Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 196

Văn bản gốc(Tây Tạng)

Trang 21 / 21 (50.000 ký tự/trang)
 །སྨོན་པའི་གཞི་ནི་བྱང་ཆུབ་ཀྱི་སྙིང་པོ་ཐོབ་པར་བྱ་ན་ཞེས་སྨོན་པ་ནི་གོ་ཆའི་རྒྱུ་ཞེས་པ་ལྟ་བུའོ། །འདྲི་བའི་གཞི་ནི་གཟུགས་གཟུགས་སུ་རུང་
བ་ཡིན་ན་འདི་ཅིས་གཟུགས་སུ་རུང་ཞེས་པ་ལྟ་བུའོ། །ཐེ་ཚོམ་གྱི་གཞི་ནི་ས་བོན་ཡོད་ན་མྱུ་གུ་འབྱུང་བར་འགྱུར་རམ་འོན་ཏེ་མ་ཡིན་ཞེས་པ་ལྟ་བུའོ། །ཚེ་སྐབས་ནི་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེའམ། གང་གི་ཚེ་ན་ཞེས་པའམ། དེའི་ཚེ་ན་ཞེས་པ་ལྟ་བུ་སྟེ། དུས་ལ་སྦྱོར་བའི་བདུན་པའོ། །ད་ནི་སྟེའི་དོན་འཆད་
དེ། དེ་ཡང་རྣམ་པ་གསུམ་དུ་བསྟན་པའི་ཕྱིར། སྟེ་ནི་ལྷག་མ་ཡོད་པ་སྟེ། མཚམས་སྦྱོར་བ་དང་དམ་འཆའ་དང་། །གཞན་འདྲེན་པ་དང་གསུམ་དུ་འདོད། །ཅེས་བྱ་བ་སྨོས་སོ། །དེ་ལ་མཚམས་སྦྱོར་བ་བཤད་པའི་ཕྱིར། བྱེད་དང་བྱ་བའམ་ཡང་ན་ནི། །བྱ་བ་ཉིད་དུ་སྦྱོར་བ་གང་། །ཚིག་གཉིས་
རིམ་མམ་དུས་གཅིག་ཏུ། །སྦྱོར་བར་བྱེད་པ་མཚམས་སྦྱོར་ཡིན། །ཞེས་བྱ་བ་སྨོས་ཏེ། མཚམས་སྦྱོར་བ་ཡང་ཁ་ཅིག་ནི་ཚིག་སྔ་མ་བྱེད་པར་སྦྱོར་ལ། ཚིག་ཕྱི་མ་བྱ་བར་སྦྱོར་བ་ལ་དུས་མི་མཐུན་པར་རིམ་ཅན་དུ་འཇུག་པ་ཡོད་དེ། མདའ་འཕངས་ཏེ་ཕོག་ཅེས་པ་ལྟ་བུའོ། །ཁ་ཅིག་ནི་
གཉིས་ཀ་བྱ་བར་སྦྱོར་ལ་དུས་རིམ་གྱིས་འཇུག་པ་ཡོད་དེ། ལྷ་མཆོད་དེ་ལས་བྱ་ཞེས་པ་ལྟ་བུའོ། །ཁ་ཅིག་ནི་གཉིས་ཀ་བྱ་བར་སྦྱོར་ལ་དུས་གཅིག་ཏུ་སྦྱོར་བ་ཡོད་དེ། འཛུམ་དམུལ་ཏེ་མདངས་ཕྱུང་ཞེས་པ་ལྟ་བུའོ། །འདི་དག་ནི་ནས་ཞེས་བྱ་བ་དང་། ཅིང་ཞེས་བྱ་བ་ལ་སོགས་པ་དང་ཡང་
མཐུན་པར་སྦྱར་རོ། །དམ་འཆའ་བ་ནི། གང་ཞིག་གིས་ནི་སྔ་མ་ལ། །གསལ་བར་བྱེད་པ་དམ་འཆའ་བ། །ཞེས་བྱ་བ་ཡིན་ཏེ། རྣམ་གྲངས་དམ་བཅའ་བ་དང་། དེ་བཞིན་དུ་གཏན་ཚིགས་དང་། ངེས་པའི་ཚིག་དང་། བསྟན་པ་བཤད་པ་ལ་སོགས་པ་ཡིན་ཏེ། ཚིག་ཕྱི་མས་སྔ་མ་ལ་ཕན་འདོགས་ཤིང་
གསལ་བར་བྱེད་པ་རྣམས་སོ། །གཞན་འདྲེན་པ་ནི། ལྷག་མ་ཡོད་ཙམ་སྟོན་གྱུར་ཅིང་། །དེ་ལས་གཞན་གྱུར་གཞན་འདྲེན་པའོ། །ཞེས་བྱ་བ་ཡིན་ཏེ། ད་དུང་བསྟན་པར་བྱ་བ་གཞན་ཞིག་ཀྱང་ཡོད་པ་ཙམ་དུ་སྟོན་ཅིང་གོང་མ་གཉིས་ཀ་ལས་གཞན་དུ་སྟོན་པ་ནི། གཞན་འདྲེན་པ་ཡིན་ཏེ། འདི་ལྟར་ཤར་གྱི་

ཕྱོགས་ན་དབང་པོ་སྟེ། །ལྷོའི་ཕྱོགས་ན་འཆི་བདག་གོ་ཞེས་པ་ལྟ་བུའོ། །འདི་རྣམས་ནི་ཚིག་ལྷག་མ་ཡོད་པར་སྟོན་པ་སྟེ། འདི་ཉིད་ནི་ཚིག་མ་ཡིན་ནོ། །དང་གི་འཇུག་པ་བསྟན་པ་ནི། དང་ནི་འབྱེད་དང་སྡུད་པ་དང་། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔ། །དེ་ཉིད་དང་ནི་གཞན་
