Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 204

Văn bản gốc(Tây Tạng)

Trang 18 / 23 (50.000 ký tự/trang)
་པོའི་ཆོས་བཅུ་ནི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་སྟེ། དམིགས་པ་གཅིག་ལ་མཚན་ཉིད་གཞན་དང་
གཞན་དུ་འདོད་པ་དེ་དང་འདྲའོ། །མཆོད་རྟེན་ནམ་དགེ་འདུན་གྱི་གཙུག་ལག་ཁང་གི་སྐྱོང་ནུལ་ཉི་མའམ། ཆར་པས་ཟད་པ་སླར་འཆོས་ན་ལྷ་ཕྱི་བང་གསུམ་པ་ལུས་དཀར་གྱི་ནང་དུ་སྐྱེ། དེ་ནས་ཤི་འཕོས་ན་ཡང་དེ་དང་རྒྱུ་མཐུན་དཀར་ཤམ་པདྨའི་རྩ་ལག་ལྟ་བུའི་མདོག་སྟོང་
ཕྱོགས་དང་རྒྱ་ཡུལ་ལ་སོགས་པར་སྐྱེ་བར་འགྱུར། རྒྱལ་ཆེན་བཞི་རྣམས་ནི་རི་རབ་ཀྱི་ངོས་ལ་འཁོར་རོ། །གཞལ་མེད་ཁང་དང་ལྡན་པ་དེ་དག་ལ་མུ་སྟེགས་ཅན་རྣམས་གཟའ་དང་སྐར་མ་དང་། རྒྱུ་སྐར་ཡིན་པར་སེམས་ཏེ། དེ་རྣམས་ཀྱི་རགས་པ་བགྲངས་ན་བྱེ་བ་ཕྲག་དྲུག་ཡོད་དོ། །
རི་རབ་ཀྱི་ངོས་གང་ལ་ཉི་མ་འཁོར་བའི་ངོས་དེ་དང་དེའི་མིའི་གནས་གང་དུ་རི་རབ་ཀྱི་གྲིབ་མ་འབབ་པ་དེ་ལྟར་མཚན་མོར་འགྱུར་རོ། །བྱང་ཕྱོགས་ན་རླུང་འཁོར་ལོའི་གཟུགས་ཞེས་བྱ་བ་ཡོད་དོ། །བྱང་ཕྱོགས་ཀྱི་སྐར་མ་དེ་དག་འཆར་དུ་ཡང་མི་སྟེར། ནུབ་ཏུ་ཡང་མི་སྟེར་ན་མུ་སྟེགས་ཅན་དེ་

དག་གིས་དེ་མཐོང་ནས་དྲང་སྲོང་བདུན་གྱིས་འཇིག་རྟེན་འཛིན་ཏོ། །བརྒྱ་བྱིན་གྱི་ཁང་པ་བརྩེགས་མ་ལ་བརྒྱ་བྱིན་སྔ་རབས་ཤི་སྟེ་ན་རག་ལ་སོགས་པར་སོང་བའི་མིང་གི་དཀར་ཆག་བྲིས་བ་ནི་ལེགས་འབྱོར་པ་དང་། ཀུན་དགའ་དང་མི་འཆི་ཞེས་བྱ་བ་ལ་སོགས་སུམ་ཅུ་སྟེ། དེ་མཐོང་
ནས་བརྒྱ་བྱིན་སྐྱོ་བ་སྐྱེའོ། །དཀོན་མཆོག་སྤྲིན་ལས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱམས་པ་སྒོམ་པ་མང་བ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་གཅིག་པུར་དབེན་པར་འདུག་སྟེ། ནང་དུ་ཡང་དག་པར་བཞག་ནས་རབ་ཏུ་དབེན་པ་ལ་མངོན་དུ་ཕྱོགས་
ཏེ། ཤིན་ཏུ་སྐྱོ་བའི་སེམས་ཀྱིས་ལུས་དྲང་པོ་དང་། ལུས་བགས་ཀྱིས་ཀློད་པས་སྐྱིལ་མོ་ཀྲུང་བཅས་ནས་དྲན་པ་མངོན་དུ་གཞག་སྟེ། ཕྱི་རོལ་དུ་མ་བྱུང་བའི་སེམས་ཀྱིས་འདི་སྙམ་དུ་སེམས་སོ། །སེམས་ཅན་གང་དག་ཁྲོ་བ་གནོད་སེམས་མང་བ་མི་དགེ་བའི་ལས་བྱེད་པ་རྣམས་
དང་། གང་དག་བདག་ལ་རྒོལ་བ་དང་། དགྲ་བོ་གཅུགས་མེད་པར་ཤར་གཉེར་བ་རྣམས་བྱུང་ངམ་འབྱུང་ངམ་འབྱུང་བར་འགྱུར་བ་ཡང་རུང་སྟེ། བདག་གིས་དེ་དག་ཐམས་ཅད་ཀྱི་ཁྲོ་བ་དང་། གནོད་སེམས་རབ་ཏུ་ཞི་བར་བྱ་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་བཀོད་པར་
བྱའོ་སྙམ་མོ། །དེ་ཡང་གང་ཙམ་གྱིས་མ་ཡིན་གྱི་བསམ་པ་ཐག་པས་སེམས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་བྱམས་པ་བསྒོམ་པ་མང་བ་ཡིན་ནོ། །བཅོམ་ལྡན་འདས་བསྐལ་བ་གྲངས་མེད་པ་གསུམ་གྱིས་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་
འགྲུབ་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་ཡུལ་བསྒྲུབ་པར་བྱ་བ་བསམ་གྱིས་མི་ཁྱབ་སྟེ། དེ་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་སྒྲུབ་པར་མི་ནུས་ཀྱིས། ནམ་བྱང་ཆུབ་
སེམས་དཔས་ཆོས་མཉམ་པ་ཉིད་དུ་ཞུགས་པར་གྱུར་པ་དེའི་ཚེ་ནས་བརྩམས་ཏེ་བསྐལ་པ་བགྲང་བར་བྱའོ། །ཐོག་མའི་སེམས་ནས་བརྩམས་ཏེ་ནི་མ་ཡིན་ནོ། །ཐེག་པ་ཆེན་པོ་ཆོས་མངོན་པའི་མདོ་ལས་འབྱུང་བ་བྱང་ཆུབ་སེམས་དཔའི་ཆོས་བཞི་དང་ལྡན་ན།

རྣམ་པར་རིག་པ་ཐམས་ཅད་ཀྱི་དོན་མེད་པར་ཁོང་དུ་ཆུད་པར་འགྱུར་ཏེ། རྣམ་པར་ཤེས་པ་མི་མཐུན་པའི་རྒྱུ་མཚན་ཉིད་ཤེས་པ་ནི། འདི་ལྟ་སྟེ། ཡི་དགས་དང་། དུད་འགྲོ་དང་། མི་དང་ལྷ་རྣམས་ཀྱི་དངོས་པོ་གཅིག་ལ་རྣམ་པར་རིག་པ་ཐ་དད་པར་མཐོང་
བ་ལྟ་བུ་དང་། དམིགས་པ་མེད་པའི་རྣམ་པར་རིག་པ་དམིགས་པ་ནི། འདི་ལྟ་སྟེ། འདས་པ་དང་། མ་འོངས་པ་དང་། རྨི་ལམ་དང་། གཟུགས་བརྙན་དམིགས་པ་ལྟ་བུ་དང་། ཕྲད་པ་མེད་པར་ཕྱིན་ཅི་ལོག་མེད་པར་འགྱུར་བ་ཤེས་པས་ནི་བདེན་པའི་དོན་ལ་དམིགས་པའི་
རྣམ་པར་ཤེས་པ་འབད་པ་མེད་པར་བདེན་པར་ཤེས་པའི་ཕྱིར་ཕྱིན་ཅི་ལོག་མེད་པར་འགྱུར་བ་དང་། ཤེས་པ་རྣམ་པ་གསུམ་པ་རྗེས་སུ་མཐུན་པའི་ཤེས་པས་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་དང་། བསམ་གཏན་པ་སེམས་ལ་དབང་ཐོབ་པ་རྣམས་མོས་པའི་དབང་གིས་དེ་
ལྟར་དོན་དེ་དག་སྣང་བ་དང་། ཞི་གནས་ཐོབ་པའི་རྣལ་འབྱོར་པ་ཆོས་ལ་ལྷག་མཐོང་ལ་བརྩོན་པ་རྣམས་ལ་ཡིད་ལ་བྱེད་པ་ཙམ་དུ་དོན་སྣང་བ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་སྟེ། དེ་ལ་གནས་པ་རྣམས་ལ་དོན་ཐམས་ཅད་མི་སྣང་ངོ་། །དགོངས་པ་ངེས་པར་འགྲེལ་པ་ལས།
འཇམ་དཔལ་འདི་ནི་དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པ་ངེས་པའི་དོན་དུ་བསྟན་པ་ཞེས་བྱ་བར་ཟུང་ཤིག །བཅོམ་ལྡན་འདས་རྣམ་པར་ལྟ་བའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་གང་ལགས་པ་དེ། སེམས་ལས་ཐ་དད་པ་ཞེས་བགྱིའམ་ཐ་དད་པ་མ་ལགས་
ཞེས་བགྱི་བྱམས་པ་ཐ་དད་པ་མ་ཡིན་ཞེས་བྱའོ། །ཅིའི་ཕྱིར་ཐ་དད་པ་མ་ཡིན་ཞེ་ན། གཟུགས་བརྙན་དེ་རྣམ་པར་རིག་པ་ཙམ་དུ་ཟད་པའི་ཕྱིར་ཏེ། བྱམས་པ་རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པར་རིག་པ་ཙམ་གྱིས་ཕྱེ་བ་མ་ཡིན་ནོ་ཞེས་ངས་བཤད་དོ། །བཅོམ་
ལྡན་འདས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་སེམས་ལས་ཐ་དད་པ་མ་ལགས་ན་སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་ལ་ཇི་ལྟར་རྟོག་པར་བགྱིད། བཀའ་སྩལ་པ། བྱམས་པ་ཆོས་གང་ལ་ཡང་རྟོག་པར་མི་བྱེད་མོད་ཀྱི། འོན་ཀྱང་དེ་ལྟར་སྐྱེས་པའི་སེམས་

དེ་ནི་དེ་ལྟར་སྣང་ངོ་། །བྱམས་པ་འདི་ལྟ་སྟེ། མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་དག་པ་ལ་གཟུགས་ཀྱིས་རྐྱེན་བྱས་ཏེ་གཟུགས་ཉིད་མཐོང་ཡང་གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་ཏེ། དེ་ལ་ནི་གཟུགས་དེ་དང་གཟུགས་བརྙན་སྣང་བ་དེ་དོན་ཐ་དད་པར་སྣང་ངོ་། །དེ་བཞིན་དུ་དེ་
ལྟར་སྐྱེས་པའི་སེམས་དེ་ཡང་ཏིང་ངེ་འཛིན་གྱི་གཟུགས་བརྙན་ཞེས་བྱ་བ་དང་དོན་ཐ་དད་པར་སྣང་ངོ་། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་གཟུགས་བརྙན་རང་བཞིན་དུ་གནས་པ་གཟུགས་ལ་སོགས་པ་གང་ལགས་པ་དེ་ཡང་། སེམས་དང་ཐ་དད་པ་མ་ལགས་པ་
ཞེས་བགྱིའམ། བྱམས་པ་ཐ་དད་པ་ནི་མ་ཡིན་ཏེ། བྱིས་པ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ཀྱིས་གཟུགས་བརྙན་དེ་དག་ལ་རྣམ་པར་རིག་པ་ཙམ་དེ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པས་ཕྱིན་ཅི་ལོག་ཏུ་སེམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། བཀའ་
སྩལ་པ། བྱམས་པ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལ་འདི་ལྟར་གཟུགས་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་དུ་མིང་དུ་གློ་བུར་དུ་བཏགས་པ་དེ་རྣམ་པར་རྟོག་པ་ཙམ་དུ་མ་ཟད་དམ། གསོལ་པ། རྣམ་པར་རྟོག་པ་ཙམ་ཉིད་དོ། །ཡི་གེ་མེད་པའི་ཟ་
མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ལས། རིགས་ཀྱི་བུ་གང་བྱང་ཆུབ་སེམས་དཔའི་རྟག་ཏུ་བསྲུང་བར་བྱ་བའི་ཆོས་ནི་གཅིག་སྟེ་གང་ཞེ་ན། གང་བདག་མི་འདོད་པ་དེ་གཞན་ལ་མི་བྱའོ། །ཆོས་གཅིག་པུ་དེ་བསྲུངས་ན་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་
བསྲུངས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་བདག་གི་སྲོག་ཕངས་པར་འཛིན་པ་དེས་སྲོག་མི་གཅོད་དོ། །གང་བདག་གིས་ནོར་ཕངས་པ་དེ་མ་བྱིན་པར་མི་ལེན་ཏེ། གང་བདག་གི་ཆུང་མ་ཕངས་པར་འཛིན་པ་དེ་གཞན་གྱི་ཆུང་མའི་གན་དུ་མི་འགྲོ་བའོ། །
རིགས་ཀྱི་བུ་དེ་ལ་སོགས་པ་གང་ལ་ལ་ཞིག་འདི་སྙམ་དུ་དེ་བཞིན་གཤེགས་པའི་བཀའ་བཞིན་དུ་བྱའོ་སྙམ་དུ་སེམས་པ་དེས་ཆོས་གཅིག་པུ་འདི་བསྲུང་བར་བྱའོ་ཞེས་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་ལ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་

