Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 196
Văn bản gốc(Tây Tạng)
Trang 20 / 21 (50.000 ký tự/trang)
ན་ཏོ། །དྲང་པོ་ལ་སོགས་པའི་ངག་འདི་བདུན་ནི་ངག་གི་འདུ་བྱེད་ཀྱི་རྩ་བ་ཡིན་ཏེ། དེ་ལ་དྲང་པོ་ནི་ཨའོ། །བསྒྲེངས་པ་ནི་ཨེའོ། །བཀུག་པ་ནི་ཨིའོ། །བསྟོད་པ་ནི་ཨོའོ། །སྨད་པ་ནི་ཨུའོ། །བསྒྲིམས་པ་ནི་རྀའོ། །གློད་པ་ནི་ལྀའོ། །དེ་ལ་ང་རོ་བདུན་ནི་ངག་ ཐམས་ཅད་ཀྱི་མཚན་ཉིད་ཡིན་ཏེ། རང་བཞིན་གྱི་ཡི་གེ་ཡིན་ནོ། །ཀ་ལ་སོགས་པ་བརྗོད་པའི་ཡིག་འབྲུ་ཐམས་ཅད་ཀྱང་འདི་ལས་འབྱུང་ངོ་། །དེ་ཡང་ཨ་ཨི་ཨུ་གསུམ་ནི་རྩ་བའོ། །ལྷག་མ་ནི་ཕན་ཚུན་སྦྱར་བའོ། །ཇི་ལྟར་ཞེ་ན། ཨ་དང་ཨི་སྦྱར་བ་ནི་ཨེ་ཡིན་ནོ། །ཨ་ དང་ཨུ་སྦྱར་བ་ནི་ཨོ་ཡིན་ནོ། །ཨི་ཉིད་བསྒྲིམས་ཤིང་ཚེག་དྲག་དང་སྦྱར་བ་ནི་རྀ་ཡིན་ནོ། །ཨི་ཉིད་ཀློད་དེ་འདྲེན་པའི་དོན་ནི་ལྀ་ཡིན་ཏེ། དེའི་ཕྱིར་ཕན་ཚུན་སྦྱར་བའོ། །ཀ་ལ་སོགས་པའི་ཡིག་འབྲུ་རྣམས་ལ་ཡང་རྩ་བ་དང་ཕན་ཚུན་སྦྱར་བ་ཡོད་དེ། ཡ་ནི་ཨི་དང་ཨ་སྦྱར་བའོ། ། ཝ་ནི་ཨུ་དང་ཨ་སྦྱར་བའོ། །ར་དང་ལ་ནི་གོང་དུ་བསྟན་པ་ཉིད་དོ། །ཤ་ཥ་ས་གསུམ་ནི་ར་དང་མཐུན་ཏེ་ཚེག་དྲག་དང་སྦྱར་བའོ། །ང་ཉ་ཎ་ན་མ་འདི་ལྔ་ནི་སྣ་དང་ལྡན་པ་སྟེ། ཨེ་ཞེས་བྱ་བར་འདུས་སོ། །དེས་ན་རེ་ཞིག་རྩ་བའི་ཡི་གེ་ཉི་ཤུ་རྩ་ལྔ་ཡིན་ནོ། །དེ་དག་ལ་ ཡང་ག་ལ་སོགས་པ་གསུམ་པ་རྣམས་ནི་ཀ་ལ་སོགས་པ་དང་པོ་དང་པོ་རྣམས་དང་ཨ་ལྡན་པ་ཡིན་ནོ། །གྷ་ལ་སོགས་པ་བཞི་པ་རྣམས་ནི་ག་ལ་སོགས་པ་གསུམ་པ་རྣམས་ལ་ཧ་དང་ལྡན་པ་ཡིན་ཏེ། དེས་ན་རྩ་བའི་ཡི་གེ་བཅུ་གཅིག་གོ། །ཁ་ལ་སོགས་པ་གཉིས་པ་རྣམས་ཀྱང་ ཀ་ལ་སོགས་པའི་སྒྲའི་ཆ་དང་ཁོང་ནས་འབྱུང་བའི་སྒྲའི་ཆ་ཡོད་པ་སྟེ། དེ་ལྟར་ན་རྩ་བའི་ཡི་གེ་ནི་ཨ་ཀ་ཙ་ཊ་ཏ་པ་ཧ་འདི་རྣམས་ཡིན་ནོ། །དེ་དག་གི་རྩ་བ་ཡང་ཨ་ཡིན་ནོ། །དེའི་ཕྱིར་ཨ་ནི་ཡི་གེ་ཐམས་ཅད་ཀྱི་ཕྱི་མོ་ཡིན་ནོ། །ད་ནི་རྩ་བ་བདུན་ལས་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཏུ་འགྱུར་ བར་བསྟན་པའི་ཕྱིར། དྲང་པོ་བཀུག་དང་སྨད་པ་དང་། །བསྒྲིམས་པ་དང་ནི་ཀློད་པ་ལ། །གྲྭར་དང་ཙྭང་གིས་ཕྱེ་བ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཨ་ཨི་ཨུ་རྀ་ལྀ་འདི་ལྔ་ལ་གྲྭར་ཞེས་བྱ་བ་རིང་པོ་དང་། ཙྭང་ཞེས་བྱ་བ་ཐུང་ངུ་གཉིས་གཉིས་སུ་ཕྱེ་བས་དབྱངས་ཀྱི་ཡི་གེ་ བཅུར་འགྱུར་ཏེ། འདི་ལྟར། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀའོ། །གཞན་ཡང་། བསྒྲེང་དང་བསྒྲེང་སྟེ་བཀུག་པ་དང་། །བསྟོད་དང་བསྟོད་དེ་སྨད་པ་དང་། །སྣ་ལྡན་རྣམ་པར་བཅད་པ་ཡིས། །ང་རོ་བཅུ་དྲུག་དག་ཏུ་འདོད། །ཅེས་བྱ་བས་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཏུ་ འགྱུར་ཏེ། འདི་ལྟར་བསྒྲེང་བ་ནི་ཨེའོ། །བསྒྲེང་སྟེ་བཀུག་པ་ནི་ཨཻའོ། །བསྟོད་པ་ནི་ཨོའོ། །བསྟོད་དེ་སྨད་པ་ནི་ཨཽའོ། །སྣ་དང་ལྡན་པ་ནི་ཨཾ་ཡིན་ནོ། །རྣམ་པར་བཅད་པ་ནི་ཨཿཞེས་བྱ་བ་སྟེ། འདི་ལྟར་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཏུ་འགྱུར་རོ། །ད་ནི་དབྱངས་ཀྱི་རྩ་བ་དེ་དག་རེ་རེ་ལ་ ཡང་གསལ་བྱེད་བཅོ་བརྒྱད་དང་བཅུ་གཉིས་སུ་འགྱུར་བ་སྟོན་ཏེ། དེ་ལས་དང་པོར་གསལ་བྱེད་བཅོ་བརྒྱད་དུ་འགྱུར་བ་བསྟན་པའི་ཕྱིར། ང་རོ་དག་གི་གསལ་བྱེད་ནི། །དྲང་པོ་བཀུག་དང་སྨད་པ་ལ། །འདྲེན་པ་རིང་ཐུང་གསུམ་ཡོད་དེ། །དེ་ལའང་ཆེ་འབྲིང་རྣམ་པ་གསུམ། །དེ་དགུ་སྣ་ལྡན་ བཅོ་བརྒྱད་དོ། །ཞེས་བྱ་བ་སྨོས་ཏེ། དབྱངས་ཀྱི་ཡི་གེ་དེ་རྣམས་ཀྱི་གསལ་བྱེད་ནི་དྲང་པོ་ཨ་དང་། བཀུག་པ་ཨི་དང་། སྨད་པ་ཨུ་དང་གསུམ་ལ་སྒྲའི་འདྲེན་པ་གསུམ་གསུམ་ཡོད་དེ་འདི་ལྟར་ཧྲ་སྭ་ཞེས་བྱ་བ་ཐུང་ངུ་སྟེ་ཐ་མལ་པ་དང་། དཱིརྒྷ་ཞེས་བྱ་བ་རིང་པོ་སྟེ་གཉིས་ཀྱི་ཡུན་དུ་བརྗོད་པ་ དང་། པླུ་ཏ་ཞེས་བྱ་བ་ནི་ཤིན་ཏུ་རིང་པོ་སྟེ། གསུམ་གྱི་ཡུན་དུ་བརྗོད་པའོ། །དེ་རེ་རེ་ལ་ཡང་ཆེ་འབྲིང་གསུམ་གསུམ་སྟེ། ཨུ་དཱཏྟ་ཞེས་བྱ་བ་ཆེན་པོ་སྟེ། ཡི་གེ་གཉིས་ཀྱི་སྒྲ་ཅན་དང་། ཨ་ནུ་དཱཏྟ་ཞེས་བྱ་བ་ཆུང་ངུ་སྟེ་ཕྱེད་པ་དང་། སྭ་རི་ཏ་ཞེས་བྱ་བ་བར་མ་སྟེ་ཡི་གེ་ཕྱི་མོ་གཅིག་པ་ ཡིན་ཏེ། དེ་ལྟར་དགུར་འགྱུར་རོ། །དེ་ལ་ཡང་ཨཾ་ཞེས་བྱ་བའི་སྒྲ་སྣ་དང་ལྡན་པ་ཞེས་བྱ་བ་དང་། སྣ་དང་མི་ལྡན་པར་ཕྱེ་བས་འདི་ལྟར་བཅོ་བརྒྱད་བཅོ་བརྒྱད་དུ་འགྱུར་རོ། །ད་ནི་གསལ་བྱེད་བཅུ་གཉིས་སུ་འགྱུར་བའི་རིགས་བསྟན་པའི་ཕྱིར། གསལ་བར་བྱ་བ་འདི་ལྟ་སྟེ། བསྒྲེང་དང་ བསྟོད་ལ་ཐུང་བ་སྟེ། །བསྒྲིམས་དང་ཀློད་ལ་རིང་བའོ། །བཅུ་གཉིས་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། དབྱངས་ཀྱི་ཡི་གེ་རྣམས་ལ་གསལ་བྱེད་སྤང་ཞིང་གསལ་བར་བྱ་བ་ནི་བསྒྲེང་བ་དང་བསྟོད་པ་ཞེས་བྱ་བ་ཨེ་དང་ཨོ་གཉིས་ལ་རང་བཞིན་གྱིས་ཐུང་ངུ་མེད་དེ། དེ་ལྟར་ཐུང་ངུ་ལ་ཆེ་བ་གསུམ་གསལ་ བས་དྲུག་ཏུ་འགྱུར་ཏེ། དེ་ལ་ཡང་སྣ་དང་ལྡན་པ་དང་མི་ལྡན་པར་ཕྱེ་བས་བཅུ་གཉིས་བཅུ་གཉིས་སུ་འགྱུར་རོ། །དེ་བཞིན་དུ་བསྒྲིམས་པ་དང་ཀློད་པ་ཞེས་བྱ་བ་རྀ་དང་ལྀ་གཉིས་ལ་རང་བཞིན་གྱིས་རིང་པོ་མེད་དེ། དེ་ལྟར་ན་རིང་པོ་ལ་ཕྱེ་བའི་ཚོགས་གསལ་བས་འདི་ཡང་བཅུ་གཉིས་བཅུ་ གཉིས་སུ་འགྱུར་རོ། །དེ་ལྟར་ན་ཨ་ཨི་ཨུ་གསུམ་ལ་བཅོ་བརྒྱད་བཅོ་བརྒྱད། ཨེ་ཨོ་རྀ་ལྀ་བཞི་ལ་བཅུ་གཉིས་བཅུ་གཉིས་ཏེ། དེ་ལྟར་བརྒྱ་རྩ་གཉིས་སུ་འགྱུར་བས་བརྒྱ་རྩ་གཉིས་ཞེས་སྨོས་སོ། །ད་ནི་ཡི་གེ་སྤྱིའི་རྣམ་པའི་ཆ་ཇི་སྙེད་ཡོད་པ་བསྟན་པའི་ཕྱིར། སྤྱིར་ན་བརྒྱ་དང་བཅུ་ རྩ་གཅིག །རང་གནས་དང་ནི་བཅུ་གཉིས་ཏེ། །ཡི་གེ་གཅིག་གི་རྣམ་པའི་ཆ། །ངག་གི་འདུ་བྱེད་ཚོགས་པའོ། །ཞེས་བྱ་བ་སྨོས་ཏེ། ཀ་ལྟ་བུ་གཅིག་ལ་ཡང་ཨ་ཨི་ཨུ་ཨེ་ཨོ་རྀ་ལྀ་བདུན་དང་ལྡན་པས་ཨ་ལ་གསལ་བྱེད་རིང་ཐུང་གསུམ། དེ་རེ་རེ་ལ་ཆེ་འབྲིང་གསུམ་གསུམ་ སྟེ་དགུའོ། །དེ་ལ་སྣ་དང་ལྡན་པ་དང་མི་ལྡན་པར་ཕྱེ་བས་བཅོ་བརྒྱད་དེ། དེ་བཞིན་དུ་ཨི་དང་ཨུ་ལ་ཡང་ལྡན་ཏེ་དེ་ལྟར་ལྔ་བཅུ་རྩ་བཞི། ཨེ་ཨོ་ལ་ཐུང་ངུ་མེད་པས་བཅུ་གཉིས་བཅུ་གཉིས། རྀ་ལྀ་ལ་རིཌ་ང་པོ་མེད་པས་བཅུ་གཉིས་བཅུ་གཉིས་ཏེ་དེ་ལྟར་བཞི་བཅུ་རྩ་བརྒྱད་ཀྱིས་ བསྣན་བས་བརྒྱ་རྩ་གཉིས། ཐུན་མོང་གི་འབྱུང་ཁུངས་བརྒྱད། རྐྱེན་གྱི་རྣམ་པ་གང་རུང་གཅིག་སྟེ་དགུ་བསྟན་ན་བརྒྱ་དང་བཅུ་གཅིག་ཡོད་དོ། །རང་གནས་དང་ནི་ཞེས་བྱ་བ་ནི་ཁྱད་ཀྱི་གནས་རྫས་སུ་མ་བགྲངས་པ་སྟེ། ཐུན་མོང་གི་ཁོངས་སུ་གཏོགས་པས་རེ་ཞིག་ཤས་ཆེ་བ་ཙམ་ཡིན་ཏེ་ རྫས་སུ་མ་བགྲངས་སོ། །ཡི་གེ་གཅིག་གི་རྣམ་པའི་ཆ། །ཞེས་བྱ་བ་ནི་ཀ་ལ་སོགས་པའི་རྣམ་པ་སྟེ། དབྱངས་ཀྱི་ཡི་གེ་ལ་ནི་མ་ཡིན་ནོ། །རྣམ་པ་དེ་སྙེད་ལས་དུས་གཅིག་ཏུ་འབྱུང་ཞེ་ན། དུས་གཅིག་ཏུ་ནི་བཅུ་གཅིག་གམ། །སྣ་དང་ལྡན་ན་བཅུ་གཉིས་ཏེ། །རང་གི་གནས་དང་ བཅུ་གསུམ་མོ། །ཞེས་བྱ་བ་སྨོས་ཏེ། ཐུན་མོང་གི་འབྱུང་ཁུངས་བརྒྱད། རྐྱེན་གྱི་རྣམ་པ་གང་ཡང་རུང་བ་གཅིག །གསལ་བྱེད་རིང་ཐུང་གསུམ་ལས་གང་རུང་གཅིག །ཆེ་འབྲིང་གསུམ་ལས་གང་རུང་གཅིག་སྟེ། བཅུ་གཅིག་འབྱུང་ངོ་། །སྣ་ལྡན་བསྣན་པའི་ཚེ་ན་བཅུ་ གཉིས་བཅུ་གཉིས་འབྱུང་ངོ་། །རང་གི་གནས་ནི་སྔ་མ་བཞིན་ནོ། །ད་ནི་ངག་གི་འདུ་བྱེད་རྣམ་པ་བདུན་གྱི་དཔེ་ལུས་ཀྱི་འདུ་བྱེད་རྣམ་པ་བདུན་གྱི་སྒོ་ནས་བསྟན་པའི་ཕྱིར། མཚོན་འདེབས་གར་དང་ལས་བྱེད་དང་། །སྟབས་འགྲོས་ལྟ་སྟངས་བྱེ་བྲག་དག །རྐང་ལག་མིག་གི་འགྱུར་ བག་གིས། །ལུས་ཀྱི་འདུ་བྱེད་བདུན་པོ་ནི། །ཐད་ཀར་ལྟ་དང་གྱེན་དུ་ལྟ། །དེ་བཞིན་བཟློག་སྟེ་ལྟ་བ་དང་། །བསྟོད་དེ་ལྟ་དང་སྨད་དེ་ལྟ། །བསྒྲིམས་དང་གློད་དེ་ལྟ་བ་ལྟར། །གར་ལ་སོགས་པའང་དེ་བཞིན་ཏེ། །ལུས་ཀྱི་འདུ་བྱེད་བདུན་པོ་ལྟར། །ངག་གི་འདུ་ བྱད་དེ་བཞིན་ནོ། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་ངག་གི་འདུ་བྱེད་བདུན་པོ་དེ་དག་ལུས་ཀྱི་འདུ་བྱེད་བདུན་དང་མཐུན་པར་འགྱུར་ཏེ། དེ་ལ་ལུས་བྱེད་ནི་ལུས་ཀྱི་འདུ་བྱེད་རྣམས་རྩོམ་པ་ན་དྲང་པོར་བྱེད་པ་དང་། དེ་བཞིན་དུ་བསྒྲེང་བ་དང་། བཀུག་པ་དང་། བསྟོད་ པ་དང་། སྨད་པ་དང་། བསྒྲིམས་པ་དང་། ཀློད་པ་སྟེ། དེ་ལྟར་བདུན་པོ་འདི་ལས་ལྷག་པའི་ལུས་ཀྱི་འདུ་བྱེད་མེད་དོ། །དེ་ལ་རེ་ཞིག་ལྟ་སྟངས་སྦྱར་བ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱ་སྟེ། འདི་ལྟར་བལྟ་བར་བྱ་བའི་ཡུལ་གཅིག་ལ་ལྟ་བའི་ཚེ་ཐད་ཀར་ལྟ་བ་ནི་མིག་མི་འགྱུར་བར་ དྲང་བོར་ལྟ་བའོ། །བསྒྲེངས་ཏེ་ལྟ་བ་ནི་ལྟ་བའི་གནས་ནས་གྱེན་དུ་ལྟ་བའོ། །བཀུག་སྟེ་ལྟ་བ་ནི་ཕྱོགས་གཞན་ནས་བསྐོར་ཞིང་བཟློག་སྟེ་ལྟ་བའོ། །བསྟོད་དེ་ལྟ་བ་ནི་མིག་འཕང་བསྟོད་པའོ། །སྨད་དེ་ལྟ་བ་ནི་མིག་འཕང་སྨད་པའོ། །བསྒྲིམས་པ་དང་གློད་པ་ནི་མིག་གི་བྱེ་བྲག་ཉིད་ བསྒྲིམས་པ་དང་ཀློད་པ་སྟེ། དེ་བཞིན་དུ་རྐང་པའི་སྟབས་འགྲོས་དག་ཀྱང་ཐད་ཀར་འདོར་བ་དང་སླར་བཟློག་པའི་ཚུལ་གྱིས་འདོར་བ་དང་། བསྒྲེང་བ་དང་། འཕང་བསྟོད་པ་དང་། སྨད་པ་དང་། ཁོང་བསྒྲིམས་པ་དང་། གློད་པའི་བྱེ་བྲག་གིས་བདུན་ནོ། །མཚོན་འདེབས་པ་དང་། གར་ལ་ སོགས་པ་ལ་ཡང་དེ་དང་འདྲ་སྟེ། བྱེད་པ་དང་བྱ་བ་གཉིས་དང་པོ་ཇི་ལྟར་གནས་པ་དེ་བཞིན་དུ་བྱེད་པ་ནི་དྲང་པོའོ། །གྱེན་དུ་བྱེད་པ་ལྟ་བུ་ནི་བསྒྲེང་བའོ། གཞན་ནས་བྱེད་པ་ནི་བཀུག་པའོ། །འཕང་བསྟོད་པ་དང་། སྨད་པ་དང་། བསྒྲིམས་པ་དང་། གློད་པ་ཇི་ལྟ་བ་དེ་བཞིན་དུ། ངག་ གི་སྒྲ་དག་ཀྱང་དྲང་པོར་དྲངས་པ་ནི་ཨ་དང་ལྡན་པའི་ཚོགས་སུ་འགྱུར་རོ། །བསྒྲེང་སྟེ་དྲངས་པ་ནི་ཨེ་དང་ལྡན་པའི་ཚོགས་སུ་འགྱུར་རོ། །བཀུག་སྟེ་དྲངས་པ་ནི་ཨི་དང་ལྡན་པའི་ཚོགས་སུ་འགྱུར་རོ། །དེ་བཞིན་དུ་བསྟོད་པ་ནི་ཨོ་དང་ལྡན་པའོ། །སྨད་པ་ནི་ཨུ་དང་ལྡན་པའོ། ། བསྒྲིམས་པ་ནི་རྀ་དང་ལྡན་པའོ། །གློད་པ་ནི་ལྀ་དང་ལྡན་པ་སྟེ། ངག་གི་འདུ་བྱེད་བདུན་པོ་དེ་ལྟ་བུར་འབྱུང་བར་འགྱུར་རོ། །ད་ནི་ངག་གི་འདུ་བྱེད་བདུན་པོ་སྟོན་པར་བྱེད་པའི་བརྡར་འགྱུར་བའི་ཡི་གེའི་དབྱིབས་དང་དེ་གཞག་པའི་གནས་བསྟན་པའི་ཕྱིར། དེ་སྟོན་དབྱིབས་ཀྱི་གནས་ ལུགས་ཀྱང་། །མདའ་དང་བསེ་རུ་གླང་ཆེན་སྣ། །གདུགས་དང་རྐང་རྟེན་ལྟ་བུ་དང་། །མེ་རི་ཆུ་ཡི་དཀྱིལ་འཁོར་ལྟར། །ཐད་ཀར་ཟུར་དང་ཟུར་ལོགས་དང་། །སྟེང་འོག་རང་གི་ལུས་རྣམས་ལ། །གནས་པའི་བརྡ་འདི་ཤེས་པར་བྱ། །ཞེས་བྱ་བ་སྨོས་ཏེ། དེ་ལ་དྲང་པོའི་ཡི་གེ་ནི་མདའ་ ལྟ་བུའོ། །བསྒྲེང་བའི་ཡི་གེ་ནི་རི་དྭགས་བསེའི་རྭ་ལྟ་བུའོ། །བཀུག་པའི་ཡི་གེ་ནི་གླང་པོ་ཆེའི་སྣ་ལྟ་བུའོ། །བསྟོད་པའི་ཡི་གེ་ནི་གདུགས་ལྟ་བུའོ། །སྨད་པའི་ཡི་གེ་ནི་སྐྱེས་བུའི་རྐང་རྟེན་ལྟ་བུའོ། །བསྒྲིམས་པའི་ཡི་གེ་ནི་མེ་རི་ལྟ་བུའོ། །གློད་པའི་ཡི་གེ་ནི་ ཆུའི་དཀྱིལ་འཁོར་ལྟ་བུ་སྟེ། དེ་ལྟར་དབྱིབས་བདུན་པོ་དེ་ཡང་རང་རང་གི་སྒྲ་དང་མཐུན་པའི་བརྡར་བྱས་ཏེ། སྒྲ་དྲང་པོ་ལ་ནི་བརྡ་དྲང་པོའོ། །དེ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ། །མཚན་མ་དེ་དག་གི་གནས་ལུགས་ཀྱང་མདའ་འདྲ་བས་ནི་ཐད་ཀར་མཚོན་ནོ། །བསེ་རུས་ནི་ཟུར་ ལའོ། །གླང་པོ་ཆེའི་སྣས་ནི་ཟུར་ནས་ལོགས་སུའོ། །གདུགས་ནི་སྟེང་དུའོ། །རྐང་རྟེན་ནི་འོག་ཏུའོ། །མེ་རི་དང་ཆུའི་དཀྱིལ་འཁོར་ནི་ཡི་གེ་རང་གི་ལུས་ལ་མཚོན་པ་སྟེ། འདིས་ཀྱང་ངག་དང་བརྡ་མཐུན་པར་སྟོན་ཏེ། དྲང་པོ་ལ་ནི་ཐད་ཀར་མཚོན་ནོ། །བསྒྲེང་བ་ལ་ནི་ཟུར་ལ་མཚོན་ ཏེ་གཞན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ད་ནི་བརྡ་དེས་བསྟན་པའི་དག་རྣམས་འབྱུང་བ་ནི་རྒྱུ་བདུན་ཚོགས་པ་ལས་སྐྱེ་བར་སྟོན་ཏེ། དེ་ལ་བསྐུལ་བའི་རྒྱུ་རྣམ་པར་རྟོག་པ་ཡིན་པར་བསྟན་པའི་ཕྱིར། དེས་བསྟན་བརྡ་ཅན་འབྱུང་བ་ན། །ལྕགས་རྣམས་ལ་ན་ཁབ་ལེན་བཞིན། །རྣམ་ རྟོག་དབང་གིས་གནས་རྣམས་གཡོ། །ཞེས་བྱ་བ་སྨོས་ཏེ། ཁབ་ལེན་གྱི་དབང་གིས་ལྕགས་གཡོ་བ་བཞིན་དུ་རྣམ་པར་རྟོག་པའི་དབང་གིས་བཱ་ཡ་ཏ་ཞེས་བྱ་བའི་རླུང་ལུས་ལ་གནས་པ་བསྐུལ་ནས་དེས་སྒྲ་འབྱུང་བའི་གནས་རྣམས་གཡོ་བར་བྱེད་དོ་ཞེས་བྱ་བར་འགྱུར་རོ། །རྣམ་པར་རྟོག་པས་ ཇི་ལྟར་རླུང་སྐྱོད་ཅེ་ན། ཇི་ལྟར་གནས་གཞི་མེད་བཞིན་དུ། །མཁའ་ལ་འདབ་བ་བསྐྱོད་རླུང་འབྱུང་ལྟར། །རྣམ་པར་རྟོག་པས་བསྐྱོད་པ་ན། །བཱ་ཡ་ཏ་ཞེས་བྱ་བའི་རླུང་། །ལུས་ལ་རབ་ཏུ་གཡོ་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། དཔེར་ན་བྱ་ནམ་མཁའ་ལ་འཕུར་བའི་ཚེ་འདབ་མ་བསྐྱོད་པ་ ཉིད་ཀྱིས་རླུང་འབྱུང་བ་ལྟར་མིང་དང་། མིང་ཅན་འབྲེལ་པའི་རྣམ་པར་རྟོག་པ་གཞན་ལ་གོ་བར་བྱེད་པའི་བློས་སྐྱོད་པར་བྱེད་པའི་ཚེ་ལུས་ཐམས་ཅད་ལ་ཁྱབ་པར་གནས་པའི་རླུང་གཡོ་བར་བྱེད་པ་ཅན་བཱ་ཡ་ཏ་ཞེས་བྱ་བའི་རླུང་ལྡང་ཞིང་གཡོ་བར་འགྱུར་རོ། །རླུང་དེ་གཡོས་པས་ཅིར་འགྱུར་ཞེ་ ན། བྱེད་པ་རྣམས་ཀུན་དུ་གཡོ་བར་འགྱུར་ཏེ། བྱེད་པ་རྣམས་བསྐྱོད་པས་ནི་གནས་དང་ཕྲད་པར་བྱེད་དོ། །དེ་བསྟན་པའི་ཕྱིར། གཡོ་རླུང་རབ་ཏུ་གཡོས་པ་ཡིས། །བྱེད་པ་ཀུན་དུ་བསྐྱོད་པས་ན། །དོག་དང་ཡངས་པའི་གནས་རྣམས་སུ། །ཕྲད་དང་ཅུང་ཟད་བྲད་པར་བྱེད། །ཅེས་བྱ་བ་སྨོས་ཏེ། དེ་ལ་དོག་པ་ནི་མགུལ་པ་དང་། སྣ་དང་། གླད་པའི་སྦུབས་སོ། །ལྷག་མ་ནི་ཡངས་པའོ། །རྐན་དང་ལྕེ་སྦྱར་བ་དང་། སོ་དང་ལྕེ་སྦྱར་བ་དང་། མཆུ་གཉིས་སྦྱར་བ་ནི་ཕྲད་པའོ། །ལྷག་མ་ནི་ཅུང་ཟད་ཕྲད་པ་སྟེ་འདི་ཡང་འོག་ཏུ་འཆད་པར་འགྱུར་རོ། །དེའི་ཚེ་ལྷན་ཅིག་འབྱུང་བའི་རྒྱུ་བསྟན་པའི་ ཕྱིར། དེའི་ཚེ་ནིཿཤྭཱ་སྭཱ་ཞེས་པའི་རླུང་དང་ལྷན་ཅིག་འབྱུང་བ་སྟེ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་གནས་དང་བྱེད་པ་ཕྲད་པའི་ཚེ་ནིཿཤྭཱ་སྭཱ་ཞེས་བྱ་བའི་རླུང་ནི་དབུགས་ཡིན་ཏེ། འདི་དང་སྒྲའི་ཚོགས་སུ་འདྲེས་ནས་འབྱུང་སྟེ། འདི་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །ཀུན་དུ་འགྲོ་བའི་རྒྱུ་བསྟན་པའི་ ཕྱིར། ཇི་ལྟར་གཟུགས་ལ་འབྱུང་བ་བཞིན། །ང་རོ་ལ་ནི་བརྟེན་བཞིན་དུ། །ཞེས་བྱ་བ་སྨོས་ཏེ། དཔེར་ན་གཟུགས་ཐམས་ཅད་འབྱུང་བ་ཆེན་པོ་བཞིས་བསྐྱེད་པ་བཞིན་དུ་ཡི་གེའི་ཚོགས་ཐམས་ཅད་ལ་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་གསལ་བྱེད་བཅོ་བརྒྱད་ཀྱིས་ཁྱབ་སྟེ། དེ་བས་ན་ང་རོ་ཞེས་བྱ་བ་དབྱངས་ དང་གསལ་བྱེད་ལ་བརྟེན་ནས་ཡི་གེ་དང་། མིང་དང་། ཚིག་གི་ཚོགས་ཐམས་ཅད་འབྱུང་སྟེ་འདི་ནི་ཀུན་དུ་འགྲོ་བའི་རྒྱུ་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུ་བསྟན་པའི་ཕྱིར། རྣམ་རྟོག་རང་གི་སྣང་ཆ་ལས། །གཟུགས་བརྙན་བཞིན་དུ་ཆ་མཉམ་སྐྱེ། །ཞེས་བྱ་བ་སྨོས་ཏེ། དེའི་ཚེ་རྣམ་པར་རྟོག་པ་རང་གི་ཡུལ་ལ་ སྣང་བའི་ཆ་མིང་དང་མིང་ཅན་འབྲེལ་བར་སྣང་བར་འགྱུར་ཏེ། འདི་ལྟར་ཀ་བའི་དངོས་པོ་ལ་ཀ་བ་ཞེས་མིང་དུ་བཏགས་པ་དེ་དང་འབྲེལ་པར་བརྡའི་དུས་ན་ཞེན་པས་ཕྱིས་དོན་ལ་སྐྱེས་བུ་འཇུག་པས་ན་རང་གི་སྣང་བ་མཐུན་པའི་ཡི་གེ་འབྱུང་བར་འགྱུར་ཏེ། དཔེར་ན་བཞིན་གྱི་དཀྱིལ་འཁོར་ཇི་ལྟར་གཟུགས་བརྙན་ འབྱུང་བ་བཞིན་ནོ། །འདི་ནི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །ད་ནི་ངག་གི་འདུ་བྱེད་དེ་རྣམས་ཀྱི་རྒྱུ་དེ་རྣམས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་མཇུག་བསྡུས་ཏེ་བསྟན་པར་འདོད་ནས། གནས་རྣམས་དང་ནི་བྱེད་པ་དང་། རྣམ་པར་རྟོག་དང་རླུང་གཉིས་དང་། །ང་རོ་གསལ་བྱེད་སྣང་ཆ་ཡིས། །ངག་གི་ འདུ་བྱེད་ཀུན་དུ་སྐྱེད། །ཅེས་བྱ་བ་སྨོས་ཏེ། སྒྲ་འབྱུང་བའི་གནས་མགུལ་ཕ་ལ་སོགས་པ་རྣམས་ནི་གཞིའི་རྒྱུ་ཡིན་ནོ། །ཕྲད་པ་ལ་སོགས་པའི་བྱེད་པ་རྣམས་ནི་འབྱིན་པར་བྱེད་པའི་རྒྱུའོ། །རྣམ་པར་རྟོག་པ་ནི་སྐུལ་བའི་རྒྱུའོ། །བཱ་ཡ་ཏ་དང་ནིཿཤྭཱ་སྭཱ་ཞེས་བྱ་བའི་རླུང་གཉིས་ལས་བཱ་ ཡ་ཏན་བྱེད་པ་རྣམས་སྐྱོད་པར་བྱེད་པའི་རྒྱུའོ། །ནིཿཤྭཱ་སྭཱ་ནི་ལྷན་ཅིག་འབྱུང་བའི་རྒྱུའོ། །ང་རོ་བཅུ་དྲུག་དང་གསལ་བྱེད་བཅོ་བརྒྱད་ནི་ཀུན་དུ་འགྲོ་བའི་རྒྱུའོ། །རང་སྣང་བའི་གཟུང་བའི་ཆ་ནི་སྐལ་བ་མཉམ་པའི་རྒྱུའོ། །རྒྱུ་དེ་རྣམས་ཀྱིས་སྒྲའི་ཚོགས་སྐྱེད་པར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་རྒྱུ་དེ་རྣམས་ཀྱིས་ སྐྱེད་པར་བསྟན་པ་ལས་རྒྱུ་རྣམས་ཀྱི་རྒྱུའི་ཆོས་ཀྱི་མིང་མ་བསྟན་པས་དེའི་ཕྱིར་དེ་དག་སོ་སོའི་ངོ་བོ་བསྟན་པར་འདོད་ནས། རྒྱུ་བདུན་དག་ལས་འབྱུང་བ་ནི། །གནས་རྣམས་གཞི་ཡི་རྒྱུ་ཡིན་ཏེ། །ཞེས་བྱ་བ་ནས་སྐལ་བ་མཉམ་པའི་རྒྱུ་ཞེས་བྱ་བའི་བར་དུ་སྨོས་སོ། །དེ་ལ་གནས་རྣམས་བཞིའི་རྒྱུ་ཞེས་བྱ་བའི་ གནས་རྣམས་ནི་དྲིལ་བུའི་སྦུབས་དང་འདྲ་སྟེ། སྒྲ་རྣམས་ཀྱི་ཁྱད་པར་གྱི་གནས་གཞིའི་རྒྱུ་ཡིན་པས་གཞིའི་རྒྱུ་ཞེས་བྱའོ། །བྱེད་པ་འབྱིན་པར་བྱེད་པའི་རྒྱུ་ཞེས་བྱ་བ་ནི་དྲིལ་བུའི་ལྕེ་དང་འདྲ་སྟེ། སྐུལ་ཞིང་འབྱིན་པར་བྱེད་པས་འབྱིན་པར་བྱེད་པའི་རྒྱུ་ཞེས་བྱའོ། །དེ་བཞིན་རྣམ་རྟོག་སྐུལ་བའི་རྒྱུ། །ཞེས་བྱ་བ་ ནི་སྐུལ་བར་འདྲ་བས་དེ་བཞིན་ཞེས་བྱ་བ་སྨོས་ཏེ། ཅུང་ཟད་དུ་སྐྱེས་བུ་དང་འདྲ་སྟེ་བྱེད་པ་པོ་ཡིན་པས་སྐུལ་བའི་རྒྱུ་ཞེས་བྱའོ། །ཇི་ལྟར་ཤིང་ལ་རླུང་བཞིན་དུ། །བྱེད་པ་བསྐྱོད་རྒྱུ་བཱ་ཡ་ཏའོ། །ཞེས་བྱ་བ་ནི་དཔེར་ན་རླུང་གིས་ཤིང་གཡོ་བར་བྱེད་པ་དེ་བཞིན་དུ་བཱ་ཡ་ཏའི་རླུང་གིས་བྱེད་པ་རྣམས་སྐྱོད་པར་ བྱེད་པས་བཱ་ཡ་ཏའི་རླུང་ལ་སྐྱོད་པའི་རྒྱུ་ཞེས་བྱའོ། །སྐྱེས་བུ་དང་ནི་བཞོན་པ་བཞིན། །ལྷན་ཅིག་འབྱུང་རྒྱུ་ནིཿཤྭཱ་སྭཱ། །ཞེས་བྱ་བ་ནི་དཔེར་ན་སྐྱེས་བུ་རྟ་ལ་ཞོན་ན་སྐྱེས་བུ་དེ་རྟ་ལ་བརྟེན་ཅིང་རྟ་དང་ལྷན་ཅིག་འབྱུང་བ་བཞིན་དུ་སྒྲ་རྣམས་དབུགས་ལ་བརྟེན་ནས་དབུགས་དང་ལྷན་ཅིག་འབྱུང་པས། ནིཿཤྭཱ་སྭཱའི་ རླུང་ལ་ལྷན་ཅིག་འབྱུང་བའི་རྒྱུ་ཞེས་བྱའོ། །ང་རོ་རྣམས་དང་གསལ་བྱེད་ནི། །ཀུན་དུ་ཁྱབ་པར་འགྲོ་བའི་རྒྱུ། །ཞེས་བྱ་བ་ནི་དཔེར་ན་འབྲས་བུའི་གཟུགས་གང་ན་བ་དེར་འབྱུང་བ་ཆེན་པོ་བཞིས་ཁྱབ་པ་བཞིན་ཇི་སྲིད་དུ་བརྗོད་པ་ཐམས་ཅད་ལ་ང་རོ་བཅུ་དྲུག་དང་གསལ་བྱེད་བཅོ་བརྒྱད་ཀྱིས་ཁྱབ་སྟེ། དེའི་ ཕྱིར་ང་རོ་དང་གསལ་བྱེད་ལ་ཀུན་དུ་འགྲོ་བའི་རྒྱུ་ཞེས་བྱའོ། །སྣང་ཆ་འདྲ་བར་འབྱུང་བ་ནི། །སྐལ་བ་མཉམ་པའི་རྒྱུ་ཞེས་བྱ། །ཞེས་བྱ་བ་ནི་དཔེར་ན་བྱད་དང་འདྲ་བར་གཟུགས་བརྙན་འབྱུང་བ་བཞིན་རྣམ་པར་རྟོག་པའི་སྣང་བའི་ཆ་དང་འདྲ་བར་ཡི་གེ་རྣམས་ཀྱི་སྒྲ་འབྱུང་བས་རྣམ་པར་རྟོག་པའི་སྣང་བའི་ ཆ་ལ་སྐལ་བ་མཉམ་པའི་རྒྱུ་ཞེས་བྱའོ། །ད་ནི་རྒྱུ་དེ་དག་ལས་བྱུང་བའི་ཡི་གེ་རྣམས་ཀྱི་གདངས་ཀྱི་བྱེ་བྲག་སྟོན་ཏེ། དེ་ཡང་འབྲས་བུ་མི་འདྲ་བ་རྣམས་ནི་རྒྱུ་མི་འདྲ་བ་སྔོན་དུ་སོང་བ་ཡིན་ཏེ། དེས་ན་རྒྱུས་ཕྱེ་བ་ཡིན་པར་བསྟན་པའི་ཕྱིར། དེ་ལ་གདངས་ཀྱི་བྱེ་བྲག་ནི། །རྒྱུ་རྣམས་དག་གིས་ཕྱེ་བ་སྟེ། ། སྔོན་དུ་སོང་བར་རིག་པར་བྱ། །ཞེས་བྱ་བ་སྨོས་སོ། །དེ་ལ་རྒྱུ་བདུན་དང་། རང་བཞིན་རྩ་བ་བདུན་གྱིས་ཕྱེ་བར་བསྟན་པའི་ཕྱིར། དེས་ན་རྒྱུ་དང་རང་བཞིན་ནོ། །ཞེས་སྨོས་ཏེ། དེ་ལ་རྒྱུ་རྣམས་བཤད་ཟིན་ནས། རྩ་བ་གང་ལས་གྱུར་པ་དང་། གནས་གང་ནས་འབྱུང་བ་བསྟན་པའི་ཕྱིར། ང་རོ་དྲང་པོ་ ལས་བྱུང་བ། །ཀ་སོགས་སྡེ་ནས་རིམ་བཞིན་དུ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྨོས་སོ། །དེ་ལ་ང་རོ་དྲང་པོ་རྩ་བ་ཨ་ལས་གྱུར་པ་འདི་རྣམས་སོ་ཞེས་བྱ་བའོ། །ཀ་སོགས་སྡེ་ནས་རིམ་བཞིན་དུ། །སྡེ་ལྔ་དག་དང་ཞེས་བྱ་བ་ནི་ཀའི་སྡེ་ནས་བཟུང་བ་སྡེ་བ་ལྔ་ཞེས་བྱ་བ་སྟེ། ཀ་ཁ་ག་གྷ་ང་། ཙ་ ཆ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། འདི་རྣམས་ནི་སྡེ་པ་ལྔ་ཞེས་བྱ་སྟེ། རང་རང་གི་སྡེའི་ཚོགས་ཡིན་པས་སྡེ་བ་ཞེས་བྱའོ། །ཨནྟ་སྠ་ཞེས་བྱ་བ་ནི་ཡ་ར་ལ་ཝ་བཞི་ཡིན་ཏེ། སྡེ་པའི་མཐའ་ན་གནས་པས་མཐར་གནས་ཞེས་བྱའོ། །ཨུཥྨ་ཎ་དང་ཞེས་བྱ་བ་ནི་ཤ་ཥ་ས་ཧ་བཞི་ ཡིན་ཏེ། དབུགས་ལ་བརྟེན་པས་དྲོ་བ་ཞེས་བྱའོ། །མཐར་ཟད་དེ་ཞེས་བྱ་བ་ནི་ཀྵ་ཡིན་ཏེ། ཀྵནྟ་ཞེས་བྱ་བའི་ཕྱིར་རོ། །ཡི་གེ་འདི་རྣམས་ཀྱི་མིང་བསྟན་པའི་ཕྱིར། གནས་ཀྱི་ཡི་གེ་སུམ་ཅུ་བཞི། །མིང་དང་ཕོ་ཞེས་བྱ་བ་སྟེ། །ཞེས་བྱ་བ་སྨོས་པ་ནི་སྒྲའི་ཡི་གེ་དང་གནས་ཀྱི་ཡི་གེ་ཞེས་བྱ་བ་ ལས་ནི་ཡི་གེ་འདི་རྣམས་གནས་ཀྱི་ཡི་གེ་ཞེས་བྱ་བ་སྟེ། གནས་སོ་སོ་ལ་བརྟེན་པའི་ཕྱིར་རོ། །དབྱངས་ཀྱི་ཡི་གེ་དང་མིང་གི་ཡི་གེ་ཞེས་བྱ་བ་ལས་ནི་མིང་གི་ཡི་གེ་ཞེས་བྱ་སྟེ་ཡིག་འབྲུ་སོ་སོར་གསལ་བར་སྟོན་པའི་ཕྱིར་རོ། །མོའི་ཡི་གེ་དང་ཕོའི་ཡི་གེ་ཞེས་བྱ་བ་ལས་ནི་ཕོའི་ཡི་གེ་ཞེས་བྱ་ བ་སྟེ་གསལ་ཤིང་དྲག་པའི་ཕྱིར་རོ། །དེ་བཞིན་དུ་ནང་གི་ཡི་གེ་དང་ཕྱི་རོལ་གྱི་ཡི་གེ་ཞེས་བྱ་བ་ལས་ནི་ཕྱི་རོལ་གྱི་ཡི་གེ་ཞེས་བྱ་སྟེ། མཉན་ན་ཉེ་བར་སྣང་བའི་ཕྱིར་རོ། །ད་ནི་གནས་ཀྱི་དབྱེ་བ་བསྟན་པར་འདོད་དེ། དེ་ལས་དང་པོར་མགྲིན་པ་ལས་འབྱུང་བ་བསྟན་པའི་ཕྱིར། དེ་ལ་དང་པོའི་སྡེ་པ་དང་། །ཨཱུ་ཥྨ་ཎ་ཡི་བཞི་བ་ནི། །བཅད་པར་བཅས་པ་མགྲིན་པ་ལས། །ཞེས་བྱ་བ་སྨོས་ཏེ། ཀའི་སྡེ་དང་ཧ་དང་ཚེག་དྲག་ཅན་རྣམས་མགྲིན་པ་ལས་འབྱུང་བ་ཡིན་ནོ། །རྐན་ལས་འབྱུང་བ་བསྟན་པའི་ཕྱིར། །གཉིས་པ་དག་དང་ཨནྟ་སྠའི། །དང་པོ་ཨུཤྨའི་དང་པོ་རྣམས། །རྐན་ ལས་རབ་ཏུ་འབྱུང་བ་ཡིན། །ཞེས་བྱ་བ་སྨོས་ཏེ། ཙའི་སྡེ་དང་ཡ་དང་ཤ་རྣམས་ལས་འབྱུང་བ་ཡིན་ནོ། །སྤྱི་བོ་ལས་འབྱུང་བ་བསྟན་པའི་ཕྱིར། གསུམ་པ་དག་དང་ཨནྟ་སྠའི། གཉིས་པ་ཨུཥྨའི་གཉིས་པ་རྣམས། །སྤྱི་བོ་ལས་ནི་རབ་ཏུ་འབྱུང་། །ཞེས་སྨོས་ཏེ། ཊའི་སྡེ་དང་ར་ཥ་ རྣམས་སྤྱི་བོ་ལས་འབྱུང་བ་ཡིན་ནོ། །སོ་ལས་འབྱུང་བ་བསྟན་པའི་ཕྱིར། བཞི་པ་དང་ནི་ཨནྟ་སྠའི། །གསུམ་པ་ཨུཥྨའ་གསུམ་པ་རྣམས། །སོ་ཡི་ཆ་ལས་ཀུན་ཏུ་འབྱུང་། །ཞེས་བྱ་བ་སྨོས་ཏེ། ཏའི་སྔ་དང་ལ་དང་ས་རྣམས་སོ་ལས་འབྱུང་བ་ཡིན་ནོ། །མཆུ་ལས་འབྱུང་བ་བསྟན་པའི་ ཕྱིར། །ལྔ་པ་དང་ནི་ཨནྟ་སྠའི། །བཞི་པ་མཆུ་ལས་འབྱུང་བ་ཡིན། །ཞེས་བྱ་བ་སྨོས་ཏེ། པའི་སྡེ་དང་ཝ་ནི་མཆུ་ལས་འབྱུང་བ་ཡིན་ནོ། །ཀྵ་འབྱུང་བའི་གནས་ནི། མཐར་ཟད་མགུལ་དང་སྤྱི་བོ་ལས། །ཞེས་བྱ་བ་འདི་ཡིན་ནོ། །ད་ནི་སྡེ་པ་ལྔ་ལས་ནང་གསེས་ཀྱི་བྱེ་བྲག་ལྔ་ལྔ་བསྟན་པའི་ཕྱིར། སྡེ་ལྔ་དག་ལས་ལྔ་ལྔ་ཡང་། །དང་པོ་རང་གནས་དྲག་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡེ་པ་རེ་རེ་ལ་ལྔ་ལྔ་ཡོད་པ་ལས་དང་པོ་རྣམས་ནི་རང་རང་གི་གནས་ནས་དྲག་པར་བརྗོད་པ་སྟེ། ཀ་ཙ་ཊ་ཏ་པ་རྣམས་སོ། །གཉིས་པ་འབྲིང་དང་སྤྱི་བོའི་ཆ། །ཞེས་བྱ་བ་ནི་ཁ་ཚ་ཋ་ཐ་ཕ་རྣམས་ནི་ཀ་འབྲིང་ དུ་དྲངས་པ་དང་། སྤྱི་བོའི་སྒྲ་ཆ་ཕྲད་པ་ལས་ཁ་འབྱུང་སྟེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །གསུམ་པ་རྣམས་ནི་ཞན་པ་སྟེ། །ཞེས་བྱ་བ་ནི་ག་ཛ་ཌ་ད་བ་རྣམས་ནི་ཀ་ཞན་པར་དྲངས་པ་ནི་ཀ་སྟེ། ཀ་དང་ཨ་སྦྱར་ན་གར་འགྱུར་ཏེ། གཞན་ཡང་དེ་བཞིན་དུ་སྦྱར་རོ། །མ་ཧཱ་པྲཱ་ཎ་ ཞེས་བྱ་བ། །བཞི་པ་རང་གནས་ཁོང་ནས་སོ། །ཞེས་བྱ་བ་ནི་གྷ་ཛྷ་ཌྷ་དྷ་བྷ་འདི་རྣམས་ནི་སྟོབས་ཆེ་བ་ཞེས་བྱ་སྟེ། རང་རང་གི་གནས་དང་ཁོད་པའི་སྒྲའི་ཆ་ལྡན་པ་སྟེ། ག་དང་ཧའི་སྒྲའི་ཆ་དང་ལྡན་པ་ནི་སྟོབས་ཆེ་བ་ཞེས་བདེ་སྤྱོད་ཀྱི་མདོ་ལས་འབྱུང་ངོ་། །གཞན་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཨ་ནུ་སྭ་ར་ཞེས་ བྱ་བ། །ལྔ་པ་རང་གནས་སྣ་ནས་འབྱུང་། །ཞེས་བྱ་བ་ནི་ང་ཉ་ཎ་ན་མ་འདི་རྣམས་ནི་ཀླད་ཀོར་གྱི་ཡི་གེ་ཡིན་ཏེ། རང་རང་གི་གནས་དང་སྣའི་སྒྲ་ཕྲད་པ་ལས་འབྱུང་བ་མགུལ་བ་དང་སྣ་ཕྲད་པ་ལས་ད་འབྱུང་སྟེ། གཞན་ལ་ཡང་དེ་བཞིན་དུ་སྦྱར་རོ། །ད་ནི་བྱེད་པ་རྣམས་ཀྱི་གནས་བསྟན་པའི་ཕྱིར། མགུལ་པ་སྣ་དང་ ཀླད་པའི་སྦུབས། །དོག་པ་ཡིན་ཏེ་ཡངས་པ་གཞན། །རྐན་དང་སོ་དང་ལྕེ་དང་མཆུ། །ཕྲད་པ་ཡིན་ཏེ་གཞན་ཞེས་བྱ། །ཞེས་བྱ་བ་སྨོས་ཏེ། དེ་ལ་དོག་པ་ཡིན་ཏེ་ཞེས་བྱ་བ་ནི་མགུལ་པ་ལ་སོགས་པའི་གནས་འདི་རྣམས་ལས་འབྱུང་བའི་ཡི་གེ་ནི་གནས་དོག་པའི་རྐྱེན་གྱིས་བསྐྱེད་པ་ཡིན་པས་ བྱེད་པ་འདི་ལ་དོག་པ་ཞེས་བྱའོ། །ཡངས་པ་ཞེས་བྱ་བ་ནི་ལྷག་མ་རྣམས་གནས་ཡངས་པའི་རྐྱེན་གྱིས་བསྐྱེད་པ་ཡིན་པས་བྱེད་པ་འདི་ལ་ཡངས་པ་ཞེས་བྱའོ། །ཕྲད་པ་ཞེས་པ་ནི་རྐན་ལ་སོགས་པའི་གནས་འདི་རྣམས་ལས་འབྱུང་བའི་ཡི་གེ་ནི་གནས་གཉིས་ཕན་ཚུན་ཕྲད་པ་ལས་འབྱུང་བས་དེ་ལ་ཡང་དེ་སྐད་ཅེས་བྱའོ། ། གཞན་ཞེས་བྱ་བ་ནི་ལྷག་མ་རྣམས་གནས་རྣམས་ཕྲད་དུ་ཉེ་བ་ལས་འབྱུང་བས་ཅུང་ཟད་ཕྲད་པ་ཞེས་བྱའོ། །ད་ནི་ཡི་གེའི་ལྡང་ཚད་བཤད་པར་འདོད་ནས། གནས་ཆའི་ཡི་གེ་ཇི་སྙེད་ཀྱང་། །ང་རོ་གཅིག་གིས་བཅིངས་པ་ལ། །དེ་ལའང་ཡི་གེ་གཅིག་ཅེས་བརྗོད། །ཤིན་ཏུ་ཕྲ་བའི་རྣམ་པའི་ཆ། །དེ་ ལའང་ཡི་གེ་གཅིག་ཅེས་བྱ། །ཞེས་སྨོས་ཏེ། དེ་ལ་ཡི་གེ་ཞེས་བྱ་བ་སྐབས་ཀྱིས་རྣམ་པ་གཉིས་སུ་འགྱུར་ཏེ། དབྱངས་གཅིག་གིས་བཅིངས་པའི་ཡི་གེ་དང་མིང་གི་མཐའི་ཡི་གེའོ། །དེ་ལ་དབྱངས་གཅིག་གིས་བཅིངས་པའི་ཡི་གེ་ནི་ང་རོ་གཅིག་གིས་བཅིངས་པ་སྟེ། ཨོཾ་དང་ཧཱུཾ་དང་ཕཊ་ལ་སོགས་པ་ལྟ་བུ་ལ་ ཡི་གེ་འབྲུ་རེ་རེ་ཞེས་བྱ་སྟེ། འོན་ཀྱང་ཨོཾ་གཅིག་པུ་ལ་ཡང་ཨ་དང་ཨོཾ་དང་ཨཾ་དང་གསུམ་ཚོགས་པ་ལས་གྲུབ་པ་ཡིན་མོད་ཀྱི། ཨོཾ་ཞེས་བྱ་བ་དབྱངས་ཀྱི་ཡི་གེ་གཅིག་གིས་བཅིངས་ཤིང་བསྡུས་བས་ན་ཨོཾ་ལ་ཡི་གེ་འབྲུ་གཅིག་ཅེས་བྱའོ། །ཤིན་ཏུ་ཕྲ་བའི་རྣམ་པ་ཞེས་བྱ་བ་འདི་ནི་མིང་གི་མཐའི་ཡི་གེ་ཡིན་ ཏེ། དཔེར་ན་གཟུགས་རྣམས་བཤིག་ན་རྡུལ་ཕྲ་རབ་ཀྱི་མཐར་ཐུག་སྟེ་དེ་ལས་ལྷག་པར་ཕྲ་བའི་གཟུགས་གཞན་མེད་དོ། །དེ་བཞིན་དུ་མིང་རྣམས་བཤིག་ན་གང་དུ་མཐར་ཐུག་པར་འགྱུར་ཞིང་དེ་ལས་བྱེ་བྲག་ཏུ་དབྱེ་བའི་བོགས་དབྱུང་དུ་མེད་པ་ནི་ཡི་གེ་གཅིག་ ཅེས་བྱ་སྟེ། གསལ་བྱེད་བཅོ་བརྒྱད་ཀྱི་ཆ་ལྟ་བུའོ། །ད་ནི་ཡི་གེ་རྣམས་ཀྱི་འདྲེན་པའི་ཆ་ཤས་ཀྱིས་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། སྒྲ་འདི་དག་ལ་འདྲེན་པའི་ཆ། །ཨལྤ་པྲཱ་ཎ་གཉིས་གཅིག་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཨལྤ་པྲཱ་ཎ་གཉིས་གཅིག་ཡིན། ། ཞེས་བྱ་བ་ནི་ཡི་གེ་གཉིས་ལ་ཡི་གེ་གཅིག་གི་སྒྲ་ལས་མེད་པ་ནི་སྟོབས་ཆུང་བས་སྟོབས་མེད་ཅེས་བྱ་སྟེ། ཕཊ་ཅེས་བྱ་བ་ལྟ་བུའོ། །ཊའི་སྒྲ་ཕྱེད་པའི་ཁོང་དུ་ཆུད་པས་ཡི་གེ་གཅིག་གི་སྒྲར་སོང་བ་ལྟ་བུའོ། །མ་ཧཱ་པྲཱ་ཎ་གཅིག་གཉིས་ཡིན། །ཞེས་བྱ་བ་ནི་ཡི་གེ་གཅིག་ལ་གཉིས་ ཀྱི་སྒྲ་ཡོད་པ་སྟེ། སྡེ་པའི་ཡི་གེ་ལས་བཞི་པ་བཞི་པ་རྣམས་འདྲེན་པའི་སྟོབས་ཆེ་བས་སྟོབས་ཆེན་ཞེས་བྱའོ། །ཨ་ནུ་སྭ་ར་རྔུབ་པའི་སྒྲ། །ཞེས་བྱ་བ་ནི་ཀླད་ཀོར་གྱི་ཡི་གེ་རྣམས་ནི་སྣའི་དབུགས་ལས་རྔུབ་པ་སྟེ། དབྱངས་ཀྱི་ཡི་གེ་དང་རྗེས་སུ་མཐུན་པས་རྗེས་སུ་ང་རོ་ཞེས་བྱའོ། །བི་སརྫྫ་ ནི་བཅད་པའོ། །ཞེས་བྱ་བ་ནི་ཚེག་དྲག་སྟེ། དྲག་ཏུ་བྱེད་ཅིང་གཅོད་པར་བྱེད་པས་རྣམ་པར་གཅད་པ་ཞེས་བྱའོ། །ཧྲ་སྭ་ཐ་མལ་སྒྲ་ཡིན་ཏེ། །ཞེས་བྱ་བ་ནི་ཡི་གེ་གང་ཡང་རུང་བ་ཐ་མལ་དུ་བརྗོད་པ་ཡིན་པས་ཐུན་མོང་ཞེས་བྱ་བའོ། །དཱིརྒྷ་ཏ་ནི་གཉིས་ཀྱི་ཡུན། །ཞེས་བྱ་བ་ནི་ཡི་གེ་ གཉིས་ཀྱི་ཡུན་དུ་བརྗོད་པ་ཡིན་པས་རིང་པོ་ཞེས་བྱའོ། །པླུ་ཏ་ནི་དེ་བཞིན་གསུམ། །ཞེས་བྱ་བ་ནི་གསུམ་གྱི་ཡུན་དུ་བརྗོད་པ་ཡིན་པས་ཤིན་ཏུ་རིང་པོ་ཞེས་བྱའོ། །ཨུ་དཏྟ་ནི་མཚུངས་གཉིས་གཅིག །ཅེས་བྱ་བ་ནི་ཡི་གེ་མཚུངས་པ་གཉིས་བཏགས་པ་ལ་སྒྲ་ཆེན་པོ་གཅིག་ཏུ་བོད་ པ་སྟེ། ཀྐཙྪ་ཞེས་པ་ལྟ་བུ་ཆེན་པོ་ཞེས་བྱའོ། །ཨ་ནུ་དཱཏྟ་ཕྱེད་ཆ་ཡིན། །ཞེས་བྱ་བ་ནི་ཡི་གེ་ཕྱེད་ཀྱི་སྒྲ་ཡིན་པ་སྟེ། ཕྱེད་པ་ཉིད་ལ་ཆུང་ངུ་ཞེས་བྱའོ། །སྭ་རི་ཏ་ནི་རང་སྒྲའོ། །ཞེས་བྱ་བ་ནི་བསྐྱེད་བསྐྱུང་མ་བྱས་པ་སྟེ་བར་མ་ཞེས་བྱའོ། །སྣ་ལྡན་ཨ་ནུ་སྭ་རའི་ཆ། །ཞེས་བྱ་ བ་སྣ་དང་ལྡན་པ་ཞེས་བྱ་བ་ནི་ཀླད་ཀོར་དང་ལྡན་པའོ། །ཨ་ལྡན་ཨ་མེད་ཅེས་བྱ་བ། །ཆེ་བ་དག་དང་ཆུང་བའི་མིང་། །ཞེས་བྱ་བ་ནི་ཨ་དང་ལྡན་པ་དང་མི་ལྡན་པ་ཞེས་བྱ་བ་ཨ་ཤས་ཆེ་བ་དང་ཆུང་བའི་བྱེ་བྲག་སྟེ། ཨ་དང་མི་ལྡན་པ་དག་ནི་མེད་དོ། །དེ་ལྟར་དྲང་པོའི་ཆ་བསྟན་ ནས་བསྒྲེང་བ་ལ་སོགས་པ་རྩ་བ་གཞན་པའི་ཆ་བསྟན་པའི་ཕྱིར། དྲང་པོ་དག་ལ་ཇི་ལྟ་བ། །ང་རོ་གཞན་ལའང་དེ་བཞིན་ཏེ། །ཞེས་བྱ་བ་སྨོས་ཏེ། དྲང་པོ་སྟེ་ཨའི་ཆ་ལས་གྱུར་པའི་གནས་དང་། ཆ་ཇི་ལྟ་བ་བཞིན་དུ་བསྒྲེང་བ་དང་། བཀུག་པ་དང་། བསྟོད་པ་དང་། སྨད་པ་དང་། བསྒྲིམས་པ་དང་། གློད་པ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལ་དྲང་པོའི་སྒྲ་དང་མཐུན་པ་དག་ནི་གོང་དུ་བསྟན་པར་ཟད་དོ། །དེ་ལ་ཅུང་ཟད་མི་འདྲ་བར་བསྟན་པ་རྣམས་བཤད་པའི་ཕྱིར། དེ་ལ་ཅུང་ཟད་གནས་ཆ་ནི། །རྒན་དང་མགུལ་པའི་ཆ་དག་ལས། །བསྒྲེང་དང་ བཀུག་པའི་ང་རོ་འབྱུང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་ཅུང་ཟད་མི་འདྲ་བ་ནི་འདི་ཡིན་ཏེ། བསྒྲེང་བ་དང་བཀུག་པ་ནི་མགུལ་པ་དང་རྐན་ལས་འབྱུང་སྟེ། ཨ་བཀུག་པ་ནི་ཨི་ཡིན་ནོ། །ཨ་དང་ཨི་སྦྱར་བ་ནི་བསྒྲེང་བ་སྟེ་ཨེའོ། །དེ་བཞིན་མཆུ་ལས་སྟོད་སྨད་དོ། ། ཞེས་བྱ་བ་ནི་ཨོ་དང་ཨུ་མཆུ་ལས་འབྱུང་སྟེ། དེ་ཡང་ཨ་སྨད་པ་ནི་ཨུའོ། །ཨ་དང་ཨུ་སྦྱར་བ་ནི་ཨོ་ཡིན་ནོ། །བསྒྲིམས་པ་སྤྱི་བོའི་ཆ་ལས་ཏེ། །ཞེས་བྱ་བའི་རྀ་ནི་སྤྱི་བོ་ལས་འབྱུང་སྟེ། ལྕེའི་རྩེ་མོར་ཉེ་བ་དང་རྐན་དུ་བཅིར་ན་སྤྱི་བོ་ལས་སྒྲ་འབྱུང་བ་ཡིན་ནོ། །དཔེར་ན་གླིང་བུའི་ སྒྲ་སྤྱི་བོར་བུས་ན་ཞབས་སུ་གྲག་པར་སྣང་བ་ལྟ་བུའོ། །གློད་པ་དག་ནི་སོ་ཡིན་ནོ། །ཞེས་བྱ་བའི་ལྀ་ནི་སོ་དང་ལྕེ་སྦྱར་བ་ལས་འབྱུང་བ་ཡིན་ནོ། །དབྱངས་འདི་དག་གིས་བཅིངས་ཤིང་བསྡུས་པ་ན་ཆའི་བྱེ་བྲག་ནི་དྲང་པོའི་སྐབས་སུ་བརྗོད་པ་བཞིན་དུ་སྦྱར་རོ་ཞེས་ཤེས་པར་བྱ་བའི་ཕྱིར། འདི་དག་ གིས་ནི་བཅིངས་པ་ན། །ཆ་ནི་སྔོན་དུ་བརྗོད་པ་བཞིན། །ཞེས་བྱ་བ་སྨོས་སོ། །ད་ནི་བསྒྲེང་བ་དང་བཀུག་པ་ལ་སོགས་པའི་སྒྲ་དེ་རྣམས་ནི་མིང་དུ་སྨོས་ཀྱང་ངོ་བོ་ཉིད་གང་ལ་བྱ་བ་མ་བསྟན་པས་དེའི་ཕྱིར། མི་དེ་མུ་དོ་རྀ་ལྀ་ཡི། །སྒྲ་ཡི་ཆ་དང་ཅི་རིགས་སྦྱར། །ཞེས་བྱ་བ་སྨོས་ཏེ། མི་ཞེས་བྱ་བ་ནི་ཨི་ཡིན་ནོ། །དེ་བཞིན་དུ་དེ་ནི་ཨེའོ། ། མུ་ནི་ཨུའོ། །དོ་ནི་ཨོའོ། །རྀ་ལྀ་ན་དངོས་ཏེ། སྔོན་གྱི་མཁན་པོ་རྣམས་ཀྱིས་བརྡར་བྱས་པའོ། །སྒྲ་ཡི་ཆ་དང་ཅི་རིགས་སྦྱར། །ཞེས་བྱ་བ་ནི་ཨི་ནི་བཀུག་པ་དང་སྦྱར་རོ། །དེ་བཞིན་དུ་ཨེ་ནི་བསྒྲེང་བའོ། །ཨུ་ནི་སྨད་པའོ། །ཨོ་ནི་བསྟོད་པའོ། །རྀ་ནི་བསྒྲིམས་པའོ། །ལྀ་ནི་གློད་པའོ། ། དྲང་པོ་གང་ཡིན་ཞེ་ན། ཨ་ཡི་ཆ་ནི་མདུན་དུ་དཔྱད། །ཅེས་བྱ་བ་སྨོས་ཏེ། དྲང་པོ་ནི་ཨའི་ཆ་ཡིན་ཏེ། གོང་དུ་བཤད་ཟིན་ཏོ་ཞེས་པའོ། །འོ་ན་ཨི་ལ་སོགས་པ་ལ་ཡང་ཨའི་ཆ་ཞེས་མི་བྱའམ་ཞེ་ན། ལྷག་མ་རྣམ་པའི་ཆ་ཞེས་བྱ། །ཞེས་བྱ་བ་སྨོས་ཏེ། འདི་ལྟར། ལྷག་མ་རྣམས་ལ་རྣམ་པའི་ཆ། །ཞེས་བྱ་བ་ ནི་ཨའི་རྣམ་པའམ་བྱེ་བྲག་ཡིན་ཏེ། དེའི་ཕྱིར་ཨ་དང་ཨའི་རྣམ་པ་ཞེས་བྱའོ། །དེ་ལ་ཆ་ཞེས་བྱ་བ་ཡང་རང་གི་ཆ་དང་སྤྱིའི་ཆ་ཞེས་བྱ་བ་གཉིས་སུ་འགྱུར་ཏེ། རང་རེ་ལ་ཡོད་པའི་ཆ་ནི་རང་གི་ཆའོ། །སྤྱི་ལ་ཡོད་པའི་ཆ་ནི་སྤྱིའི་ཆ་སྟེ། དེ་ཉིད་བསྟན་པའི་ཕྱིར། དེ་དག་རེ་རེའི་ཆ་ཡིན་ཏེ། །གང་གང་ཕན་ཚུན་བརྟེན་ པ་ནི། །ཀུན་དུ་ཁྱབ་ཕྱིར་སྤྱི་ཡི་ཆ། །ཞེས་བྱ་བ་སྨོས་ཏེ། དེ་ལ་ཕན་ཚུན་བརྟེན་ཞེས་བྱ་བ་ནི་ཡི་གེ་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་པ་སྟེ། ཨོཾ་ལྟ་བུ་ཨོ་ལ་བརྟེན་ཅིང་ཁྱབ་པ་ལྟ་བུའོ། །དེ་ལྟར་བསྟན་པ་དེ་དག་ཀྱང་ཡི་གེའི་བྱེ་བྲག་གམ་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། དེ་དག་ཡི་གེའི་བྱེ་བྲག་སྟེ། ། ཞེས་བྱ་བ་སྨོས་སོ། །ད་ནི་ཡི་གེའི་ངེས་པའི་ཚིག་བཤད་པར་འདོད་ནས། རྣམ་གྲངས་དུ་མ་མེད་པ་དང་། །མིང་ཚིག་གསལ་བར་བྱེད་པ་དང་། །དོན་རྣམས་རྗོད་པར་བྱེད་པའི་ཕྱིར། །ཡི་གེ་ཞེས་ནི་བརྗོད་པ་ཡིན། །རང་བཞིན་ལས་དང་དགོས་ཆེད་ཀྱི། །ངེས་ཚིག་ཡིན་ཏེ་གོ་རིམས་བཞིན། །ཞེས་བྱ་བ་ སྨོས་ཏེ། རྣམ་གྲངས་དུ་མ་མེད་པ་ཞེས་བྱ་བ་ནི་རང་གི་ངོ་བོའི་སྒོ་ནས་ངེས་ཚིག་བརྗོད་པ་སྟེ། ཡི་གེ་རྣམས་ཀྱི་རང་བཞིན་རྣམ་གྲངས་གཞན་དུ་མི་འགྱུར་ཞིང་དུ་མ་མེད་པའི་ཕྱིར་མི་འགྱུར་བ་ཞེས་བྱའོ། །གསལ་བར་བྱེད་པ་ཞེས་བྱ་བ་ནི་ལས་ཀྱི་སྒོ་ནས་ངེས་པའི་ཚིག་བརྗོད་པ་སྟེ། མི་འགྱུར་བ་ཉིད་ཀྱིས་ མིང་དང་ཚིག་གསལ་བར་བྱེད་པས་གསལ་བྱེད་ཅེས་བྱའོ། །རྗོད་པར་བྱེད་པ་ཞེས་བྱ་བ་ནི་དགོས་ཆེད་ཀྱི་སྒོ་ནས་ངེས་པའི་ཚིག་བརྗོད་པ་སྟེ། གསལ་བར་བྱས་པས་ཆོས་རྣམས་ཀྱི་དོན་རྗོད་པར་བྱེད། དྲན་པར་བྱེད། ཤེས་པར་བྱེད་པས་རྗོད་པ་ཞེས་བྱའོ། །ད་ནི་ཡི་གེའི་ཚོགས་བསྟན་པའི་ཕྱིར། ཚོགས་ དང་ལུས་དང་འདུས་པ་ནི། རྣམ་གྲངས་དག་སྟེ་དེ་བཞིན་སྦྱར། །ཞེས་བྱ་བ་སྨོས་ཏེ། ཀཱ་ཡ་ཞེས་བྱ་བའི་སྒྲ་ནི་ཚོགས་དང་། འདུས་པ་དང་། ལུས་ལ་འཇུག་པ་སྟེ། འདི་དག་ནི་རྣམ་གྲངས་སུ་གཏོགས་པའོ། །དེ་བཞིན་སྦྱར་ཞེས་བྱ་བ་ནི་ཚོགས་ཞེས་བྱ་བའི་དོན་འདི་མིང་དང་ཚིག་ལ་ཡང་སྦྱར་རོ་ཞེས་བྱ་བའི་ དོན་ཏོ། །དེ་ལྟ་ན་ཡི་གེའི་ཚོགས་དེ་དག་ཀྱང་རྒྱུ་དང་། རང་བཞིན་དང་། ལྡང་ཆད་དང་། ངེས་པའི་ཚིག་དང་། རབ་ཏུ་དབྱེ་བ་རྣམས་ཀྱིས་བཤད་པ་ལས་དབྱེ་བ་དེ་དག་ཀྱང་རྩ་བ་གང་ལས་གྱུར་པའི་རབ་ཏུ་དབྱེ་བ་དང་། རྒྱུས་རབ་ཏུ་དབྱེ་བ་དང་། གནས་ཀྱིས་རབ་ཏུ་དབྱེ་བ་དང་། མིང་གིས་རབ་ཏུ་དབྱེ་བ་དང་། འདྲེན་ པས་རབ་ཏུ་དབྱེ་བ་རྣམས་སུ་ཤེས་པར་བྱ་སྟེ། ཇི་སྐད་དུ་གོང་དུ་བཤད་པ་རྣམས་འདི་དག་ཏུ་འདུས་པར་ཤེས་པར་བྱའོ། །ད་ནི་མིང་གི་ཚོགས་སྟོན་ཏེ། དེ་ཡང་གྲུབ་པའི་མིང་དང་། རྗེས་སུ་གྲུབ་པའི་མིང་གཉིས་སུ་བསྟན་པར་འདོད་ནས། ཇི་ལྟར་རྡུལ་ལས་གོང་བུ་བཞིན། །ཡི་གེ་འདུས་པར་གྱུར་པ་ན། །མིང་ ནི་རབ་ཏུ་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འདིས་ནི་མིང་གི་ཚོགས་ཀྱི་རྒྱུ་བསྟན་ཏོ། །དེ་བཞིན་དུ་རང་གི་ངོ་བོ་དང་། ལྡང་ཚད་དང་། ངེས་པའི་ཚིག་དང་། དབྱེ་བ་རྣམས་ཀྱིས་འདི་ཡང་བསྟན་པར་ཤེས་པར་བྱའོ། །དེ་ལ་རྒྱུ་ནི་དེ་དེར་ན་རྡུལ་འདུས་པ་ལས་གོང་བུ་གྲུབ་པ་ན་དེ་ཉིད་ དང་གཞན་དུ་བརྗོད་དུ་མེད་པ་བཞིན་ཡི་གེ་འདུས་པ་ལས་མིང་འགྲུབ་སྟེ། ཡི་གེ་ཉིད་ཀྱང་མིང་མ་ཡིན། ཡི་གེ་ལས་གུད་ན་ཡང་མིང་མེད་དེ། ཡི་གེ་འདུས་པའི་གནས་སྐབས་ལ་མིང་ཞེས་བྱའོ། །མིང་འདུས་པ་ལས་ཚིག་ཀྱང་དེ་བཞིན་ནོ། །ད་ནི་རང་གི་ངོ་བོ་ལ་སོགས་པ་བསྟན་པར་འདོད་ནས། གང་ཞིག་རྣམ་ཆ་འདུས་པ་ཡིས། །དོན་གྱི་ངོ་བོ་ཉིད་བརྗོད་ན། །རྣམ་ཆ་མང་ངམ་ཉུང་གྱུར་ཀྱང་། །དེ་ནི་མིང་ཞེས་རབ་ཏུ་བརྗོད། །ཅེས་སྨོས་ཏེ། དེ་ལྟར་ཡི་གེ་འདུས་པ་མིང་ཡིན་ན་ཡི་གེ་ངི་ཙམ་འདུས་པས་མིང་འགྲུབ་ཅེ་ན། འདི་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་ཙམ་སྟོན་ན་ཡི་གེའི་རྣམ་གྲངས་ཀྱི་ཚད་ངེས་པ་ མེད་དེ། དཔེར་ན་པ་རི་ཀ་ཥ་ལྟ་བུའི་ཡི་གེ་བཞིའི་རྣམ་པའི་བྱེ་བྲག་དང་བཅས་པ་ལའང་མིང་ཞེས་བྱའོ། །ཁ་ལྟ་བུའི་ཡི་གེ་གཅིག་ལ་ཡང་མིང་ཞེས་བྱ་སྟེ། མདོར་ན་ཆོས་ཀྱི་ངོ་བོ་ཉིད་ཙམ་སྟོན་ནུས་ལ་ཁྱད་པར་མི་སྟོན་པའི་ཡི་གེ་འདུས་པའི་གནས་སྐབས་ལ་མིང་ཞེས་བྱའོ། །དེས་ནི་རང་གི་ངོ་བོ་དང་། ལྡང་ཚད་དངོས་སུ་བསྟན་ནས། ངེས་པའི་ཚིག་ཀྱང་ཤུགས་ཀྱིས་བསྟན་པ་ཡིན་ཏེ། ངོ་བོ་ཉིད་བརྗོད་ན་དེར་ཁྲིད་ཅིང་མཚོན་པར་བྱེད་པ་ཡིན་པས་མིང་ཞེས་བྱའོ། །ད་ནི་དེའི་དབྱེ་བ་བསྟན་པར་འདོད་ནས། དེ་ཡང་མིང་གི་ཐོག་མ་དང་། རྗེས་སུ་གྲུབ་པ་རྣམ་པ་ གཉིས། །ཞེས་སྨོས་ཏེ། དེའི་དབྱེ་བ་ནི་ཐོག་མར་གྲུབ་པའི་མིང་དང་། གྲུབ་པ་ལ་བརྟེན་པ་རྗེས་སུ་གྲུབ་པའི་མིང་གཉིས་སོ། །དེ་ལ་ཐོག་མར་གྲུབ་པའི་མིང་དེ་འདོད་རྒྱལ་ལམ། དོན་དང་ལྡན་པ་ཞིག་སྙམ་པ་ལ། དེ་ལ། ཐོག་མར་འདོད་རྒྱལ་མིང་ཡིན་ཏེ། །ཞེས་སྨོས་སོ། །ཆོས་ རྣམས་ལ་དེ་མེད་བཞིན་དུ། བླ་དགས་སུ་བཏགས་པ་ཡིན་པས་འདོད་རྒྱལ་ཡིན་ཏེ། ངེས་པའི་ཚིག་མེད་དོ། །རྗེས་སུ་གྲུབ་པ་ཇི་ལྟ་བུ་ཞིག་སྙམ་པ་ལ། རྗེས་གྲུབ་དག་ནི་དྲིན་ལྡན་དང་། །རྣམ་པ་གཉིས་ཀར་འདོད་པ་ཡིན། །ཞེས་སྨོས་ཏེ། རྗེས་སུ་གྲུབ་པ་ནི་གྲུབ་པ་ལ་བརྟེན་པ་ ཡིན་པས་དོན་དང་ལྡན་པ་ཡིན་ཏེ། ཁ་ཅིག་ནི་དོན་ལ་ལོག་པར་སྦྱོར་བ་ཡང་ཡོད་པས་དོན་དང་ལྡན་པ་དང་། འདོད་རྒྱལ་གཉིས་སུ་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར། དེ་ནི་ངེས་ཚིག་ཡོད་མེད་དོ། །ཞེས་སྨོས་ཏེ། དོན་དང་ལྡན་པ་ནི་ངེས་ཚིག་ཡོད་པ་ཡིན་ལ། འདོད་རྒྱལ་ནི་ངེས་ཚིག་ མེད་པ་ཡིན་ནོ། །ང་ནི་གྲུབ་པའི་མིང་དང་རྗེས་སུ་གྲུབ་པའི་མིང་དེ་དག་ཉིད་གསལ་བར་བྱེད་དོ། །དེའི་ཕྱིར། གང་ཞིག་གཞན་ལ་མ་བརྟེན་པར། །བླ་དགས་གང་བྱས་ཐོག་མའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གྲུབ་པའི་མིང་ཞེས་བྱ་བ་ནི་མིང་གང་དག་དངོས་པོ་གཞན་གྱི་མིང་ལ་ མ་བརྟེན་པར་དེ་ཉིད་ལ་བཏགས་པ་སྟེ། འདི་ལྟར་ཀ་བ་ཞེས་བྱ་བའི་མིང་ནི་གཞན་ལ་མ་བརྟེན་པས་འདི་ལ་ཅིའི་ཕྱིར་ཀ་བ་ཞེས་བྱ་བ་མེད་དོ། །བརྟེན་ཞེས་བྱས་ན་ནི་གཞན་རྟེན་པར་བྱེད་པ་ལ་ལྟོས་པས་མིང་གི་ཐོག་མར་མི་འགྱུར་རོ། །རྗེས་སུ་གྲུབ་པ་ནི། དེ་ལ་བརྟེན་པ་རྗེས་གྲུབ་པ། །འདོད་ རྒྱལ་དོན་ལྡན་གཉིས་སུ་འདོད། །ཅེས་བྱ་བ་ཡིན་ཏེ། གྲུབ་པ་ལ་རྟེན་པ་ནི་རྗེས་སུ་གྲུབ་པ་ཡིན་ཏེ། སྐྱེས་བུ་བརྟན་པོ་ལ་ཀ་བ་ཞེས་བྱ་བ་ལྟ་བུ་སྔར་ཀ་བ་གྲུབ་པར་བྱས་ནས་ཕྱིས་དེ་ལ་བརྟེན་པའོ། །དེ་ལ་རྗེས་སུ་གྲུབ་པའི་འདོད་རྒྱལ་ནི་ཁྱི་ནག་པོ་ལ་དུང་ཞེས་བྱ་བ་ལྟ་བུའོ། །དོན་དང་ལྡན་པ་ཁྱི་དཀར་ པོ་ལ་དུང་ཞེས་བྱ་བ་ལྟ་བུའོ། །འོ་ན་གྲུབ་པའི་མིང་ཡང་འདོད་རྒྱལ་ཡིན་ལ། རྗེས་སུ་གྲུབ་པ་ལོག་པར་སྒྲུབ་པ་ཡང་འདོད་རྒྱལ་ཡིན་ན་ཅིའི་ཕྱིར་མིང་གི་ཐོག་མ་ལ་གྲུབ་པ་ཞེས་བྱ་ཞེ་ན། འདོད་རྒྱལ་དག་ཏུ་མཚུངས་མོད་ཀྱི། །མ་བརྟེན་ཕྱིར་ན་གྲུབ་པ་སྟེ། །མིང་གཞན་གང་ལའང་མ་བརྟེན་པས། ། གཞན་གྱིས་འགལ་བ་མེད་ཕྱིར་རོ། །ཞེས་སྨོས་ཏེ། མིང་གི་ཐོག་མ་ནི་མིང་གཞན་གང་ལ་ཡང་མ་བརྟེན་པས་གྲུབ་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། གཞན་ལ་མ་བརྟེན་པའི་མིང་ནི་གཞན་གང་གིས་ཀྱང་གནོད་པ་མེད་དོ། །དེ་དགག་པའམ་བསྒྲུབ་པར་ནུས་པ་མ་ཡིན་ནོ། །འདི་ལྟར་ཀ་བ་ཞེས་ བྱ་བ་ནི་རྒྱུ་འདིས་ཀ་བ་ཞེས་བྱ་བ་ཡིན་ནོ་ཞེས་འཐད་པས་བསྒྲུབ་པར་ཡང་མི་ནུས་ལ། རྒྱུ་འདིས་ཀ་བ་ཞེས་བྱ་བར་མི་རིགས་སོ་ཞེས་འགལ་བ་བསྒྲུབ་པར་ཡང་གང་གིས་ཀྱང་མི་ནུས་སོ། །མིང་རྣམ་པ་གཉིས་ཀྱི་དཔེ་བསྟན་པའི་ཕྱིར། འཐད་པས་བསྒྲུབ་པའི་རིགས་པ་དག །ཆོས་ཉིད་ལ་ནི་བརྟེན་པ་ བཞིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་འཐད་པ་བསྒྲུབ་པའི་རིགས་པ་ཚུལ་གསུམ་པའི་རྟགས་སྦྱོར་ལྟ་བུ་ནི་ཆོས་ཉིད་ཀྱི་རིགས་པའི་མཐུ་ལ་བརྟེན་པ་ཡིན་ཏེ། འདི་ལྟར་ཕྱོགས་འདི་ན་མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་རོ། །དུ་བ་ཡང་མེའི་འབྲས་བུ་ཁོ་ན་ཡིན་ཏེ། གཞན་གྱི་མ་ཡིན་ པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའི་འབྲས་བུའི་སྒོ་ནས་རྒྱུ་དཔོག་པར་བྱེད་ལ། དུ་བ་མེའི་འབྲས་བུ་ཡིན་པ་ཅིའི་ཕྱིར་ཞེས་འདྲི་ན་ཆོས་ཉིད་ཀྱི་རིགས་པ་ལ་ཐུག་སྟེ། དེའི་རང་བཞིན་དེ་ཡིན་ནོ་ཞེས་ཆོས་ཉིད་ལ་བརྟེན་པ་བཞིན་དུ། དོན་ལྡན་མིང་ཡང་དེ་བཞིན་དུ། །འདོད་རྒྱལ་ཐོག་མ་ཉིད་ལ་བརྟེན། །ཁྱི་འདི་ ལ་དུང་ཞེས་བྱ་སྟེ། ཁ་དོག་དཀར་བའི་ཕྱིར་རོ་ཞེས་བྱ་བའི་ངེས་ཚིག་བརྗོད་ན་དེ་ལ་དཀར་བ་ཅིའི་ཕྱིར་དུང་ཞེས་བྱ་ཞེས་འདྲི་བ་ལ། དེའི་མིང་དེ་ཡིན་ནོ་ཞེས་བྱ་བ་ལས་མ་གཏོགས་པ་གཞན་མེད་དེ། དེའི་ཕྱིར་གྲུབ་པའི་མིང་ལ་རྗེས་སུ་གྲུབ་པའི་མིང་བརྟེན་པའོ། །རྗེས་སུ་གྲུབ་པའི་འདོད་རྒྱལ་ལ་ངེས་ པའི་ཚིག་མེད་དམ་ཞེ་ན། རྗེས་སུ་གྲུབ་པའི་འདོད་རྒྱལ་ནི། །ལོག་པར་བསྒྲུབ་ཕྱིར་ངེས་ཚིག་བཞག །ཅེས་སྨོས་ཏེ། ངེས་པའི་ཚིག་ཡོད་མོད་ཀྱི་བཤད་ན་ལོག་པར་བསྒྲུབ་པར་འགྱུར་ཏེ། དེའི་ཕྱིར་ངེས་ཚིག་མི་བཤད་པར་གཞག་གོ། །གྲུབ་པའི་མིང་གི་འདོད་རྒྱལ་ནི་ངེས་པའི་ཚིག་བཤད་པའི་གཞི་ མེད་དེ། དེའི་ཕྱིར། འདོད་རྒྱལ་ཐོག་མའི་མིང་གང་ཡིན། ངེས་ཚིག་གཞི་མེད་ཆོས་ཉིད་བཞིན། །ཞེས་སྨོས་ཏེ། དཔེར་ན་ཆོས་ཉིད་ཀྱི་རིགས་པ་ལ་བསྒྲུབ་པའི་གཞི་གཞན་མེད་པ་བཞིན་ནོ། །ད་ནི་གྲུབ་པའི་མིང་ལ་བརྟེན་པའི་དོན་དང་ལྡན་པ་བརྗོད་པའི་ངེས་ཚིག་བསྟན་པའི་ཕྱིར། དེ་ བརྟེན་དོན་ལྡན་ངེས་ཚིག་ནི། །དེ་ཡིན་ཕྱིར་དང་དེ་ཡོད་ཕྱིར། །དེ་ལ་ཕན་ཕྱིར་དེ་བྱེད་ཕྱིར། །དེ་བྱའི་ཕྱིར་དང་དེ་འདྲའི་ཕྱིར། །དེ་དེའི་ཕྱིར་དང་དེ་ཉིད་ཕྱིར། །དེ་ཡི་མིང་ནི་དེ་སྐད་ཅེས། །རྟགས་ཀྱི་སྒོའམ་མེད་ཀྱང་རུང་། །སྐབས་ཀྱི་མཐུ་ཡིས་ངེས་ཚིག་བརྗོད། །ཅེས་བྱ་བ་སྨོས་ཏེ། །དེ་ལ་ཡིན་པར་ སྦྱར་བ་ནི་དེ་ཡིན་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའོ། །དེ་བཞིན་དུ་ཡོད་པ་ནི་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའོ། །དེ་ལ་ཕན་པ་ནི་དེ་ལ་ཕན་པར་བྱེད་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའོ། །བྱེད་པ་ནི་འདིས་བྱེད་པས་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའོ། །བྱ་བ་ནི་འདི་བྱེད་པས་དེ་སྐད་ཅེས་ བྱའོ་ཞེས་བྱ་བའོ། །འདྲ་བ་ནི་འདི་དང་འདྲ་བའི་ཕྱིར་དེ་སྐད་ཅེས་བྱའོ་ཞེས་བྱ་བའོ། །དེ་དེ་ཞེས་བྱ་བ་ནི་དེ་ནི་དེའོ་ཞེས་བྱ་སྟེ། མེ་ནི་མེའོ་ཞེས་བྱ་བ་ལྟ་བུའོ། །དེ་ཉིད་ཅེས་བྱ་བ་ནི་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའོ། །མིང་དེ་དག་གི་རྟགས་ཀྱི་སྒོ་ནི་བརྡ་སྟོན་ནུས་པའི་ཡི་གེ་ཡོད་པ་སྟེ། འདི་ལྟར་ཞིང་དང་ལྡན་པ་ནི་ཞིང་པ་ཞེས་བྱ་བའི་རྟགས་ཀྱིས་ལྡན་ཞིང་ཡོད་པར་སྟོན་པ་དང་། རྗོད་པ་ཞེས་བྱ་བས་ནི་རྗོད་པར་བྱེད་པར་སྟོན་ལ། བརྗོད་པ་ཞེས་བྱ་བས་ནི་བྱ་བ་སྟོན་པ་ལྟ་བུ། །རྟགས་དེ་ལྟ་བུ་དག་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ་སྐབས་ཀྱི་ཤུགས་ཀྱིས་དེས་ཚིག་བཤད་པར་བྱའོ། །དེ་དག་ཀྱང་གཉིས་སུ་འདུས་ཏེ། དངོས་ ཀྱི་མིང་དང་བཏགས་པའི་མིང་ངོ་། །དེ་བསྟན་པའི་ཕྱིར། ཡིན་དང་ངོ་བོ་བསྒྲུབ་པ་དང་། །དངོས་པོའི་རྐྱེན་ནི་དངོས་ཀྱི་མིང་། །ལྷག་མ་བཏགས་པ་ཞེས་བྱའོ། །ཞེས་སྨོས་ཏེ། དེ་ལ་ཡིན་པར་བསྒྲུབ་པ་དང་། ངོ་བོ་སྒྲུབ་པ་དང་། དངོས་པོའི་རྐྱེན་གསུམ་དངོས་ཀྱི་མིང་ཡིན་ནོ། །ལྷག་མ་ཡོད་པར་སྦྱར་བ་ དང་། བྱེད་པར་སྦྱར་བ་དང་། ལས་སུ་སྦྱར་བ་དང་། དེ་ལ་ཕན་པར་སྦྱར་བ་དང་། འདྲ་བར་སྦྱར་བ་དང་ལྔ་ནི་བཏགས་པའི་མིང་ཞེས་བྱའོ། །རང་གི་ངོ་བོའི་མིང་གསུམ་གྱི་ཁྱད་པར་ཅི་ཞེ་ན། རང་གི་ངོ་བོའི་ངེས་ཚིག་དང་། །བཏགས་པའི་མིང་གཞན་སྤོང་བྱེད་དང་། །རང་གི་ཁྱད་པར་གཞན་སེལ་བས། ། ཡིན་དང་ངོ་བོ་བསྒྲུབ་པ་དང་། །དངོས་པོའི་རྐྱེན་རྣམས་གོ་རིམས་བཞིན། །ཞེས་སྨོས་ཏེ། ཡིན་པར་བསྒྲུབ་པས་ནི་རང་གི་ངོ་བོ་ཙམ་བསྒྲུབ་ཅིང་གཞན་ལ་ཟུར་མི་ཟའོ། །ངོ་བོ་བསྒྲུབ་པའི་སྒྲས་ནི་བཏགས་པའི་མིང་ལྔ་སྤོང་ཞིང་སེལ་བར་བྱེད་དེ། མེ་ནི་མེའོ་ཞེས་བརྗོད་ན་འདི་མེ་དངོས་ཡིན་ གྱི། མེ་ཡོད་པ་ལ་སོགས་པ་ལྔ་ནི་མ་ཡིན་ནོ་ཞེས་པའོ། །དངོས་པོའི་རྐྱེན་ནི་རང་གི་ཁྱད་པར་ཡང་སེལ་བར་བྱེད་དེ། ཚ་བ་ཉིད་ཅེས་བརྗོད་ན་ཚ་བ་ཁོ་ན་མེ་ཡིན་གྱིས་གསལ་བ་ལ་སོགས་པའི་ཡོན་ཏན་གཞན་ནི་མ་ཡིན་ནོ་ཞེས་བྱ་བའོ། །བཏགས་པའི་མིང་འཆད་པར་འདོད་ནས། རྟེན་ལ་བརྟེན་པ་ བརྟགས་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་པར་སྦྱར་བ་ནི་རྟེན་ལ་བརྟེན་པའི་མིང་བཏགས་པ་སྟེ། སྐྱེས་བུ་འདི་ལ་རྩལ་ཡོད་པས་རྩལ་ཞེས་བྱའོ་ཞེའམ། རྩལ་ཅན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་ཕན་པར་སྦྱར་བ་ནི། བརྒྱུད་པའི་རྒྱུ་ལ་འབྲས་བུ་དང་། །ཞེས་བྱ་བ་སྟེ། བརྒྱུད་པའི་རྒྱུ་ཙམ་ལ་འབྲས་བུའི་མིང་བཏགས་པ་སྟེ། ཆུ་ལུད་ལ་ཁ་ཟས་ཡིན་ཞེས་མིང་བཏགས་པ་ལྟ་བུའོ། །བྱེད་པ་བསྒྲུབ་པ་ནི། དངོས་ཀྱི་རྒྱུ་ལ་དེ་བཞིན་དང་། །ཞེས་བྱ་བ་སྨོས་ཏེ། འབྲས་བུའི་མིང་བཏགས་པ་སྟེ། བྱ་བ་ལ་བྱེད་པ་ཐམས་ཅད་ཀྱང་འབྲས་བུའི་མིང་ཡིན་ནོ། །ལས་སུ་ གྲུབ་པ་ནི། འབྲས་བུའམ་བྱ་བར་འགྱུར་བ་ལ། དེ་ལ་རྒྱུ་ཡི་མིང་བཏགས་པའང་། །ཞེས་བྱ་བ་སྨོས་ཏེ། འབྲས་བུའམ། ལས་སུ་གྱུར་པ་ལ་རྒྱུ་གཞན་གྱི་སྒོ་ནས་བཏགས་པའོ། །འདྲ་བར་སྦྱར་བ་ནི། དཔེ་གཞན་གྱིས་ནི་མིང་དག་དང་། །ཞེས་བྱ་བ་སྟེ། དཔེའི་ཚིག་ཉེ་བར་བཟུང་སྟེ། ལྷ་དང་འདྲ་བས་ལྷ་ཞེས་བྱ་བ་ལྟ་བུའོ། །དེ་དག་ཉིད་དེ་ལྟར་སྟོན་པ་ནི། དོན་འདི་དག་གི་སྒོ་ནས་ནི། །ཡོད་དང་དེ་ལ་ཕན་པ་དང་། །བྱེད་དང་ལས་སུ་སྒྲུབ་པ་དང་། །འདྲ་བར་སྦྱར་དང་རིམ་བཞིན་ནོ། །ཞེས་བྱ་བ་འདི་ཡིན་ནོ། །ཚོགས་ཞེས་བྱ་བ་ནི་ཡི་གེའི་སྐབས་སུ་བཤད་ཟིན་ནོ། །ད་ནི་ཚིག་ གི་ཚོགས་བཤད་པར་འདོད་པས་ཚིག་གི་ཕྲད་དང་བཅས་པ་བསྟན་པར་འདོད་ནས། གལ་ཏེ་མིང་གཉིས་འདུས་པའམ། །འོན་ཏེ་མང་པོ་འདུས་ཀྱང་རུང་། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །འདིར་ཡང་རྒྱུ་དང་། རང་གི་ངོ་བོ་དང་། ལྡང་ཚད་དང་། ངེས་ཚིག་དང་། རབ་ ཏུ་དབྱེ་བ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལ་རྒྱུ་ནི་མིང་ངོ་། །རང་གི་ངོ་བོ་ནི་དེ་འདུས་པས་དོན་གྱི་ཁྱད་པར་བརྗོད་པའོ། །ལྡང་ཚད་ནི་ཁྱད་པར་བརྗོད་པ་ཉིད་ཀྱིས་ཡི་གེ་འདུས་པ་ལས་མ་འདས་པའོ། །ངེས་པའི་ཚིག་ནི་གསལ་ཞིང་འབྲུར་ཆགས་པའོ། །རབ་ཏུ་དབྱེ་བ་ནི་ ཚིག་སྡུད་པའི་སྦྱོར་བ་དང་། ཚིག་གི་ཕྲད་དོ། །དེ་དག་ཉིད་བསྟན་པའི་ཕྱིར། གལ་ཏེ་མིང་གཉིས་འདུས་པའམ། །འོན་ཏེ་མང་པོ་འདུས་ཀྱང་རུང་། །དེ་དག་ཁྱད་པར་རྗོད་བྱེད་ན། །ཚིག་ཅེས་རབ་ཏུ་བརྗོད་པ་སྟེ། །ཕྲད་རྣམས་དག་དང་བཅས་པའང་ཡིན། །ཞེས་བྱ་བ་མདོར་སྨོས་ཏེ། དེ་ལ་ཚིག་ ཅེས་བྱ་བ་ནི་མིང་འདུས་པ་ལ་བྱ་སྟེ། ཇི་ལྟར་དོན་གྱི་ཁྱད་པར་སྟོན་ན་མིང་གཉིས་སམ། མང་པོ་འདུས་ཀྱང་རུང་སྟེ་ཚིག་ཅེས་བྱའོ། །འདི་ལྟར་ཀ་བ་རིང་པོ་ཞེས་བརྗོད་ན་ཀ་བའི་ཁྱད་པར་རྗོད་པར་བྱེད་དོ། །དེ་བཞིན་དུ་ཀ་བ་རིང་པོ་འདི་ནི་དཀར་པོའོ་ཞེས་བྱ་བ་ལ་སོགས་པའང་ཚིག་ཅེས་བྱའོ། །ཚིག་ རྣམས་འབྲེལ་པར་བྱེད་པ་ནི་ཚིག་གི་ཕྲད་དོ། །ད་ནི་ཚིག་སྡུད་པའི་སྦྱོར་བ་བཤད་པར་འདོད་ནས། དེ་ལ་ཚིག་གི་སྦྱོར་བ་བཅུ། །འབྲུ་མང་པོ་དང་ཚིག་སྡུད་དང་། །ཁྱད་པར་དག་དང་ཡན་ལག་དང་། །གཞི་དང་གཞི་གཅིག་བསྡུ་བ་དང་། །གཞི་མཐུན་པ་དང་དེའི་སྐྱེས་བུ། །ཟླས་དབྱེ་བ་ དང་ཕྱོགས་ཙམ་མོ། །འདིར་བསྡུ་བ་ཞེས་བྱ་བ་ཚིག་ལྷག་མར་སྦྱར་ཏེ། འདི་ལྟར་འབྲུ་མང་པོ་པའི་བསྡུ་བ་དང་། ཚིག་སྡུད་པ་ཙམ་གྱིས་བསྡུ་བ་དང་། ཁྱད་པར་བསྡུ་བ་དང་། ཡན་ལག་བསྡུ་བ་དང་། གཞི་གཅིག་ཏུ་བསྡུ་བ་དང་། གཞི་མཐུན་པའི་བསྡུ་བ་དང་། དེའི་སྐྱེས་བུའི་བསྡུ་བ་དང་། ཟླས་དབྱེ་བའི་བསྡུ་བ་དང་། ཕྱོགས་ཙམ་སྟོན་པའི་བསྡུ་བའོ་ཞེས་བྱ་བར་སྦྱར་རོ། །ད་ནི་འབྲུ་མང་པོ་པ་སྟོན་ཏ། དེ་ཡང་དབྱེ་བ་དྲུག་དུ་བསྟན་པའི་ཕྱིར། ཚིག་གཉིས་མང་པོར་རབ་དབྱེ་བའི། །རང་མིང་ལྡན་དང་མི་ལྡན་དང་། །ཕྱོགས་དང་རྣམ་གྲངས་ཕན་ཚུན་དང་། །ཚིག་མང་པོ་སྟེ་ རྣམ་པ་དྲུག །ཅེས་སྨོས་ཏེ། དབྱེ་བ་དྲུག་པོ་འདི་ཡང་ཚིག་གཉིས་ཀྱི་འབྲུ་མང་པོ་པ་དང་། ཚིག་མང་པོའི་འབྲུ་གཉིས་ཀྱི་དབྱེ་བ་ཡིན་ནོ། །དེ་ལ་ཚིག་གཉིས་ཀྱི་འབྲུ་མང་པོ་པ་ནི་པ་ཁྲ་མོ་ཅན་ཞེས་བྱ་བ་ལྟ་བུའོ། །ཚིག་མང་པོའི་འབྲུ་མང་པོ་པ་ནི་བ་དམར་ཁྲ་ཅན་ཞེས་བྱ་བ་ལྟ་བུའོ། །དེ་ལ་རང་གི་མིང་ དང་ལྡན་པ་ལ་སོགས་པ་ལྔ་ནི་ཚིག་གཉིས་ཀྱི་འབྲུ་མང་པོ་པའི་དབྱེ་བ་སྟེ། དེ་ཡང་རང་གི་མིང་དང་ལྡན་པ་ནི་སྐྱེས་བུ་སྟོབས་ཅན་ཞེས་བྱ་བ་ལྟ་བུའོ། །རང་གི་མིང་དང་མི་ལྡན་པ་ནི་བ་ཁྲ་མོ་ཅན་ཞེས་བྱ་བ་ལྟ་བུའོ། །ཕྱོགས་ནི་ཤར་ལྷོ་ཞེས་པ་ལྟ་བུས་མཚམས་སྟོན་པའོ། །རྣམ་གྲངས་ནི་གྲངས་དང་ ལྡན་པ་སྟེ། བཅུ་པ་བརྒྱ་པ་ལ་སོགས་པའོ། །ཕན་ཚུན་ནི་ཕན་ཚུན་བརྟེན་པས་རང་གི་མིང་དང་མིང་ལྡན་པ་ནི་བ་ཁྲ་མོ་ཅན་ཞེས་གྲུབ་པ་སྟེ། གཅོད་དཀའ་བ་དང་། དབུག་དཀའ་བ་ལ་སོགས་པའོ། །ཚིག་མང་པོ་ནི་ཚིག་མང་པོ་དང་ལྡན་པ་སྟེ། གསུམ་པ་ལ་སོགས་པ་ཇི་སྙེད་པའོ། །དེ་དག་ལ་ཡང་ གཞི་མཐུན་པའི་འབྲུ་མང་པོ་པ་དང་། གཞི་ཐ་དད་པའི་དབྱེ་བས་མུ་བཞིར་འགྱུར་ཏེ། དེའི་ཕྱིར། མཐུན་དང་ཐ་དད་དབྱེ་བ་ཡིས། །ཕྱོགས་ཀུན་མཐུན་དང་ཕྱོགས་གཅིག་ལས། །རབ་ཏུ་དབྱེ་བ་བཞིར་འདོད་དོ། །ཞེས་སྨོས་ཏེ། ཕྱོགས་ཀུན་མཐུན་པ་དང་། ཀུན་མི་མཐུན་པ་དང་། ཕྱོགས་ གཅིག་མཐུན་པ་དང་ཕྱོགས་གཅིག་མི་མཐུན་པ་གཉིས་ཏེ་བཞིའོ། །དེ་ལ་ཀུན་མཐུན་པ་ནི་ལྷ་སྦྱིན་རྣ་བ་འཕྱང་བ་ཅན་ལྟ་བུའོ། །ཀུན་མི་མཐུན་པ་ནི་མདའ་གཞུ་ཅན་ལྟ་བུའོ། །ཕྱོགས་གཅིག་མཐུན་པ་ནི་རྐང་ལག་ཅན་ལྟ་བུའོ། །དེ་བཞིན་དུ་ཕྱོགས་གཅིག་མི་མཐུན་པ་ནི་བ་ཁྲ་མོ་ཅན་ལྟ་ བུའོ། །ད་ནི་ངོ་བོ་ཉིད་དེ་དག་ལ་ཡང་བྱེད་པའི་ཚིག་དྲུག་གིས་བསྒྱུར་དུ་རུང་བར་བསྟན་པའི་ཕྱིར། བྱེད་པ་དྲུག་གིས་བསྒྱུར་བ་ནི། །ཀུན་ལ་རབ་ཏུ་ལྡན་པ་སྟེ། །ཞེས་བྱ་བ་སྨོས་ཏེ། དེ་ལ་བྱེད་པའི་ཚིག་གཉིས་པ་དང་ལྡན་པའི་འབྲུ་མང་པོ་པ་ནི་གང་ལ་ཆོས་སྤྱོད་པ་ཡོད་པ་ནི་ཆོས་ལ་སྤྱོད་པ་ ཅན་ཞེས་བྱའོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱ་སྟེ། གསུམ་པ་ནི་ཆོས་ཀྱི་འཕེལ་བ་ཅན་དང་། བཞི་པ་ནི་ཆོས་ཀྱི་ཕྱིར་བསྒྲུབ་པ་ཅན་དང་། ལྔ་པ་ནི་ཆོས་ལས་འབྱུང་བ་ཅན་དང་། དྲུག་པ་ནི་ཆོས་ཀྱི་གཏམ་ཅན་དང་། བདུན་པ་ནི་ཆོས་ལ་གནས་བ་ཅན་ཏེ། འདི་ལྟ་བུ་ལ་སོགས་པ་ བྱེད་པ་དྲུག་དང་། དང་པོའི་ཚིག་དང་བདུན་བདུན་དུ་ཕྱེ་ན་རྣམ་གྲངས་བརྒྱ་དྲུག་ཅུ་རྩ་བརྒྱད་དུ་འགྱུར་བ་ལས་དུས་གཅིག་ཏུ་ནི་ཆོས་གསུམ་དང་ལྡན་ཏེ། རྩ་བའི་ཚིག་གཉིས་སམ་མང་པོ་གང་རུང་གཅིག །རབ་ཏུ་དབྱེ་བ་གཅིག་བྱེད་པའི་ཚིག་གཅིག་སྟེ། གསུམ་དང་ལྡན་པར་བསྟན་པའི་ ཕྱིར། བརྒྱ་དང་དྲུག་ཅུ་རྩ་བརྒྱད་ལས། །དུས་གཅིག་ཏུ་ནི་སུམ་ལྡན་གཟུང་། །ཞེས་བྱ་བ་སྨོས་སོ། །ད་ནི་ཚིག་བསྡུ་བ་འཆད་དེ། དེའི་ཕྱིར། ཚིག་བསྡུ་བ་ནི་རྣམ་པ་ལྔ། །གཉིས་དང་རྣམ་གྲངས་བྱེ་བྲག་དང་། གཞན་དང་བྱེད་པའི་ཚིག་ཡིན་ནོ། །ཞེས་སྨོས་ཏེ། ཚིག་གཉིས་ ཀྱི་མདོར་བསྡུས་པ་དང་། རྣམ་གྲངས་ཀྱི་མདོར་བསྡུས་པ་དང་། བྱེ་བྲག་གི་མདོར་བསྡུས་པ་དང་། གཞན་གྱི་ཚིག་གི་མདོར་བསྡུས་པ་དང་། བྱེད་པའི་ཚིག་གི་མདོར་བསྡུས་པའོ། །འདི་དག་གི་སྔོན་གྱི་མཁན་པོ་གཞན་གྱིས་བཤད་པ། མིང་རྣམ་པ་གཞན་གྱི་སྒོ་ནས་བཏགས་པ་སྟེ། དེ་ལ་ གཉིས་ཀྱི་མདོར་བསྡུས་པ་ནི་ཟླས་དབྱེ་བ། རྣམ་གྲངས་ཀྱི་མདོར་བསྡུས་པ་ནི་བ་གཉིས་པ། བྱེ་བྲག་གི་མདོར་བསྡུས་པ་ནི་ལས་འཛིན་པ། གཞན་གྱི་ཚིག་གི་མདོར་བསྡུས་པ་ནི་འབྲུ་མང་པོ་པ་དང་། བྱེད་པའི་ཚིག་གི་མདོར་བསྡུས་པ་ནི་དེའི་སྐྱེས་བུའོ་ཞེས་གཞན་ལས་བཤད་དེ་འདི་དག་ལས་ཁྱབ་པའི་བྱེ་ བྲག་ཡོད་དོ་ཞེས་ཀྱང་གཞན་ལས་བཤད་དོ། །བྱེད་པའི་ཚིག་གི་མདོར་བསྡུས་པ་འབའ་ཞིག་ལ་ཡང་དབྱེ་ན་དྲུག་སྟེ། དེའི་ཕྱིར། ལས་ལ་སོགས་པའི་དབྱེ་བ་ཡིས། །གཉིས་པ་ལ་སོགས་བདུན་པའི་མཐའ། །བྱེད་པ་དྲུག་ཏུ་འདོད་པ་སྟེ། །ཚིག་སྡུད་ཙམ་དུ་ཤེས་པར་བྱ། །ཞེས་སྨོས་ཏེ། གཉིས་པ་ལས་ཀྱི་བསྡུ་བ་ནི་གྲོང་ལ་འགྲོ་བ་ནི་གྲོང་འགྲོ་ལྟ་བུའོ། །གསུམ་པའི་བསྡུ་བ་ནི་མདའ་ཡིས་བསྣུན་པ་ནི་མདས་བསྣུན་ལྟ་བུའོ། །བཞི་པའི་བསྡུ་བ་ནི་རྒྱན་ཆེད་ཀྱི་གསེར་ནི་རྒྱན་གསེར་ལྟ་བུའོ། །ལྔ་པའི་བསྡུ་བ་ནི་ཡུལ་ལས་འབྱུང་བ་ནི་ཡུལ་བྱུང་ལྟ་བུའོ། །དྲུག་པའི་བསྡུ་བ་ནི་ལྷ་སྦྱིན་གྱི་རྟ་ནི་ལྷ་ སྦྱིན་རྟ་ལྟ་བུའོ། །བདུན་པའི་བསྡུ་བ་ནི་ཡུལ་ན་གནས་པ་ནི་ཡུལ་གནས་ལྟ་བུ་སྟེ། དེ་དག་ལ་བྱེད་པའི་ཚིག་གི་བསྡུ་བ་ཞེས་བྱའོ། །ཙམ་གྱི་དགག་པ་ནི་དོན་ཐམས་ཅད་དུ་ཐ་དད་པས་འགེགས་པར་བྱེད་དེ། ཚིག་བསྡུ་བ་ལྔ་པོ་འདི་ཚིག་བསྡུ་བ་གཞན་དོན་མཐུན་པ་ལ་ཉེས་པ་མེད་དོ། །ད་ནི་ཁྱད་པར་ བསྡུ་བ་འཆད་དེ། དེའི་ཕྱིར། སྔ་མ་ཕྱི་མའི་སྦྱོར་བ་ཡིས། །ཁྱད་པར་བསྡུ་བ་རྣམ་པ་གཉིས། །ཞེས་སྨོས་ཏེ། ཚིག་སྔ་མ་ཁྱད་པར་དུ་སྦྱར་བ་ནི། སྔོན་པོ་ཉིད་ཨུཏྤ་ལ་ནི་སྔོན་པོ་ཨུཏྤ་ལ་ཞེས་བྱ་བ་དང་། ཚིག་ཕྱི་མ་ཁྱད་པར་དུ་སྦྱོར་བ་ནི། ཨུཏྤ་ལ་ཉིད་སྔོན་པོ་ནི་ཨུཏྤ་ལ་སྔོན་པོ་ལྟ་བུའོ། །ད་ནི་ཡན་ ལག་བསྡུ་བ་འཆད་དེ། དེའི་ཕྱིར། འབྲེལ་པ་དག་དང་གོ་རིམས་དང་། །དོན་དང་གྲགས་པའི་ཡན་ལག་ནི། །བསྡུ་བ་བཞིའོ་ཞེས་སྨོས་ཏེ། འབྲེལ་པའི་ཡན་ལག་བསྡུ་བ་ནི་ལུས་ལ་སོགས་པའི་དབང་པོ་ཞེས་བྱ་བ་ལྟ་བུའོ། །གོ་རིམས་ཀྱི་ཡན་ལག་བསྡུ་བ་ནི་གཟུགས་ལ་སོགས་པའི་དབང་པོ་ཞེས་ བྱ་བ་ལྟ་བུའོ། །དོན་གྱི་ཡན་ལག་བསྡུ་བ་ནི་འཁོར་ལོ་ལ་སོགས་པའི་རིན་པོ་ཆེ་ལྟ་བུའོ། །གྲགས་པའི་ཡན་ལག་བསྡུ་བ་ལ་ཡང་འཇིག་རྟེན་ལ་གྲགས་པ་དང་། བསྟན་བཅོས་ལ་གྲགས་པ་གཉིས་ཏེ། དེའི་ཕྱིར་གྲགས་པ་ཡང་། འཇིག་རྟེན་བསྟན་བཅོས་དག་ལ་གཉིས། །ཞེས་སྨོས་ཏེ། འཇིག་རྟེན་ལ་ གྲགས་པ་ནི་ཀ་བ་བུམ་པ་ལ་སོགས་པའི་ཐ་སྙད་བྱས་པ་ལྟ་བུའོ། །བསྟན་བཅོས་ལ་གྲགས་པ་ནི་ལས་ལ་སོགས་པའི་བྱེད་པའི་ཚིག་བྱེད་པ་ལྟ་བུའོ། །ད་ནི་གཞི་བསྡུ་བ་འཆད་དེ། དེའི་ཕྱིར། རིགས་གསལ་བྱས་དང་མ་བྱས་པའི། །གཞི་བསྡུ་བ་ནི་གཉིས་ཡིན་ནོ། །ཞེས་སྨོས་ཏེ། རིགས་གསལ་བའི་ བསྡུ་བ་ནི་ཆོས་མཐའ་དག་ཅེས་པ་ལྟ་བུའོ། །རིགས་མ་གསལ་བའི་བསྡུ་བ་ནི་མཐའ་དག་དང་ཀུན་ལ་སོགས་པའོ། །ད་ནི་གཞི་གཅིག་ཏུ་བསྡུ་བ་འཆད་དེ། དེའི་ཕྱིར། ཕྱོགས་གཅིག་དག་ཏུ་བྱེད་པ་དང་། སོ་སོ་ཕྱོགས་གཅིག་བྱེད་པ་ཡིན། །གཞི་གཅིག་བསྡུ་བ་གཉིས་སུའོ། །ཞེས་བྱ་བ་སྨོས་ཏེ། ཕྱོགས་ གཅིག་ཏུ་བྱེད་པའི་བསྡུ་བ་ནི་འདུས་བྱས་ཐམས་ཅད་མི་རྟག་ཅེས་པ་ལྟ་བུའོ། །སོ་སོ་ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བ་ནི་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་བདག་མེད་དོ་ཞེས་པ་ལྟ་བུའོ། །ད་ནི་གཞི་མཐུན་པའི་བསྡུ་བ་འཆད་དོ། །དེའི་ཕྱིར། ཁྱད་པར་ཁྱད་པར་ཅན་གཉིས་དང་། །ཁྱད་པར་རྣམ་ གཉིས་གཞི་གཅིག་ཏུ། །མཐུན་པར་གོ་བར་བྱ་བ་ལ། སྦྱོར་བ་གཞི་མཐུན་རྣམ་པ་གཉིས། །ཞེས་སྨོས་ཏེ། དེ་ཡང་ཁྱད་པར་དང་ཁྱད་པར་ཅན་གཉིས་གཞི་གཅིག་ཏུ་སྦྱོར་བ་ནི་སྔོ་བ་དང་ཨུཏྤ་ལ་གཉིས་ཀ་ཡང་ཨུཏྤ་ལ་སྔོན་པོ་ཞེས་པ་ལྟ་བུའོ། །ཁྱད་པར་གཉིས་གཞི་གཅིག་ཏུ་བསྡུ་བ་ནི། སྔོ་བ་དང་། རྩུབ་པ་གཉིས་ཀྱང་ཨུཏྤ་ལ་ཞེས་གཞི་གཅིག་ཏུ་བསྡུ་བའོ། །མཐུན་པར་གོ་བ་ནི་ཆོས་ཐ་དད་པ་དག་གཞི་གཅིག་པར་གོ་བར་བྱ་བའི་སྐབས་སུ་སྒྲ་སྦྱོར་བ་ནི་གཞི་མཐུན་པའི་བསྡུ་བའོ། །ད་ནི་དེའི་སྐྱེས་བུ་འཆད་དེ། དེ་ཡང་གསུམ་སྟེ། བྱེད་པའི་ཚིག་གི་དའི་སྐྱེས་བུ་དང་ལས་འཛིན་པའི་དེའི་སྐྱེས་བུ་དང་། བ་ གཉིས་པ་དེའི་སྐྱེས་བུའོ། །དེ་ཉིད་བསྟན་པའི་ཕྱིར། ངོ་བོའམ་ནི་ཆོས་ཀྱང་རུང་། །ཐ་དད་གོ་བར་བྱེད་པ་ཡི། །དེ་ཡི་སྐྱེས་བུ་གསུམ་ཡིན་ཏེ། །བྱེད་པའི་ཚིག་དང་ལས་འཛིན་དང་། །བ་གཉིས་པ་ཞེས་བྱ་བའོ། །ཞེས་སྨོས་ཏེ། དེའི་སྐྱེས་བུ་ཞེས་བྱ་བ་ནི་ཐ་དད་པར་གོ་ བར་བྱེད་པ་སྟེ། དེ་ལ་ངོ་བོ་ཐ་དད་པར་སྦྱོར་བ་ཡང་རུང་། ངོ་བོ་གཅིག་གི་ཆོས་ཐ་དད་པར་སྦྱོར་བ་ཡང་རུང་སྟེ། དེ་ལ་ཐ་དད་པར་སྦྱོར་བའི་སྐབས་སུ་དེའི་སྐྱེས་བུ་ཞེས་བྱ་བའོ། །དེ་བྱེད་པའི་ཚིག་གི་དེའི་སྐྱེས་བུ་ལ་ཡང་དབྱེ་བ་བརྒྱད་དེ། དེ་བསྟན་པའི་ཕྱིར། དེ་ལ་བྱེད་པ་བརྒྱད་ཡིན་ཏེ། །དང་ པོ་ལ་སོགས་བདུན་པའི་མཐའ། །རྣམ་དབྱེ་བསྒྱུར་བ་བདུན་པོ་དང་། །ཕྲད་དང་སྦྱོར་བ་བྲལ་བའི་ཕྱིར། །གཞན་དང་སྦྱར་མེད་སྒྲ་བོད་པ་དང་། །དགག་པ་དང་ནི་བརྒྱད་དུ་འདོད། །ཅེས་བྱ་བ་སྨོས་ཏེ། དེ་ལ་དང་པོའི་སྐྱེས་བུའི་བསྡུ་བ་ནི་བར་གྱི་ཚིག་མི་མངོན་པ་སྟེ། དེ་ཡང་དང་པོའི་སྒྲ་མི་ མངོན་པར་བྱས་པའོ། །ལས་ལ་སོགས་པ་ནི་བྱེད་པ་དྲུག་གི་བསྡུ་བ་དང་འདྲའོ། །བོད་པ་མ་གཏོགས་པ་ནི་གང་གི་ཕྱིར་བོད་པའི་སྒྲ་ལ་སྒྲ་གཞན་སྦྱར་དུ་མི་རུང་སྟེ། ཁ་དོག་ནག་པོ་བཞིན་ནོ། །དེའི་ཕྱིར་བོད་པའི་སྒྲ་ལ་ཚིག་བསྡུ་བ་མེད་དོ། །དགག་པ་དང་ནི་བརྒྱད་དུ་འགྱུར་རོ། ། དགག་པ་དེ་ཉིད་འཆད་པར་འདོད་ནས། མཚན་ཉིད་དབང་གིས་ཕྱེ་བ་ཡིས། །མ་ཡིན་དགག་པ་བཅུ་བཞི་དང་། །མཚན་ཉིད་དབྱེ་བ་མེད་མོད་ཀྱི། །ཡུལ་དང་དུས་ཀྱིས་ཕྱེ་བ་ཡིས། །མེད་པར་དགག་པ་བཅུ་གཅིག་དག །གང་ལྡན་དགག་པར་འདོད་པའོ། །ཞེས་སྨོས་ཏེ། དེ་ཡང་ བསྡུ་ན་གཉིས་ཏེ། མ་ཡིན་པར་དགག་པ་དང་། མེད་པར་དགག་པའོ། །དེ་ལ་མ་ཡིན་པར་དགག་པ་ནི་མཚན་ཉིད་ཀྱིས་མི་མཐུན་པ་བཅུ་བཞིའོ། །མེད་པར་དགག་པ་ལ་ནི་མཚན་ཉིད་མི་མཐུན་པ་མེད་མོད་ཀྱི། ཡུལ་དང་དུས་ཀྱིས་ཕྱེ་བ་བཅུ་གཅིག་གོ། །དགག་པ་དེ་དག་དང་ལྡན་ པའི་ཚིག་ལ་དགག་པའི་སྒྲ་སྡུད་པ་ནི་མེད་པ་དང་མ་ཡིན་ཞེས་བྱ་བ་ལྟ་བུ་ལ་ཕྱི་ནས་མ་ལྟ་བུ་སྦྱར་བ་ནི་དགག་པའི་བསྡུ་བ་ཞེས་བྱའོ། །དེ་ལ་མ་ཡིན་པར་དགག་པའི་མཚན་ཉིད་མི་མཐུན་པ་བཅུ་བཞི་གང་ཞེ་ན། གཞན་དང་མི་མཐུན་གཉེན་པོ་དང་། །ཆུང་དང་ཕྲ་དང་ཉུང་བ་དང་། །ཡུན་ ཐང་ལྷག་མ་མེད་པ་དང་། །མཐའ་དག་མིན་དང་བྲལ་བ་དང་། །དམན་དང་ཞན་དང་ཞུམ་པ་དང་། །འདྲ་བ་དག་ལས་དགག་པ་ནི། །མ་ཡིན་དགག་པར་འདོད་པའོ། །ཞེས་བྱ་བ་ཡིན་ནོ། །དེ་ལ་གཞན་པ་ནི་རྒྱལ་པོ་ལ་བྲམ་ཟེ་མ་ཡིན་པ་ལྟ་བུའོ། །མི་མཐུན་པ་ནི་རིག་པའི་མི་མཐུན་ པ་ལ་མ་རིག་པ་ཞེས་པ་ལྟ་བུའོ། །གཉེན་པོ་ནི་ཆགས་པའི་གཉེན་པོ་ལ་མ་ཆགས་པ་ཞེས་པ་ལྟ་བུའོ། །ཆུང་བ་ནི་གཟུགས་ཆུང་བ་ལ་གཟུགས་མེད་ཅེས་པ་ལྟ་བུའོ། །ཕྲ་བ་ནི་འདུ་ཤེས་ཕྲ་བ་ལ་འདུ་ཤེས་མེད་པ་ཞེས་པ་ལྟ་བུའོ། །ཉུང་བ་ནི་རྫས་ཉུང་བ་ལ་རྫས་མེད་ཅེས་པ་ལྟ་བུའོ། ། ཡུན་ཐུང་བ་ནི་ཚེ་ཐུང་ལ་ཚེ་མེད་ཅེས་པ་ལྟ་བུའོ། །ལྷག་མ་མེད་པའི་ནི་དེ་ཕན་ཆད་གྲངས་གཞན་མེད་པ་ལ་གྲངས་མེད་པ་ཞེས་པ་ལྟ་བུའོ། །མཐའ་དག་མིན་པ་ནི་རྒྱུ་མཐའ་དག་ནི་འབྲས་བུ་མཐའ་དག་ལ་ངེས་པ་མ་ཡིན་ནོ་ཞེས་པ་ལྟ་བུའོ། །བྲལ་བ་ནི་དྲི་མ་དང་བྲལ་བ་དང་མྱ་ངན་ལས་ འདས་པ་ལྟ་བུའོ། །དམན་པ་ནི་བུ་ངན་པ་ལ་བུ་མེད་པ་ཞེས་པ་ལྟ་བུའོ། །ཞན་པ་ནི་འགྲོས་ཞན་པ་ལ་འགྲོས་མེད་པ་ཞེས་བྱ་བ་ལྟ་བུའོ། །ཞུམ་པ་ནི་སྟོབས་ཞུམ་པ་ལ་སྟོབས་མེད་པ་ཞེས་པ་ལྟ་བུའོ། །འདྲ་བ་ལ་དགག་པ་ནི་རྣམ་པར་རིག་བྱེད་དང་འདྲ་བ་མ་ཡིན་གཟུགས་ལ་རིག་བྱེད་མ་ཡིན་ པའི་གཟུགས་ཞེས་པ་ལྟ་བུའོ། །འདི་དག་ནི་གཞན་དགག་པའི་སྒོ་ནས་རང་གི་ངོ་བོ་སྟོན་པས་མ་ཡིན་པར་དགག་པ་ཞེས་བྱའོ། །ད་ནི་མེད་པར་དགག་པ་བཅུ་གཅིག་འཆད་དེ། དེའི་ཕྱིར། རྒྱུན་འདྲ་བ་དང་རང་བཞིན་དང་། །སྐབས་དང་རྟེན་གྱི་དབྱེ་བ་ཡིས། །སྔ་དང་ཞིག་ནས་མེད་པ་ ལ། །དབྱེ་བ་རྣམ་པ་བརྒྱད་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྔ་ན་མེད་པ་བཞི་ལ་རྒྱུན་དང་འདྲ་བ་སྔ་ན་མེད་པ་སེམས་ཅན་སྐྱེས་པ་ལྟ་བུ་དང་། རང་བཞིན་སྔ་ན་མེད་པ་ས་བོན་ལ་མྱུ་གུ་མེད་པ་ལྟ་བུ་དང་། གནས་སྐབས་སྔ་ན་མེད་པ་གསེར་ལ་རྣ་རྒྱན་མེད་པ་ལྟ་ བུ་དང་། རྟེན་ལ་སྔ་ན་མེད་པས་ཕྱོགས་ན་བུམ་པ་མེད་པ་ལྟ་བུ་སྟེ་སྔ་ན་མེད་པ་རྣམ་པ་བཞིའོ། །དེ་བཞིན་དུ་ཞིག་ནས་མེད་པའང་བཞི་ཡིན་ཏེ། རྒྱུན་འདྲ་བ་ཞིག་ནས་མེད་པ་སེམས་ཅན་ཤི་ནས་མེད་པ་ལྟ་བུ་དང་། རང་བཞིན་ཞིག་ནས་མེད་པ་མྱུ་གུ་ལ་ས་བོན་གྱི་རང་བཞིན་ཞིག་ནས་ མེད་པ་ལྟ་བུ་དང་། གནས་སྐབས་ཞིག་ནས་མེད་པ་རྣ་རྒྱན་ལ་གསེར་མེད་པ་ལྟ་བུ་དང་། རྟེན་ལ་ཞིག་ནས་མེད་པ་བུམ་པ་ཡུལ་གཞན་དུ་འཕོས་ནས་མེད་པ་ལྟ་བུ་སྟེ། ཞིག་ནས་མེད་པ་རྣམ་པ་བཞིའོ། །དེ་ལྟར་སྔ་ན་མེད་པ་དང་། ཞིག་ནས་མེད་པའི་དབྱེ་བ་རྣམ་པ་བརྒྱད་དོ། །ཕན་ ཚུན་གཅིག་ལ་གཅིག་མེད་དང་། །ཤིན་ཏུ་མེད་པའི་དབྱེ་བ་ནི། །ཕན་ཚུན་དག་ལ་རང་བཞིན་དང་། །རྒྱུ་དང་རང་བཞིན་གཉིས་དབྱེ་བའི། །ཤིན་ཏུ་མེད་དང་བཅུ་གཅིག་ནི། །མེད་པར་དགག་པར་འདོད་པའོ། །ཞེས་བྱ་བ་ཡིན་ཏེ། ཕན་ཚུན་གཅིག་ལ་གཅིག་མེད་པ་ནི་རྟ་ལ་བ་ལང་གི་རང་བཞིན་མེད་པ་ལྟ་བུའོ། །ཤིན་ཏུ་མེད་པ་ ཡང་རྒྱུ་ཤིན་ཏུ་མེད་པ་ནི་ནམ་མཁའ་ལ་མེ་ཏོག་གི་རྒྱུ་མེད་པ་ལྟ་བུའོ། །རང་བཞིན་ཤིན་ཏུ་མེད་པ་ནི་ནམ་མཁའ་ལ་མེ་ཏོག་གི་རང་བཞིན་མེད་པ་ལྟ་བུ་སྟེ། དེ་ལྟར་བཅུ་གཅིག་གོ། །དེ་དག་ཀྱང་མེད་པ་ཙམ་སྟོན་པའི་ཚེ་ན་ཡིན་ཏེ། དངོས་པོ་སྟོན་པའི་ཚེ་ན་ནི་མ་ཡིན་པར་དགག་པ་ཡིན་ནོ། །དགག་པའི་ངེས་ ཚིག་ནི། ཀུན་ཏུ་ལྡོག་ཕྱིར་དགག་པ་ཡིན། །ཞེས་བྱ་བ་སྨོས་པ་ཡིན་ཏེ། གང་དང་ལྷན་ཅིག་འབྲེལ་པའི་ཚིག་གི་དོན་འགེགས་ཤིང་ལྡོག་པར་བྱེད་པའོ། །ད་ནི་ལས་འཛིན་པ་འཆད་དེ། དེའི་ཕྱིར། དེ་ཉིད་གཞན་དུ་མི་བརྗོད་དང་། །འདྲ་བ་གཞན་དང་བྱེ་བྲག་གི །ཚིག་སྦྱོར་བྱེད་པ་ ལས་འཛིན་ནོ། །ཞེས་སྨོས་ཏེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཚིག་གི་སྦྱོར་བ་ནི། ཨུཏྤ་ལ་ཡང་ཡིན་ལ། སྔོན་པོ་ཡང་ཡིན་པས་ཨུཏྤ་ལ་སྔོན་པོའོ། །འདྲ་བའི་ཚིག་སྦྱོར་བ་ནི་སྐྱེས་བུ་ཡང་ཡིན་ལ། སེང་གེ་དང་འདྲ་བ་ཡང་ཡིན་པས་སྐྱེས་བུ་སེང་གེའོ། །བྱེ་བྲག་གི་ ཚིག་སྦྱོར་བ་ནི་ཚ་བ་ཡང་ཡིན་ལ། རྩུབ་པ་ཡང་ཡིན་པས་ཚ་རྩུབ་པོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ལྟར་ལས་འཛིན་པ་དེ་རྣམས་ནི་གཞི་གཅིག་གི་ཆོས་སུ་སྦྱོར་བར་མཚུངས་པ་ཡིན་ཏེ། ལས་གཞིས་འཛིན་པས་ལས་གཞིས་འཛིན་པའམ། །གཞིའི་ལས་བྱེད་པས་ལས་འཛིན་པའོ། ། ད་ནི་བ་གཉིས་པ་འཆད་དེ། དེའི་ཕྱིར། གྲངས་དང་བསྡུས་དོན་སྦྱོར་བ་ཡིས། །གཅིག་དང་ཐ་དད་སྦྱོར་བྱེད་པ། །བ་གཉིས་པར་ནི་འདོད་པའོ། །ཞེས་སྨོས་ཏེ། གྲངས་ཀྱི་ཚིག་དང་བསྡུས་པའི་ཚིག་སྦྱོར་བ་ལ་གཅིག་གི་ཚིག་གིས་གཅིག་ཏུ་སྟོན་པ་དང་། མང་པོའི་ཚིག་གིས་ཐ་དད་དུ་ སྟོན་པ་སྟེ་རྣམ་པ་གཉིས་སོ། །དེ་ལ་ལྔ་ཞེས་བྱ་བའི་གྲངས་དང་། ཕུང་པོ་ཞེས་བྱ་བའི་བསྡུས་པའི་ཚིག་སྦྱར་ནས་ཕུང་པོ་ལྔ་ཞེས་བྱ་བ་ལྡན་པའི་ཚིག་སྟོན་པའི་རྐྱེན་དང་ལྡན་པ་ནི་བ་གཉིས་པར་འགྱུར་ཏེ། ཕུང་པོ་ཡང་ཡོད་ལ་ལྔ་ཡང་ཡོད་པ་ནི་ཕུང་པོ་ལྔ་ལྟ་བུའོ། །གཅིག་ཏུ་སྦྱོར་བ་དང་། ཐ་དད་པར་སྦྱོར་བ་ནི་སྐབས་ཀྱིས་བརྩི་བར་བྱ་སྟེ། འདི་ལྟར་དྲུག་གྲོང་ཡིན་པ་ནི་གྲོང་དྲུག་སྟེ་གཅིག་གི་ཚིག་གོ། །གྲོང་རྣམས་དྲུག་ཡིན་པ་ནི་གྲོང་རྣམས་དྲུག་སྟེ་མང་པོའི་ཚིག་གོ། །བ་གཉིས་པ་ཞེས་བྱ་བ་ནི་བསྡུ་བ་ཡོད་པའི་བ་དང་། གྲངས་ཡོད་པའི་བ་དང་གཉིས་ཏེ། དེ་སྟོན་པ་ནི་ བ་གཉིས་པའོ། །ད་ནི་ཟླས་དབྱེ་བ་འཆད་དེ། དེའི་ཕྱིར། བསྡུ་བའི་ཕྱིར་དང་དབྱེ་ཕྱིར་དང་། །ཉེ་བར་ཐ་དད་སྦྱོར་བའི་ཕྱིར། །འདས་མ་ཐག་དང་གཞན་དག་དང་། །ལན་གྲངས་གཞན་ལ་སྦྱོར་བྱེད་པ། །ཟླས་དབྱེ་བ་ཞེས་འདོད་པ་ཡིན། །ཞེས་སྨོས་ཏེ། ཟླས་དབྱེ་བ་བསྡུ་བའི་ ཕྱིར་སྦྱོར་ཡང་རུང་། དབྱེ་བའི་ཕྱིར་སྦྱོར་ཡང་རུང་སྟེ། ཉེ་བར་ནི་དེ་གཉིས་ཀ་ཡང་ཐ་དད་པར་གོ་བར་བྱེད་པ་ཡིན་ནོ། །དེ་ལ་བསྡུ་བའི་སྦྱོར་བ་ནི་ས་དང་ཆུ་དང་མེ་དང་རླུང་ནི་འབྱུང་བ་ཞེས་པ་ལྟ་བུའོ། །དབྱེ་བའི་སྦྱོར་བ་ནི་ཆོས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་ལྟ་བུའོ། །སྡུད་པ་ དག་ལ་ཡང་འདས་མ་ཐག་པ་སྡུད་པ་ནི། དང་ངམ་ཡང་གི་སྒྲ་དག་འདས་མ་ཐག་པའི་སྒྲ་སྡུད་པའོ། །གཞན་སྡུད་པ་ནི་ཚིག་ཏུ་མ་སྨོས་པའི་དོན་དག་སྡུད་པའོ། །ལན་གྲངས་གཞན་ལ་སྦྱོར་བ་ནི་ལན་གྲངས་གཞན་ལ་སྨོས་པའི་ཚིག་སྡུད་པའོ། །ཟླས་དབྱེ་བ་ཞེས་བྱ་བ་ནི་ཟླས་དབྱེ་བ་ སྟེ། གཉིས་པར་སྟོན་པ་ཞེས་བྱ་བའི་དོན་ཏོ། །ད་ནི་ཕྱོགས་ཙམ་སྟོན་པ་འཆད་དེ། དེའི་ཕྱིར། རང་གི་རིགས་ཙམ་སྡུད་བྱེད་ཅིང་། །ཕྱོགས་གཞན་ཀུན་དུ་སྤོང་བ་དང་། །རིགས་ཀྱི་ཚད་ཀྱང་མི་འཛིན་པ། །ཕྱོགས་ཙམ་སྟོན་པའི་སྦྱོར་བའོ། །ཞེས་སྨོས་ཏེ། འདི་ཙམ་ དང་། རེ་རེ་ལྟ་བུའི་ཚིག་སྡུད་པ་ཡིན་ཏེ། སེམས་ཙམ་ཞེས་བྱ་བ་ལྟ་བུ་སེམས་ཀྱི་རིགས་ཐམས་ཅད་སྟོན་པ་དང་། སེམས་མ་ཡིན་པ་གཞན་སྤོང་བར་བྱེད་ཅིང་སེམས་རང་གི་ཚད་འདི་ཙམ་ཞེས་འཛིན་པར་མི་བྱེད་པ་དེ་ལ་ནི་ཕྱོགས་ཙམ་སྟོན་པ་ཞེས་བྱའོ། །དེ་བཞིན་དུ་རྩ་རེ་རེ་ ཞིང་རེ་རེ་ཞེས་བྱ་བ་ལ་སོགས་པ་ལ་ཡང་སྦྱར་རོ། །དེ་ལྟར་ཚིག་སྡུད་པའི་སྦྱོར་བ་བསྟན་ནས་ད་ནི་ཚིག་གི་ཕྲད་འཆད་དེ། དེ་ཡང་གཉིས་ཏེ། ཕྲད་དང་ཕྲད་འདུས་པའོ། །དེ་ལ་ཕྲད་བསྟན་པའི་ཕྱིར། གང་ཞིག་རང་གི་དོན་མེད་ཅིང་། །དོན་གྱི་མིང་ལ་གསལ་བྱེད་པ། །ཚིག་ གི་ཕྲད་ཅེས་བྱ་བ་སྟེ། །དེ་ལྡན་ཕྲད་དང་བཅས་པ་ཡིན། །ཞེས་བྱ་བ་སྨོས་ཏེ། ཚིག་གང་ཞིག་རང་ལ་བསྟན་པར་བྱ་བའི་དོན་མེད་ཅིང་གཞན་ལ་ཕན་འདོགས་ཤིང་གསལ་བར་བྱེད་པ་དེ་ནི་ཚིག་གི་ཕྲད་ཅེས་བྱ་སྟེ། དཔེར་ན་ལྕགས་གཉིས་སྦྱོར་བར་བྱེད་པའི་ཚ་ལ་ལྟ་བུའོ། །དོན་གྱི་མིང་ནི་ཚིག་གང་ལ་ སྟོན་པར་བྱེད་པའི་དོན་ཡོད་པའོ། །ཕྲད་དང་བཅས་བ་ནི་ཕྲད་དང་ལྡན་ཞིང་ཕྲད་ཡོད་པའོ། །དེ་ལྟར་སྤྱིར་བསྟན་ནས་རང་རང་གི་འཇུག་པ་བསྟན་པའི་ཕྱིར། དེ་ལ་ཕྲད་ཅིང་འཇུག་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚིག་གི་ཕྲད་རྣམས་ལས་གང་ཞེས་བྱ་བའི་འཇུག་པ་བསྟན་པ་ནི། གང་ནི་ འདྲི་བའི་ཚིག་གི་དོན། །སྤྱི་ལ་ཁྱབ་པར་སྦྱོར་བ་སྟེ། །ཟླ་སྡུད་པ་ལ་ཀུན་དུ་སྤང་། །ཞེས་སྨོས་ཏེ། གང་ཞེས་བྱ་བ་ནི་འདྲི་བའི་ཚིག་ལ་ཁྱབ་པའི་སྤྱིའི་དོན་དུ་སྙེགས་པ་སྟེ། ཟླ་བསྡུ་བའི་ཚིག་མ་གཏོགས་པ་གཞན་ཐམས་ཅད་ལ་འཇུག་ཅིང་འདྲི་བར་བྱེད་པའི་ཚིག་ཏུ་སྦྱར་རོ། །དེ་དང་ཆ་ མཐུན་པ་ནི། ཅི་ལ་སོགས་པའང་དེ་བཞིན་ཏེ། །ཁྱབ་པ་སྐབས་ཀྱིས་བརྩི་བར་བྱ། །ཞེས་བྱ་བ་ཡིན་ཏེ། ཇི་སྙེད་དང་སུ་དག་ལ་སོགས་པ་གང་དང་མཐུན་ཏེ། འདྲི་ཞིང་སྤྱི་ལ་ཁྱབ་པར་འགྱུར་རོ། །ཁྱབ་པ་སྐབས་ཀྱིས་བརྩི་བ་ནི་གང་དག་ཅེས་བྱ་བ་དང་། སུ་དག་ཅེས་བྱ་བ་ལྟ་བུ་སྐབས་སུ་ འཇུག་པའི་ཡུལ་མི་མཐུན་པར་འགྱུར་བ་ལྟ་བུའོ། །དེ་ཞེས་བྱ་བའི་འཇུག་པ་བསྟན་པ། དེ་ཞེས་བྱ་བའི་ཚིག་གི་དོན། །ཐ་སྙད་དངོས་དང་དུས་འཇུག་གསུམ། །འདས་དང་རྣམ་གྲངས་གཞན་ཅན་དང་། །ལྷག་མ་དག་དང་བཅས་པའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བའི་སྨྲ་ཚིག་གི་ ཐ་སྙད་ལ་འཇུག་པ་དང་། དངོས་པོ་ལ་འཇུག་པ་དང་། དུས་ལ་འཇུག་པ་གསུམ་ལས་ཐ་སྙད་ལ་འཇུག་པ་འབའ་ཞིག་ལ་ཡང་གསུམ་སྟེ། འདས་པ་ལ་འཇུག་པ་དང་། རྣམ་གྲངས་གཞན་ཡོད་པར་སྦྱར་བ་དང་། ལྷག་མ་དང་བཅས་པར་སྟོན་པའོ། །དངོས་པོ་ལ་འཇུག་པ་ནི། བདེན་པ་དག་དང་གསང་བ་དང་། །བདག་གི་ བ་དང་ཕ་རོལ་པོ། །དངོས་པོ་དག་ལ་འཇུག་པ་བཞི། །ཞེས་སྨོས་པ་ཡིན་ཏེ། བདེན་པ་ལ་འཇུག་པ་དང་། གསང་བ་ལ་འཇུག་པ་དང་། བདག་གི་བ་ལ་འཇུག་པ་དང་། ཕ་རོལ་པོ་ལ་འཇུག་པའོ། །དུས་ལ་འཇུག་པ་ནི། འདས་པ་དང་ནི་མ་འོངས་པའི། །དུས་གཉིས་ལ་ནི་འཇུག་པ་གཉིས། །ཞེས་སྨོས་ པ་ཡིན་ཏེ། འདས་པ་ལ་འཇུག་པ་དང་། མ་འོངས་པ་ལ་འཇུག་པ་གཉིས་སོ། །མི་འཇུག་པ་ནི་གཉིས་ཏེ། བདག་ཉིད་ད་ལྟར་ཉིད་ལ་སྤང་། །ཞེས་བྱ་བ་སྨོས་ཏེ། དངོས་པོའི་སྐབས་སུ་བདག་ཉིད་ལ་མི་འཇུག །དུས་ཀྱི་སྐབས་སུ་ད་ལྟར་ལ་མི་འཇུག་གོ། །ད་ལྟར་གྱི་དངོས་པོ་ལ་མི་འཇུག་གམ་ཞེ་ན། དངོས་པོའི་ དུས་ནི་མི་འདོར་ཏེ། །ཀུན་ལ་རབ་ཏུ་སྦྱར་བར་བྱ། །ཞེས་སྨོས་ཏེ། དངོས་པོ་ལ་འཇུག་པའི་གཞི་ནི་དུས་གསུམ་ཆར་མི་འདོར་ཏེ། དུས་ཀུན་ལ་འཇུག་པར་སྦྱར་བར་བྱའོ། །འདི་ཞེས་བྱ་བའི་འཇུག་པ་བསྟན་པའི་ཕྱིར། འདི་ཚིག་འདས་དང་མ་འོངས་དང་། །སྐབས་ཀྱི་དངོས་གཞན་དག་ལ་འཇུག །གང་ཞིག་ལ་ནི་ལྟོས་བྱས་ པའི། །ཉེ་བ་དག་དང་མངོན་སུམ་པའི། །དངོས་པོ་དག་ཀྱང་གཉིས་ཡིན་ནོ། །ཞེས་བྱ་བ་སྨོས་ཏེ། འདི་ཞེས་བྱ་བའི་སྒྲ་ནི་འདས་པ་ལ་འཇུག་པ་དང་། མ་འོངས་པ་ལ་འཇུག་པ་དང་། དངོས་པོ་གཞན་ལ་འཇུག་པ་གསུམ་མོ། །དེ་ལ་ཡང་གཉིས་ཏེ། དངོས་པོ་ཉེ་བ་ལ་འཇུག་པ་དང་། མངོན་སུམ་ལ་འཇུག་པའོ། །འདི་གཉིས་ ཀྱང་ལྟོས་པ་ཡིན་ཏེ། གང་ཞིག་ལ་ལྟོས་ན་འདི་ཉེའོ་ཞེས་བྱ་བ་དང་། གང་ཞིག་ལ་ལྟོས་ན་འདི་མངོན་སུམ་མོ་ཞེས་སྟོན་པའོ། །འདི་ཞེས་བྱ་བའི་སྒྲ་མི་འཇུག་པ་ནི། སྤང་བར་བྱ་བ་འདི་ལྟ་སྟེ། །ལྐོག་ཏུ་གྱུར་དང་རིང་བ་དང་། །གལ་ཏེ་བསྟན་བྱ་དུས་ཉིད་ན། །འདས་དང་མ་འོངས་སྤང་བར་བྱ། །ཞེས་པ་ཡིན་ ཏེ། དོན་ལྐོག་ཏུ་གྱུར་པ་ལ་མི་འཇུག་པ་དང་། །དངོས་པོ་རྒྱང་རིང་བ་ལ་མི་འཇུག་པའོ། །གལ་ཏེ་འདི་ཞེས་བྱ་བའི་སྒྲ་དུས་ལ་འཇུག་པ་ནི། འདས་པ་དང་མ་འོངས་པ་ལ་མི་འཇུག་པའོ། །དེ་རྣམས་ཀུན་ལ་བསྒྱུར་བ་ལྡན། །ཞེས་བྱ་བ་ནི་གང་དང་དེ་དང་། འདི་རྣམས་ལ་བསྒྱུར་བ་བདུན་དང་ལྡན་ཏེ། འདི་ལྟར་གང་། གང་ལ། གང་གིས། གང་གི་ཕྱིར། གང་ལས། གང་གི །གང་ལ། ཞེས་པ་སྟེ་དེ་བཞིན་དུ་གཞན་ལ་ཡང་སྦྱར་རོ། །ད་ནི་སྐབས་སུ་བབ་པའི་ཚིག །ད་ལྟར་བྱུང་ལ་སྦྱོར་བ་སྟེ། །འདས་པའི་སྐབས་ལ་རྣམ་པར་སྤང་། །ཞེས་བྱ་བ་ལ། ད་ནི་ཞེས་བྱ་བའི་སྒྲ་ནི་དོན་བཤད་པའི་སྐབས་སུ་བབ་པའི་ཚིག་ཡིན་ཏེ་ད་ལྟར་བཤད་ པའི་དུས་ལ་སྦྱོར་གྱི་འདས་པའི་དུས་ལ་མི་འཇུག་གོ། །ན་ཞེས་བྱ་བའི་འཇུག་པ་བསྟན་པ། ན་ཞེས་བྱ་བའི་ཚིག་གི་དོན། །དམིགས་ཀྱིས་དབྱེ་དང་རྒྱུ་མཚན་དང་། །རྒྱུ་མཚན་དོན་གྱིས་བསྟན་པ་དང་། །ལས་དང་ཆེད་དང་རྟེན་གནས་དང་། །ཕྱི་ཚིག་དེ་གཞན་སོགས་སྟོན་དང་། །འོས་པར་དཀའ་བ་ཆགས་འཛིན་ལས། ། ཕྱི་ཚིག་ངེས་པར་བྱེད་པ་དང་། །དེ་ལས་བཟློག་པ་ཉིད་དང་ནི། །འགལ་བའང་མི་འགལ་སྟོན་པ་དང་། །སྨོན་དང་འདྲི་དང་ཐེ་ཚོམ་གཞི། །ཚེ་སྐབས་རྣམས་ལ་འདི་མཐོང་ངོ་། །ཞེས་བྱ་བ་ཡིན་ཏེ། ན་ཞེས་བྱ་བའི་ཚིག་གི་དོན་ནི་འདི་སྙེད་ཅིག་ལ་འཇུག་པ་ལས་དམིགས་ཀྱིས་འབྱེད་པའི་ན་ལ་ ཡང་གཉིས་ཏེ། གཞུང་འཛུགས་པ་དང་། གལ་འཛུགས་པའོ། །དེ་ལ་དམིགས་ཀྱིས་འབྱེད་པའི་གཞུང་འཛུགས་པ་ནི་དངོས་སུ་ན་ཞེ་འམ། མདོར་ན་ཞེས་པ་ལྟ་བུའོ། །གལ་འཛུགས་པ་ནི་ཡིན་གྲང་ན་ཞེའམ། འགྱུར་གྲང་ན་ཞེས་པ་ལྟ་བུའོ། །རྒྱུ་མཚན་ནི་མཚན་མའི་ཚིག་དང་། རྒྱུའི་ཚིག་གི་སྟེ། དེ་ལ་རྒྱུ་ མཚན་མཚན་མའི་ཚིག་ནི་ཅི་ཞིག་ཡོད་ན་འདི་བྱེད་ཅེས་པ་ལྟ་བུའོ། །རྒྱུ་མཚན་རྒྱུའི་ཚིག་ནི་འདི་ཡོད་ན་འདི་འབྱུང་ཞེས་པ་ལྟ་བུའོ། །རྒྱུ་མཚན་དོན་གྱིས་བསྟན་པ་ནི་འདི་ལྟར་ཤིང་ཉིད་མེད་ན་ཤིང་ཤ་པ་གང་ཞིག་ཡོད་ཅེས་པ་ལྟ་བུའོ། །ཡོད་པའི་ཚིག་གིས་འགེགས་པར་བྱེད་པའམ། འདྲི་བའི་ཚིག་ གིས་ལན་ལྡོན་པར་བྱེད་པའོ། །ལས་ནི་ཤིང་གི་རྩེ་མོ་ན་གཅོད་ཅེས་པ་ལྟ་བུའོ། །ཆེད་ནི་ཤིང་གི་ཕྱིར་ན་ཆུ་འདྲེན་ཞེས་པ་ལྟ་བུའོ། །རྟེན་གནས་ནི་ཤིང་གི་རྩེ་མོ་ན་གནས་སོ་ཞེས་པ་ལྟ་བུའོ། །ཚིག་ཕྱི་མ་དེ་ལས་གཞན་པ་ལ་སོགས་པར་སྟོན་པའི་སོགས་ཀྱིས་བསྡུ་བ་ནི། ཚིག་ཕྱི་མ་དེ་དང་འགལ་ བ་དང་། དེ་མེད་པར་སྟོན་པ་བསྡུ་པ་སྟེ། འདི་ལྟར་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་པ་ཡིན་ན་འདི་ན་ནི་མེ་མ་ཡིན་པ་ཡོད་དོ་ཞེས་པ་ལྟ་བུ་ཚིག་ཕྱི་མ་སྔ་མ་ལས་གཞན་སྟོན་པ་དང་། འགལ་བར་སྟོན་པ་དང་། མེད་པར་སྟོན་པ་ལྟ་བུ་ཡིན་ནོ། །མི་འོས་པའི་ཚིག་ གིས་ཕྱི་མ་ངེས་པར་བྱེད་པ་ནི་ལྷ་ཡང་ཕྱག་འཚལ་ན་མི་ལྟ་ཅི་སྨོས་ཞེས་པ་ལྟ་བུའམ། རྒྱུ་ཡང་མ་སྐྱེས་ན་རྒྱུ་ཅན་ལྟ་ག་ལ་སྐྱེས་ཞེས་པ་ལྟ་བུའོ། །དེ་ལས་བཟློག་པ་ནི། སྔ་མའི་ཚིག་གིས་ཕྱི་མ་ངེས་པར་བྱེད་པ་སྟེ། མི་ལྷ་ལ་ཕྱག་འཚལ་ན་ལྷ་ཡང་ཕྱག་འཚལ་ལམ་ཞེས་བྱ་བ་ལྟ་བུའོ། །འགལ་ བ་ཡང་མི་འགལ་བར་སྟོན་པ་ནི་མི་མཐུན་པའི་རྒྱན་སྟོན་པ་ཡིན་ཏེ། འདི་ལྟར་དོན་དམ་པར་ནི་དབྱེར་མེད་ན་ཀུན་རྫོབ་ཙམ་དུ་དབྱེར་ཡོད་ཅེས་པ་ལྟ་བུའོ།