དག་དང་། །ལན་གྲངས་གཞན་ལ་སྦྱར་བ་ཡི། །སྡུད་པའི་དང་ཡང་གསུམ་དུ་འདོད། །ཅེས་བྱ་བ་ཡིན་ཏེ། དེ་ལ་འབྱེད་པ་ནི་ཆོས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་པ་ལྟ་བུའོ། །སྡུད་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཤེས་པ་ལྟ་བུའོ། །རྒྱུ་མཚན་མཉན་པ་བྱས་པར་ལྷག་
མཐོང་འཕེལ་ཞེས་པ་ལྟ་བུའོ། །ཚེ་སྐབས་ནི་དགེ་སློང་དེ་དག་བཅོམ་ལྡན་འདས་ལ་ཕྱིར་ཉན་པ་དང་ཞེས་པ་ལྟ་བུའོ། །གདམས་ངག་ནི་དགེ་སློང་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ཞེས་པ་ལྟ་བུའོ། །སྡུད་པའི་དང་འབའ་ཞིག་ལ་ཡང་དབྱེ་བ་གསུམ་སྟེ། འདས་པའམ་མ་འོངས་
པའང་རུང་སྟེ། ཉེ་བ་ཉིད་བསྟན་པ་བསྡུ་བ་དང་། དངོས་པོ་གཞན་བསྡུ་བ་དང་། ལན་གྲངས་གཞན་ལ་བསྟན་པ་བསྡུ་བའོ། །ནི་ཞེས་བྱ་བའི་འཇུག་པ་བསྟན་པ་ནི་དགར་དང་བསྣན་པའི་ཚིག་དམིགས་སམ་ངེས་པར་འཛིན་པ་སྟེ། ཕྱི་མའི་ཚིག་དང་སྦྱར་བར་བྱ། །ཞེས་བྱ་བ་ཡིན་ཏེ། ནི་ཞེས་
བྱ་བའི་སྒྲ་ནི་དགར་བ་དང་བསྣན་པའི་ཚིག་ཏུ་འགྱུར་ཏེ། དེ་ལ་དགར་བ་ལ་ཡང་ཟླ་ལས་དགར་བ་དང་། བཀོད་པ་ལས་དགར་བའོ། །དེ་ལ་ཟླ་ལས་དགར་བ་ནི་དགར་བའི་གནས་དམིགས་ཀྱིས་མ་སྨོས་ཀྱང་དོན་གྱིས་ཡོད་པར་ཤེས་པར་བྱའོ། །བཀོད་པ་ལས་དགར་བ་ནི། སྔར་ངོ་བོ་བཀོད་ནས་ཕྱིས་
གཏན་ཚིགས་འཇོག་པ་ལྟ་བུའོ། །བསྣན་པ་ལ་ཡང་ངོ་བོ་ཉིད་བརྣན་པ་དང་། རྣམ་གྲངས་ཀྱིས་དབྱེ་བ་བསྣན་པའོ། །དེ་ལ་ངོ་བོ་ཉིད་བསྣན་པ་ནི་ཉིད་དང་ཁོ་ན་ལྟ་བུར་འགྱུར་བའོ། །རྣམ་གྲངས་གཞན་བསྣན་པ་ནི་ཡང་ན་ཞེས་པ་ལྟ་བུར་འགྱུར་བའོ། །ཕྱི་མའི་ཚིག་དང་སྦྱར་ཞེས་བྱ་བ་ནི་སྤྱིར་འདྲི་བའི་
ཚིག་ཡིན་པས་ཚིག་ཕྱི་མ་དང་སྦྱར་ཏེ། གང་གི་ཕྱིར་ཞེས་བྱ་བ་དང་། གང་ཞེ་ན་ཞེས་བྱ་བ་དང་། འདི་ལྟ་སྟེ་ཞེས་བྱ་བ་དང་སྦྱར་བར་བྱའོ། །ཀྱང་དང་ཡང་ལ་སོགས་པའི་འཇུག་པ་ནི། ཀྱང་དང་ཡང་ནི་སྡུད་པའི་ཚིག །མི་མཐུན་མཐུན་པར་སྟོན་པའང་ཡིན། །འདས་པའམ་མ་འོངས་གཞན་དག་

ལས། །ཅི་རིགས་དག་ཏུ་བསྡུ་བར་བྱ། །ཡང་ཞེས་བྱ་བ་བསྣན་པ་ཡིན། །ཞེས་བྱ་བ་ཡིན་ཏེ། སྡུད་པར་སྟོན་པའི་ཚེ་ནི་འདས་པའམ་མ་འོངས་པའམ། དངོས་པོ་གཞན་ཡང་རུང་སྟེ། ཡོན་ཏན་མཚུངས་པར་སྡུད་པའོ། །འགལ་བའི་ཆོས་མི་འགལ་བར་སྟོན་པའང་ཡིན་ཏེ། མི་མཐུན་པའི་རྒྱན་དུ་འགྱུར་
བའོ། །འདས་པར་སྟོན་པའམ། མ་འོངས་པར་བསྟན་པའམ། གཞན་སྡུད་པར་བསྟན་པའི་སྐབས་སུ་ནི་ཅི་རིགས་པར་བསྡུ་ཞེས་བྱ་སྟེ། ཅི་རིགས་པ་ཞེས་བྱ་བའི་སྒྲ་ནི་འདས་པའི་སྐབས་སུ་མ་སྨོས་ཀྱང་གཞན་སྡུད་པར་བྱེད་པ་རྣམས་སོ། །བསྣན་པ་ཞེས་བྱ་བ་ནི་ཁ་ཅིག་ཏུ་ནི་ཞེས་བྱ་བའི་ཚིག་བསྣན་པར་
འགྱུར་ཏེ། རྣམ་གྲངས་གཞན་བསྣན་པར་སྟོན་པའོ། །ད་ནི་ཁོ་ནའི་ཚིག་གི་དོན་བསྟན་པའི་ཕྱིར། ངེས་པར་གཟུང་བའི་ཚིག་གི་དོན། །གཞན་མི་ལྡན་དང་གཞན་ལ་མིན། །ལྡན་པ་ཙམ་དུ་འཛིན་པ་དང་། །མ་ངེས་བ་ཡི་རྣམ་པ་གཉིས། །དེ་བཞིན་མི་སླུ་བ་ཉིད་དང་། །ཁོ་ན་དག་ནི་རྣམ་པ་དྲུག །ཅེས་བྱ་བ་སྨོས་