གཉེར་བ་དེ་ཐམས་ཅད་ནི་རང་གི་བདེ་བའི་རྒྱུར་དོན་དུ་གཉེར་གྱི། སུ་ཡང་བདག་སྡུག་བསྔལ་བར་མི་འདོད། འགྲོ་བ་རྣམས་ནི་བདེ་བ་འདོད། །ཅེས་བྱ་བའི་ཐ་ཚིག་སྟེ། གང་ཁྱེད་ཅག་མི་འདོད་པ་དེ་གཞན་དག་ལམ་བྱེད་ཅིག་ཅེས་ང་སྨྲའོ། །རིགས་
ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་གང་རྟག་ཏུ་བསྲུང་བར་བྱ་བའི་ཆོས་གཅིག་གོ། །གང་མདོ་འདི་ཉན་པ་དེ་འཆི་བའི་དུས་ཀྱི་ཚེ་ཡང་བྱང་ཆུབ་སེམས་དཔའ་འདི་དག་ཉིད་དང་། ཐབས་ཅིག་ཏུ་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ལ་གནས་པ་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་གང་དེ་
བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གཅིག་པུ་དེ་གང་ཞེས་ཟེར་བ་ནི་ཆོས་གཅིག་པུ་དེ་གང་ཡང་མེད་དོ། །གང་ལ་ཆོས་གང་ཡང་རྟོག་པ་མེད་པ་དེ་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པའོ། །རིགས་ཀྱི་བུ་ཡང་དེ་
བཞིན་གཤེགས་པས་ཆོས་ཐམས་ཅད་མ་སྐྱེས་པར་ཐུགས་སུ་ཆུད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། དེ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་སོ་སོར་རྟོག་པའི་སེམས་གནས་པ་རྣམ་པར་ཐར་པའི་སྒོ་སྟོང་
པ་ཉིད་དེ། དེ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཞེས་བྱའོ། །དེ་ལ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མཚན་མ་མེད་པར་སོ་སོར་རྟོག་པའི་སེམས་གནས་པ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་སྟེ། དེ་ནི་རྣམ་
པར་ཐར་པའི་སྒོ་མཚན་མ་མེད་པ་ཞེས་བྱའོ། །དེ་ལ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མངོན་པར་འདུ་བྱེད་པ་མེད་པར་སོ་སོར་རྟོག་པའི་སེམས་གནས་པའོ། །དེ་ལ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་གང་ཞན། གང་ཟག་སློབ་
པ་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་གང་ཡིན་པའོ། །ཀུན་ཤེས་པའི་དབང་པོ་གང་ཞེ་ན། གང་ཟག་སློབ་པ་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་གང་ཡིན་པའོ། །

ཀུན་ཤེས་པ་དང་ལྡན་པའི་དབང་པོ་གང་ཞེ་ན། གང་ཟག་མི་སློབ་པ་འདི་ལྟ་སྟེ། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་དད་པའི་དབང་པོ་ལ་སོགས་པ་གང་ཡིན་པའོ། །
དེ་ལ་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པའི་བར་གང་ཡིན་པའོ། །དེ་དག་ནི་ཟད་པར་གྱི་སྐྱེ་མཆེད་བཅུ་ཞེས་བྱ་སྟེ། ཐམས་ཅད་སའི་ཁམས་སུ་མོས་པར་བྱེད་དེ། ཐམས་ཅད་ཀྱང་སའི་ཁམས་ཁོ་ནར་ཁམས་
གཅིག་ཏུ་འགྱུར་རོ། །ཐམས་ཅད་ཆུད་ནས་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་མོས་པར་བྱེད་དེ། རྣམ་པར་ཤེས་པ་ཁོ་ནར་ཁམས་གཅིག་པའི་བར་དུ་འགྱུར་རོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་གང་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་རྣམས་སྐྱེ་མཆེད་བཅུ་གཉིས་པོ་དག་ལ་གང་
ཟག་ལ་བདག་མེད་པར་ཕྱོགས་གཅིག་ཤེས་པ་གང་ཡིན་པ་སྟེ། དེ་ནི་ཐམས་ཅད་ཤེས་པ་ཞེས་བྱའོ། །དེ་ལ་ལམ་གྱི་རྣམ་པ་ཤེས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཐེག་པ་གསུམ་གྱི་ལམ་ཤེས་ཀྱང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པས་དག་པར་མི་སེམས་
ཀྱི། བྱང་ཆུབ་སེམས་དཔའི་ལམ་གྱིས་ངེས་པར་འབྱུང་བ་གང་ཡིན་པའོ། །དེ་ལ་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་ནི་འདི་ཡིན་ཏེ། ཆུར་ཇི་སྲིད་པ་ཞེང་ཡང་དེ་སྲིད་ལ་ཞེང་དུ་ཇི་སྲིད་པར་ཆུར་ཡང་དེ་སྲིད་ཡིན་ནོ། །རོ་བྲོ་བའི་མཆོག་ནི། དེའི་མགུར་དྲང་པོར་མིད་པ་དྲང་
ཞིང་མ་ཡོ་ལ་ཐོགས་པ་མེད་པར་མིད་དུ་རུང་བར་འགྱུར་པ་ཡིན་ནོ། །བཀའ་སྩལ་པ། ཤར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། ཅི་ཕུང་པོ་ལྔ་པོ་འདི་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་སྙམ་མམ། གསོལ་པ།
བཙུན་པ་བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་སྒྱུ་མ་ལྟ་བུ་ལགས་ཤིང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་ལགས་ལ། རྣམ་པར་ཤེས་པ་གང་

ལགས་པ་དེ་ནི་དབང་པོ་དྲུག་པོ་ལགས་ལ། དབང་པོ་དྲུག་གང་ལགས་པ་དེ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལགས་པའི་སླད་དུའོ། །འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཚོམ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། །
ཀུན་དུ་སྦྱོར་བ་གསུམ་པོ་དེ་དག་སྤངས་པས་རྒྱུན་དུ་ཞུགས་པ་ཞེས་བྱའོ། །དེས་བསྒོམ་པའི་ལམ་ཐོབ་ནས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་གཉིས་སྲབ་མོར་བྱེད་པར་འགྱུར་ཏེ། དེ་ནི་ལན་ཅིག་ཕྱིར་འོང་བ་ཡིན་ནོ། །དེས་བསྒོམ་པའི་ལམ་བསྒོམས་པ་
དེ་ཉིད་ཀྱིས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་གཉིས་མ་ལུས་པར་སྤོང་བར་འགྱུར་རོ། །དེ་དེ་གཉིས་སྤངས་པས་ཕྱིར་མི་འོང་བ་ཡིན་ནོ། །དེས་བསྒོམ་པའི་ལམ་ཆེར་བསྒོམས་པ་དེ་ཉིད་ཀྱིས་གོང་མའི་ཆ་དང་མཐུན་པ་ལྔ་པོ་འདི་ལྟ་སྟེ། གཟུགས་ཀྱི་འདོད་ཆགས་དང་།
གཟུགས་མེད་པའི་འདོད་ཆགས་དང་། མ་རིག་པ་དང་། ང་རྒྱལ་དང་། རྒོད་པ་སྤངས་པས་དགྲ་བཅོམ་པར་འགྱུར་རོ། །འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ་ཞེས་རང་སངས་རྒྱས་ཀྱི་ལམ་བསྒོམ་པར་བྱའོ། །གང་དག་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་
པ་དེ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་ས་མཚམས་བཅད་པའི་ཕྱིར་རོ། །ཚེ་ཟད་པ་དང་། ཉོན་མོངས་པ་མགོ་མཉམ་དུ་ཟད་པའི་གང་ཟག་ཅེས་བྱ་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་ཚེ་
དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གང་གིས་ན་བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤོང་ཞིང་དེ་བཞིན་དུ་རྒྱང་རིང་དུ་བྱེད་པའི་རྣམ་གྲངས་ཡོད་དོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། འདི་སྙམ་དུ། ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གསོབ་བོ། །གསོག་གོ། །སྙིང་པོ་མེད་པའོ། །ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡ་མ་བརླའོ་སྙམ་དུ་སེམས་ན། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤོང་ཞིང་རྒྱང་རིང་དུ་

བྱེད་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ས་ཕྱོགས་འདི་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པར་འགྱུར་རོ། །བསྐལ་
པ་བཟང་པོ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་བྱང་ཕྱོགས་འདི་ཉིད་དུ་འབྱུང་བར་འགྱུར་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་འཇིག་ཚོགས་ལ་ལྟ་བའི་ནང་ན་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་འདུས་པ་དེ་བཞིན་
དུ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་སོ། །ཀུན་འབྱུང་བའི་ཆོས་གང་ཅི་ཡང་རུང་བ་དེ་ཐམས་ཅད་འགོག་པའི་ཆོས་ཅན་དུ་ཤེས་པ་ནི་རང་བྱང་ཆུབ་ཡིན་ནོ། །སྐུ་དང་དབུ་ལས་སྐྱེས་པའི་དབུ་སྐྲ་དང་སྤུ་
རྣམས་ནི་ཁ་གྱེན་དུ་བལྟས་ཤིང་མཐོན་མཐིང་ལ་ཀུན་ནས་ལྕང་ལོར་འཁྱིལ་བ་འཇམ་ཞིང་སྣུམ་ལ་གཡས་སུ་འཁྱིལ་པ་མཛེས་པར་སྐྱེས་པ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབ་པ་མ་མཛད་དུ་ཟིན་ན་ཟླ་བ་དང་། ཉི་མ་འདི་གཉིས་ཀྱང་
འཇིག་རྟེན་ན་ཡོད་པར་མི་འགྱུར། ཟླ་བ་གཅིག་དང་། ཟླ་ཕྱེད་དང་། དུས་དང་ལོ་ཁྱུད་ཀོར་རྣམས་ཀྱང་འཇིག་རྟེན་ན་སྣང་བར་མི་འགྱུར་རོ། །ཆོས་འདི་དག་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་ལོག་བཞི་ལས་སྐྱེས་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལས་
ཡོངས་སུ་ཟིན་པ་ཡིན་ན། འདི་ལ་ཁྱེད་དངོས་པོ་མེད་པའི་ཆོས་རྣམས་ལ་དངོས་པོར་འདུ་ཤེས་པའི་རྒྱུ་གཞན་གང་ཡིན་ཞེས་སྟོན་པར་བྱེད། བྱང་ཆུབ་སེམས་དཔས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་མཐོང་ན། འདི་སྙམ་དུ་བདག་གི་སྦྱིན་གནས་ནི་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཡིན་གྱི། དུད་འགྲོའི་སྐྱེ་གནས་མ་ཡིན་ནོ་སྙམ་དུ་སེམས་པའི་སེམས་བསྐྱེད་ན་བྱང་ཆུབ་སེམས་དཔའི་ཆོས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་གི་སེམས་ཡོངས་སུ་དག་ན་བྱང་ཆུབ་སེམས་དཔའི་སྦྱིན་གནས་ཡོངས་སུ་དག་པའི་ཕྱིར་ཏེ། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོས་ནི་བདག་གིས་སེམས་ཅན་དབུལ་པོ་འདི་དག་སྦྱིན་པས་བསྡུས་ནས། གཞན་གྱི་རྫས་ལ་རྐུ་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པར་སེམས་བསྐྱེད་པར་བྱའོ། །གཟུགས་ཀྱང་ཆོས་ཀྱི་དབྱིངས་མ་ཡིན་ལ། གཟུགས་ལས་
གུད་ན་ཡང་ཆོས་ཀྱི་དབྱིངས་མེད་དོ། །འདི་ལྟར་བྱང་ཆུབ་སེམས་དཔས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་མ་གཏོགས་པར་གཞན་ལ་བསླབ་པར་མི་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཐར་པའི་སྒོ་གསུམ་པོ་འདིར་
དགེ་བའི་ཆོས་ཐམས་ཅད་འདུས་པའི་ཕྱིར་རོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་ལགས་ཏེ། མཚན་མ་ནི་བཏགས་པ་ཙམ་ཀུན་དུ་རྟོག་པ་ལས་འབྱུང་བ་ལགས་ན།
བྱང་ཆུབ་སེམས་དཔའ་ཇི་ལྟར་དགེ་བའི་ཆོས་རྣམས་ཀྱིས་ཁྱད་པར་དུ་འཕགས་པར་འགྱུར་ལགས། བཙུན་པ་བཅོམ་ལྡན་འདས་ཅི་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་པ་ཞེས་བགྱིའམ། འོན་ཏེ་སྲིད་པ་ཐ་མ་པ་ལགས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ངེས་པ་ཡིན་ནོ། །ཕྱིར་མི་ལྡོག་པ་དང་། སྲིད་པ་ཐ་མ་པ་ཡང་ངེས་པ་ཡིན་ནོ། །ཡང་དག་པ་ཉིད་དུ་ངེས་པའི་སར་ནི་སེམས་ཅན་དམྱལ་བ་རྣམས་
སུ་མི་སྐྱེའོ། །འཕགས་པ་ཆོས་ཐམས་ཅད་ཤིན་ཏུ་རྒྱས་པར་བསྡུ་བ་ལས། འཇམ་དཔལ་དམ་པའི་ཆོས་སྤོང་བ་ལས་ཀྱི་སྒྲིབ་པ་ནི་ཕྲ་བའོ། །འཇམ་དཔལ་གང་ལ་ལ་དེ་བཞིན་གཤེགས་པའི་བཀའ་ལ་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་པ་དེ་ནི་དམ་པའི་
ཆོས་སྤོང་བའོ། །གང་ཆོས་སྤངས་པ་དེས་དེ་བཞིན་གཤེགས་པ་ལ་སྐུར་བ་ཡིན་ནོ། །གནས་འཇོག་ལས། བཀའ་སྩལ་པ། གནས་འཇོག་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པར་འདོད་པས། ནང་པར་ལངས་ནས་དགེ་སློང་ངམ། བྲམ་ཟེའམ། གཞན་གང་

