་བྱ། །བཅོམ་ལྡན་ས་ཡི་སྙིང་པོ་འབྱུང་གནས་མཆོག །གཟུངས་རབ་བརྟན་ལ་གུས་པར་ཕྱག་འཚལ་ཏེ། །ཐེག་པ་ གཅིག་གིས་རིན་ཆེན་ས་ལྟ་བུས། །འགྲོ་བ་མ་ལུས་ཡང་དག་བཀུར་བ་བསྒྲུབ། །ཁམས་གསུམ་རྣམ་རྒྱལ་དཔའ་བས་མགོན་མཛོད་པ། །བརྗིད་ཀྱིས་འདུལ་ལ་གུས་པར་ཕྱག་འཚལ་ཏེ། །སྲིད་པ་གསུམ་གྱི་ལོག་ལྟ་ཐམས་ཅད་ལས། །རྣམ་པར་རྒྱལ་བ་ངེས་པར་བསྒྲུབ་པར་བྱ། ། འཕགས་པ་མི་གཡོ་གཡོ་བ་ཀུན་མི་བརྟེན། །རི་རབ་མཐུ་བས་བརྟན་ལ་ཕྱག་འཚལ་ཏེ། །བདུད་དང་ཕས་ཀྱི་རྒོལ་བའི་འཇིག་རྟེན་གྱིས། །ནམ་ཡང་སུས་ཀྱང་མི་གཡོས་བསྒྲུབ་པར་བྱ། །ཟ་ཧོར་གྱི་བིཀྵུ་ཐེག་པ་ཆེན་པོ་པ་ཡུལ་ཁ་གསར་ནར་སྐྱེས་པ་དར་མ་ཤཱནྟི་གྷོ་ཥ་ཞེས་བྱ་བ་འཇིག་རྟེན་གྱིས་ཨཱ་ཙརྱ་བོ་ དྷི་ས་ཏྭ་ཞེས་བཏགས་པ་གསུང་རབ་ཐམས་ཅད་ལ་མཁས་ཤིང་། ཚུལ་ཁྲིམས་དང་ཤེས་རབ་ཏུ་ལྡན་པས་མི་འཕྲོགས་པའི་བརྩོན་འགྲུས་ལ་ཞུགས་པ་ཞིག་བདག་གི་དགེ་བའི་བཤེས་གཉེན་དུ་གྱུར་པ་ལས་ཐོས་པ། དཔེར་ན་མི་ཞིག་སྨྲ་བ་ཡང་མེད། སྤྱོད་པ་ཡང་མེད་ན་དེའི་ཚོད་གཟུང་དུ་ཡང་མི་རིགས་ཏེ། སྨྲ་བ་དང་སྤྱོད་པ་ཡོད་ན་ཡོན་ཏན་དང་ལྡན་པའམ། ཉེས་པ་དང་ལྡན་པ་ཡང་གདོད་བྱེ་བྲག་དབྱེར་རུང་། མཐུ་ཅི་ཡོད་པ་ཡང་ཤེས་པར་ནུས་པ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དང་འཇིག་རྟེན་གྱི་ལྷ་རྣམས་ཀྱང་བདག་གིས་མངོན་སུམ་དུ་ནི་མ་མཐོང་མོད་ཀྱི་དེ་དག་གིས་སྨྲས་པ་དང་། སྤྱོད་པ་སོ་སོའི་ གཙུག་ལག་ལས་བྱུང་བ་མཐོང་ན་བདེ་བར་གཤེགས་པའི་བསྟན་པ་ནི་གཞན་གང་དང་ཡང་མི་འདྲ་བར་བཟང་ལ་རྒྱ་ཆེ་བ་ཉིད་དུ་བདག་གིས་ཁོང་དུ་ཆུད་དེ། སངས་རྒྱས་ཀྱི་བསྟན་པ་ལ་འདི་སྐད་དུ་བསྟོད་པ་ཡང་བདག་གི་སྒོར་བྱམས་པའི་ཕྱིར་སྙིང་དུ་སྡུག་སྟེ་བསྟོད་པ་ཡང་མ་ཡིན། འཇིག་རྟེན་གྱི་ལྷ་དག་གི་གཙུག་ ལག་ལ་བསྔགས་པར་མི་སྨྲ་བ་ཡང་དེ་དག་གིས་བདག་ལ་གནོད་པ་བྱས་པའི་ཕྱིར་ཞེ་སྡང་བ་ཡང་མ་ཡིན་ཏེ། རིག་པས་བརྟགས་ན་དེ་ལྟར་ཁྱད་ཞུགས་ཀྱིས་སེམས་ཅན་ལ་སྲོག་སྤང་དུ་མི་རུང་བ་དང་འདྲ་བར་དམ་པའི་ཆོས་ཀྱང་བཟུང་ཞིང་བཅད་པར་བྱའོ། །འཇིག་རྟེན་གྱི་ལྷ་དང་མི་ལ་ཡོན་ཏན་དང་མཐུ་ཡོད་ པ་ཀུན་ཀྱང་ཡུན་རིང་པོའི་དུས་ནས་དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱས་པའི་དགེ་བའི་རྩ་བ་ལས་མ་བྱུང་བ་མེད་དེ། གཙུག་ལག་གོ་ཅོག་གི་སྙིང་པོ་ནི་སངས་རྒྱས་ཀྱི་ཆོས་སོ་ཞེས་བྱ་བ་ལ་སོགས་པ་རྣམ་པ་དུ་མར་གསུངས་པའི་རྗེས་སུ་བསམས་ཏེ་བརྟགས་ན། ཨཱ་ཙརྱ་བོདྷི་སཏྭས་གསུངས་པ་མེད་དེ། དེ་བཞིན་གཤེགས་པའི་བསྟན་པ་ཡན་ལག་བཅུ་གཉིས་དང་ལྡན་པའི་གསུང་རབ་ནི་ཡིད་བཞིན་གྱི་ནོར་བུ་དང་མཚུངས་སོ། །སོ་སོའི་བསམ་པ་རྫོགས་པར་འགྱུར་བས་ན་གང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་འདོད་ཀྱང་རུང་། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་འདོད་ཀྱང་རུང་། སྒྲ་དང་ཡི་གེའི་ འབྲུ་ལ་མཁས་པ་འདོད་ཀྱང་རུང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཚད་མ་དང་སྦྱར་ཞིང་རྟོགས་པར་བྱ་བ་ལ་སོགས་ཏེ་གང་འདོད་ཀྱང་རུང་། དེ་བཞིན་གཤེགས་པའི་བསྟན་པ་ལ་མཉན་པ་དང་བསམ་པ་དང་གོམས་པར་བྱ་བ་ལས་འདའ་བ་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ལྟ་བུ་ཟབ་ཅིང་ རྒྱ་ཆེ་སྟེ། ཟད་མི་ཤེས་པ་ལ་བདག་འདྲ་བའི་ཤེས་པ་རྒྱ་ཆུང་ཞིང་རྨོངས་པས་དགོངས་པའི་དོན་གོབ་ལོབ་ཏུ་བཤད་པ་ནི་རྒྱ་མཚོ་ཆེན་པོ་ལ་བྱ་གག་གི་རྩལ་གྱིས་གཅོད་པར་རྩོལ་བ་དང་འདྲ་སྟེ་མི་ནུས་བར་མངོན་པ་ལ་བདག་གི་ཚོད་མི་འཛིན་པར་ཅིའི་ཕྱིར་བཤད་ཅེ་ན། འཇིག་རྟེན་ན་ཚད་མར་བྱེད་པ་རྣམས་དང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་རིགས་པ་བཞི་འབྱུང་བ་མཐོང་ན་བཤད་པ་འདི་དག་འདྲི་བར་ཡང་མི་སེམས་པ་ཞིག་སྟེ། འཇིག་རྟེན་དག་བཀའ་ཡང་དག་པའི་ཚད་མ་རིན་པོ་ཆེ་འདི་ལྟ་བུ་མི་སྤྱོད་པར་སངས་རྒྱས་ལ་སོགས་པ་མུ་སྟེགས་ཅན་རྣམས་བདག་བདག་གི་རང་བཟོས་འཇིག་རྟེན་ སླུ་ཞིང་ཚད་མར་སྟོན་པའི་ལུགས་མཐོང་ནས་གསུང་རབ་ཀྱི་ཚད་མ་བཅབས་ན་དཀོན་མཆོག་གསུམ་ལ་སྙིང་རིང་བ་དང་། སེམས་ཅན་ལ་འཁུས་པར་གྱུར་ཏེ་དེའི་ཕྱིར་མི་བཟོད་པ་ནི་མིག་ཏུ་གྲ་མའི་དུམ་བུ་སོད་བ་དང་འདྲ་བར་རྟག་ཏུ་ཉམ་ང་ནས་མཁས་པ་དག་ལ་བསྐུལ་བའི་རྐྱེན་ཙམ་དུ་འདི་བྲིས་སོ། །ཆོས་ སོ་ཅོག་གི་དབང་བགྱིད་པ་རིགས་པའི་རྣམ་པ་སྨོས་པ་འཇིག་རྟེན་ན་རྒྱལ་པོ་དག་བདག་གི་རིགས་སུ་ཅི་འདོད་པ་དག་གི་དབང་གིས་འགྲུབ་པ་བཞིན་དུ་ཆོས་སོ་ཅོག་ལ་བདག་གི་ཕྱོགས་སུ་གཟུང་པ་ཡང་ཇི་ལྟར་འདོད་པའི་རིགས་པའི་དབང་གིས་འགྲུབ་སྟེ། ཆོས་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུར་རིགས་པ་ཞེས་བྱ་ བ་ཆོས་ཀྱི་རྗེས་སུ་གསུངས་པའི་རིགས་པ་བཞི་བརྗོད་དོ། །དེ་གང་ཡིན་ཞེ་ན། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་གསུངས་པ། རིགས་པ་དེ་ཡང་རྣམ་པ་བཞི་སྟེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། གཏན་ཚིགས་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་བཞི་ ཞེས་གསུངས་སོ། །རིགས་པ་བཞིའི་ཕྱོགས་ཙམ་ཞིག་མདོར་བརྗོད་ན། ལྟོས་པའི་རིགས་བ་ཞེས་བྱ་བ་ནི་ཆོས་དང་འབྲས་བུའི་རིགས་པ་བརྗོད་པ་ཡིན་ཏེ། འདུ་བྱེད་རྣམས་གང་དང་གང་ལ་ཐ་སྙད་དུ་གདགས་པ་དང་། གང་དང་གང་གི་འབྲས་བུ་སྐྱེ་བ་ཡང་དེ་དང་དེའི་རྒྱུ་དང་རྐྱེན་ལ་ལྟོས་ པར་བསྟན་པའོ། །བྱ་བ་བྱེད་པའི་རིགས་པ་ཞེས་བྱ་བ་ནི་ལས་དང་རྒྱུའི་སྒོ་ནས་བརྗོད་པ་ཡིན་ཏེ། གང་དང་གང་གི་བྱ་བ་དེ་དང་དེ་ལ་བྱེད་པ་དང་གང་དང་གང་གི་རྒྱུ་དང་རྐྱེན་དུ་ངེས་པ་ནི་དེ་དང་དེའི་འབྲས་བུའི་བྱ་བ་བྱེད་པར་བསྟན་པའོ། །གཏན་ཚིགས་སྒྲུབ་པའི་རིགས་པ་ཞེས་བྱ་བ་ནི་ཀུན་ཏུ་འགྲོ་བ་ཡིན་ཏེ། གང་ དང་གང་བསྒྲུབ་པའི་ཚད་མའི་མཚན་ཉིད་བསྟན་པའོ། །ཆོས་ཉིད་ཀྱི་རིགས་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རང་བཞིན་གྱི་སྒོ་ནས་བརྗོད་པ་ཡིན་ཏེ། ཆོས་རྣམས་ལ་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་གང་དང་གང་གི་རང་བཞིན་ཡོད་པ་དེ་དང་དེ་བསྟན་པའོ། །རིགས་པ་འདི་བཞིའི་མཚན་ཉིད་ལ་ ལོག་པ་དང་། ཡང་དག་པའི་བྱེ་བྲག་གཏན་ལ་དབབ་པའི་གཏན་ཚིགས་སྒྲུབ་པའི་རིགས་པ་ཤེས་པར་བྱའོ། །ལྟོས་པའི་རིགས་པའི་མཚན་ཉིད་ལ། དེ་ལ་ལྟོས་པའི་རིགས་པ་ནི་འདུ་བྱེད་རྣམས་བསྐྱེད་པའི་ཕྱིར་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་གང་རྒྱུར་གྱུར་པ་དང་རྐྱེན་དུ་གྱུར་པ་དེ་དག་ནི་ལྟོས་པའི་རིགས་ པའོ་ཞེས་གསུངས་པ་བཤད་དོ། །འདུ་བྱེད་སྐྱེ་བ་དང་ཐ་སྙད་གདགས་པ་ལ་རང་དབང་མེད་དེ། རྒྱུ་དང་རྐྱེན་དུ་ངེས་པ་ཚོགས་པ་ལ་སྡོད་པ་ནི་ལྟོས་པའི་རིགས་པ་ཞེས་བྱའོ། །འདུ་བྱེད་ཅེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཕྱི་དང་ནང་གི་ཚོགས་སོ། །དེ་ལ་གདགས་ནས་ཆོས་ཀྱི་བར་གྱི་ཁམས་དྲུག་ནི་ཕྱིའི་ཆོས་སོ། ། དབང་པོ་དང་རྣམ་པར་ཤེས་པའི་ཁམས་རྣམས་ནི་ནང་གི་ཆོས་སོ། །སྐྱེད་པ་ཞེས་བྱ་བ་ནི་གང་མ་སྐྱེས་པ་གདོད་མ་ནས་སྐྱེད་པའོ། །རྗེས་སུ་ཐ་སྙད་གདགས་པ་ཞེས་བྱ་བ་ནི་དངོས་པོ་རྣམས་ལ་བྱེ་བྲག་གི་རྣམ་པ་ཚིག་ཏུ་བརྗོད་པའོ། །དེ་དག་ཀྱང་འདྲ་བ་ལ་ལྟོས་ཏེ་མི་འདྲ་བའི་ཆ་ཡོད་པ་དང་གཉིས་སུ་འགྱུར་ཏེ། འདྲ་བ་ལ་ལྟོས་པ་གང་ཞེ་ན། ནས་ལ་སོགས་པའི་འབྲས་བུ་སྐྱེ་བ་ནས་ལ་སོགས་པ་སོ་སོའི་ས་བོན་ལ་ལྟོས་པའོ། །དེའི་ནང་ནས་ཀྱང་རྐྱེན་གང་དང་ཕྲད་པ་དེའི་བྱེ་བྲག་ཏུ་འགྱུར་བ་ནི་མ་དུ་ལུང་གའི་ས་བོན་ལ་རྒྱ་སྐྱེགས་ཀྱིས་བསྐུས་ཏེ་བསྐྱེད་ན་དེ་རྒྱལ་བའི་འབྲས་བུ་ནང་ཕྱི་རྩ་ལག་དམར་པོར་འགྱུར་ཏེ། མ་དུ་ ལུང་གའི་རང་བཞིན་ཡང་མ་ཉམས་ལ་རྒྱ་སྐྱེགས་ཀྱི་ཁ་དོག་ཀྱང་ཡོད་བཞིན་དུ་སྨིན་པ་ནི་འདྲ་བ་ལ་ལྟོས་པའོ། །མདུ་ལུང་གའི་ས་བོན་རྒྱ་སྐྱེགས་ཀྱིས་བསྐུས་པ་སྨིན་པའི་ཚེ་ནང་ཕྱི་རྩ་ལག་འབའ་ཞིག་དམར་ཏེ། ས་བོན་དམར་པོར་མ་གྱུར་པ་ནི་མི་འདྲ་བའི་ཆ་ཡོད་པའོ། །འབྲུ་ལྷག་ལྷུག་ཙམ་དུ་བརྔོས་ཏེ་ས་ བོན་དུ་བཏབ་པ་ནི་མྱུ་གུ་ནས་སྙེ་མའི་བར་དུ་སྐྱེ་ལ། འབྲས་བུར་སྨིན་པའི་དུས་ན་བརྔོས་པའི་རྐྱེན་གྱིས་མིག་ལོང་བར་གྱུར་བ་ལྟ་བུ་ས་བོན་གྱི་མཐུ་ཉམས་པས་སྨིན་པའི་ཚེའང་འབྲུ་མར་རེད་པ་ནི་མཐུན་པ་ལྟོས་པའོ། །དེའི་ཚེ་འབྲུ་ཡོངས་སུ་མ་སྨིན་པ་ནི་མི་འདྲ་བའི་ཆ་ཡོད་པའོ། །ས་བོན་འགག་ཀྱང་རུང་སྟེ་ཞིང་ལས་ སྐྱེས་པ་ལས། ལ་ལ་མ་རྒྱལ་བར་བརྔས་པ་དང་། སྙེམ་གཅིག་ལས་ཀྱང་འབྲས་བུ་ལ་ལ་ནི་གྲུང་། ལ་ལ་ནི་ཤུན་ཏེ། སྙེ་མ་ལ་བྱེ་བྲག་མེད་ཀྱང་འབྲས་བུ་ལ་བྱེ་བྲག་ཏུ་གྱུར་པ་ཡང་ས་བོན་ཅེས་བཏབ་པའི་རང་བཞིན་མ་གྱུར་བ་ནི་འདྲ་བ་ལ་ལྟོས་པའོ། །རྒྱལ་བ་དང་མ་རྒྱལ་བའི་ཚུལ་མི་འདྲ་བ་དང་། གྲུང་པོའི་ ནང་ན་ཤུན་པ་ཡང་ཡོད་པ་ནི་མི་འདྲ་བའི་ཆ་ཡོད་པ་ཡིན་ཏེ། འདི་ལྟ་བུ་དག་ནི་ཕྱི་རོལ་གྱི་ཆོས་སུ་ཤེས་པར་བྱའོ། །གཞན་ལ་བདེ་བ་དང་སྡུག་བསྔལ་བར་བྱས་པའི་ལས་ཀྱི་འབྲས་བུ་ཡང་བདེ་བ་དང་སྡུག་བསྔལ་བའི་སྨིན་པ་མྱོང་བ་ལ་དེའི་ནང་ནས་ཀྱང་རྐྱེན་གང་དང་ཕྲད་བ་དེའི་བྱེ་བྲག་ཏུ་འགྱུར་བ་ནི། འཕགས་པ་ ལས་རྣམ་པར་འབྱེད་པའི་མདོ་ལས་འབྱུང་བ། འདོད་ཆགས་ལས་བྱུང་བའི་ངང་ཚུལ་ངན་པའི་ལས་ཀྱིས་ངན་སོང་དུ་སྐྱེ་སྟེ། རྨ་བྱ་ལ་སོགས་པ་སྦུ་སྡུག་ཅིང་འཚེར་བར་འགྱུར་རོ་ཞེས་བྱ་བ་ལྟ་བུ་ངང་ཚུལ་ངན་པ་སྤྱད་པའི་སྡིག་གིས་ངན་སོང་དུའང་སྐྱེ་ལ། འདོད་ཆགས་དང་ལྡན་པའི་སེམས་ལ་བྱམས་པ་ཡོད་ པས་སྤུ་སྡུག་ཅིང་འཚེར་བར་ཡང་གྱུར་པ་ནི་འདྲ་བ་ལ་ལྟོས་པའོ། །འདོད་ཆགས་གཟུགས་མེད་པ་ལས་ཁ་དོག་གི་བྱེ་བྲག་ཏུ་གྱུར་པ་དང་། མིས་ཚུལ་ཁྲིམས་བཤིག་སྟེ་བྱར་སྐྱེས་བ་ནི་མི་འདྲ་བའི་ཆ་ཡོད་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ཀུན་དུ་གནས་པའི་སྦྱིན་པ་ བྱིན་པ་དང་། ཚུལ་ཁྲིམས་བསྲུངས་པ་ལ་སོགས་པ་ནི་འཇིག་རྟེན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། འཇིག་རྟེན་ལས་མི་འགུལ་མི་གཡོ་མི་འབག་གོ་ཞེས་འབྱུང་བ་ལྟ་བུ་སྦྱིན་པ་ལ་སོགས་པ་དགེ་བ་བྱས་པའི་བསོད་ནམས་ཀྱིས་འཇིག་རྟེན་གྱི་ཕུན་སུམ་ཚོགས་པའང་སྨིན་ལ་འཇིག་རྟེན་ལས་འདས་པའི་དོན་དུ་ མ་བསྔོས་པས་འཇིག་རྟེན་ལས་འདས་པའི་འབྲས་བུར་མ་གྲུབ་པ་ནི་འདྲ་བ་ལ་ལྟོས་པའོ། །སྦྱིན་པ་ལྟ་བུ་གཞན་ལ་བྱས་པ་བདག་གི་ལོངས་སྤྱོད་དུ་འགྱུར་ལ། སེར་སྣ་བྱས་ཏེ་བདག་ལ་བཅངས་ན་དབུལ་པོར་འགྱུར་བ་ནི་མི་འདྲ་བའི་ཆ་ཡོད་པའོ། །འཕགས་པ་དམ་པའི་ཆོས་དྲན་ པ་ཉེ་བར་གཞག་པ་ལས་འབྱུང་བ་དགེ་བའི་ལས་ཞིག་བྱས་ཀྱང་ལས་ཀྱི་རྒྱབ་དགེ་བ་དང་མི་དགེ་བ་ཅི་བྱས་པ་ལས་དེའི་སྨིན་པ་སོ་སོར་མྱོང་བར་འགྱུར་བ་དང་། འདུལ་བ་ལས་འབྱུང་བ་སེམས་དང་ལྡན་པ་ལས་ཀྱང་། ཡན་ལག་ཚང་བ་དང་མ་ཚང་བ་ལས་ཕམ་པ་དང་། སྦམ་པོ་ལ་སོགས་པའི་རིམ་པར་ འགྱུར་ཏེ། མི་དགེ་བའི་སྡིག་ཡོད་ཀྱང་འབྲས་བུའི་བྱེ་བྲག་མི་མཐུན་པར་འགྱུར་བ་ནི་འདྲ་བ་ལ་ལྟོས་པའོ། །དེས་ཕ་རོལ་ལ་བདེ་བར་གྱུར་པ་དང་། སྡུག་བསྔལ་དུ་གྱུར་པའི་མྱོང་བ་ལ་བྱེ་བྲག་མེད་ཀྱང་བདག་ལ་དགེ་བ་དང་སྡིག་པའི་སྨིན་བ་མི་འདྲ་བར་གྱུར་པ་ནི་མི་འདྲ་བའི་ཆ་ཡོད་པའོ། །མི་འདྲ་བའི་ལྟོས་ པ་གང་ཞེ་ན། རྭ་ལས་སྨྱུག་མར་འགྱུར་བ་ནི་མི་འདྲ་བ་ལ་ལྟོས་པའོ། །རྭ་དང་སྨྱུག་མ་ཡང་བཤན་ཞིང་རྣོ་བ་དང་སྦུ་གུ་ཅན་དུ་སྐྱེ་བར་འདྲ་བ་ནི་འདྲ་བའི་ཆ་ཡོད་པའོ། །ལྕི་བ་ལས་ཨུཏྤལ་སྐྱེ་བ་ནི་མི་འདྲ་བ་ལ་ལྟོས་པའོ། །ལྡམ་ལྡུམ་གྱི་རིགས་སུ་མཐུན་པ་ནི་འདྲ་བའི་ཆ་ཡོད་པའོ། །འབྲོག་གི་ཀོ་ མོའི་འཁྱག་པ་ལ་ཉི་མ་བབ་པའི་འོད་དང་རྩར་འཕྲང་པ་ལས་མེ་འབྱུང་བ་ནི་མི་འདྲ་བ་ལ་ལྟོས་པའོ། །ཉི་མའི་རང་བཞིན་དྲོ་བ་ལས་རྐྱེན་བྱས་པ་ནི་འདྲ་བའི་ཆ་ཡོད་པའོ། །མྱུ་གུ་སྐྱེ་བ་ནི་ཞིང་དང་ཆུ་ལ་སོགས་པ་འབྱུང་བ་ཆེན་པོ་བཞིས་རྐྱེན་བྱས་པ་ལས་སྐྱེ་སྟེ། ཁ་དོག་དང་དབྱིབས་མི་འདྲ་བ་ནི་མི་འདྲ་བ་ལ་ ལྟོས་པའོ། །དེ་དག་འབྱུང་བ་ཆེན་པོ་བཞིའི་རང་བཞིན་དུ་མཚུངས་པ་ནི་འདྲ་བའི་ཆ་ཡོད་པའོ། །སྒྱུ་མ་མཁན་གྱིས་རྩྭ་དང་ཤིང་དང་གྱོ་མོ་ལ་སོགས་པ་བསྡུས་པ་ལས་སེམས་ཅན་གྱི་གཟུགས་དང་སྤྱོད་པར་སྣང་བ་ཡང་ཤིང་རྩི་ལ་སྤྱོད་པ་མེད་པ་ནི་མི་འདྲ་བ་ལ་ལྟོས་པའོ། །སྒྱུ་མ་མཁན་ཉིད་ དང་སྔགས་ཀྱི་ལྷའང་སེམས་ཅན་ཡིན་པས་རྐྱེན་བྱས་པ་ནི་འདྲ་བའི་ཆ་ཡོད་པའོ། །ཡུལ་གྱི་ཁམས་ཐ་དད་པ་ལས་ཡུལ་ལ་ལར་ནི་ས་བོན་རྨེའུར་བཏབ་ཀྱང་ཐོག་གཉིས་གསུམ་ཙམ་ནས་འཚོ་བ་ཡུལ་ལ་ལར་ནི་ས་བོན་སོ་བ་བཏབ་ཀྱང་དེའི་ཚུལ་གྱིས་རྨེ་འུར་འགྱུར་བ་དང་། སྐྱུར་རྩིའི་ས་བོན་ བསྐྱེད་པ་ལས་ཀྱང་ཅི་ཁག་ཏུ་འགྱུར། ཅི་ཁག་ལས་སྐྱུར་རྩིར་འགྱུར་བ་ནི་མི་འདྲ་བ་ལ་ལྟོས་པའོ། །རྨེའུ་དང་སོ་བ་ཡང་ནས་སུ་རིགས་གཅིག་པ་དང་། སྐྱུར་རྩི་དང་ཅི་ཁག་ཀྱང་ཤིང་གི་ནང་ན་རིགས་མཐུན་པ་ནི་འདྲ་བའི་ཆ་ཡོད་པའོ། །ཞིང་གི་བྱེ་བྲག་མ་ཡིན་པར་ས་གཅིག་ལ་གསོ་མའི་ས་བོན་ བཏབ་པ་ལས་ཁ་ཅིག་མེ་ཏོག་ཆགས་ལ་འབྲས་བུ་མེད་པར་འགྱུར་བ་ནི་མི་འདྲ་བ་ལ་ལྟོས་པའོ། །གསོ་མའི་རང་བཞིན་དུ་འདྲ་བ་ནི་འདྲ་བའི་ཆ་ཡོད་པ་ཡིན་ཏེ། དེ་དག་ནི་ཕྱི་རོལ་གྱི་ཆོས་སུ་ཤེས་པར་བྱའོ། །འཕགས་པའི་ཡེ་ཤེས་ཟག་པ་མེད་པ་ནི་ཟག་པ་དང་བཅས་པའི་ཆོས་ཚུལ་བཞིན་ཡིད་ལ་བྱ་ བ་ལས་སྐྱེས་ཏེ། ཟག་པ་མེད་པ་དང་ཟག་པར་བཅས་པ་ཆོས་མི་འདྲ་བ་ནི་མི་འདྲ་བ་ལ་ལྟོས་པའོ། །དེ་དག་དགེ་བར་འདྲ་བ་ནི་འདྲ་བའི་ཆ་ཡོད་པའོ། །སྲིད་པའི་རྩེ་མོའི་སེམས་དང་སེམས་ལས་བྱུང་བའི་ཚོགས་ལ་བར་ཆད་མེད་པར་འགོག་པའི་སྙོམས་པར་འཇུག་པ་སེམས་དང་མི་ལྡན་པའི་འདུ་བྱེད་འབྱུང་ བ་དང་འགོག་པའི་སྙོམས་པར་འཇུག་པ་ལས་ཀྱང་སེམས་དང་སེམས་ལས་བྱུང་བ་སྐྱེ་བ་དང་། རྣམ་པར་གྲོལ་བའི་སེམས་ལས་མ་གྲོལ་བའི་སེམས་འབྱུང་བ་དང་འདོད་ཆགས་ཀྱི་སེམས་ལས་ཞེ་སྡང་གི་སེམས་འབྱུང་བ་དང་། དགེ་བའི་སེམས་ལས་མི་དགེ་བའི་སེམས་འབྱུང་བ་དང་། འདོད་པ་ན་སྤྱོད་ པའི་སེམས་ལས་གཟུགས་ན་སྤྱོད་པའི་སེམས་འབྱུང་བ་དང་། གཟུགས་ན་སྤྱོད་པའི་སེམས་ལས་གཟུགས་མེད་པ་ན་སྤྱོད་པའི་སེམས་འབྱུང་བ་དང་། འདི་ལྟ་བུ་ལ་སོགས་པ་ནི་མི་འདྲ་བ་ལ་ལྟོས་པའོ། །སྲིད་པའི་རྩེ་མོའི་སེམས་དང་སེམས་ལས་བྱུང་བའི་ཚོགས་ཤིན་ཏུ་ཕྲ་བ་ནི་འཆད་པར་འགྱུར་བའི་ རྒྱུ་ཡིན་ཏེ་འདྲ་བའི་ཆ་ཡོད་པའོ། །འགོག་པའི་སྙོམས་པར་འཇུག་པ་ལས་སེམས་དང་སེམས་ལས་བྱུང་བའི་སྐྱེ་བ་ཡང་ནམ་འགོག་པའི་སྙོམས་པར་འཇུག་པའི་ཚེ་ན་ཡང་ལས་ཀྱི་མཚན་ཉིད་བཀག་སྟེ། རིགས་ཀྱི་མཚན་ཉིད་མ་བཀག་པས་ཤེས་པའི་རང་བཞིན་གྱི་རྒྱུ་ལས། ལས་ཀྱི་རང་བཞིན་སེམས་ དང་སེམས་ལས་བྱུང་བ་སྐྱེ་བ་ནི་འདྲ་བའི་ཆ་ཡོད་པའོ། །རྣམ་པར་གྲོལ་བའི་སེམས་ལས་མ་གྲོལ་བའི་སེམས་འབྱུང་བ་ཡང་རྣམ་པར་ཤེས་པའི་མཚན་ཉིད་དུ་རང་བཞིན་གཅིག་པ་དང་། དགེ་བའི་སེམས་ལས་མི་དགེ་བའི་སེམས་འབྱུང་བ་ཡང་སེམས་ཀྱི་རང་བཞིན་དུ་འདྲ་བ་དང་། འདོད་པ་ན་སྤྱོད་པའི་ སེམས་ལས་གཟུགས་ན་སྤྱོད་པའི་སེམས་འབྱུང་བ་ལ་སོགས་པ་ཡང་ཉོན་མོངས་པ་དང་བཅས་པའི་རྒྱུ་ལས་འབྱུང་བར་འདྲ་བ་ནི་འདྲ་བའི་ཆ་ཡོད་པ་ཡིན་ཏེ། འདི་དག་ནི་ནང་གི་ཆོས་སུ་ཤེས་པར་བྱའོ། །ཕྱི་ལོགས་ཀྱི་ཆོས་དང་ནང་གི་ཆོས་དེ་དག་གཅིག་གི་དཔེ་གཅིག་གིས་བྱ་ བར་འདོད་ན་ཡང་རིམ་པ་བཞིན་དུ་ཅི་རིགས་པར་སྦྱར་རོ། །དེ་ལྟར་འདྲ་བ་དང་མི་འདྲ་བ་ལ་ལྟོས་ཤིང་སྐྱེ་བར་འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་ཀྱང་འབྱུང་སྟེ། འདྲ་བ་ལས་འདྲ་བ་སྐྱེ་བ་དང་། མི་འདྲ་བར་སྐྱེ་བ་དང་འདྲ་བ་ལས་འདྲ་བ་ཉིད་མ་ཡིན་པ་སྐྱེ་བ་དང་། ཤས་ཀྱིས་འདྲ་བ་ལས་ ཤས་ཀྱིས་འདྲ་བ་སྐྱེ་བ་དང་རྣམ་པ་བཞིའོ། །དེ་ལས་ཇི་ལྟར་ན་འདྲ་བ་རྣམས་ཀྱི་རྒྱུ་འདྲ་བ་ཡིན་ཞེ་ན། དཔེར་ན་འབྲུའི་རྒྱུ་ལས་འབྲུ་ཉིད་དུ་འབྱུང་བ་ལྟ་བུ་སྟེ། དེ་བཞིན་དུ་ནང་གི་དགེ་བའི་ལས་འདྲ་ན་ལྷ་དང་མིའི་ནང་དུ་འབྲས་བུ་འདྲ་བ་ཉིད་དུ་དམིགས་པ་ནི་མཐའ་དང་པོའོ། །མི་འདྲ་བ་རྣམས་ཀྱིས་རྒྱུ་ མི་འདྲ་བར་འགྱུར་བ་ནི་དཔེར་ན་འོ་མ་མངར་པོ་ལས་ཞོ་སྐྱུར་པོ་འབྱུང་བ་ལྟ་བུ་སྟེ། དེ་བཞིན་དུ་ནང་གི་ལ་ཡང་འཇིག་རྟེན་འདིའི་ཀུན་ནས་ཉོན་མོངས་པའི་དགའ་བ་དང་། འདོད་པ་བྱས་པའི་སྒྲ་དང་། རེག་དང་། རོ་དང་། གཟུགས་དང་། དྲི་རྣམས་ཀྱིས་བྱས་པ་ལས་ཞོ་སྐྱུར་པོར་གྱུར་པ་བཞིན་དུ་སེམས་ ཅན་དམྱལ་བ་དང་། བྱོལ་སོང་དང་ཡི་དགས་ཀྱི་ནང་དུ་མི་འདོད་པ་དང་། མི་བཟང་བ་དང་། ཡིད་དུ་མི་འོང་བའི་འབྲས་བུ་རྣམ་པར་སྨིན་པ་དམིགས་པ་ནི་མཐའ་གཉིས་པའོ། །འདྲ་བ་ཉིད་མ་ཡིན་པའི་རྒྱུ་འདྲ་བར་འགྱུར་བ་ནི་དཔེར་ན་རམས་དང་བ་བླ་སྦྱར་བས་ཁ་དོག་མི་འདྲ་བ་ཞེས་བྱ་བ་འབྱུང་བ་ལྟ་བུ་ སྟེ། དེ་བཞིན་དུ་ནང་གི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་ཡང་ལས་དང་འབྲས་བུར་མི་འདྲ་བ་དང་། འབྲས་བུ་དང་ལས་སུ་མི་འདྲ་བ་སྟེ། དཔེར་ན་མཚོན་སྦྱིན་པ་ལོག་པར་ལྟ་བ་རྣམས་མཐོ་རིས་འདོད་པའི་ཕྱིར་ཕྱུགས་གསོད་པ་དག་སེམས་ཅན་དམྱལ་བར་འགྲོ་བ་ལྟ་བུ་སྟེ་མཐའ་གསུམ་པའོ། ། ཤས་ཀྱིས་འདྲ་བ་རྣམས་ཀྱི་རྒྱུས་ཤས་ཀྱིས་འདྲ་བར་འགྱུར་བ་ནི་སྐུད་པ་དཀར་པོ་ཕྲ་མོ་ལས་སྣམ་བུ་དཀར་པོ་སྦོམ་པོ་ཉིད་དུ་འགྱུར་བ་ཡིན་ཏེ། ཕྲ་སྦོམ་ལ་མི་འདྲ་བ་ཡོད་པའོ། །དེ་བཞིན་དུ་མི་དགེ་བའི་ལས་ཕྲ་མོ་བསགས་པ་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བའི་ལས་བྱེད་པ་ནི་མཐའ་བཞི་པའོ་ཞེས་ གསུངས་པ་ཡིན་ནོ། །འདྲ་བའི་རྗེས་སུ་ཐ་སྙད་གདགས་པ་གང་ཞེ་ན། འདི་དག་ནི་མིང་དང་འཁོར་འདྲ་བས་ན་འདྲའོ་ཞེའམ། རྟགས་དང་ལས་འདྲ་བས་ན་འདྲའོ་ཞེའམ། རང་བཞིན་དང་ཆོས་འདྲ་བས་ན་འདྲའོ་ཞེས་བྱ་བ་ལ་སོགས་པ་ནི་འདྲ་བའི་རྗེས་སུ་ཐ་སྙད་གདགས་པའོ། །མི་འདྲ་བའི་རྗེས་ སུ་ཐ་སྙད་གདགས་པ་གང་ཞེ་ན། ནམ་མཁའ་ལྟར་ཐོགས་པ་མེད་ཅིང་གཟུང་དུ་མི་རུང་བ་མ་ཡིན་ཏེ། ཐོགས་པ་དང་བཅས་པ་ལ་གཞིག་ཏུ་རུང་བས་ན་གཟུགས་ཡིན་ནོ་ཞེས་བྱ་བ་དང་། གཟུགས་ཀྱི་མཚན་ཉིད་ལས་ཟློག་པ་ལྟ་བུ་ཡིན་པས་ན་ནམ་མཁའོ་ཞེས་བྱ་བ་དང་ཐུང་ངུ་ལས་ལྷག་པ་ན་རིང་ ངོ་། །རིང་པོར་མ་སླེབས་པས་ན་ཐུང་ངོ་ཞེས་བྱ་བ་དང་། ཡོངས་སུ་མ་དག་པ་ལྟར་སྐྱོན་དང་བཅས་པ་མ་ཡིན་པས་ན་ཡོངས་སུ་དག་པའོ། །ཡོངས་སུ་དག་པའི་ཡོན་ཏན་ལྟ་བུ་མེད་པ་ནས་ཡོངས་སུ་མ་དག་པའོ་ཞེས་བྱ་བ་དང་། འདི་ལྟ་བུ་དག་ནི་མི་འདྲ་བའི་རྗེས་སུ་ཐ་སྙད་གདགས་པའོ། །འདྲ་ བ་དང་མི་འདྲ་བ་ལས་རྗེས་སུ་ཐ་སྙད་གདགས་པ་གསུང་རབ་དག་ལས་ཀྱང་འབྱུང་སྟེ། འཕགས་པ་སྟུག་པོ་བཀོད་པའི་མདོ་ལས། རི་བོང་གི་རྭ་མེད་པར་རྟོགས་པ་ཡང་གླང་གི་རྭ་ཡོད་པར་རྟོགས་པའི་ཟླ་ལས་བྱུང་ངོ་ཞེས་བྱ་བ་དང་། འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་བཀོད་ པའི་རྒྱན་གྱི་མདོ་ལས་ཀྱང་དེ་བཞིན་གཤེགས་པ་འོད་ཟེར་རྟག་ཏུ་ཡོན་ཏན་བཀོད་པའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྒྱན་པ་ཕུན་སུམ་ཚོགས་པ་དང་། དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་མཚུངས་པར་འགྱུར་ཏེ། ལྷག་ཆད་མེད་དོ་ཞེས་གསུངས་པ་ཡིན་ནོ། །འདུ་བྱེད་དེ་དག་བསྐྱེད་པ་དང་རྗེས་སུ་ཐ་སྙད་གདགས་པའི་རྒྱུ་དང་རྐྱེན་གང་ཞེ་ན། སྐྱེས་པའི་རྒྱུ་ནི་དྲུག་རྐྱེན་ནི་བཞི་སྟེ། ཆོས་མངོན་པ་ལས་འབྱུང་བ་དེ་ལ་རྒྱུ་ནི་རབ་ཏུ་ལྡན་པའི་རྒྱུ་དང་། ལྷན་ཅིག་འབྱུང་བའི་རྒྱུ་དང་། ཆ་མཉམ་པའི་རྒྱུ་དང་། ཀུན་དུ་ འགྲོ་བའི་རྒྱུ་དང་། རྣམ་པར་སྨིན་པའི་རྒྱུ་དང་། བྱེད་པའི་རྒྱུ་དང་དྲུག་གོ། །རྐྱེན་ནི་རྒྱུའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་དང་བཞིའོ། །དེ་ལ་རྒྱུའི་རྐྱེན་ནི་རྒྱུ་ལྔ་རྣམས་སོ། །དེ་མ་ཐག་པའི་རྐྱེན་ནི་དགྲ་བཅོམ་པའི་སེམས་དང་སེམས་ལས་བྱུང་བ་ཐ་མ་ མ་གཏོགས་པ་སེམས་དང་སེམས་ལས་བྱུང་བ་སྐྱེས་པ་ཐམས་ཅད་དོ། །དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད་དོ། །བདག་པོའི་རྐྱེན་ནི་བྱེད་པའི་རྒྱུའོ། །དེ་ལ་རྗེས་སུ་ཐ་སྙད་གདགས་པའི་རྒྱུ་དང་རྐྱེན་ནི་ཆོས་མངོན་པ་ལས་འབྱུང་བའི་མིང་མང་པོ་ལ་སོགས་པ་ཡིན་ཏེ། དེ་ལ་མིང་གི་ཚོགས་ནི་བརྡ་འདུས་པའོ། །ཚིག་གི་ཚོགས་ནི་ངག་འདུས་པའོ། །འབྲུའི་ཚོགས་ནི་ཡི་གེ་འདུས་པའོ། །ལྟོས་པའི་རིགས་པའི་མཚན་ཉིད་ཀྱི་ལེའུ་སྟེ་དང་པོའོ།། །།བྱ་བ་བྱེད་པའི་རིགས་པའི་མཚན་ཉིད་ལ། གང་ཆོས་རྣམས་ཀྱི་འཐོབ་པའི་ཕྱིར་རམ། གྲེག་པའི་ཕྱིར་རམ། སྐྱེས་ ནས་ཀྱང་ལས་སུ་བྱ་བའི་ཕྱིར་རྒྱུར་གྱུར་པ་དང་། རྐྱེན་དུ་གྱུར་པ་དེ་དག་ནི་བྱ་བ་བྱེད་པའི་རིགས་པའོ་ཞེས་གསུངས་པ་བཤད་དོ། །དེ་ལ་འཐོབ་བ་ནི་རྙེད་པ་དང་ལྡན་པ་ལ་བྱ་སྟེ། དེ་ཡང་ས་བོན་ཙམ་དུ་རྒྱུ་འཐོབ་པ་དང་། འབྲས་བུའི་ངོ་བོ་འཐོབ་པ་དང་གཉིས་སོ། །ས་བོན་ཙམ་དུ་རྒྱུ་འཐོབ་པ་གང་ཞེ་ན། འཕགས་པའི་ས་དང་འབྲས་བུ་འཐོབ་པའི་དགེ་བའི་རྩ་བ་དང་། ལྷ་དང་མིའི་བདེ་བ་འཐོབ་པར་འགྱུར་བའི་བསོད་ནམས་བྱས་པ་དང་། ངན་འགྲོའི་སྡུག་བསྔལ་མྱོང་བར་འགྱུར་བའི་སྡིག་པ་བྱས་པ་དང་། ལུང་དུ་མ་བསྟན་པའི་རྒྱུ་མཐུན་པ་དང་། དེ་དག་གི་ས་བོན་ལྟ་བུ་བག་ཆགས་དང་ལྡན་པའོ། འབྲས་བུའི་ངོ་བོ་འཐོབ་པ་གང་ཞེ་ན། དེ་དག་གི་འབྲས་བུ་མངོན་དུ་རྙེད་པ་ཡིན་ཏེ་མྱ་ངན་ལས་འདས་པ་དང་། ས་དང་འབྲས་བུ་མངོན་དུ་འཐོབ་པ་དང་། བསོད་ནམས་ཀྱི་འབྲས་བུ་འཐོབ་པའམ། སྡིག་པའི་འབྲས་བུ་མྱོང་བའོ། །གྲེག་པ་ནི་གང་གི་དངོས་པོར་རེད་པ་ལས་ཀྱང་དོན་གྱི་མཐའ་ཡོངས་ སུ་རྫོགས་པར་བྱེད་པ་ཡིན་ཏེ། དཔེར་ན་མྱུ་གུ་ལས་སྡོང་པོའམ། འབྲས་བུར་སྨིན་པའི་བར་དུ་དེ་ལ་གནོད་པ་བསྲུང་ཞིང་ཕན་པ་བསྡུ་བའི་ནན་ཏན་གྱིས་རྫོགས་པར་བྱེད་པའོ། །མྱུ་གུ་དེ་ལ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཆོས་མགོ་བྱུང་བའི་རྣམ་པ་མཐར་ཕྱིན་པར་སྒྲུབ་པ་དང་། འཕགས་པའི་ས་ཐོབ་ པས་གོང་མའི་ས་ཡོངས་སུ་གྲེག་པར་བྱེད་པ་ལ་སོགས་པའོ། །སྐྱེས་ནས་ཀྱང་ལས་སུ་བྱ་བ་ནི་དངོས་པོར་རེད་པ་དེ་དག་ཇི་སྲིད་དུ་རྒྱུན་ཡོད་པ་དེ་སྲིད་དུ་བྱ་བ་བྱེད་པ་ཡོད་དེ། དཔེར་ན་ཤིང་ལྕུག་མ་ལ་སོགས་པར་སྐྱེས་ཕྱིན་ཆང་ལྕུག་མས་ནི་བཅིང་བའི་ལས་བྱེད། སྡོང་པོས་ནི་ཀ་བའི་ལས་བྱེད། མེ་ཏོག་གིས་རྒྱན་གྱི་ལས་བྱེད། ལོ་མས་ནི་དཀྲི་བའི་ལས་བྱེད། འབྲས་བུས་ནི་འགྲངས་པའི་ལས་བྱེད་པ་དང་། འཕགས་པའི་ཆོས་ལ་བདག་གི་སའི་བྱེ་བྲག་གིས་སེམས་ཅན་ལ་ཕན་འདོགས་པའང་ཐབས་ཀྱི་ཐ་དད་པ་ནས་སོ་སོའི་ལམ་ལ་གཞོག་པ་ལ་སོགས་པ་ཆོས་གང་གི་རྒྱུར་ངེས་པ་ དེའི་འབྲས་བུ་སོ་སོར་སྐྱེད་པ་དང་། དབང་པོ་དྲུག་ཤེས་པ་དང་བཅས་པ་ཡུལ་དུ་ངེས་པར་འཇུག་པ་དང་། བྱ་ལ་སོགས་པ་ནི་འཕུར། ཉ་ལ་སོགས་པ་ནི་རྒྱུག་པ་དང་འདི་ལྟ་བུའི་ཚུལ་གྱིས་དངོས་པོ་སོ་སོའི་མཐུ་ཡོད་པས་གང་ལ་གང་རིགས་པའི་བྱ་བ་བྱེད་པ་ཡིན་ནོ། །དེ་དག་གི་རྒྱུར་གྱུར་པ་དང་། རྐྱེན་དུ་གྱུར་བ་ཞེས་བྱ་བ་ནི་གང་བྱེད་པའི་ཡན་ལག་ཏུ་གཏོགས་པ་དང་། གཞིར་གྱུར་པ་ཡིན་ཏེ། རྒྱུ་དྲུག་དང་རྐྱེན་བཞི་གོང་དུ་སྨོས་བ་རྣམས་ཡིན་ནོ། །བྱ་བ་བྱེད་པའི་རིགས་པའི་མཚན་ཉིད་ཀྱི་ལེའུ་སྟེ་གཉིས་པའོ།། །།གཏན་ཚིགས་སྒྲུབ་པའི་རིགས་པའི་མཚན་ཉིད་ལ་དམ་བཅས་ ཤིང་བསྟན་ཏེ། སྨྲས་པའི་དོན་སྒྲུབ་པ་དང་ཡང་དག་པར་ཤེས་པར་བྱ་བའི་ཕྱིར་རྒྱུར་གྱུར་པ་དང་རྐྱེན་དུ་གྱུར་པ་དེ་དག་ནི་གཏན་ཚིགས་སྒྲུབ་པའི་རིགས་པའོ་ཞེས་གསུངས་པ་བཤད་དོ། །དེ་ལ་དམ་བཅའ་བ་ཞེས་བྱ་བ་ནི་ཇི་སྐད་དུ་སྨྲས་པ་ད་བཞིན་དུ་འབྲས་བུ་དང་བཅས་པར་ཁས་བླངས་པའོ། །འབྲས་བུ་གང་ ཞེ་ན། གང་གིས་ཡལ་གཟུགས་འཁྲ་བར་བྱ་བ་ཡིན་ཏེ། ཇི་ལྟར་དམ་བཅས་མ་གྲུབ་ན་ཕ་ལོགས་ཀྱི་སྐྱབས་སུ་འགྲོ་བ་དང་། དེའི་བསྟན་པ་ལ་རབ་ཏུ་འབྱུང་ཞིང་ཚུལ་ཁྲིམས་བསྲུང་བ་དང་། བསམ་གཏན་ལ་མཉམ་པར་གཞག་པ་དང་ཤེས་རབ་བསྒོམ་པའོ། །འདི་ལྟ་བུ་ལ་སོགས་པ་སེམས་ཅན་གྱི་དོན་ དུ་འགྱུར་བས་ཡལ་གཟུགས་འཁྲ་བར་བྱའི་ལྷ་ཁང་གཞིག་པ་དང་ཡུལ་གྲུ་དབྲོག་པ་དང་སྲོག་གི་བར་ཆད་དང་། ལུས་ཀྱི་སྡུག་བསྔལ་དུ་འགྱུར་བ་ལ་སོགས་པ་སྡིག་ཏོ་མི་དགེ་བའི་ཡལ་གཟུགས་མི་བཅའོ། །ཡལ་གཟུགས་འཁྲ་བ་མེད་པར་བཙན་ན་ཡང་འགྲན་ཏོར་ཅན་ཁས་བརྒྱ་པ་དང་འདྲ་བར་འགྱུར་ གྱི་ཅི་རིགས་པར་ཡལ་གཟུགས་འཁྲ་བར་བྱའོ། །ཡལ་གཟུགས་འཁྲས་བ་དེ་ལ་ཕམ་རྒྱལ་དང་། གཉིས་ཀར་མི་འགྱུར་བའི་བྱེ་བྲག་ཏུ་བྱ་བ་ནི་ཡོན་ཡོད་པ་དང་ཁྲིན་ཅན་དང་བར་མདོ་དང་གསུམ་དུ་ཤེས་པར་བྱའོ། །དེ་གང་ཞེ་ན། མཚན་ཉིད་ཀྱིས་ཡོངས་སུ་དག་པའི་ཚད་མས་གྲུབ་ན་ཡོན་ཡོད་པ་ ཞེས་བྱ་སྟེ། རྒྱལ་པོ་མཚན་ཉིད་ཀྱིས་ཡོངས་སུ་དག་པའི་ཚད་མས་སུན་ཕྱུང་བ་ཁྲིན་ཅན་ཞེས་བྱ་སྟེ་ཕམ་པའོ། །མཚན་ཉིད་བཞིའམ་ལྔས་ཡོངས་སུ་མ་དག་པའི་ཚད་མས་གྲུབ་ཅེས་ཟེར་ཡང་རུང་། སུན་བྱུང་ཞེས་ཟེར་ཡང་རུང་། ཚད་དང་མ་སྦྱར་བར་ཆེ་གེ་མོ་ཞིག་གི་ཕྱིར་རོ་ཞེའམ། གང་ཆེ་གེ་མོ་ཞིག་ཏུ་འགྱུར་རོ་ཞེའམ། འདི་ལྟ་བུ་ལ་སོགས་ཏེ་ཚིག་རྐྱལ་པ་སྨྲས་པ་ནི་བར་མདོ་བ་ཞེས་བྱ་སྟེ། གྲུབ་པ་སུན་འབྱིན་པ་གཉིས་ཀལ་མ་གཏོགས་ཀྱིས་སླར་བསྐྱར་བའི་གཏན་ཚིགས་ཞིག་ཡོད་ན་མཚན་ཉིད་ཀྱིས་ཡོངས་སུ་དག་པའི་ཚད་མ་དང་སྦྱར་ཞིང་གཏན་ལ་དབབ་པའོ། །ཕྱོགས་རེ་རེ་འཛིན་ པ་གཉིས་ཀ་ལ་བསྐྱར་བའི་གཏན་ཚིགས་མེད་ན་ཁ་ཙམ་དུ་དོར་རོ། །བསྟན་པ་ནི་ཁོང་དུ་མ་ཆུད་པ་རྣམས་ལ་ཁོང་དུ་གཞུག་པ་ཡིན་ཏེ། གཏན་ལ་ཕབ་པའི་ཡན་ལག་རྣམ་པ་བདུན་དང་ལྡན་པར་བསྟན་པའོ། །བདུན་གང་ཞེ་ན། གླེང་བསླང་བ་དང་། མཐུན་པ་དང་། མི་མཐུན་པའམ། འགལ་བ་དང་གྲུབ་པའི་ མཐའ་རྫོགས་པར་བྱ་བ་དང་། མཚན་ཉིད་གསུམ་གྱི་དོན་དང་འདྲ་བ་དང་། ལུང་བསྟན་པ་དང་། རྟགས་ཡོད་པའོ། །དེ་ལ་གླེང་བསླང་བ་ནི་ཕས་མི་འདྲི་བ་ལ་ཡང་ཚུར་བསྐུལ་བ་ཡིན་ཏེ། ཕ་རོལ་གྱི་ཚུར་རྟོགས་ནས་ཉན་ཐོས་གྱི་ཐེག་པའམ། ཐེག་པ་ཆེན་པོའི་ཕྱོགས་གང་འོས་པ་ཅིག་ལས་གླེང་པའི་ གཞི་བཅའ་བའོ། །མཐུན་པ་དང་མི་མཐུན་པ་གང་ཞེ་ན། གང་ལས་གླེང་བསླང་བའི་གཞིར་བཅས་པ་དེ་དང་མུ་སྟེགས་ཅན་གང་ལ་བསྟན་པ་དེའི་གཙུག་ལག་ཏུ་མཐུན་པར་བསྒྲུབ་པའི་མཐའ་འགྲོ་བ་ལས་འབྱུང་བ་བཞིན་དུ་བསྟན་པའམ། གཞན་དུ་ཆོས་བཟང་ངན་གྱི་ཁྱད་ཞུགས་པ་དང་། རྒྱ་ཆེ་ཆུང་མི་ འདྲ་བར་བསྟན་པ་ཡིན་ཏེ། དེ་གཉིས་ལས་གང་བསྟན་ན་དད་པ་སྐྱེ་ཞིང་ཡང་དག་པའི་ལམ་རྟོགས་པར་འགྱུར་བ་ཅིག་གིས་བསྟན་པའོ། །གྲུབ་པའི་མཐའ་རྫོགས་པ་གང་ཞེ་ན། སོ་སོའི་ཕྱོགས་བཟུང་སྟེ། ཡང་དག་པ་གང་ཡིན་པའི་ཡུལ་བསྟོད་ན་གྲུབ་པའི་མཐའ་ཕྱོགས་འགའ་ཙམ་གྱིས་མི་བརྩད་ པར་གཙུག་ལག་འབྱུང་བའི་མདོ་ཆེ་གེ་ཐོག་ཐག་ཏུ་བསྐྲུན་ཏེ། བརྩད་ཀྱི་རོ་སྙིས་དྲག་གམ། སྨྲ་བདེ་མི་བདེའམ། ཚིག་དོར་མི་དོར་ཙམ་གྱི་ཡུས་སུ་མི་འབྱུང་ངོ་། །དེ་སྟེ་ལ་ལ་ཞིག་ངོ་གང་དྲག་དང་། སྨྲ་གང་བདེ་དང་། སྒྲ་ལ་གང་མཁས་ཀྱིས་བརྒྱ་ཞིང་རྩོད་ན་ནི་འཇིག་རྟེན་གྱི་འགྲན་ཐོར་ཅན་ཁས་བརྒྱ་ པར་ཟད་དེ་དོན་མེད་ཀྱིས་ཡལ་གཟུགས་མི་འཁྲ་བར་ཅི་དགར་རྩོད་ཅིག །གཙུག་ལག་གི་མདོ་བསྐྲུན་པ་དེ་ཡང་གང་ཞེ་ན། ཆོས་སོ་ཅོག་གི་ཐོག་མའི་མཐའ་དང་ཐ་མའི་མཐའི་ལོ་རྒྱུས་དང་། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རིམ་པ་དང་རྣམ་གྲངས་དང་། འཁོར་བན་གནས་པའི་ རྒྱུ་ཅི་ལས་བྱུང་། ཐར་པར་བྱ་བའི་ལམ་གང་ཡིན། འཁོར་བ་ན་གནས་པའི་ཉེས་པ་ཅི་ཡོད། ཐར་པར་གྱུར་པའི་ཡོན་ཏན་ཅིས་འཕགས། ལུང་ལས་འབྱུང་བའི་ཚིག་འགལ་བ་འདྲ་བ་ཞིག་ཡོད་ན་གང་ཡང་མི་སྤང་བར་གཉིས་ཀ་མཐུན་པར་སྒྲུབ་པ་དང་། འདི་རྣམས་བསྐྲུན་པའོ། །མཚན་ཉིད་གསུམ་ གྱི་དོན་དང་ལྡན་པ་གང་ཞེ་ན། ཀུན་བརྟགས་པ་དང་། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའོ། །དེ་ལ་ཀུན་བརྟགས་པ་ནི་འཇིག་རྟེན་གྱི་ཐ་སྙད་དོ། །གཞན་གྱི་དབང་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཡོངས་སུ་གྲུབ་པ་ནི་དོན་དམ་པའི་བདེན་པའོ། །དེ་ལ་སངས་རྒྱས་པའི་ལྟ་བར་མཚུངས་པ་ནང་ ཕྱོགས་རེ་རེ་བཟུང་སྟེ་རྩོད་ན། མཚན་ཉིད་གང་གི་ཕྱོགས་སུ་བཟུང་བ་དེའི་གྲུབ་པ་ནི་མཐའ་དང་མཐུན་པར་བསྒྲུབ་པའོ། །ཕ་ལོགས་ཀྱི་ཕྱོགས་ལ་སུན་དབྱུང་བ་ཡང་བདག་གི་ཕྱོགས་སུ་བཟུང་བའི་གྲུབ་པའི་མཐའ་དང་མཐུན་པར་སུན་དབྱུང་ངོ་། །དེ་ལས་གྲུབ་པའི་མཐའ་གཞན་གྱི་ཕྱོགས་ཀྱིས་བདག་ གི་ཕྱོགས་མི་འགྲུབ་བ་ལྟ་ཅི་སྨོས་ཀྱི། གྲུབ་པའི་མཐའ་གཞན་གྱིས་ཕ་རོལ་གྱི་ལྟ་བ་སུན་ཕྱུང་དུ་ཟིན་ཀྱང་བདག་གི་ལྟ་བའི་ནང་དུ་བསྡུར་མི་ནུས་སོ། །དེ་བས་ན་སུན་དབྱུང་བ་ཡང་བདག་གི་ལྟ་བའི་གྲུབ་པའི་མཐའ་དང་མཐུན་པས་སུན་དབྱུང་སྟེ། ཀུན་རྟོག་པའི་མཚན་ཉིད་ཀྱི་ཕྱོགས་ལྟར་ གྲུབ་ན་ཡང་གཞན་གྱི་དབང་ངམ་ཡོངས་སུ་གྲུབ་པའི་མཚན་ཉིད་ལྟར་མི་བརྗོད་དོ། །ལྷག་མ་གཉིས་ཀྱང་དེ་བཞིན་དུ་ཅི་རིགས་པར་བྱའོ། །མུ་སྟེགས་ཅན་དང་བརྩད་ན་ནི་བདེན་པ་གཉིས་གང་ལྟར་གྲུབ་ཀྱང་སངས་རྒྱས་པའི་ལྟ་བའི་ནང་དུ་བསྡུར་རུང་ལ། འདུས་བྱས་ཀྱི་ཆོས་ཐམས་ཅད་ ལའང་མཚན་ཉིད་གསུམ་ཡོད་ཀྱིས། མཚན་ཉིད་གསུམ་ཆར་དང་ལྡན་པའི་ལྟ་བར་ཁས་བླངས་ཏེ། དེ་དག་གི་ཚུལ་གྱིས་ཅི་རིགས་པར་སྒྲུབ་ཅིང་སུན་དབྱུང་བར་བསྟན་པའོ། །དྲང་བ་གང་ཞེ་ན། འཕགས་པ་ལང་ཀར་གཤེགས་པའི་མདོ་ལ་སོགས་པ་ལས་འབྱུང་བ་ལྟ་བུའི་སྒྲོ་འདོགས་པ་དང་ ཕྲི་བ་མེད་པའོ། །སྒྲོ་འདོགས་པ་དང་། ཕྲི་བ་གང་ཞེ་ན། དེ་ཡང་རྣམ་པ་བཞི་སྟེ། མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པ་དང་། མེད་པའི་ལྟ་བར་སྒྲོ་འདོགས་པ་དང་། མེད་པའི་རྒྱུར་སྒྲོ་འདོགས་པ་དང་། མེད་པའི་དངོས་པོར་སྒྲོ་འདོགས་པའོ། །ཕྲི་བདེའང་རྣམ་ པ་བཞི་སྟེ། ཡོད་པའི་མཚན་ཉིད་ལས་ཕྲི་བ་དང་། ཡོད་པའི་ལྟ་བ་ལས་ཕྲི་བ་དང་། ཡོད་པའི་རྒྱུ་ལས་ཕྲི་བ་དང་། ཡོད་པའི་དངོས་པོ་ལས་ཕྲི་བའོ། །དེ་དག་ཀྱང་གང་ཞེ་ན། མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་རིལ་པོ་དང་རྟག་པ་དང་། ཇི་ལྟར་སྣང་ བ་དེ་བཞིན་ཉིད་ལས་གཞན་མ་ཡིན་པར་ཞེན་པའོ། །མེད་པའི་ལྟ་བར་སྒྲོ་འདོགས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་དག་ཉིད་ལ་བདག་དང་སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་གང་ཟག་ཏུ་ལྟ་བ་ངན་པར་ཞེན་པའོ། །མེད་པའི་རྒྱུར་སྒྲོ་འདོགས་པ་ནི་སྔོན་ རྒྱུ་ལས་མ་སྐྱེས་པའི་རྣམ་པར་ཤེས་པ་ཕྱིས་སྒྱུ་མ་ལྟ་བུར་སྔོན་མ་བྱུང་ཞིང་མེད་པ་ལས་གཟུགས་དང་སྣང་བའི་རྒྱུ་དྲན་པ་སྔོན་དུ་འཇུག་པས་འབྱུང་ཞིང་མེད་པ་ལས་བྱུང་ནས་ཀྱང་འཇིག་པར་འཛིན་པའོ། །མེད་པའི་དངོས་པོར་སྒྲོ་འདོགས་པ་ནི་ནམ་མཁའ་དང་འགོག་པ་དང་། མྱ་ངན་ལས་འདས་པ་མ་བྱས་པ་དངོས་པོ་མེད་པར་ཞེན་པའོ། །ཕྲི་བ་གང་ཞེ་ན། ཆོས་རྣམས་ཀྱི་མཚན་ཉིད་གསུམ་པོ་ལ་སྒྲོ་འདོགས་པ་རྣམ་པ་བཞི་ལྟ་བུས་སྒྲོ་བཏགས་ནས་དེ་དག་གི་མཚན་ཉིད་དམ་ལྟ་བའམ་རྒྱུའམ་དངོས་པོ་ཡང་དག་པ་ཇི་ལྟ་བ་ལས་ཕྲི་བ་ཡིན་ནོ། །ལུང་བསྟན་ པ་གང་ཞེ་ན། ཕས་འདྲི་བ་ལ་ལན་གདབ་པ་ཡིན་ཏེ། མགོ་གཅིག་ཏུ་ལུང་བསྟན་པ་དང་། རྣམ་པར་ཕྱེ་སྟེ་ལུང་བསྟན་པ་དང་། ཕྱིར་དྲི་བ་དང་། མི་བསྟན་པ་དང་བཞིའོ། །དེ་གང་ཞེ་ན། མགོ་གཅིག་ཏུ་ལུང་བསྟན་པ་ནི། ཆོས་བདག་མེད་པ་དེ་གང་ལ་མེད་ཅེས་འདྲི་ན་ཆོས་ཐམས་ ཅད་ལ་བདག་མེད་པར་མཚུངས་སོ་ཞེས་བྱ་བ་དང་། དོན་དམ་པར་ན་མཐའ་གཉིས་སྤངས་པའི་ཆོས་གང་ཡིན་ཞེས་འདྲི་ན་ཆོས་ཐམས་ཅད་དོ་ཞེས་བྱ་བ་དང་། ཐམས་ཅད་མཁྱེན་པ་དུས་གསུམ་གྱི་ནང་ན་དུས་གང་གི་ཆོས་མཁྱེན་ཞེས་འདྲི་ན་དུས་ཐམས་ཅད་ཀྱི་ཆོས་སོ་ཅོག་མཁྱེན་ཏོ་ཞེས་ བྱ་བ་དང་། སེམས་ཅན་ཐམས་ཅད་འཆིའམ་མི་འཆི་ཞེས་འདྲི་ན་འཆིའོ་ཞེས་བྱ་བ་ལ་སོགས་ཏེ། ཐུན་མོང་གི་ཆོས་ལས་ཕྱོགས་གཅིག་གི་ཚུལ་དུ་འདྲི་བ་ལ་མགོ་གཅིག་ཏུ་ལུང་སྟོན་ཏོ། །རྣམ་པར་ཕྱེ་སྟེ་ལུང་བསྟན་པ་ནི། ཆོས་ཐམས་ཅད་རྟག་གམ་མི་རྟག་ཅེས་འདྲི་ན། འདུས་ བྱས་ཀྱི་ཆོས་ནི་མི་རྟག །འདུས་མ་བྱས་ཀྱི་ཆོས་ནི་རྟག་གོ་ཞེས་བྱ་བ་དང་། བྱང་ཆུབ་གསུམ་ལ་བྱེ་བྲག་མེད་དམ་ཞེས་འདྲི་ན། རྣམ་པར་གྲོལ་བ་ལ་ནི་བྱེ་བྲག་མེད་དེ། ཆོས་ཀྱི་སྐུས་བྱེ་བྲག་ཡོད་དོ་ཞེས་བྱ་བ་དང་། སེམས་ཅན་ཐམས་ཅད་སྐྱེའམ་མི་སྐྱེ་ཞེས་འདྲི་ན་ཉོན་མོངས་ པ་དང་བཅས་པ་ནི་སྐྱེའོ། །ཉོན་མོངས་པ་མེད་པ་ནི་ཇི་ལྟར་ཉོན་མོངས་པ་དང་བཅས་པ་སྐྱེ་བའི་ཚུལ་གྱིས་མི་སྐྱེའོ་ཞེས་བྱ་བ་དང་། འདི་ལྟ་བུ་ལ་སོགས་ཏེ་སོ་སོའི་མཚན་ཉིད་ལས་སྤྱིའི་མཚན་ཉིད་དུ་འདྲི་བ་ལ་རྣམ་པར་ཕྱེ་སྟེ་བསྟན་ཏོ། །ཕྱིར་དྲིས་ཏེ་ལུང་བསྟན་པ་ནི་ཟླ་མི་སྨོས་ པར་བཟང་ཁྱད་ཇི་ཙམ་ཞེའམ། ངན་ཁྱད་ཇི་ཙམ་ཞེས་འདྲི་ན། གང་བཏང་བསྐྲུན་ཞེས་འདྲི་བ་དང་། དེ་བཞིན་གཤེགས་པའི་མཚན་ཐོས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་ལྡོག་གམ་མི་ལྡོག་ཅེས་འདྲི་ན། ཤིང་གི་ས་བོན་ཞིག་ས་བོན་གྱི་ཉེས་ པ་ཐམས་ཅད་མེད་ན། རྐྱེན་རྣམས་སུ་ལྡན་པ་དང་མི་ལྡན་པ་ལས་མྱུ་གུ་ནས་རྫོགས་པའི་བར་དུ་ཇི་ལྟར་འགྱུར་ཞེས་ཕྱིར་དྲི་བ་དང་། སྲོག་ཆགས་ཆད་པར་བཅུག་སྟེ། གསོན་པོའམ་ཤི་བ་ཞེས་འདྲི་བ་ལ་ཁྱོད་བདག་ལ་དབང་ཡོད་ན། གང་ལྟར་བྱ་ཞེས་དྲི་བ་ལ་སོགས་པ་ཉེས་ པའི་ཀླན་ཀ་ཚོལ་བ་ལ་སྐུངས་གཞར་བར་ཕྱིར་དྲིས་ཏེ་བསྟན་ཏོ། །ལུང་མི་བསྟན་པ་ནི་གཉིས་སུ་མེད་པ་དང་། བརྗོད་དུ་མེད་པའི་མཚན་ཉིད་ཅི་འདྲ་ཞེས་འདྲི་ན། ཇི་ལྟར་འཕགས་པ་དྲི་མ་མེད་པར་གྲགས་པ་བཞིན་དུ་མི་སྨྲ་བ་དང་། བདག་ཅེས་བྱ་བ་རྟག་གམ་མི་རྟག་ཅེས་ འདྲི་