སོ། །དེ་ལ་ཉིད་དང་ཁོ་ན་ལྟ་བུའི་ཚིག་དོན་དྲུག་ལ་འཇུག་སྟེ། གཞན་མི་ལྡན་པར་ངེས་པར་གཟུང་བ་དང་། གཞན་ལ་མི་ལྡན་པར་ངེས་པར་གཟུང་བ་དང་། གཞན་མི་ལྡན་པར་ངེས་བ་དང་། གཞན་ལ་མི་ལྡན་པར་མ་ངེས་པ་དང་། ལྡན་པ་ཙམ་དུ་ངེས་པར་གཟུང་བ་དང་། བདེན་ཞིང་མི་སླུའི་དོན་དང་དྲུག་གོ། །དེ་ལ་གཞན་
མི་ལྡན་པ་ནི་དེ་བཞིན་གཤེགས་པ་ནི་ཡོངས་སུ་རྫོགས་པའི་ཡོན་ཏན་ཁོ་ན་དང་ལྡན་ནོ་ཞེས་པ་ལྟ་བུ་སྟེ། འདི་ལ་ཆོས་གཞན་མེད་པར་སྟོན་པའོ། །གཞན་ལ་མི་ལྡན་པར་ངེས་པར་གཟུང་བ་ནི་དེ་བཞིན་གཤེགས་པ་ཁོ་ན་ལ་ཡོངས་སུ་རྫོགས་པའི་ཡོན་ཏན་མང་ངོ་ཞེས་པ་ལྟ་བུ་སྟེ། གཞན་ལ་མེད་པར་སྟོན་པའོ། །
གཞན་མི་ལྡན་པར་ངེས་པ་ནི་སྲིད་སྒྲུབ་འཕོང་ཁོ་ན་སྐྱེན་ཞེས་པ་ལྟ་བུ་སྟེ། འདི་ལ་ཡོན་ཏན་གྱི་ཆོས་རྩིས་མཁས་པ་ལ་སོགས་པ་གཞན་ཡང་ཡོད་པས་མ་ངེས་པར་འགྱུར་རོ། །གཞན་ལ་མི་ལྡན་པར་མ་ངེས་པ་ནི་སྲིད་སྒྲུབ་ཁོ་ན་རྩིས་མཁས་པ་ཞེས་པ་ལྟ་བུ་སྟེ། འདི་ནི་སྲིད་སྒྲུབ་པས་དོན་གྲུབ་རྩིས་མཁས་ཏེ་མ་
ངེས་པར་འགྱུར་རོ། །ལྡན་པ་ཙམ་དུ་འཛིན་པ་ནི་སྲིད་སྒྲུབ་རྩིས་མཁས་པ་ཁོ་ནའོ་ཞེས་པ་ལྟ་བུ་སྟེ། འདི་ནི་ལྡན་པ་ཙམ་དུ་སྒྲུབ་ཀྱི་གཞན་ལ་ཟུར་ཟ་བར་མི་བྱེད་དོ། །བདེན་ཞིང་མི་སླུ་བའི་དོན་ལ་འཇུག་པ་ནི་ཀུན་རྫོབ་དང་དོན་དམ་པའི་དེ་ཁོ་ན་ཉིད་ཅེས་པ་ལྟ་བུའོ། །ཉིད་ཀྱི་འཇུག་པ་བསྟན་པའི་ཕྱིར། །ཉིད་ནི་དེ་བཞིན་

ཅུང་ཟད་དུ། །ཕྱི་ཚིག་ཐ་དད་མིན་པ་དང་། །དངོས་པོའི་རྐྱེན་དུ་འགྱུར་བའོ། །ཞེས་བྱ་བ་ཡིན་ཏེ། ཉིད་ཕལ་དུ་དྲུག་ཁོ་ན་དང་འདྲའོ། །ཅུང་ཟད་མི་འདྲ་བའི་ཚིག་ཕྱི་མ་རང་ལས་ཐ་མི་དད་པར་སྦྱོར་བ་ཡང་ཡོད་དེ། ཨུཏྤ་ལ་ཉིད་སྔོན་པོའོ་ཞེས་པ་ལྟ་བུའོ། །ཁ་ཅིག་ཏུ་དངོས་པོའི་རྐྱེན་དུ་འགྱུར་
ཏེ། སྲ་བ་ཉིད་ཅེས་པ་ལྟ་བུ་སྲ་བའི་དངོས་པོ་ནི་སྲ་བ་ཉིད་ལྟ་བུར་སྟོན་པའོ། །ཙམ་གྱི་འཇུག་པ་ནི། ཚད་འཛིན་ལྷག་པ་འགོག་པ་ཡི། །ཙམ་ཞེས་བྱ་བ་རྣམ་པ་གཉིས། །ཞེས་བྱ་བ་ཡིན་ཏེ། ཚད་འཛིན་པའི་ཙམ་ནི་རྡུལ་ཕྲ་མོ་ཙམ་ཞེས་བྱ་བ་འམ། རི་རབ་ཙམ་
ཞེས་བྱ་བ་ལྟ་བུའོ། །ལྷག་པ་འགོག་པའི་ཙམ་ནི་རྣམ་པར་རིག་པ་ཙམ་ཞེས་པ་ལྟ་བུའོ། །དེ་དང་ཕྱོགས་མཐུན་པ་བསྟན་པའི་ཕྱིར། འབའ་ཞིག་ལ་སོགས་དེ་བཞིན་སྦྱར། །ཁྱབ་པ་སྐབས་ཀྱིས་བརྩི་བར་བྱ། །ཞེས་བྱ་བ་སྨོས་ཏེ། འབའ་ཞིག་དང་ཤ་སྟག་ལ་སོགས་པའང་ལྷག་པ་
འགོག་པར་སྦྱར་ཏེ། དེ་རྣམས་གང་ཁྱབ་ཆེ་བ་ནི་སྐབས་ཀྱི་ཤུགས་དང་སྦྱར་རོ། །ད་ནི་དོན་ལྷག་པར་སྟོན་པ་དང་མི་སྟོན་པའི་ཕྲད་བསྟན་པའི་ཕྱིར། ཡང་དག་ཡོངས་སུ་ཀུན་དུ་སོགས། །སྒྲ་བཞིན་དང་ནི་ཕྲད་དུའོ། །ཞེས་བྱ་བ་སྨོས་ཏེ། ཡང་དག་པར་ཞེའམ། ཡོངས་སུ་ཞེའམ། ཀུན་དུ་ཞེའམ། དེ་བཞིན་དུ་རབ་
དང་། རྣམ་པ་དང་། ཉེ་བ་དང་། ཤིན་ཏུ་ལྟ་བུ་སྐབས་སུ་སྒྲ་ཇི་ལྟ་བ་བཞིན་དུ་སྟོན་པར་འགྱུར་རོ། །སྐབས་སུ་དོན་ལྷག་པར་སྟོན་པར་བྱེད་པ་མེད་དེ། ཚིག་གི་ཕྲད་དང་རྒྱན་ཙམ་མོ། །ད་ནི་ཚུལ་གྱི་སྒྲ་ལས་ཚིག་ཕྲད་དུ་འགྱུར་བ་བསྟན་པར་འདོད་ནས། ཚུལ་ནི་འདྲ་དང་སྨད་པ་དང་། །སྒྲོ་དང་སྡོམ་པ་མཚན་ཉིད་དང་། །