ཡང་རུང་པ་ཞིག་གི་དྲུང་དུ་སོང་སྟེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །བདག་མིང་ཆེ་གེ་མོ་ཞེས་བགྱི་བ་འདི་དུས་འདི་ནས་བཟུང་སྟེ། གང་དོ་ནུབ་ཀྱི་མཚན་མོ་འདི་དང་། སང་
ཉི་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤངས་ཤིང་སྲོག་གཅོད་པ་ལས་སླར་ལྡོག་སྟེ། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ། ངོ་ཚ་དང་ལྡན་ཞིང་སྙིང་རྗེ་དང་ལྡན་པར་བགྱིས་ལ། སེམས་ཅན་དང་སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་ངུ་ན་སྲོག་ཆགས་ཕྲ་མོ་གྲོག་སྦུར་
ཡན་ཆད་ཀྱི་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཇི་ལྟར་འཕགས་པ་དགྲ་བཅོམ་པ་དག་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་ནས་དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ། སེམས་ཅན་སྲོག་
ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་ངུ་ན་སྲོག་ཆགས་ཕྲ་མོ་གྲོག་སྦུར་ཡན་ཆད་ཀྱི་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པ་དེ་བཞིན་དུ་བདག་ཆེ་གེ་མོ་ཡང་དུས་འདི་ནས་བཟུང་སྟེ། དོ་ནུབ་ཀྱི་མཚན་མོ་འདི་དང་། སང་ཉི་མ་མ་ཤར་གྱི་བར་དུ་སྲོག་
གཅོད་པ་སྤངས་ཤིང་སྲོག་གཅོད་པ་ལས་སླར་ལྡོག་སྟེ། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ། ངོ་ཚ་དང་ལྡན་ཞིང་སྙིང་རྗེ་དང་ལྡན་པར་བགྱིས་ལ། སེམས་ཅན་དང་། སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་ངུ་ན་སྲོག་ཆགས་ཕྲ་མོ་གྲོག་སྦུར་ཡན་ཆད་ཀྱི་སྲོག་
གཅོད་པ་ཡང་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པོ། །རྗེས་སུ་སྒྲུབ་པོ། །རྗེས་སུ་བགྱིད་དོ། །ཇི་ལྟར་སྲོག་གཅོད་པ་ལས་སླར་ལྡོག་པ་དེ་བཞིན་དུ་མ་བྱིན་པར་ལེན་པ་དང་།
མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་། ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་

ཆེན་པོ་དང་། དུས་མ་ཡིན་པའི་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པར་བགྱིའོ། །ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་ཇི་སྲིད་འཚོའི་བར་དུ་དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པ་
དེ་བཞིན་དུ། བདག་ཆེ་གེ་མོ་ཡང་དུས་འདི་ནས་བཟུང་སྟེ། གང་དོ་ནུབ་ཀྱི་མཚན་མོ་འདི་དང་སང་ཉི་མ་ཤར་གྱི་བར་དུ་དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་བརྒྱད་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་
དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་པོ། །རྗེས་སུ་བགྱིད་དོ། །དེ་ལྟར་ལན་གཉིས་ལན་གསུམ་དུའོ། །འདི་ལྟ་སྟེ། ཡུལ་ཆེན་པོ་བཅུ་དྲུག་ལ། ཨང་ག་དང་། མ་ག་དྷཱ་དང་། ཀ་ཤི་དང་། བྲི་ཛི་དང་། མལ་ལ་དང་། པུན་ཏྲ་དང་། སྲག་པ་དང་། ཀ་མ་དང་།
ཨ་བན་ཏི་དང་། ཀུ་རུ་དང་། པད་ཙ་ལ་དང་། བད་ས་དང་། དཔའ་སྡེ་དང་། ཡ་བ་ན་དང་། ཀམ་པོ་རྣམས་སོ། །ཤེས་རབ་འབུམ་པ་ལས། མ་རིག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཡང་མ་རིག་པའོ། །ལྷའི་བུ་དག་བདག་ཟབ་པའི་ཕྱིར།
ཆོས་འདི་ཟབ་པོ། །སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་སྐྱེས་བུ་ལ་སོགས་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །གཟུགས་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །རབ་འབྱོར་གྱིས་
སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སེམས་ཅན་གང་ཕྱིན་ཅི་ལོག་ལས་བྱུང་བའི་ལས་ལུས་དང་ངག་དང་ཡིད་ཀྱིས་མངོན་པར་འདུ་བྱེད་པ་དེ་དག་འདི་ལྟ་བུའི་སྐྱེ་མཆེད་མངོན་པར་བསྒྲུབས་ཏེ། ལས་ཀྱི་རྣམ་པར་སྨིན་པ་ཕུང་པོའི་གཞི་ཅན་རྣམ་པར་རྟོག་པ་ལས་བྱུང་བ་ཡོངས་སུ་བཟུང་ཞིང་
སེམས་ཅན་དམྱལ་བ་དང་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་ལྷ་དང་མིའི་འགྲོ་བ་མངོན་པར་གྲུབ་པོ། །འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བ་དེ་དག་ཐམས་ཅད་ཀྱང་

རྣམ་པར་རྟོག་པ་མི་མངའ་ཞིང་རྣམ་པར་རྟོག་པ་སྤངས་པར་གྱུར་ཏོ། །མ་འོངས་པ་དང་། ད་ལྟར་བྱུང་བ་ཡང་དེ་བཞིན་ནོ། །དགའ་བོ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁྱོད་ལ་གཏད་དེ། དགའ་བོ་གལ་ཏེ་ཁྱོད་ཀྱིས་ངས་གང་ཆོས་ཇི་སྙེད་བཤད་པ་
ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་གཏོགས་པ་ངས་ཆོས་བསྟན་པ་དེ་དག་ཐམས་ཅད་བཟུང་སྟེ། ཀུན་ཆུབ་པར་བྱས་ནས་དེའི་འོག་ཏུ་ཆུད་གསན་ཏེ་བོར་ཡང་དེ་ཙམ་གྱིས་དགའ་བོ་ཁྱོད་ལ་ངས་སྐྱོན་དུ་མི་གཟུང་ངོ་། །དགའ་བོ་ཁྱོད་ཀྱིས་གལ་ཏེ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཟུང་སྟེ། ཀུན་ཆུབ་པར་བྱས་ནས། དེའི་འོག་ཏུ་ཆུད་གསན་ཏམ། བོར་བར་གྱུར་ན་ནི་དེས་ནི་དགའ་བོ་ཁྱོད་ལ་ངས་སྐྱོན་དུ་གཟུང་ངོ་། །བདག་སྟོང་པ་ཉིད་དུ་རིག་པར་བྱའོ། །སེམས་ཅན་དང་། སྲོག་
དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་ལ་སོགས་པ་སྟོང་པ་ཉིད་ཡིན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་འདི་ནི་ཀུན་དུ་སྦྱོར་བ་གསུམ་སྤངས་པས། རྒྱུན་དུ་ཞུགས་པའི་འབྲས་བུའོ། །འདོད་པའི་འདོད་
ཆགས་དང་། གནོད་སེམས་བསྲབས་པས་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འོག་མའི་ཆ་ཅན་གྱི་ཀུན་དུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བའི་འབྲས་བུའོ། །བླ་མའི་ཆ་ཅན་གྱི་ཀུན་དུ་སྦྱོར་བ་ལྔ་སྤངས་པས་དགྲ་བཅོམ་པ་ཉིད་དོ། །གང་ཅི་ཡང་རུང་སྟེ། ཀུན་
འབྱུང་བའི་ཆོས་དེ་དག་ཐམས་ཅད་འགོག་པའི་ཆོས་ཅན་དུ་ཤེས་པས་རང་བྱང་ཆུབ་པོ། །བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ་ཞེས་གསུངས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་གང་ལ་ཆགས་པར་གྱུར་
པའི་འདུས་བྱས་ཐམས་ཅད་ནི་མིང་ཙམ་སྟེ། དེ་དག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་མིང་ཐམས་ཅད་ནི་ཡོངས་སུ་རྟོག་པ་ལས་བྱུང་བ་ཡིན་གྱི། ཡོངས་སུ་བརྟགས་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་

པ་ཉིད་ལ་ཁྱེད་ཆགས་པར་མ་བྱེད་ཅིག། ཆོས་ཐམས་ཅད་སྟོང་པ་ལ་མཁས་པ་ནི་ཆགས་པར་མི་བྱེད་དོ་ཞེས་འདོམས་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཤ་ར་དྭ་ཏིའི་བུ་ཅི་གཟུགས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་
ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྷའི་མིག་མངོན་པར་སྒྲུབ་སྟེ། ལྷའི་མིག་དེས་ཆོས་ཐམས་
ཅད་སྟོང་པ་ཉིད་དུ་མཐོང་སྟེ། དེས་ཆོས་དེ་དག་ལ་གནས་ཤིང་ལམ་མངོན་པར་སྒྲུབ་པོ། །ཤ་ར་དྭ་ཏིའི་བུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་བདག་ཅག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ་སེམས་ཅན་ཡོངས་སུ་སྨིན་པར་བྱས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་
བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡོངས་སུ་རྫོགས་པར་བྱས་ཏེ། སེམས་ཅན་ཚད་མེད་པ་ཡོངས་སུ་མྱ་ངན་ལས་འདའོ་སྙམ་དུ་སེམས་སམ།
གསོལ་པ། དེ་ལྟར་སེམས་པ་མ་མཆིས་སོ། །བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ནི་དེ་ལྟར་སེམས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྨི་ལམ་དང་། སྒྱུ་མ་དང་། སྒྲ་བརྙན་དང་། མིག་ཡོར་དང་། ཆུ་ཟླ་དང་། སྨིག་རྒྱུ་དང་། སྤྲུལ་པ་ལྟ་བུའི་ཕུང་པོ་ལྔ་པོ་དེ་
དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་འདི་ལྟར་རྨི་ལམ་ནས་སྤྲུལ་པའི་བར་དངོས་པོ་མ་མཆིས་པའི་རང་
བཞིན་ཏེ། དངོས་པོ་མ་མཆིས་པའི་རང་བཞིན་དེ་ནི་དམིགས་སུམ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་གཟུགས་ནི་རྨི་ལམ་ལྟ་བུ། ཚོར་བ་ནི་རྨི་ལམ་ལྟ་བུ། འདུ་ཤེས་ནི་རྨི་ལམ་ལྟ་བུ། འདུ་བྱེད་ནི་རྨི་ལམ་ལྟ་བུ། རྣམ་པར་ཤེས་པ་ནི་རྨི་ལམ་ལྟ་

བུ་སྟེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་ཕོ་དྲུག་གོ། །དེ་ནི་ཕུང་པོ་ལྔའོ། །དེ་དག་ནི་ནང་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་པ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་མི་དམིགས་སོ། །རབ་འབྱོར་གཟུགས་ནས་རྣམ་པར་ཤེས་པའི་བར་ནི་སྒྱུ་མ་དང་། སྒྲ་བརྙན་དང་། མིག་ཡོར་དང་
ཆུ་ཟླ་དང་། སྨིག་རྒྱུ་དང་། སྤྲུལ་པ་ལྟ་བུ་སྟེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་པོ་དྲུག་གོ། །དེ་ནི་ཕུང་པོ་ལྔའོ། །དེ་དག་ནི་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ལགས་ན། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཐག་པ་ལ་གསར་དུ་ཞུགས་པས་འདི་ཐོས་ནས་འཇིགས་ཤིང་སྡང་བ་དང་། སྐྲག་པར་མི་འགྱུར་ལགས། བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པ་ཡིན་ལ། ཐབས་ཀྱང་མི་མཁས་པ་ཞིག་སྟེ། མི་དགེ་བའི་
བཤེས་གཉེན་གྱི་ལག་ཏུ་འོངས་ན་དེ་ལྟར་འགྱུར་རོ། །གསོལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྟན་པ་འདི་ཐོས་ནས་མི་འཇིགས་མི་སྡང་ལ་སྐྲག་པར་མི་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་པའི་ཐབས་ལ་མཁས་པ་དེ་གང་ལགས། བཀའ་
སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གཟུགས་མི་རྟག་ཅེས་བྱ་བར་རྟོགས་ཏེ་དེ་མི་དམིགས་སོ། །ཚོར་བ་ནས་རྣམ་པར་ཤེས་པའི་བར་མི་རྟག་ཅེས་བྱ་
བར་རྟོགས་ཏེ་དེ་མི་དམིགས་སོ། །རབ་འབྱོར་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །གཟུགས་ནས་རྣམ་པར་ཤེས་པའི་བར་སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་ཞེས་བྱ་བ་ལ་སོགས་ཏེ་མི་
དམིགས་སོ། །རབ་འབྱོར་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །གསོལ་པ། བཅོམ་ལྡན་འདས་འདུས་བྱས་ཀྱི་ཆོས་གང་ལགས། བཀའ་སྩལ་པ། རབ་འབྱོར་འདུས་བྱས་ཀྱི་ཆོས་ཞེས་བྱ་བ་ནི་འདོད་པའི་ཁམས་དང་། གཟུགས་

ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། གཞན་ཡང་དེ་མ་ཡིན་པ་དེ་འདུས་བྱས་ཀྱི་ཁམས་སུ་གཏོགས་པའི་ཆོས་རྣམས་དང་། དྲན་པ་ཉེ་བར་གཞག་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ཏེ། དེ་དག་གིས་འདུས་བྱས་ཀྱི་ཆོས་ཤེས་པས་
ཆོས་ཞེས་བྱའོ། །གསོལ་པ། འདུས་མ་བྱས་ཀྱི་ཆོས་གང་ལགས། བཀའ་སྩལ་པ། རབ་འབྱོར་འདུས་མ་བྱས་ཀྱི་ཆོས་ཞེས་བྱ་བའི་གཞི་གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མེད་པ་སྟེ། འདོད་ཆགས་ཟད་པ། ཞེ་སྡང་ཟད་པ། གཏི་
མུག་ཟད་པ། དེ་བཞིན་ཉིད་མ་ནོར་བ། དེ་བཞིན་ཉིད་གཞན་མ་ཡིན་པ། དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཆོས་སྐྱོན་མེད་པ་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་ཡང་དག་པའི་མཐའ་སྟེ། དེ་དག་ནི་འདུས་མ་བྱས་ཀྱི་ཆོས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཟང་ཟིང་མེད་པར་ཆོས་
སྦྱིན་པ་རྣམ་པར་འབྱེད་པ་གང་ཞེ་ན། ཆོས་སྟོན་པའི་ཚེ་ཆོས་ཀྱི་སྦྱིན་པ་དེས་ཆུང་ངུ་ན་བྱང་ཆུབ་ཏུ་ཡང་རེ་བ་མེད་པ་སྟེ། འདི་ནི་ཟང་ཟིང་མེད་པར་ཆོས་སྦྱིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་
བསྐྱེད་ཅིང་ཡོངས་སུ་བསྔོ་བ་གང་ཞེ་ན། དགེ་བའི་རྩ་བ་གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཅིང་། བདག་དང་གཞན་གྱི་སེམས་ཀྱིས་ཞིང་ཡོངས་སུ་སྦྱོང་བའི་ཚེ། དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་ཡོངས་
སུ་དག་པར་བྱ་བའི་དགེ་བའི་རྩ་བ་བསྐྱེད་ཅིང་ཡོངས་སུ་བསྔོ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་སློང་མ་དང་བསྟེན་པ་ཡོངས་སུ་སྤངས་པ་གང་ཞེ་ན། དགེ་སློང་མ་དང་སེ་གོལ་གཏོགས་པ་ཙམ་དུ་ལྷན་ཅིག་མི་གནས་ཤིང་། དེའི་རྒྱུས་ཡོངས་སུ་སྐོམ་
པའི་སེམས་མི་སྐྱེད། དེའི་རྒྱུས་གོས་ཐོབ་པར་མི་བྱེད་པ་འདི་ནི་དགེ་སློང་མ་དང་བསྟེན་པ་ཡོངས་སུ་སྤོང་བའོ། །ཤེས་པར་བྱ་བ་ལྔ་གང་ཞེ་ན། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དང་། བརྗོད་དུ་མེད་པ་དང་འདུས་མ་བྱས་སོ། །བྱང་ཆུབ་སེམས་དཔའི་ལྟ་བ་རྣམ་

པར་བཟློག་པ་གང་ཞེ་ན། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱིས་རྣམ་པར་སྤོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་དེ་དག་ཇི་ལྟར་མཐོང་བ་བཞིན་དུ་ཡོངས་སུ་གྲུབ་པ་གང་ཞེ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་ཀྱི་དབང་ཕྱུག་འཁོར་ལོས་སྒྱུར་བའི་ས་ལ་གནས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་མཐོང་ཞིང་དེས་རློམ་སེམས་སུ་མི་བྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་གང་
ཞེ་ན། མི་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་སུ་སྦྱོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པར་ཡོངས་སུ་རྫོགས་པ་གང་ཞེ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་རྣམ་པར་
དག་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ས་བཅུ་བ་ལ་གནས་པ་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོབས་བཅུ་ནས་སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་། བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་གྱུར་པ་དག་
སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ས་བཅུ་བ་ལ་གནས་པ་ནི་དེ་བཞིན་གཤེགས་པ་ཉིད་ཅེས་བྱའོ། །ཆོས་གང་ཡང་མི་དམིགས་མོད་ཀྱི་ཐེག་པ་གསུམ་དུ་རྣམ་པར་བཀོད་པ་ནི་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་
རྒྱ་ཆེར་བསྟན་ཏེ། གསུམ་གང་ཞེ་ན། འདི་ལྟར་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་བཤད་དོ། །ངས་འདི་ནས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་

གི་བྱེ་མ་སྙེད་དག་ན་སེམས་ཅན་ཚད་མེད་གྲངས་མེད་པ། བླ་ན་མེད་པའི་བྱང་ཆུབ་ལ་སྤྱོད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐབས་མཁས་པ་དང་མི་ལྡན་པས་དེ་ལས་གཅིག་གམ་གཉིས་ཤིག་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི་
ཕལ་ཆེར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བར་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བླ་ན་མེད་པའི་བྱང་ཆུབ་ནི་ལེ་ལོ་ཅན་བརྩོན་འགྲུས་མེད་པ་བསམ་པ་ཞན་པ། མོས་པ་དམའ་བ། ཤེས་རབ་འཆལ་པ་རྣམས་ཀྱིས་བསྒྲུབ་
དཀའོ། །ལྷོ་ཕྱོགས་ལ་སོགས་པ་བཅུར་ཡང་དེ་དང་འདྲ་བར་གཟིགས་སོ། །རབ་འབྱོར་སྐྱེས་བུ་གླེན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྐྱོན་གདགས་པར་སེམས་ཤིང་། ཕྱིར་སྤོང་བར་སེམས་པ་དེ་དག་ཀྱང་ཆོས་འདུལ་བ་འདི་ཉིད་ལ་རབ་ཏུ་འབྱུང་བར་འགྱུར་རོ། །
རབ་འབྱོར་དཔེར་ན་ཁྱི་ལ་ལ་ཞིག་ཇོ་བོའི་ཟན་ནར་མ་བོར་ཏེ་ལས་མི་ལས་ཟན་བཙལ་བར་སེམས་པ་དང་འདྲ་བར་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སངས་རྒྱས་ཀྱི་
ཆོས་ཐམས་ཅད་ཀྱི་རྩ་བར་གྱུར་པ་འདི་བོར་ཏེ་ཡལ་ག་དང་ལོ་མ་དང་འདབ་མ་ལྟ་བུའི་མདོ་སྡེ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པ་དག་ལ་བརྟེན་པར་སེམས་པ་འབྱུང་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཁེ་དང་བཀུར་སྟིའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་ཀུན་ཆུབ་པར་བྱ་བའི་སེམས་པ་འབྱུང་སྟེ། དེ་ཡང་བདུད་ཀྱི་ལས་སོ། །
དེ་བཞིན་དུ་གླང་པོ་ཆེ་རྙེད་ལ་རྗེས་བཙལ་བར་སེམས་པ་དང་། རྒྱ་མཚོ་ཆེན་པོ་ལྟ་བར་འདོད་པ་ལ་བ་གླང་གི་རྗེས་བཙལ་བར་སེམས་ལ། དེ་མཐོང་ནས་འདི་དང་རྒྱ་མཚོ་མཉམ་མམ་མི་མཉམ་སྙམ་ན་མཁས་པ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ་མ་ལགས་སོ། །

ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་ཡང་བདུད་ཀྱི་ལས་སུ་འབྱུང་། དེ་བཞིན་དུ་རྣམ་པར་རྒྱལ་བྱེད་ཀྱི་ཁང་པ་བརྩིག་པར་འདོད་ལ་ཚད་ཉི་ཟླའི་གཞལ་མེད་ཁང་ལས་ལེན་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐོང་བར་འདོད་ལ། ཁམས་ཀྱི་རྒྱལ་
ཕྲན་མཐོང་ནས་སྙོམ་པ་དང་ཟས་རོ་བརྒྱ་དང་ལྡན་པ་སྤངས་ནས་དྲུག་ཅུ་པ་ཚོལ་བ་དང་། ནོར་བུ་རིན་ཐང་མེད་པ་རྙེད་ནས་མཆིང་བུ་དང་བསྒྲུན་པར་སེམས་པ་དེ་དག་མི་མཁས་པ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་ཤིང་ཐེག་པ་དམན་པ་དང་ལྡན་པའི་འདོད་པ་ཡང་
བདུད་ཀྱི་ལས་སུ་འབྱུང་། རྣམ་པ་ཐམས་ཅད་མཁྱེན་པའི་སེམས་ཀྱིས་ཡོངས་སུ་མ་བཟུང་ན་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་དག་བར་མ་དོར་ཉེ་ཞོར་འགྱུར་བར་ཤེས་པར་བྱའོ། །རབ་འབྱོར་དེ་དག་ཉེ་ཞོར་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་
ཀྱི་སའོ། །བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དགེ་བའི་བཤེས་གཉེན་ནོ། །ཉན་ཐོས་གང་
ཕ་རོལ་ཏུ་ཕྱིན་པ་དྲུག་བརྗོད་ཅིང་སྟོན་པ་དང་འཆད་ཅིང་འགྲེལ་པ་དང་། རྣམ་པར་འབྱེད་ཅིང་གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །
གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཇི་ལྟ་བུ་ལགས། རབ་འབྱོར་ནམ་མཁའ་ལྟར་ཆགས་པ་མེད་པའི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་ཉིད་མེད་པ་སྟེ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཚན་ཉིད་གང་ཡང་མེད་དོ། །གསོལ་པ། མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆིས་པའི་མཚན་ཉིད་དེས་ཆོས་ཐམས་ཅད་མཆིས་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ། བཀའ་སྩལ་པ།

རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པའི་མཚན་ཉིད་དེ་ཉིད་ཀྱིས་ཆོས་ཐམས་ཅད་ཡོད་དོ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་དབེན་པ་སྟེ། ཆོས་ཐམས་
ཅད་ནི་ཆོས་ཐམས་ཅད་ཀྱིས་དབེན་པའོ། །ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་པའོ། །རབ་འབྱོར་རྣམ་གྲངས་དེས་ནི་འདི་ལྟར་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། དབེན་པའི་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པའི་མཚན་ཉིད་དེས་ཆོས་ཐམས་ཅད་
ཡོད་དོ། །བཀའ་སྩལ་པ། དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་གང་ལ་ཉན་ཐོས་ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པས་བསླབ་པར་བྱ་བ་དང་། གང་ལ་ཇི་ལྟར་བསྟན་པ་བཞིན་དུ་བསླབས་པས་རང་རང་གིས་
ལ་གནས་པར་འགྱུར་བའི་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ཡི་གེ་ཐམས་ཅད་ལ་འཇུག་པའོ། །བཀའ་སྩལ་པ། རབ་འབྱོར་བག་ཆགས་ཀྱིས་མཚམས་སྦྱོར་བ་ནི་ཉོན་མོངས་པ་ཡང་མ་ཡིན་མོད་ཀྱི།
ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ལུས་ཀྱི་རྣམ་པ་དང་། ངག་གི་རྣམ་པ་ཡོད་དོ། །དེ་དག་གི་བག་ཆགས་ཀྱི་མཚམས་སྦྱོར་བ་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཀུན་དང་ཐུན་མོང་དུ་ཡང་གནོད་པར་འགྱུར་བ་ནི་མ་
ཡིན་ཏེ། དེ་བཞིན་གཤེགས་པ་ལ་ནི་དེ་རྣམ་པ་ཐམས་ཅད་དུ་མི་མངའ་ཞིང་མི་དམིགས་སོ། །གསོལ་བ། ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི། བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་
པ་དམ་པ་ཐོབ་པ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཆོས་འདི་དག་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་ལོག་ལས་སྐྱེས་པ་ལས་ཀྱི་རྣམ་པར་སྨིན་པས་བཟུང་བ་ཡིན་ན། ཁྱེད་རྣམས་ཅིའི་ཕྱིར་ཆོས་ཐམས་ཅད་དངོས་པོ་མེད་པ་ལ་

དངོས་པོའི་འདུ་ཤེས་སུ་བྱེད་ཅེས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་སེར་སྣ་ཅན་དག་སེར་སྣ་ལས་རྣམ་པར་བཟློག་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཏེ། སྦྱིན་པ་ཡོངས་
སུ་གཏོང་བ་དེ་ཡང་ལོངས་སྤྱོད་ཆེན་པོའི་རྒྱུར་འགྱུར་རོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་སྟོང་པའི་རྣམ་པ་དང་། དབེན་པའི་རྣམ་པར་སེམས་རྩེ་གཅིག་པའོ། །མཚན་མ་མེད་པ་ནི་ཞི་བའི་རྣམ་པ་དང་མཚན་མ་མེད་པའི་རྣམ་པར་སེམས་རྩེ་གཅིག་པའོ། །སྨོན་པ་མེད་
པ་ནི་མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་གྱི་རྣམ་པར་སེམས་རྩེ་གཅིག་པའོ། །ཇི་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་ཡིན་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་།
དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་དད་པ་མ་ཡིན་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། སྤྲོས་པ་དང་བྲལ་ཞིང་ཞི་བར་ཤེས་པ་དེ་ལྟར་ཤེས་པ་ཡིན་ནོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། དགྲ་བཅོམ་པའི་རྨི་ལམ་གྱི་བློ་འཛིན་པའམ་མི་འཛིན་
བ་གང་ལ་ཡང་སྤྱོད་དམ། གསོལ་པ། དགྲ་བཅོམ་པ་ལ་ཡོད་ཡང་ཉལ་བ་མ་མཆིས་ན། དེ་ནི་རྨི་ལམ་གྱི་བློ་འཛིན་པའམ་མི་འཛིན་པ་ལ་སྤྱོད་པར་འགྱུར་བ་ལྟ་ག་ལ་མཆིས། བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ནི་སྤྲུལ་པ་སྟེ། ལ་ལ་ནི་ཉན་ཐོས་
ཀྱིས་སྤྲུལ་པའོ། །ལ་ལ་ནི་རང་སངས་རྒྱས་ཀྱིས་སྤྲུལ་པའོ། །ལ་ལ་ནི་བྱང་ཆུབ་སེམས་དཔས་སྤྲུལ་པའོ། །ལ་ལ་ནི་དེ་བཞིན་གཤེགས་པས་སྤྲུལ་པའོ། །ལ་ལ་ནི་ཉོན་མོངས་པས་སྤྲུལ་པའོ། །ལ་ལ་ནི་ལས་ཀྱིས་སྤྲུལ་པའོ། །སྐྱེས་བུ་གླེན་པ་དེ་དག་
རྣམ་པ་བཞིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱིར་སྤོང་བར་འགྱུར་རོ། །གསོལ་པ། བཞི་གང་ལགས། བཀའ་སྩལ་པ། སྐྱེས་བུ་གླེན་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤོང་བ་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན་