ཐབས་དང་རིགས་པ་དོན་དང་འདོད། །ལེགས་པ་དག་ལ་འཇུག་པ་ལས། །འདྲ་བར་སྦྱར་བ་ཕྲད་དུ་འདོད། །ཅེས་བྱ་བ་སྨོས་ཏེ། ཚུལ་ཞེས་བྱ་བའི་སྒྲ་ཇི་སྐད་དུ་སྨོས་པའི་དོན་བཅུ་ལ་འཇུག་པ་ལས་འདྲ་བ་ལ་འཇུག་པ་ནི་དཔེར་སྦྱར་བར་བྱའོ། །སྨད་པ་ལ་འཇུག་པ་ནི་མི་ངན་པ་ལ་མིའི་ཚུལ་ཞེས་པ་ལྟ་བུའོ། །སྒོ་ལ་འཇུག་པ་
ནི་དོན་གྱི་སྒོ་ལ་དོན་གྱི་ཚུལ་ཞེས་པ་ལྟ་བུའོ། །སྡོམ་པ་ལ་འཇུག་པ་ནི་ཚུལ་དུ་ཞུགས་པ་ཞེས་པ་ལྟ་བུའོ། །མཚན་ཉིད་ལ་འཇུག་པ་ནི་ངང་ཚུལ་ངན་པ་ལ་ཚུལ་ངན་ཞེས་པ་ལྟ་བུའོ། །ཐབས་ལ་འཇུག་པ་ནི་སྔགས་ཀྱི་ཐབས་ནི་རིག་སྔགས་ཀྱི་ཚུལ་ཞེས་པ་ལྟ་བུའོ། །རིགས་པ་ལ་འཇུག་པ་ནི་རིགས་པ་དང་ལྡན་པ་ལ་

ཚུལ་དང་ལྡན་པ་ཞེས་པ་ལྟ་བུའོ། །དོན་ལ་འཇུག་པ་ནི་དོན་བཟང་པོ་ལ་ཚུལ་བཟང་པོ་ཞེས་པ་ལྟ་བུའོ། །འདོད་པ་ལ་འཇུག་པ་ནི་གཞན་གྱི་འདོད་པའི་ལུགས་ནི་གཞན་གྱི་ཚུལ་ཞེས་པ་ལྟ་བུའོ། །ལེགས་པ་ལ་འཇུག་པ་ནི་མ་ནོར་བར་བྱེད་པ་ལ་ཚུལ་བཞིན་བྱེད་པ་ཞེས་པ་ལྟ་བུའོ། །ཚུལ་ཞེས་བྱ་བའི་
དོན་འདི་རྣམས་ལ་འཇུག་པ་ལས་འདྲ་བར་སྦྱར་བ་ནི་ཚིག་གི་ཕྲད་དུ་གཟུང་ངོ་། །བཞིན་ལ་སོགས་པའི་འཇུག་པ་བསྟན་པ། བཞིན་ལ་སོགས་པའི་ཚིག་གི་དོན། །མ་ནོར་བ་དང་ཡིན་པ་དང་། །འདྲ་བ་དག་ཏུ་སྦྱར་བའོ། །ཞེས་བྱ་བ་ཡིན་ཏེ། དེ་བཞིན་དང་དེ་ལྟ་བུ་ཞེས་བྱ་བའི་ཚིག་གི་དོན་མ་ནོར་བ་ལ་
འཇུག་པ་ནི་དེ་བཞིན་ཉིད་ཅེས་པ་ལྟ་བུའོ། །ཡིན་པ་ལ་འཇུག་པ་ནི་དེ་ཡིན་པ་ནི་དེ་ལྟ་བུའོ་ཞེས་པ་ལྟ་བུའོ། །འདྲ་བ་ལ་འཇུག་པ་ནི་དེ་དང་འདྲ་བ་ནི་དེ་བཞིན་ནོ་ཞེས་པ་ལྟ་བུའོ། །ཅིང་ལ་སོགས་པའི་འཇུག་པ་བསྟན་པའི་ཕྱིར། ཅིང་ལ་སོགས་པ་བསྡུ་བ་དང་། །མཚམས་སྦྱོར་དག་ཏུ་བྱེད་པ་ཡིན། །ཞེས་སྨོས་
པ་ཡིན་ཏེ། ཅིང་ཞེས་བྱ་བ་དང་། ཞིང་ཞེས་བྱ་བ་དང་། ཤིང་ཞེས་བྱ་བ་འདི་རྣམས་བསྡུ་བ་ལ་འཇུག་པ་ནི། ཡང་དང་ཀྱང་ལ་སོགས་པ་དང་མཐུན་པར་འཇུག་གོ། །མཚམས་སྦྱོར་བར་བྱེད་པ་ནི་སྟེ་དང་། ཏེ་ལ་སོགས་པ་དང་མཐུན་པར་སྟོན་པ་སྟེ། འདོད་ཅིང་ཆགས་པ་ཞེས་པ་ལྟ་བུའོ། །ད་ནི་ལའི་
དོན་བསྟན་པའི་ཕྱིར། ལ་ནི་གཉིས་པ་བཞི་པ་དང་། །བདུན་པ་སྡུད་དང་སྦྱོར་བ་དང་། །སྨོན་དང་ཚད་འཛིན་གཞི་དང་ནི། །ཚེ་སྐབས་དག་ཏུ་འདོད་པ་ཡིན། །ཞེས་སྨོས་པ་ཡིན་ཏེ། ལའི་དོན་གཉིས་པར་འགྱུར་བ་ནི་ཤིང་ལ་གཅོད་ཅེས་པ་ལྟ་བུའོ། །བཞི་པར་འགྱུར་བ་ནི་ཤིང་ལ་ཆུ་འདྲེན་ཞེས་པ་ལྟ་
བུའོ། །བདུན་པར་འགྱུར་བ་ནི་ཤིང་ལ་བྱ་གནས་སོ་ཞེས་པ་ལྟ་བུའོ། །སྡུད་པར་འགྱུར་བ་ནི་ལག་པ་བསྙལ་ལ་ཟན་བཟའ་ཞེས་པ་ལྟ་བུའོ། །སྦྱོར་བ་ནི་འདི་ན་ནི་ཡོད་ལ་འདི་ན་ནི་མེད་དོ་ཞེས་པ་ལྟ་བུའོ། །སྨོན་པ་ནི་བདག་ནམ་ཞིག་ན་འདི་ལྟ་བུ་ཞིག་ཏུ་གྱུར་ལ། གྱུར་ནས་ཀྱང་ཞེས་པ་ལྟ་བུའོ། །
ཚད་འཛིན་པ་ནི་དེ་ཙམ་དུ་བྱ་བ་ལ། ཅི་ཙམ་ལ་དེ་ཙམ་ལ་ཞེས་པ་ལྟ་བུའོ། །ཚེ་སྐབས་ནི་དུས་དེ་ལ་འམ་དེར་ཞེས་པ་ལྟ་བུའོ། །དྲུག་པའི་ཕྲད་བསྟན་པ། ཀྱི་ནི་འབྲེལ་བའི་ཚིག་ཡིན་ཏེ། །ཞེས་བྱ་བ་ཡིན་ཏེ། ལྷ་སྦྱིན་གྱི་རྟ་ཞེས་པ་ལྟ་བུ་སྟེ། ཕན་ཚུན་གྱི་དོན་འབྲེལ་པར་སྦྱོར་

བའི་བརྡ་སྤྲོད་པར་འདོད་པའོ། །གསུམ་པའི་འཇུག་པ་བསྟན་པ། ཀྱིས་ནི་བྱེད་པར་འདོད་པ་ཡིན། །ཞེས་སྨོས་ཏེ། ལྷ་སྦྱིན་གྱིས་བྱས་ཞེས་པ་ལྟ་བུའོ། །དེ་དག་མི་མཐུན་པའི་རྒྱན་ཡོད་པར་བསྟན་པར་བྱ་བའི་ཕྱིར། མི་མཐུན་རྒྱན་ནི་གསུམ་ཆར་ལའོ། །ཞེས་བྱ་
བ་སྨོས་ཏེ། ལ་མི་མཐུན་པའི་རྒྱན་དུ་འགྱུར་བ་ནི་རྒྱུ་མེད་པ་ལ་འབྲས་བུ་འདོད་པ་ཞེས་པ་ལྟ་བུའོ། །ཀྱིས་མི་མཐུན་པའི་རྒྱན་དུ་འགྱུར་བ་ནི་དེ་ལྟ་ཡིན་མོད་ཀྱིས་ཞེས་པ་ལྟ་བུའོ། །གྱིས་མི་མཐུན་པའི་རྒྱན་དུ་འགྱུར་བ་ནི་འོན་གྱིས་ཀྱང་ཞེས་པ་ལྟ་བུའོ། །ལྔ་པའི་འཇུག་པ་བསྟན་པའི་ཕྱིར། ལས་ནི་རྒྱུ་དང་འབྱུང་ཁུངས་དང་།
དགར་བ་ཡིན་ཏེ་ནས་དེ་བཞིན། །ཞེས་བྱ་བ་ཡིན་ཏེ། རྒྱུའི་དོན་ནི་ས་བོན་ལས་མྱུ་གུ་ཞེས་པ་ལྟ་བུའོ། །འབྱུང་ཁུངས་ཀྱི་དོན་ནི་རི་ལས་གསེར་ཞེས་པ་ལྟ་བུའོ། །དགར་བའི་དོན་ནི་ཁྱིམ་པ་ལས་དགེ་བསྙེན་ཞེས་པ་ལྟ་བུའོ། །ནས་ཀྱི་དོན་ནི་ལས་དང་མཐུན་ནོ། །ཅུང་ཟད་མི་མཐུན་པར་བསྟན་པ་ནི། སྡུད་པ་དག་དང་མཚམས་སྦྱོར་ནི། །
ནས་ལ་ཅུང་ཟད་ལྷག་མ་ཡིན། །ཞེས་བྱ་སྨོས་ཏེ། ནས་ཞེས་བྱ་བའི་སྒྲ་ལས་ཅུང་ཟད་ལྷག་པར་སྟོན་པ་ནི་སྡུད་པ་དང་མཚམས་སྦྱོར་བར་སྟོན་པ་སྟེ། མིག་ནས་ལུས་ཀྱི་བར་ཞེས་པའམ། ཁ་གདངས་ནས་ཉལ་ཞེས་པ་ལྟ་བུའམ། མིག་བཟློག་ནས་བལྟས་ཞེས་པ་ལྟ་བུའོ། །བྱེད་པའི་ཚིག་
དྲུག་ལས་དྲུག་པ་མ་གཏོགས་པ་ཀུན་གཏན་ཚིགས་སྟོན་པར་ཡང་འགྱུར་ཏེ། དེ་བསྟན་པའི་ཕྱིར། གཏན་ཚིགས་དག་ཏུ་འགྱུར་བ་ནི། །དྲུག་པ་འབའ་ཞིག་མ་གཏོགས་པའོ། །ཞེས་བྱ་བ་སྨོས་ཏེ། དེ་ལ་གསུམ་པ་གཏན་ཚིགས་སུ་འགྱུར་བ་ནི་དེས་ན་ཞེས་པ་ལྟ་བུའོ། །བཞི་པར་འགྱུར་བ་
ནི་དེའི་ཕྱིར་ཞེས་པ་ལྟ་བུའོ། །ལྔ་པར་འགྱུར་བ་ནི་དེ་ཅི་ལས་ཤེས་ཞེས་པ་ལྟ་བུའོ། །བདུན་པར་འགྱུར་བ་ནི་བཞི་པ་དང་མཐུན་ཏེ། གཉིས་པའི་སྒྲ་ཡང་དེ་བཞིན་ནོ། །དེས་ན་ལ་དང་གིས་དང་ལས་རྣམས་ལ་གཏན་ཚིགས་སུ་འགྱུར་པ་ཡོད་དོ། །དུ་ལ་སོགས་པའི་འཇུག་པ་བསྟན་
པའི་ཕྱིར། དུ་ལ་སོགས་པ་ལ་དང་མཐུན། །དེ་ཉིད་དག་ནི་ལྷག་པ་ཡིན། །དེ་བཞིན་ལྷག་བཅས་ལ་ལའོ། །ཞེས་སྨོས་ཏེ། དུ་དང་སུ་དང་རུ་དང་ར་རྣམས་ལའི་སྒྲ་དང་མཐུན་ཏེ། འདི་ལ་ཞེས་བྱ་བ་ལ། འདི་ན་ཞེས་བྱ་བ་དང་། འདི་རུ་ཞེས་བྱ་བ་དང་། འདིར་ཞེས་བྱ་

བ་དང་། གང་དུ་ཞེས་བྱ་བ་དང་། དབུས་སུ་ཞེས་བྱ་བ་ཐམས་ཅད་ལའི་སྒྲ་དང་མཐུན་པ་ཤ་སྟག་གོ། །དེ་ཉིད་དུ་སྟོན་པ་ནི་ལའི་དོན་ལས་ལྷག་པ་སྟེ། ཐོག་དགུ་འཕར་དུ་ཕུབ། ཤིང་མིག་མངས་རེས་སུ་བཏང་། དབྱིབས་གྲུ་བཞིར་བརྩིགས་