ཏེ། རབ་འབྱོར་རྒྱུ་དང་པོ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ། །ཆོས་ཟབ་མོ་རྣམས་ལ་ཡིད་ཆེས་པ་དང་། དད་ཅིང་མོས་པ་མེད་པ་ཡིན་ཏེ། རྒྱུ་གཉིས་པ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་
ལ་ཕྱིར་སྤོང་བར་འགྱུར་རོ། །རབ་འབྱོར་སྐྱེས་བུ་གླེན་པ་དེ་དག་ནི་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་ཡིན་ཏེ། བརྩོན་འགྲུས་མེད་ཅིང་ཕུང་པོ་ལྔ་ལ་མངོན་པར་ཞེན་པས། རྒྱུ་གསུམ་པ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཕྱིར་སྤོང་བར་འགྱུར་
རོ། །ཞེ་སྡང་གི་སྤྱོད་པ་ཅན་ཡིན་ཏེ། བདག་བསྟོད་ཅིང་གཞན་སྨོད་པར་གྱུར་པས་རྒྱུ་བཞི་པ་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་ཞེས་འབྱུང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས་བཀའ་སྩལ་
པ། འཇམ་དཔལ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་འཇུག་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དབེན་པར་གནས་བཅའ་བར་བྱ་སྟེ། འདུ་འཛི་མེད་པ་ལ་དགའ་བར་བྱའོ། །མཚན་མ་ཐམས་ཅད་ཡིད་ལ་མི་བྱ་བར་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ། དེར་མི་
དམིགས་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་གཅིག་ཡིད་ལ་བྱའོ། །དེ་བཞིན་གཤེགས་པ་གང་ཡིད་ལ་བྱེད་པ་དེའི་མཚན་ནས་ཀྱང་སྨོས་ཏེ། མཚན་དེ་ཡང་ཐོས་ཏེ་དམིགས་ནས། དེ་བཞིན་གཤེགས་པ་དེ་ག་ལ་བར་བཞུགས་པའི་ཕྱོགས་དེ་མངོན་དུ་བྱས་ནས་འདུག་པར་
བྱའོ། །དེ་བཞིན་གཤེགས་པ་དེ་ཉིད་ཡིད་ལ་བྱས་ན་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཉིད་དེ་ནི་གཅིག་གོ། །དེ་བཞིན་གཤེགས་པ་གཅིག་གི་སངས་རྒྱས་ཀྱི་ཡོན་ཏན་དཔག་
ཏུ་མེད་པ་དང་། སྤོབས་པ་དཔག་ཏུ་མེད་པ་དེ་བཞིན་དུ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ཐོབ་ནས། མི་སྐྱེ་བ་གཅིག་ལས་ཆོས་ཀྱི་རྣམ་གྲངས་ཀྱི་བྱེ་བྲག་དཔག་ཏུ་མེད་པ་གང་དེ་ལ་འབྱུང་བར་རིག་པར་བྱའོ། །གང་ཡང་མ་འོངས་པའི་དུས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ཟབ་མོ་མ་སྐྱེས་པ་མ་བྱུང་བ་ནས་དངོས་པོ་མེད་པའི་བར་འདི་ཐོས་ནས་ཡིད་དགའ་ཞིང་རངས་པར་འགྱུར་བ་དེ་དག་ནི་ངའི་འཁོར་འདི་ཉིད་ན་འདུག་པ་ཡིན་པར་འོད་སྲུངས་ཁྱོད་ཀྱིས་རྟོགས་པར་གྱིས་ཤིག །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་
འདས་གང་ཅི་ལ་ཡང་མི་གནས་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །གཞན་ཡང་བཅོམ་ལྡན་འདས་གང་ཆོས་ཅི་ལ་ཡང་མི་སེམས་ཤིང་རྣམ་པར་མི་སེམས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བལྟའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་
གྱིས་རྣམ་པར་གནོན་པས་ཞུས་པ་ལས་བཀའ་སྩལ་པ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་བྱུང་བས་སྨིག་རྒྱུ་དང་འདྲའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདུ་བ་ཞེས་བྱ་བ་ནི་རྟག་པའོ། །འབྲལ་བ་ཞེས་བྱ་བ་
ནི་ཆད་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་བྱུང་བ་སྟེ། ཕྱིན་ཅི་ལོག་དེ་ལ་ཡང་འདུ་བ་དང་། འབྲལ་བ་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཕྱིན་ཅི་ལོག་གི་དངོས་
པོ་དམིགས་སུ་མེད་དེ། དེའི་འབྱུང་བ་ཡང་མི་དམིགས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཕྱིན་ཅི་ལོག་ནི་མེད་པ། ཡང་དག་པ་མ་ཡིན་པར་བརྫུན་པ་སླུ་བ་གསོག་གི་ཆོས་ཅན་ཏེ། དེ་ལ་ཆོས་གང་ཡང་མི་དམིགས་པས་དེ་ནི་ཕྱིན་ཅི་ལོག་ཅེས་བྱའོ། །
ཕྱིན་ཅི་ལོག་ཅེས་བྱ་བ་འདི་ནི་སེམས་ཅན་རྣམས་ལ་སླུ་བའོ། །འདི་ནི་སེམས་ཅན་རྣམས་ཀྱི་ཡང་དག་པ་མ་ཡིན་པ་ལ་ཡོངས་སུ་རྟོག་པའོ། །ཤཱ་རིའི་བུ་ཆོས་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོས་ཇི་ལྟར་མངོན་པར་ཆགས་པར་བྱ་བ་དེ་ལྟ་བུའི་རྣམ་པར་རྟོག་པ་ཡོད་པ་
མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཆོས་འདི་དག་རྣམ་པ་གང་གིས་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་མེད་པ་དེ་ལྟར་ཡོད་དེ། དེ་ལྟར་ཡོད་པ་མ་ཡིན་པས། དེའི་ཕྱིར་མེད་ཅེས་བྱའོ། །གསོལ་པ། ཅིའི་

སླད་དུ་མ་མཆིས་པ་མ་ལགས་པ་ལ་མཆིས་ཞེས་བགྱི། བཀའ་སྩལ་པ། གཟུགས་སྟོང་པ་བཅོ་བརྒྱད་ཀྱི་ཕྱིར་ཡོད་པ་མ་ཡིན་པ་ཞེས་བྱའོ། །དེ་བཞིན་དུ་བསྒྲེའོ། །དེ་ནས་གནས་བརྟན་རབ་འབྱོར་འདི་སྙམ་དུ་གྱུར་ཏེ། འདི་ལྟར་ལྷ་རྣམས་ཀྱིས་མངོན་
པར་གཏོར་བའི་མེ་ཏོག་འདི་རྣམས་ནི་བདག་གིས་སྔོན་ཆད་ལྷའི་གནས་ཐམས་ཅད་ན་ཡང་ཡོད་པར་མ་མཐོང་སྟེ། མེ་ཏོག་འདི་དག་ནི་སྤྲུལ་པའོ། །འདི་ལྟར་ལྷའི་བུ་རྣམས་ཀྱིས་མངོན་པར་གཏོར་བའི་མེ་ཏོག་འདི་རྣམས་ནི་ལྡུམ་བུ་ལས་སྐྱེས་པ་མ་ཡིན། ཆུ་ལས་སྐྱེས་པ་
མ་ཡིན། ཐང་ལས་སྐྱེས་པ་མ་ཡིན་ནོ། །འདི་ལྟར་མེ་ཏོག་འདི་དག་ནི་ཡིད་ལས་བྱུང་བ་སྟེ། མེ་ཏོག་འདི་དག་ནི་ལྡུམ་བུ་ལས་བྱུང་བ་མ་ཡིན་ནོ་སྙམ་མོ། །ཀཽ་ཤི་ཀས་གསོལ་པ། བཅོམ་ལྡན་འདས་གཉིས་པོ་འདི་དག་ནི་ཆོས་ཉིད་དེ་གང་ལགས་ཤེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་
ཀྱི་ཆོས་ཉིད་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་དོ། །དེ་ལ་འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་གང་ལགས་ཤེ་ན། ནང་སྟོང་པ་ཉིད་ཀྱི་ཡེ་ཤེས་ནས་འཇིག་རྟེན་པའི་ཆོས་རྣམས་ཀྱི་ཡེ་ཤེས་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་ཡེ་ཤེས་ཀྱི་བར་ལགས་སོ། །
དེ་ལ་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་གང་ལགས་ཤེ་ན། དེ་ནི་གང་ལ་སྐྱེ་བམ་མཆིས་པ་དང་། འགག་པ་དང་། གནས་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཕེལ་བ་དང་། འགྲིབ་པ་མ་མཆིས་པ་སྟེ། དེ་
ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའི་རྨི་ལམ་ན་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དང་། བསམ་གཏན་ལ་སྙོམས་པར་འཇུག་པ་དང་། བརྩོན་འགྲུས་རྩོམ་པ་དང་།
བཟོད་པ་སྒྲུབ་པ་དང་། ཚུལ་ཁྲིམས་སྲུང་བ་དང་། སྦྱིན་པ་སྦྱིན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསྙེན་པར་རིག་པར་བགྱི་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དངོས་སུ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་སོགས་པ་བསྙེན་པ་ལྟ་སྨོས་ཀྱང་ཅི་འཚལ། སྟུག་པོ་བཀོད་པ་ལས། ལུས་ཅན་རྣམས་ཀྱི་ལུས་ཀྱི་ཡུལ། །སྟུག་ན་གནས་ལ་སྟུག་ན་མེད། །ཞིང་དེ་དྲི་མེད་བསོད་ནམས་ཏེ། །སྟུག་པོ་སྙིང་པོ་ཤིན་ཏུ་མཛེས། །དེ་བཞིན་ཐར་པ་ཐར་ཤེས་
ལ། །ཞིང་གི་ནང་ན་ཞིང་གི་མཆོག །སངས་རྒྱས་རྣམས་ཀྱི་ཞིང་རབ་སྟེ། །སྟུག་པོ་དེ་ནི་ཡུལ་དུ་བརྟག །མངའ་རྣམས་བཅུ་པོ་དེ་དག་དང་། །སྟོབས་དང་མངོན་མཁྱེན་ཏིང་ངེ་འཛིན། །ཡིད་ཀྱི་རྒྱུ་ལས་བྱུང་བའི་སྐུས། །སངས་རྒྱས་དེ་ནི་རྣམ་པར་མཛེས། །སྟུག་པོ་ཐར་
མཆོག་ཡེ་ཤེས་ཏེ། །ཆོས་ཀྱི་དབྱིངས་དང་རྫུ་འཕྲུལ་ཡང་། །སྟུག་སྟེ་རྣལ་འབྱོར་ཅན་གྱི་གནས། །མུན་པའི་རྒྱ་ལས་རབ་འདས་ནས། །སྟུག་པོའི་ཞིང་ནི་རྣམ་པར་མཛེས། །ཕྱོགས་འདི་བཀའ་ལས་གྲུབ་པ་སྟེ། །རྒྱུ་ཅན་རྣམས་ཀྱི་སྤྱོད་ཡུལ་མིན། །རྡུལ་ཕྲན་རྣམ་པར་གཞིག་
པ་དང་། །རྡུལ་གྱི་དངོས་པོ་མི་གནས་ཏེ། །རང་བཞིན་ཀུན་གྱི་མཆོག་ཡིན་པས། །རྡུལ་ཕྲན་མཆོག་ཅེས་དེ་ཕྱིར་བརྗོད། །དབང་གི་ཡོན་ཏན་བརྒྱད་པོ་རྣམས། །ཕྲ་སོགས་ཆེ་བའི་ཡོན་ཏན་དང་། །འཐོབ་དང་འདོད་འབྱོར་བསྒྲགས་པ་དང་། །བདག་པོ་དབང་དང་ལྡན་པ་དང་། །
ཇི་ལྟར་འདོད་པར་རུང་བ་རྣམས། །ཐོབ་ནས་སྟུག་པོའི་དབུས་ཡུལ་ན། །རྣམ་པར་གནས་ཤིང་རབ་ཏུ་རྩེ། །དེ་ལྟར་ཀུན་གཞི་རྣམ་ཤེས་ཀྱང་། །རྟག་ཏུ་བག་ཆགས་ལྡན་གྱུར་པ། །རྣམ་པར་ཤེས་པ་རྣམ་བདུན་པོ། །འགྲོགས་ཀྱང་འདྲེ་བ་མེད་པ་སྟེ། །ལྷ་དང་ལྷ་མིན་
འབར་བ་དང་། །ལམ་རྒྱུད་ཀུན་ཀྱང་དེ་ཡི་དབང་། །སངས་རྒྱས་ཀུན་གྱི་ཞིང་མཛེས་པའང་། །དེ་ཉིད་རྒྱུར་ནི་གྱུར་བ་སྟེ། །ཚེ་དང་དྲོད་དང་རྣམ་ཤེས་འདིས། །གང་ཚེ་ལུས་འདི་བོར་གྱུར་པ། །དེ་ཚེ་ལུས་འདི་བོར་བ་སྟེ། །ཤེས་བཞིན་ཚོར་བ་མེད་པའོ། །དེ་ནི་ཀུན་གཞི་རྣམ་ཤེས་ཏེ། །
ཡིད་ནི་དྲོ་བར་རབ་ཏུ་བརྟགས། །ཡིད་ཀྱི་རྣམ་ཤེས་དེ་ན་སྟེ། །ལྷག་མ་དབང་པོ་ལྔར་ཡང་གནས། །ཡིད་ཆེས་ལུང་དང་མི་ལྡན་པར། །ཆོས་རྣམས་སྟོན་པར་བྱེད་པ་ནི། །མཚན་ཉིད་རྣམ་པར་རྟོག་པ་ཡིས། །བདག་ཀྱང་ཆུད་གཟོན་གཞན་ཆུད་གཟོན། །འཇིག་རྟེན་རྡུལ་ཕྲན་