ཞེས་བ་ལྟ་བུ་ལའི་དོན་ལས་ལྷག་པར་སྟོན་པ་ཡིན་ནོ། །ཚིག་ལྷག་མ་དང་བཅས་པར་སྟོན་པའི་སྒྲ་ནི་ལ་ལ་ལྷག་པ་ཡིན་ཏེ། ལག་པ་བསྙལ་ལ་ཟན་བྱ་ཞེས་པ་ལྟ་བུའོ། །ཟླ་སྡུད་པ་ནི། འོ་ལ་སོགས་པ་ཟླ་སྡུད་པའོ་ཞེས་བྱ་བ་ཡིན་ཏེ། རྗེས་སུ་འཇུག་པའི་
ཡི་གེ་བཅུ་ལ་ཨོའི་སྒྲ་དང་ལྡན་པ་ནི་ཚིག་གི་ཟླ་སྡུད་པ་ཡིན་ཏེ། འདི་ལྟར་ཡིན་ནོ་ཞེས་པའམ། དེ་བཞིན་དུ་ཡོད་དོ། །སྒོམ་མོ། །སྒྲུབ་པོ། །འགྱུར་རོ། །འཚལ་ལོ། །ཤེས་སོ། །འབྱུང་ངོ་། །འགོག་གོ། །དེའོ་ཞེས་པ་ལྟ་བུ་ཡི་གེ་འདི་བཅུ་ནི་ཟླ་སྡུད་པ་ཡིན་ནོ། །ད་ནི་སྐབས་ནས་ཡི་གེ་
རེ་རེ་ཙམ་ཚིག་གི་ཕྲད་དུ་འགྱུར་བར་བསྟན་པ་ལས། འོ་ན་ཁོང་དུ་ཆུད་པའི་ཚིག། །ཅེས་པ་ནི་འོ་ན་ཞེས་བྱ་བ་དང་། འོན་ཏེ་ཞེས་བྱ་བ་དོན་སྔ་མ་ཁོང་དུ་ཆུད་པ་ལས་ཚིག་ཕྱི་མའི་སྐབས་སྦྱོར་བའོ། །འམ་ཞེས་བྱ་བ་འབྱེད་སྡུད་ཡིན། །ཞེས་བྱ་བ་ནི་འམ་ལ་སོགས་པ་བཅུ་ནི་འབྱེད་པ་དང་སྡུད་
པ་ཡིན་ཏེ། འདི་ལྟར་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། མིག་གམ། རྣ་བའམ། འབྱུང་ངམ། འགྱུར་རམ། འགྲུབ་བམ། ཡིན་ནམ། འཚལ་ལམ། སྒོམ་མམ། ཞེས་པ་ལྟ་བུའོ། །དག་དང་རྣམས་ནི་མང་པོའི་ཚིག །ཅེས་བྱ་བ་
ནི་ཤིང་དག་ཤིང་རྣམས་ཞེས་པ་ལྟ་བུ་དུ་མའི་ཚིག་ཏུ་སྟོན་པའོ། །སོགས་ནི་མཐའ་དག་སྡུད་པ་ཡིན། །ཞེས་བྱ་བའི་སོགས་ཞེས་བྱ་བའི་ཚིག་ནི་མཐའ་དག་སྡུད་པ་ཡིན་ཏེ། གཟུགས་ལ་སོགས་པ་ཞེས་པ་ལྟ་བུ་དང་པོའི་ཚིག་གིས་མཐའི་ཚིག་སྨོས་མི་དགོས་པར་སྡུད་པ་
ཡིན་ནོ། །པ་འམ་ཅན་ནི་བདག་པོའམ། །ལྡན་པའི་དོན་དུ་སྦྱར་བར་བྱ། །ཞེས་བྱ་བ་ནི་གསེར་གྱི་བདག་པོའམ། གསེར་དང་ལྡན་པ་ནི་གསེར་པ་ཞེས་པའམ། གསེར་ཅན་ཞེས་བ་ལྟ་བུའོ། །དེ་ཉིད་ལས་བའི་སྒྲ་ཅུང་ཟད་མི་འདྲ་བར་བསྟན་པ་ནི། བ་ནི་སྤྱི་རུ་གཞག་པ་སྟེ། །ཡུལ་དུས་

ངེས་པར་མ་བཟུང་བའོ། །ཟ་བ་བཟའ་དང་ཟ་པོ་བཞིན། །མ་ནིང་དག་ཏུ་གཞག་པར་བྱ། །ཞེས་སྨོས་པ་ཡིན་ཏེ། བྱ་བ་སྟོན་པའི་མིང་ལ་བའི་སྒྲ་འབྱུང་བ་ནི་ཡུལ་དང་དུས་ཀྱི་སྤྱིར་འགྲོ་བ་སྟེ། འདི་ལྟར་ཟ་བ་ཞེས་བྱ་བའམ། ལྟ་བ་ཉན་པ་ཞེས་བྱ་བ་ལྟ་བུའོ། །དེ་ལ་ཡུལ་
ངེས་པར་མ་བཟུང་བ་ནི་བྱེད་པ་པོའམ། བྱ་བའམ། བདག་གི་ཚིག་གམ། གཞན་གྱི་ཚིག་ཏུ་མི་སྟོན་པའོ། །དུས་ངེས་པར་མ་བཟུང་བ་ནི་འདས་པའམ། མ་འོངས་པའམ། ད་ལྟར་གྱི་ཚིག་གཅིག་ཏུ་མི་སྟོན་པའོ། །དཔེར་ན་ཟ་བ་ཞེས་བྱ་བ་ནི་བཟའ་བ་དང་། ཟ་བ་པོ་རྣམས་ཀྱི་སྤྱིར་འཇུག་པ་
ལྟ་བུའོ། །དེ་གཅིག་ཏུ་ཚང་བར་མི་སྟོན་པའི་ཕྱིར་མ་ནིང་དག་ཏུ་གཞག་པར་བྱ་བ་ཡིན་ནོ། །ད་ནི་ཕྲད་འདུས་པ་སྟོན་ཏེ། དེའི་ཕྱིར། གལ་ཏེ་ཕྲད་གཉིས་འདུས་པའམ། །ཡང་ན་མང་པོ་འདུས་པ་ན། །སྔ་ཕྱི་ཕན་ཚུན་ཟིལ་གནོན་དང་། །རང་གི་ཆ་ལྡན་དག་ཏུ་སྦྱར། །ཞེས་བྱ་བ་སྨོས་ཏེ། གལ་