བསགས་པ་མིན། །ཕྱོགས་དང་གནས་སུ་མི་འགྲོའོ། །དེ་དག་སོར་གཉིས་སོར་གསུམ་དུ། །ཅི་ཡང་རྩོམ་པར་མི་བྱེད་དོ། །ལྷ་ཡུལ་གནས་ནས་གནས་པ་ལ། །སྣ་ཚོགས་སར་ཡང་དེ་བཞིན་རྟོགས། །ཕུང་པོ་གང་ཟག་བདག་མེད་པར། །རབ་ཏུ་རྣམ་ཕྱེ་མཐོང་གྱུར་
ཅིང་། །ཆོས་ཀྱི་དངོས་པོ་ཡོང་མ་ཤིག །ཉན་ཐོས་དེ་དག་མངོན་རྟོགས་འགྱུར། །ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། །སངས་རྒྱས་རྗེས་སུ་དྲན་པ། འདི་ལྟར་བཅོམ་ལྡན་འདས་དེ་ནི་ཞེས་བྱ་བ་ལ་སོགས་པ་འབྱུང་། སྟོན་པ་བདེ་བར་གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་ནི་བྱེ་བྲག་
ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །འཇིག་རྟེན་དག་ན་ཏིང་འཛིན་སྒོམ་བྱེད་ཀྱང་། །དེ་ནི་བདག་ཏུ་འདུ་ཤེས་འཇིག་མི་བྱེད། །དེ་ཡི་ཉོན་མོངས་ཕྱིར་ཡང་རབ་ཏུ་འབྱུང་། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་འདིར་བསྒོམ་བཞིན། །
མཁས་པ་བྱིས་པ་དག་དང་རྩོད་མི་བྱེད། །བྱིས་པ་དག་ནི་རི་མོར་བྱས་ནས་སྤོང་། །ཞེ་སྡང་སེམས་ཀྱིས་བདག་གི་དྲུང་འོང་ཞེས། །བྱིས་པ་ཆོས་ལ་སྟེན་པར་ཡོངས་མི་བྱེད། །བྱིས་པ་དག་གི་རང་བཞིན་རྒྱུད་རིག་ནས། །མཁས་པ་བྱིས་པ་དག་དང་མི་འགྲོགས་ཏེ། །ཇི་སྲིད་དུ་ནི་བྱིས་པ་
ལེགས་བསྙེན་ཀྱང་། །དེ་དག་ཕྱིར་ཡང་དགྲ་དང་འདྲ་བར་འགྱུར། །བྱིས་པ་དང་ནི་བྱིས་པ་མཐུན་འབྱོར་བ། །ཇི་ལྟར་མི་གཙང་བ་དང་མི་གཙང་བཞིན། །མཁས་པ་དང་ནི་མཁས་པའི་སྐྱེ་བོ་དང་། །མཐུན་ཞིང་འབྱོར་པ་མར་དང་སྙིང་ཁུ་བཞིན། །བྱིས་པ་ལ་ནི་གང་ཕན་སྙིང་བརྩེ་བ། །དེ་
ལ་གནོད་པ་བྱུང་བ་བྱིས་པ་དགའ། །དེ་ལྟའི་ཉེས་ཕྱིར་བྱིས་པ་རྣམས་སྤངས་ཏེ། །རི་དགས་བཞིན་དུ་གཅིག་པུ་དགོན་པར་གནས། །མཁས་པ་འདི་འདྲའི་ཉེས་པ་རིག་ནས་ནི། །ཤེས་རབ་དམན་བསྟེན་བདག་གི་མཐོ་རིས་ཉམས། །བྱང་ཆུབ་འཐོབ་པར་ག་ལ་འགྱུར་སྙམ་སྟེ། །
བྱིས་པ་རྣམས་དང་ནམ་ཡང་ཡངས་མི་བསྟེན། །བླ་མེད་མི་འཇིགས་སྦྱིན་པ་ཁྱོད་ལ་ཕྱག་འཚལ་ལོ། །གཞན་ཕན་སེམས་ཅན་གཉེན་བརྩེ་ཁྱོད་ལ་ཕྱག་འཚལ་ལོ། །སྟོབས་བཅུ་བདེན་པའི་རྩལ་མངའ་ཁྱོད་ལ་ཕྱག་འཚལ་ལོ། །བདེ་གཤེགས་མི་མཉམ་མཉམ་པ་ཁྱོད་ལ་ཕྱག་འཚལ་

ལོ། །མགོན་པོ་ཤིན་ཏུ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །དཔའ་བོ་དགྲ་བཞི་རྣམ་པར་བཏུལ་ལ་ཕྱག་འཚལ་ལོ། །རྩོད་པ་དམ་པའི་དོན་རྣམས་མཁྱེན་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྐུ་མཆོག་མངའ་པའི་ལྷ་ལ་ཕྱག་འཚལ་ལོ། །སྙིང་རྗེ་བྱམས་འོད་རྒྱལ་བའི་ཉི་མ་མུན་སེལ་བ། །
ཤེས་རབ་ཤིན་ཏུ་ཡངས་པ་ནམ་མཁའི་དཀྱིལ་དུ་ཤར། །དོན་དམ་ཤིན་ཏུ་ཟབ་པའི་ཆོས་རྣམས་སྟོན་མཛད་པ། །ལྷ་ཁྱོད་ལ་ནི་རྟག་ཏུ་བདག་ཀྱང་སྐྱབས་སུ་མཆི། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་འགྱུར། །འདི་ན་སྣོད་མིན་སེམས་ཅན་འགའ་ཡང་མེད། །བདེ་གཤེགས་ཡོན་ཏན་
དེ་དག་དཔག་མེད་དེ། །མི་མཆོག་ཡོན་ཏན་རབ་ཀྱི་ཕ་རོལ་ཕྱིན། །ཡོན་ཏན་ཁྱད་པར་ཀུན་གྱི་ཕ་རོལ་སོན། །སངས་རྒྱས་བསོད་ནམས་ཞིང་ལ་མགོས་ཕྱག་འཚལ། །ཟླ་འོད་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་འཁོར་དང་བཅས་པ་བཞུགས་པར་རིག་ནས། མཆོད་ཡོན་ཆེན་
པོ་རིམ་གྱིས་གསོལ་ཏེ། ཞལ་ཟས་གསོལ་ཞིང་བདར་ཏོ། །འདི་ལྟར་བྱང་ཆུབ་སེམས་དཔའ་དག །བག་ཆགས་རབ་ཏུ་སྤངས་གྱུར་པ། །དེ་དག་གཟུགས་ཀྱིས་མི་འཕྲོགས་ཏེ། །སངས་རྒྱས་རིགས་ལ་དེ་དག་གནས། །བཀའ་སྩལ་པ། ཟླ་འོད་གཞོན་ནུར་གྱུར་པ་འདི་ཉིད་ཀྱིས། །
སྔོན་ཡང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འདིར། །སངས་རྒྱས་དག་ཀྱང་བྱེ་བ་ཕྲག་སྟོང་མཐོང་། །སྐུ་ནི་བྱང་ཆུབ་མཚན་ཉིད་དེ། །སངས་རྒྱས་ཞིང་ཡང་དེ་འདྲ་ཞིང་། །སྟོབས་དང་རྣམ་ཐར་བསམ་གཏན་ཡང་། །དེ་དག་ཐམས་ཅད་མཚན་ཉིད་གཅིག །དེ་ལྟར་སངས་རྒྱས་འབྱུང་འགྱུར་
ཏེ། །འཇིག་རྟེན་མགོན་པོ་དེ་འདྲ་བས། །སུས་ཀྱང་ཤ་ཡི་མིག་གིས་ནི། །ནམ་ཡང་མཐོང་བར་མི་ནུས་སོ། །དཔའ་བོ་ཆེན་པོ་ཆོས་ཀྱི་སྐུ། །སྐུ་ནི་ཆོས་ལས་བྱུང་བ་སྟེ། །གཟུགས་ཀྱི་སྐུ་ནི་ནམ་དུ་ཡང་། །སངས་རྒྱས་གདགས་པར་ནུས་མ་ཡིན། །སངས་རྒྱས་ཀྱི་ནི་
སྐུ་མཐོང་ནས། །འདྲེན་པ་མཐོང་ཞེས་སྨྲ་མོད་ཀྱི། །ང་ནི་གཟུགས་ཀྱི་སྐུ་ལུས་སུ། །སུས་ཀྱང་བལྟ་བར་མི་ནུས་སོ། །གང་གིས་འཁྲུལ་པ་ཅི་མཐོང་ཡང་། །དེ་དག་གི་ནི་ཉེས་མི་བརྗོད། །ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་འཐོབ་པར་འགྱུར། །དགོན་

པ་ལ་གནས་པ་ལྷུར་ལེན་པའི་ཕན་ཡོན་ནི་བཅུ་སྟེ། བྱ་བ་ཉུང་བར་གནས་པ་དང་། འདུ་བ་རིང་བ་བས་ཀྱང་རིང་དུ་སྤོང་བ་དང་། དེ་ལ་རྩོད་པ་མེད་པར་འགྱུར་བ་དང་། གནོད་པ་མེད་པར་གནས་པ་དང་། ཟག་པ་འཕེལ་བར་མི་བྱེད་པ་དང་། རྩོད་པའི་གཞིར་
མི་བྱེད་པ་དང་། ཤིན་ཏུ་ཞི་བར་སྤྱོད་པ་དང་། ཤིན་ཏུ་བསྡམས་པར་གནས་པ་དང་། སེམས་ཐར་པ་དང་མཐུན་པའི་རྒྱུན་དུ་འགྱུར་བ་དང་། མྱུར་དུ་རྣམ་པར་གྲོལ་བ་མངོན་དུ་བྱེད་པའོ། །ལྷའི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་སྤངས་ཏེ་རབ་ཏུ་འབྱུང་ངོ་ཞེས་གཞོན་ནུ་ཁྱོད་ཀྱིས་དེ་
ལྟར་བསླབ་པར་བྱའོ། །རབ་ཏུ་བྱུང་ནས་ཀྱང་སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་ལ་གནས་ཤིང་། བདེན་པར་གནས་པ་དང་། བཟོད་པ་དང་དེས་པ་ཕུན་སུམ་ཚོགས་པར་བྱའོ། །སྔོན་སངས་རྒྱས་གཟི་བརྗིད་ཚོགས་རྒྱལ་གྱིས་ཆོས་བཤད་ནས། རྒྱལ་པོ་བརྟན་
བྱིན་རབ་ཏུ་བྱུང་ངོ་། །དེ་ནས་འཛམ་བུའི་གླིང་གི་མི་རིམ་གྱིས་རབ་ཏུ་བྱུང་བ་དང་། སངས་རྒྱས་ཀྱི་མཐུས་འབྲས་མ་རྨོས་མ་བཏབ་པར་འཁྲུང་བ་དང་། ཆོས་གོས་ཀྱང་རང་བྱུང་། གཡོག་ཀྱང་ལྷ་རྣམས་ཀྱིས་བྱས་སོ། །འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་
པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཚིག་གཅིག་རྣམ་པར་བསྒོམས་ན་ནི། །དེ་དག་ཐམས་ཅད་བསྒོམ་པར་འགྱུར། །སངས་རྒྱས་ཇི་སྙེད་ཐམས་ཅད་ཀྱིས། །ཆོས་རྣམས་མང་པོ་རབ་བཤད་པ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །
ཆོས་ཀྱི་རང་བཞིན་ཤེས་པས་ན། །དེ་ཕྱིར་སངས་རྒྱས་ཞེས་བྱ་སྟེ། །སེམས་ཅན་བསམ་གྱིས་མི་ཁྱབ་ཅིང་། །དཔག་ཏུ་མེད་པ་བྱང་ཆུབ་འདུལ། །ཆོས་རྣམས་མིག་ཡོར་ལྟ་བུ་ཡང་། །གང་གིས་ངོ་བོ་ཉིད་ཤེས་པ། །དེ་དག་གཟུགས་ཀྱི་ལུས་སུ་ནི། །སངས་རྒྱས་སྐུ་ལ་མི་ལྟའོ། །ཆོས་
འདི་ལུས་གཟུགས་མེད་པ་སྟེ། །འདི་ལ་ལུས་གཟུགས་གང་ཡང་མེད། །ཆོས་འགའ་ལུས་གཟུགས་མེད་པ་ནི། །དེ་ནི་སངས་རྒྱས་སྐུ་ལུས་སོ། །གང་དག་ཆོས་ཀྱི་སྐུར་ལྟ་བ། །དེ་དག་གིས་ནི་འདྲེན་པ་མཐོང་། །རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ། །དེ་ནི་རྫོགས་པའི་སངས་རྒྱས་

མཐོང་། །འཁོར་བ་དག་ནི་འཕེལ་བྱེད་ཅིང་། །སོ་སོའི་སྐྱེ་བོ་དེ་དག་འཁོར། །སོ་སོ་ཐ་དད་འགྲོ་བས་ན། །སོ་སོའི་སྐྱེ་བོར་བརྗོད་པ་ཡིན། །འདུ་ཤེས་འདི་ནི་སྤང་སྙམ་དུ། །གང་གི་འདུ་ཤེས་འབྱུང་བ་ནི། །འདུ་ཤེས་སྤྲོས་ལ་སྤྱོད་པ་སྟེ། །འདུ་ཤེས་ལས་ནི་དེ་མི་ཐར། །སུ་ཡིས་འདུ་ཤེས་
འདི་དག་འབྱུང་། །སུ་ཡིས་འདུ་ཤེས་འདི་བསྐྱེད་བྱས། །སུས་ནི་འདུ་ཤེས་རེག་པར་བྱས། །སུས་ནི་འདུ་ཤེས་འགག་པར་འགྱུར། །གང་གི་འདུ་ཤེས་འབྱུང་བ་ནི། །སངས་རྒྱས་ཀྱིས་ཀྱང་ཆོས་མ་བརྙེས། །འདིར་ནི་དོན་དེ་བསམ་པར་གྱིས། །དེ་བས་འདུ་ཤེས་མེད་པར་འགྱུར། །
བསམ་པའི་ས་ལ་གནས་ནས་ནི། །མཐར་གྱིས་རྣམ་པར་བསམ་བྱ་སྟེ། །བསམ་པ་ཐམས་ཅད་རྣམ་སྤངས་ན། །དེ་ནས་བསམ་དུ་མེད་པར་འགྱུར། །འདི་ནི་དཀར་ཆོས་རྣམ་སྨིན་ཏེ། །འདུ་བྱེད་མེད་པས་མཐོང་བར་འགྱུར། །སེམས་ཅན་ཀུན་གྱིས་རྣམ་བསམ་པ། །སྐད་ཅིག་གཅིག་ལ་རབ་ཏུ་
ཤེས། །སངས་རྒྱས་ཞིང་འདི་ཐམས་ཅད་ཀྱང་། །རིན་ཆེན་ཤིང་གིས་ལེགས་བརྒྱན་ཏེ། །ཡན་ལག་བརྒྱད་ལྡན་ཆུས་གང་ལ། །རྫིང་བུ་དག་ནི་རྣམ་པར་སྤྲུལ། །རྫིང་བུའི་འགྲམ་ན་གནས་པ་རྣམས། །དེ་དག་དེ་ལས་ཆུ་འཐུངས་ནས། །ཐམས་ཅད་སྲེད་པ་བསལ་ནས་ནི། །འཇིག་
རྟེན་གྱི་ཡང་མཆོད་རྟེན་འབྱུང་། །དེ་བཞིན་དུ་པདྨ་ལ་སོགས་པ་སྤྲུལ་ནས། དེའི་དྲི་ཚོར་བ་དང་དེ་ལས་སྒྲ་གྲག་པ་མཉན་པས་ཀྱང་དུག་གསུམ་སྤོང་བ་ལ་སོགས་པའི་ཡོན་ཏན་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་བདེ་བྱིན་གྱིས་དེ་བཞིན་གཤེགས་པ་དབྱངས་བྱིན་ལ་མཆོད་པར་ལག་པ་གཡས་པ་
རས་བཅོས་བུས་དཀྲིས་ཏེ། མར་མེ་བཏང་ནས་ཏིང་ངེ་འཛིན་རྒྱལ་པོའི་མདོ་ཡང་སྐད་ཆེ་ཞིང་འཇམ་པས་བསྒྲགས་པ་དང་། ས་ཡང་གཡོས། ལྷ་རྣམས་ཀྱང་དད་པ་སྐྱེས་ནས་མཆོད་པ་བྱེད་དོ། །དེ་ནས་ལྷ་ཕལ་མོ་ཆེས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་སེམས་ཅན་གྱི་དོན་མང་དུ་བྱས་པར་
འབྱུང་། ཆོས་དང་ཟང་ཟིང་སྦྱིན་པ་ནི་བསྔོ་བ་བཞིན་བྱས་ཏེ། ཐབས་མཁས་པ་གང་གིས་དེ་བཞིན་གཤེགས་པ་རྣམས་མངོན་པར་སངས་རྒྱས་པའི་ཐབས་དེ་ཐོབ་པ་དང་། བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་པ་སྟོན་པར་འགྱུར་བའི་དགེ་བའི་བཤེས་གཉེན་དང་ཕྲད་པ་དང་། ལོངས་སྤྱོད་གང་གིས་སེམས་ཅན་

ཐམས་ཅད་འཚོ་བར་འགྱུར་བའི་ལོངས་སྤྱོད་དེ་དག་དང་ཕྲད་པ་དང་། བདག་གི་ལུས་གང་གིས་སེམས་ཅན་ཐམས་ཅད་ལ་ཆོས་དང་ཟང་ཟིང་གིས་ཕན་འདོགས་པ་འཐོབ་པར་འགྱུར་བའི་ལུས་འཛིན་པར་བསྔོ་བའོ། །གཅིག་ལ་གཅིག་ཀྱང་གནོད་སེམས་བྱས་
ནས་ནི། །དེ་ལ་ཚུལ་ཁྲིམས་ཐོས་པས་སྐྱོབ་མི་ནུས། །བསམ་གཏན་མི་སྐྱོབ་དགོན་གནས་སྐྱོབ་མི་ནུས། །སྦྱིན་པས་མི་སྐྱོབ་སངས་རྒྱས་མཆོད་པས་མིན། །སྐྱེས་བུ་ཆུ་མཆོག་གིས་ནི་དམ་པའི་ཆོས། །འཇིག་པར་འགྱུར་ཚེ་གང་དག་བཏང་སྙོམས་སྒོམ། །དེ་ཡིས་རྒྱལ་བ་
བཀུར་སྟི་བྱས་མ་ཡིན། །འདྲེན་པ་དག་ལ་རི་མོར་དེས་མ་བྱས། །རྒྱལ་པོ་དཔའ་བས་བྱིན་གྱིས་དགེ་སློང་མེ་ཏོག་ཟླ་མཛེས་བསད། །ཉན་ཐོས་སར་ནི་ནམ་ཡང་མ་སློབ་ཅིག །དེ་ཡི་སྤྱོད་ལའང་དགའ་བར་མ་བྱེད་ཅིག །སངས་རྒྱས་ཡོན་ཏན་དག་ལས་སེམས་མ་
བཏང་། །མྱུར་དུ་སངས་རྒྱས་རྒྱལ་པོའི་དབང་པོར་འགྱུར། །མི་གཙང་བས་ནི་རྟག་ཏུ་འདོད་ཆགས་ཚར་གཅད་དོ། །བྱམས་པ་ཡིས་ཀྱང་ཞེ་སྡང་ཁོར་མོར་མ་ལུས་བཅོམ། །ཤེས་རབ་ཀྱིས་ནི་གཏི་མུག་ཉོན་མོངས་དྲ་བ་བསལ། །ཏིང་འཛིན་ཐོབ་པ་འཇིག་རྟེན་
ཀུན་ན་རབ་ཏུ་མཛེས། །རྫུ་འཕྲུལ་གང་ཞེ་ན། གང་འགྲུབ་པ་དང་སྨོན་པ་དང་འབྱོར་པ་ཡོངས་སུ་རྫོགས་པ་འདི་ནི་རྫུ་འཕྲུལ་ཞེས་བྱ་བའོ། །དེ་ལ་ཐོས་པ་ཡོངས་སུ་ཚོལ་བ་གང་ཞེ་ན། ཉན་ཐོས་ཀྱི་སྡེ་སྣོད་དང་རང་སངས་རྒྱས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་
དཔའི་སྡེ་སྣོད་ཀུན་འཛིན་ཅིང་སྒོམ་པའོ། །སྦྱངས་པ་མཐོང་བ་གང་ཞེ་ན། ཡི་དམ་ལ་བརྟེན་པའོ། །ཁྲེལ་ཡོད་པ་གང་ཞེ་ན། མུར་ཅོར་མི་སྨྲ་བའོ། །སྐྱེས་བུ་དམ་པ་དང་བསྟེན་པ་གང་ཞེ་ན། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ལ་
བརྟེན་པའོ། །སྐྱེས་བུ་དམ་པ་མ་ཡིན་པ་རྣམ་པར་སྤོང་བ་གང་ཞེ་ན། དམིགས་པ་ཅན་དང་། ལེ་ལོ་ཅན་རྣམས་སྤོང་བའོ། །རྙེད་པ་མེད་ཀྱང་སེམས་མི་འགོང་བ་གང་ཞེ་ན། བདག་གིས་བྱས་པ་ལ་སོ་སོར་རྟོག་པའོ། །ཁྱིམ་པ་དང་མི་བསྟེན་པ་གང་ཞེ་ན། ཟང་ཟིང་ཅི་ཡང་

རྣམ་པར་སྤོང་བའོ། །རབ་ཏུ་བྱུང་བ་ལ་བརྟེན་པ་གང་ཞེ་ན། མི་རིགས་པ་སྤོང་བ་དང་། རིགས་པ་ཚོལ་བའོ། །དེ་ལ་རྣལ་འབྱོར་སྤྱོད་པའི་ས་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་པའོ། །སངས་རྒྱས་ཆོས་ནི་རྒྱ་ཆེ་སྟེ། །ཚུལ་ཡང་རྒྱ་ཆེན་
བསྟན་པ་ཡིན། །ཆོས་རྣམས་རྒྱ་ཆེར་བསྟན་པས་ན། །ཡོན་ཏན་རྒྱ་ཆེར་ཐོབ་པར་འགྱུར། །ཇི་ལྟར་ནམ་མཁའ་རྒྱ་ཆེ་བ། །ཆོས་ཀྱི་མཚན་ཉིད་དེ་བཞིན་ཏེ། །རིན་ཆེན་འོད་ཟེར་རྒྱ་ཆེ་གང་། །དེ་ཕྱིར་ཤིན་ཏུ་རྒྱས་ཤེས་བྱ། །སེམས་ཅན་སྤྱོད་པ་རྒྱ་ཆེ་སྟེ།
དེ་དག་བསྟན་པའམ་རྒྱ་ཆེའོ། །ལུང་གི་དོན་ཡང་རྒྱ་ཆེ་བས། །དེ་ཕྱིར་ཤིན་ཏུ་རྒྱས་ཤེས་བྱ། །ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། སུམ་ཅུ་རྩ་གསུམ་པའི་ལྷའི་རྒྱལ་པོ་བརྒྱ་བྱིན། འཐབ་བྲལ་གྱི་རབ་འཐབ་བྲལ། དགའ་ལྡན་གྱི་ཡོངས་སུ་དགའ་ལྡན། འཕྲུལ་དགའི་རབ་འཕྲུལ་དགའ།
གཞན་འཕྲུལ་དབང་བྱེད་ཀྱི་དབང་བྱེད། བདུད་ཀྱི་རིས་ཀྱི་ལྷའི་རྒྱལ་པོ་དེད་དཔོན། ཚངས་པའི་མདུན་ན་འདོན་ནི་མདུན་གྱི་རབ་ཚངས་པ། ཚངས་རིས་ཀྱི་མི་མཇེད་ཀྱི་བདག་པོ། འོད་གསལ་གྱི་འོད་གསལ། དགེ་རྒྱས་ཀྱི་དགེ་རྒྱས། འབྲས་བུ་ཆེ་བའི་འབྲས་བུ་ཆེ། གནས་གཙང་མའི་
དབང་ཕྱུག་ཆེན་པོ། །འོག་མིན་གྱི་དྲི་མེད། སངས་རྒྱས་ཀྱི་ཆོས་མཉན་འདོད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་འདོད་པ་མ་ཡིན་ན། ཆོས་འདོད་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ཀྱི་གཏམ་ལ་དགའི། ཐེག་པ་དམན་པའི་གཏམ་ལ་མ་ཡིན་ནོ། །ཆོས་ཀྱི་ཀུན་དགའ་
ལ་དགའ་བས་གནས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་དོན་གྱི་དབང་ལྔ་མཐོང་བའི་ཕྱིར་ཐོས་པ་ཚོལ་བས་ཆོག་མི་ཤེས་ཏེ། ལྔ་ནི་ཐོས་པ་ལས་ཤེས་རབ་འབྱུང་བ་དང་། འགྱོད་པ་དང་ཐེ་ཚོམ་མེད་པར་འགྱུར་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྟོགས་པར་
འགྱུར་བ་དང་། སེམས་ཅན་གྱི་ཉོན་མོངས་པ་སྤོང་བ་དང་། མི་འཇིགས་པས་སེམས་ཅན་གྱི་ཐེ་ཚོམ་གཅོད་པའོ། །ཡང་གཉིས་ཀྱི་ཕྱིར་ཏེ། ཡང་དག་པའི་ལྟ་བ་བསྐྱེད་པ་དང་། ཆགས་པ་མེད་པའི་གཟུངས་འཐོབ་པའོ། །བྱང་ཆུབ་སེམས་དཔའ་ཕན་ཡོན་ལྔ་མཐོང་ནས་