ཏེ་ཚིག་གི་ཕྲད་དུ་གྱུར་པ་གཉིས་འདུས་སམ། འོན་ཏེ་མང་པོ་འདུས་ནས་ཚིག་གི་སྐབས་གཅིག་གི་ཕྲད་དུ་བྱུང་ན་དེའི་དོན་རྣམ་པ་གསུམ་དུ་འགྱུར་ཏེ། ཕྲད་སྔ་མས་ཕྱི་མ་ཟིལ་གྱིས་གནོན་པ་དང་། ཕྱི་མས་སྔ་མ་ཟིལ་གྱིས་གནོན་པ་དང་། གཉིས་ཀའི་ཆ་དང་ལྡན་པའོ། །དེ་ལ་
གཉིས་ཀའི་ཆ་དང་ལྡན་པར་བསྟན་པར་འདོད་ནས། གང་ལ་དམིགས་འཛིན་མི་བྱེད་དང་། །དམིགས་འཛིན་ཏེ་ན་ཕྲད་གྱུར་ན། །གཉིས་པར་འགྱུར་བའི་མཐུ་ཡིན་ནོ། །ཞེས་སྨོས་པ་ཡིན་ཏེ། འདི་ལྟར་གལ་ཏེ་ན་ཞེས་བྱ་བའི་ཚིག་གི་དོན་ནི་གཉིས་པར་འགྱུར་ཏེ། དེ་ལ་གལ་ཞེས་
བྱ་བའི་སྒྲ་ནི་ཁྱབ་པ་སྤྱིར་འགྲོ་བ་སྟེ། དམིགས་འཛིན་པར་མི་བྱེད་དོ། །ཏེ་ན་ཞེས་བྱ་བ་ནི་ཕྱོགས་གཅིག་ཏུ་བྱེད་པ་སྟེ། དེ་ཡང་གང་ལ་ཅི་ཞིག་ན་ཞེས་བྱ་བ་ཡིན་པ་ལས་ག་དང་ལར་སྦྱར་ཏེ་གལ་ཞེས་བསྡུས་ནས་ཅི་ཞིག་ཅེས་བྱ་བའི་སྒྲ་ཕྱི་ནས་ཏེ་ན་ཞེས་བྱ་བར་བསྒྱུར་ཏེ། གལ་ཏེ་ན་ཞེས་བྱ་བར་བརྗོད་
ན་དོན་སྔ་མ་ལས་ཕྱི་མ་གཞན་ཡོད་པར་སྟོན་པ་ཡིན་ནོ། །ཕན་ཚུན་ཟིལ་གྱིས་གནོན་པ་དང་བསྒྱུར་བ་ནི་འདི་བཞིན་དུ་གཞན་ལ་ཡང་སྦྱར་རོ། །དེ་དང་ཆུ་མཐུན་པར་འོན་ཏེ་ན་ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར། ཕྱོགས་གཅིག་ཁོང་དུ་ཆུད་པ་ལས། །ཕྱོགས་གཅིག་འདྲི་བར་བྱེད་

པ་ནི། །འོ་ན་ཞེས་བྱའི་ནུས་པའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོ་ན་ཞེས་བྱ་བའི་སྒྲ་ནི་དོན་གྱི་ཕྱོགས་གཅིག་ཁོང་དུ་ཆུད་པ་ལས་ཕྱོགས་གཞན་འདྲི་བར་བྱེད་པའི་ཚིག་གི་ཕྲད་ཡིན་ཏེ། འོན་ཏེ་ཞེས་བྱ་བ་དང་། འོ་ན་ཞེས་བྱ་བ་ནི་ཡི་གེ་བསྡུས་པ་དང་། མ་བསྡུས་པ་ཙམ་དུ་ཟད་དེ།
འོ་ཞེས་བྱ་བ་དང་། ན་ཞེས་བྱ་བའི་ཕྲད་འདུས་པའོ། །དེ་ཡང་དམིགས་འཛིན་སྔ་མ་བཞིན། །གཞན་འདྲེན་བྱེད་པ་ཏེ་ཡིན་ཏེ། །ན་ཡིས་ཕྱོགས་གཅིག་དག་ཏུ་བྱེད། །ཅེས་བྱ་བ་ནི་འོན་ཏེ་ན་ཞེས་བྱ་བའི་སྒྲ་སྦྱོར་བ་སྟེ། སྔ་མ་བཞིན་ཞེས་བྱ་བ་ནི་འོན་ཏེ་ཞེས་བྱ་བའི་སྒྲ་ཡང་གལ་ཏེ་དེ་བཞིན་ནོ། །
བཞིན་བྱེད་པ་ཞེས་པ་ལྟ་བུའོ། །ཚུལ་བཞིན་བྱ་བའི་དོན་འདི་རྣམས་ལ་འཇུག་པ་ལས་འདྲ་བར་སྦྱར་བ་ནི་ཚིག་གི་ཕྲད་དུ་གཟུང་ངོ་། །བཞིན་ལ་སོགས་པའི་འཇུག་པ་བསྟན་པ། བཞིན་ལ་སོགས་པ་ཚིག་གི་དོན། །མ་ནོར་བ་དང་ཡིན་པ་དང་། །འདྲ་བ་དག་ཏུ་སྦྱོར་བའོ། །ཞེས་བྱ་བ་ཡིན་
ཏེ། དེ་བཞིན་དང་དེ་ལྟ་བུ་ཞེས་བྱ་བའི་ཚིག་གི་དོན་མ་ནོར་བ་ལ་འཇུག་པ་ནི་དེ་བཞིན་ཉིད་ཅེས་པ་ལྟ་བུའོ། །ཡིན་པ་ལ་འཇུག་པ་ནི་དེ་བཞིན་ཡིན་པ་ནི་དེ་ལྟ་བུའོ་ཞེས་པ་ལྟ་བུའོ། །འདྲ་བ་ལ་འཇུག་པ་ནི་དེ་དང་འདྲ་བ་ནི་གཞན་འདྲེན་པ་ནི། ཏེ་ཞེས་བྱ་བའི་སྒྲ་ཚིག་ལྷག་མ་དང་བཅས་པ་ལས་གཞན་
འདྲེན་པ་ཡིན་ནོ། །འོན་ཏེ་ན་ཞེས་བྱ་བའི་ནའི་སྒྲའི་ཕྱོགས་གཅིག་ཏུ་བྱེད་པ་སྟེ་དམིགས་ཀྱིས་འབྱེད་པའི་ན་ཡིན་ནོ། །གོང་དུ་གཉིས་པར་འགྱུར་བར་དམ་བཅས་པ་དེ་བསྟན་པའི་ཕྱིར། དེ་གཉིས་ལྡན་པའི་ཕྲད་རྣམས་ནི། །དམིགས་འཛིན་ལྡན་མི་ལྡན་གཉིས་ཏེ། །ཞེས་