རབ་ཏུ་འབྱུང་བ་ལ་མོས་པར་འགྱུར་ཏེ། ལྔ་ནི་བདག་གིས་ལས་བྱས་པ་ཆུད་མི་ཟ་བ་དང་། བདག་གིས་ལས་བྱས་པ་བག་ཆགས་ཀྱིས་བསྒོས་པ་དང་། ཡོངས་སུ་འཛིན་པ་ཐམས་ཅད་ལས་སེམས་གཏང་བ་དང་། སངས་རྒྱས་ཀྱིས་མི་སྨད་པ་དང་། བདག་
གྲོལ་ནས་གཞན་གྲོལ་བར་བྱ་བའི་ཕྱིར་ཆོས་སྟོན་པར་འགྱུར་བའོ། །བྱང་ཆུབ་སེམས་དཔའ་མི་ཕྱེད་པའི་དད་པ་རབ་ཏུ་ཐོབ་ནས་ཕྱིན་ཅི་ལོག་ལས་བྱུང་བར་མཐོང་བ་དང་། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རབ་ཏུ་ཤེས་ན་ཆོས་ཟབ་མོའི་ཚུལ་ལ་གནས་པ་ཡིན་ནོ། །ཆོས་གཉིས་
དང་ལྡན་ན། བྱང་ཆུབ་སེམས་དཔའ་ཆད་པར་ལྟ་བར་ལྟུང་བར་མི་འགྱུར་ཏེ། ལས་ཀྱི་བྱ་བ་ལ་འཇུག་པ་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་སྒྲུབ་ཤེས་པའོ། །གཉིས་དང་ལྡན་ན་རྟག་པའི་ལྟ་བར་མི་ལྟུང་སྟེ། མི་རྟག་པའི་ཆོས་ལ་འཇུག་པ་དང་། སྐྱེས་
ནས་ཞིག་ཅིང་ཞུ་སྟེ་མི་གནས་པར་རྣམ་པར་དབྱེ་བ་ཤེས་པའོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བསམ་གཏན་གང་ཞེ་ན། ལུས་དང་སེམས་ཀྱི་བསམ་གཏན་གྱི་ཡན་ལག་དང་། བསམ་པ་དང་སྦྱོར་བ་དེ་དག་སྒྲུབ་པར་མི་བྱེད་པ་དང་། ཅི་ནས་དེ་
བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ཀྱིས་སྙོམས་པར་འཇུག་པ་དེ་ལྟ་བུས་སྙོམས་པར་འཇུག་སྟེ། དེ་ནི་དམིགས་པ་ཅན་གྱིས་སྙོམས་པར་འཇུག་པ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །དེའི་དགེ་བའི་རྩ་བ་དང་། བསམ་གཏན་དེ་དག་ཀྱང་ཤེས་
རབ་ཀྱི་ཤས་ཆེ་བ་དང་། ལྟ་བའི་ཉོན་མོངས་པ་དང་བྲལ་བ་ཡིན་ནོ། །བྱང་ཆུབ་ཏུ་བསྔོས་པ་དང་། སེམས་ཅན་སྨིན་པར་བྱེད་པ་ཡང་གྲུབ་པ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་སྙོམས་པར་འཇུག་པ་གཅིག་གིས་མྱ་ངན་ལས་འདའ་བའི་བར་དུ་ཐུག་པར་མཛད་དོ། །
བྱང་ཆུབ་སེམས་དཔའ་འཁོར་གྱི་ནང་དུ་འོངས་ཏེ་འདུག་ལ། ཆོས་ཟབ་མོའི་གཏམ་གྱི་བར་ཆད་བྱེད་དེ་གཏམ་སྣ་ཚོགས་གླེང་བ་གང་ཡིན་པ་དེ་དམ་པའི་ཆོས་ནུབ་པར་བྱ་བའི་ཕྱིར་བརྩོན་པ་ཡིན་ནོ། །གཞན་ཡང་མི་ཆོས་འདོད་དེ་ཉན་པ་ནི་ཉུང་གི་མ་ཡིན་པའི་ཆོས་ཉན་པ་ནི་མང་

སྟེ། ཆོས་སྨྲ་བ་བཏང་སྟེ། གཏམ་སྣ་ཚོགས་གླེང་ན་དེར་ཟབ་མོའི་ཆོས་ལ་མོས་པའི་ལྷ་རྣམས་མ་རངས་ཏེ། འདི་སྐད་དུ་འཇིག་རྟེན་པའི་གཏམ་གླེང་ཞིང་འདུག་སྟེ། ཀྱེ་རེ་ངན་འདི་ནི་སངས་རྒྱས་ཀྱི་ཆོས་མི་གྲག་གོ་ཞེས་ཚིག་ངན་བཏོན་ནས་འཁོར་དེ་ནས་འདོང་ངོ་། །རྒྱལ་པོ་
མ་སྐྱེས་དགྲས་གསོལ་བ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བགྱིའོ། །བཀའ་སྩལ་པ། དེ་བཞིན་ཏེ་ཆོས་ཐམས་ཅད་ནི་ཡིད་ལ་བྱེད་པ་ལས་འབྱུང་སྟེ། ཆོས་ཐམས་ཅད་བྱེད་པ་མེད་པའི་ཕྱིར། དེ་དག་ནི་ཇི་ལྟར་
འདོད་པ་བཞིན་རྣམ་པར་གྲུབ་པོ། །རྒྱལ་པོ་མ་སྐྱེས་དགྲས་གསོལ་པ། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོར་གཤེགས་ན་ཆབ་ཀྱི་ཚོགས་མཆིས་པ་དེ་གང་དུ་མཆིས་ལགས། བཀའ་སྩལ་པ། གང་གི་ཚེ་དགེ་སློང་མེའི་ཁམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་
དེའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་མེས་ཡོངས་སུ་གང་བར་མཐོང་ན་དེར་ཆུའི་ཕུང་པོ་དེ་གང་དུ་སོང་། གསོལ་པ། དེ་ནི་ཏིང་ངེ་འཛིན་ལ་དབང་ཐོབ་པའི་སེམས་དེ་ལྟར་ལས་སུ་རུང་བ་ལས་གྱུར་ལགས་སོ། །བཀའ་སྩལ་པ། ཁྱོད་ཉན་ཐོས་ཀྱི་སེམས་ལས་སུ་རུང་བ་ལས། དེ་ལྟར་གྱུར་
པར་འདོད་ན་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ལ་མངའ་བ་དེ་ལྟར་མི་འདོད་དམ། ང་དེ་བཞིན་གཤེགས་པའི་ཚེ་ཆུ་ན་གནས་པའི་སེམས་ཅན་རྣམས་ནི་བདག་ཉིད་ཆུ་ན་གནས་སོ་སྙམ་དུ་སེམས་སོ། །སྐམ་ན་གནས་པ་རྣམས་ཀྱིས་ནི་རྒྱ་མཚོ་ཆེན་པོ་སྐམ་པར་མཐོང་ངོ་། །ལྷ་རྣམས་སྡུག་
བསྔལ་འཆི་འཕོའི་ཆོས་གཅིག་པ། །མི་རྣམས་ཀྱིས་ནི་སྡུག་བསྔལ་ཚོལ་ཁྲོ་ལགས། །དམྱལ་བ་དག་གི་སྡུག་བསྔལ་གནོད་བ་ལགས། །གཅིག་ལ་གཅིག་འཚལ་དུད་འགྲོ་རྣམས་ཀྱི་ལགས། །ཡི་དགས་སྡུག་བསྔལ་འདི་ནི་བཀྲེས་དང་སྐོམ། །སངས་རྒྱས་འགྲོ་བ་ལས། དེ་ནས་རྒྱལ་
པོ་གསལ་རྒྱལ་སྤྱན་སྔར་འདུག་ཅིང་རིན་པོ་ཆེའི་གོས་ལག་ན་ཐོགས་པ་དང་གྱོན་པ་ཕུད་དེ། བཅོམ་ལྡན་འདས་ལ་ཕུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་གོས་རིན་པོ་ཆེ་འདི་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་གྲུབ་པ་ལགས་ན་བཞེས་སུ་གསོལ། བཀའ་

སྩལ་བ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་འདི་དག་ལ་བརྩོན་པར་བྱ་སྟེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་དགེ་སྦྱོང་དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པའི་ཐད་དུ་འགྲོ་ཞིང་དྲི་བར་བྱ་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བའི་
ཕྱིར་སྒྲུབ་པ་དང་། ཟབ་མོ་ལས་མོས་པ་བཙལ་བའི་ཕྱིར་སྤྲོ་བར་བྱ་བ་དང་། ལོག་པར་ལྟ་བ་དང་བྲལ་བས་ཡང་དག་པ་ཉིད་དུ་ངེས་པར་བྱ་བའི་ཕྱིར་སྤྲོ་བར་བྱའོ། །དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ལས། རིགས་ཀྱི་བུ་མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་ཆོས་
ཡོངས་སུ་ཚོལ་བ་ལ་རག་ལས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་སངས་རྒྱས་དང་ཉེ་བའི་སེམས་པ་ཡིན་པ་དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བྱང་ཆུབ་ཅེས་བྱ་བ་ནི་སྟོང་པ་ཉིད་གང་ཡིན་པ་དེ་ནི་བྱང་ཆུབ་པོ། །སྟོང་པ་ཉིད་ཅེས་བྱ་བ་ཅིས་སྟོང་ཞེ་ན། ཆོས་ཐམས་
ཅད་ཀྱིས་སྟོང་ངོ་། །བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་ནི་གནས་གསུམ་དུ་རིག་པར་བྱ་སྟེ། ལྷག་པའི་བསམ་པ་དང་པོ་ནི་དངོས་པོ་ཐམས་ཅད་ཡོངས་སུ་མཐོང་བའི་ལས་ཅན་ནོ། །གཉིས་པ་ནི་ཆོས་ཡོངས་སུ་ཚོལ་བ་དང་། ལེན་པ་དང་འཛིན་པར་བྱེད་ལ་བདག་ཏུ་ཞེན་པ་མེད་པ་ཉིད་དོ། །
གསུམ་པ་ནི་ཆོས་ཟབ་མོ་མི་སྤོང་བ་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་འཇུག་ཅིང་སྒྱིད་ལུག་པ་མེད་པའོ། །བཞི་པོ་འདི་དག་ནི་བདེ་བའི་རྒྱུ་ཡིན་ཏེ། བཞི་ནི་དེ་བཞིན་གཤེགས་པ་མཐོང་བ་དང་། དལ་བ་ཕུན་སུམ་ཚོགས་པ་ཡིན། དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལ་དད་པ་རྙེད་པ་ཡིན།
ལྟ་བ་དྲང་པོ་ཕུན་སུམ་ཚོགས་པ་ཡིན། ཁྱིམ་བདག་རྣམ་པར་རྒྱལ་བསྲུང་བ། ཆུང་མ་གཟུགས་ལྡན་མ། ཤཱཀྱའི་བུ་གནག་སྦྱིན་ནོ། །ཆོས་བཞི་དང་ལྡན་ན་ཚེ་བརྗེས་ན་ཡང་དྲན་པ་བརྗེད་པར་མི་འགྱུར་ཏེ། བཞི་ནི་ཆོས་ཚོལ་བ་དང་། སྦྱིན་པས་ཆོག་མི་ཤེས་པ་ཡིན། སེམས་ཅན་
གཞན་བླ་ན་མེད་པའི་བྱང་ཆུབ་འཛིན་དུ་འཇུག་ཅིང་། དེ་བཞིན་གཤེགས་པའི་ཡོན་ཏན་སྒྲོགས་པ་ཡིན། ཆོས་ཟབ་མོ་ལ་བཟོད་པ་ཡིན། དེ་བཞིན་གཤེགས་པ་མཉེས་པར་བྱ་བའི་ཕྱིར་ཡང་མི་གཡེང་ཞིང་། ཆོས་ཡིད་ལ་བྱ་བའི་ཕྱིར་དྲན་པ་དང་ཤེས་བཞིན་ཅན་ཡིན་ལ།

ཆོས་ཟབ་མོ་ལ་བཟོད་ཅིང་འཆི་བའི་འདུ་བྱེད་པ་ཡིན་ནོ། །ཆོས་བཞི་ནི་ཐེག་པ་ཆེན་པོ་ལ་ཞུགས་པའི་མཆོག་སྒྲུབ་པ་ཡིན་ཏེ། བཞི་ནི་སངས་རྒྱས་ཀྱི་བྱང་ཆུབ་རྣམ་པར་འཇིག་ཅིང་དམ་པའི་ཆོས་ནུབ་པར་འགྱུར་བ་ན་དམ་པའི་ཆོས་ཚོལ་བ་ལ་བརྩོན་པ་ཡིན། དེ་བཞིན་གཤེགས་
པའི་མཆོད་རྟེན་རྣམ་པར་འཇིག་ན་ཕྱིས་འཚེས་ཤིང་ལུས་དང་སྲོག་ལ་བབ་ཀྱང་ཆོས་མི་གཏོང་བ་ཡིན། སེམས་ཅན་སྡུག་བསྔལ་བ་མཐོང་ན། སྙིང་རྗེ་བསྐྱེད་པ་ཡིན། སྙིང་རྗེ་ཐོབ་ནས། བརྩོན་འགྲུས་རྩོམ་ཞིང་། ནམ་ཞིག་བདག་སངས་རྒྱས་ནས། སེམས་
ཅན་དེ་དག་གི་སྡུག་བསྔལ་གཞིལ་བའི་ཕྱིར། ཆོས་བསྟན་པར་བྱ་སྙམ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱིས་སེམས་ཅན་ལ་ཕན་འདོགས་པ་ནི་ཟག་པ་མེད་པའི་བདེ་བ་སྒྲུབ་པ་ཡིན་ལ། སེམས་ཅན་གྱི་གོས་ལ་སོགས་པས་ལན་གླན་པ་ནི་ཟག་
པ་དང་བཅས་པ་ཡིན་ན། ཇི་ལྟར་དེས་དེ་ལ་ལན་ལོན་པར་འགྱུར། ཤ
Luận tạng Tây Tạng (Tengyur) — Tập 204 | Tra cứu Kinh điển | Tàng Kinh Việt