བྱ་བ་སྨོས་ཏེ། སྤྱི་ལ་འཇུག་པ་དང་། ཕྱོགས་གཅིག་ཏུ་བྱེད་པ་དང་། ལྡན་པའི་ཚིག་གི་ཕྲད་རྣམས་ནི་དམིགས་འཛིན་པ་དང་། ལྡན་པ་དང་། མི་ལྡན་པ་གཉིས་ཏེ། དེ་ལ་ཕྱི་མ་དམིགས་འཛིན་པ་ཡོད་ན་སྔ་མ་སྤྱི་ལ་འཇུག་པ་མི་ལྡན་པ་ཡང་དོན་གྱིས་བསྡུ་བར་བྱ་ལ། སྔ་
མ་དམིགས་འཛིན་པ་ཡོད་ན་སྔ་མ་དངོས་སུ་སྡུད་དོ་ཞེས་བསྟན་པའི་ཕྱིར། སྔ་མ་དོན་གྱིས་བསྡུ་བར་བྱ། །ཡོད་ན་སྔ་མ་དངོས་སུ་བསྡུ། །ཞེས་སྨོས་པ་ཡིན་ནོ། །དེ་དག་གི་མཇུག་བསྡུ་བ་བསྟན་པ་ནི། གལ་ཏེ་ཅི་སྟེ་འོན་ཏེ་དང་། །དེ་སྟེ་ན་ཞེས་བྱ་བར་སྦྱར། །ཞེས་བྱ་བ་སྨོས་ཏེ།

གལ་ཏེ་ན་ཞེས་པའམ། དེ་སྟེ་ན་ཞེས་བྱ་བ་རྣམས་ཚིག་སྔ་མ་དམིགས་འཛིན་པར་མི་བྱེད་དམ། སྤྱི་ལ་འཇུག་པ་ལས་ཕྱི་མ་ཕྱོགས་གཅིག་ཏུ་དམིགས་འཛིན་པར་བྱེད་པར་སྦྱར་རོ། །བསྡུ་བ་གཉིས་དང་ལྡན་པར་བསྟན་པའི་ཕྱིར། འོན་ཀྱང་འོ་ན་ཡང་
ཞེས་པ། །བསྡུ་བ་གཉིས་ལྡན་གཉིས་བསྡུ་བྱ། །ཞེས་བྱ་བ་སྨོས་ཏེ། འོན་ཀྱང་ཞེས་བྱ་བའམ། འོ་ན་ཡང་ཞེས་བྱ་བ་ལྟ་བུའི་ཚིག་གཉིས་དང་ལྡན་པ་སྟེ། འོ་ན་ཞེས་བྱ་བའི་སྒྲ་ཡང་སྡུད་པའི་ཚིག་ཡིན་ལ། ཀྱང་ཞེས་བྱ་བ་དང་། ཡང་ཞེས་བྱ་བ་ཡང་སྡུད་པའི་ཚིག་ཡིན་ཏེ། དེ་ལྟར་
བསྡུ་བ་གཉིས་དང་ལྡན་ན་སྔ་མའི་འདོད་པ་དང་། འོག་མའི་གཞན་གཉི་ག་སྡུད་པར་རིག་པར་བྱའོ། །དེ་ལ་མཐུན་པ་བསྡུ་བ་དང་། མི་མཐུན་པ་བསྡུ་བ་ནི་སྐབས་ཀྱི་མཐུས་རིག་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། མཐུན་དང་ཐ་དད་སྐབས་ཀྱི་མཐུ། །ཞེས་སྨོས་ཏེ།
རེས་འགའ་ནི། གང་ལྟར་ཇི་ལྟར་དེ་ལྟར་དང་། །དེ་བཞིན་དེ་སྐད་ལ་སོགས་པ། །ཇི་སྐད་བསྣན་པའི་ཆ་གཉིས་ལྡན། །དེ་ལ་སོགས་པའི་ཕྲད་རྣམས་ཀུན། །ཟིལ་གནོན་གྱུར་ཏམ་ཆ་ལྡན་ཡང་། །དགོས་པ་རེ་རེར་དྲིལ་བྱ་སྟེ། །ཞེས་བྱ་བ་སྨོས་ཏེ།
གང་ལྟར་དང་ཇི་ལྟར་ལ་སོགས་པ་དོན་མཐུན་པའི་སྐབས་ཤིག་ཏུ་ཕྲད་གཉིས་བསྣན་ནས་སྨོས་པའམ། མང་པོ་བསྣན་ནས་སྨོས་ཀྱང་རུང་སྟེ། དེ་དག་ཐམས་ཅད་དོན་གཅིག་ཏུ་དྲིལ་བར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཁ་ཅིག་ནི་སྔ་མས་ཕྱི་མ་ཟིལ་གྱིས་གནོན་ཏེ་གཅིག་ཏུ་དྲིལ་བར་
བྱའོ། །ཁ་ཅིག་ནི་ཕྱི་མས་སྔ་མ་ཟིལ་གྱིས་མནན་ཏེ་དྲིལ་བར་བྱའོ། །ཁ་ཅིག་ནི་གཉིས་ཀའི་ཆ་དང་ལྡན་པ་ཡང་བསྟན་པར་བྱ་བ་གཅིག་ཏུ་དྲིལ་ཏེ་བསྡུ་བར་བྱའོ། །ཅིའི་ཕྱིར་ཞེ་ན། དོན་ཚིག་སྦྱོར་བ་བཅུ་པོ་དང་། །ཕྲད་ཀྱི་སྦྱོར་བ་ཇི་ལྟ་བ། །དེ་ལྟར་ཕྲད་གཉིས་འདུས་པ་འམ། །མང་
པོ་འདུས་པར་གྱུར་ཀྱང་རུང་། །དེ་ལྡན་ལྷག་པ་མི་སྟོན་ཕྱིར། །སྐབས་དང་ཚིག་ཤུགས་བརྟགས་ནས་ནི། །བློ་ལྡན་རྣམས་ཀྱིས་གང་རིགས་སྦྱར། །ཞེས་བྱ་བ་བསྟན་པའི་ཕྱིར་ཏེ། ཚིག་གི་ཕྲད་འདུས་པ་ཐམས་ཅད་ཀྱང་ཚིག་གི་སྦྱོར་བ་བཅུ་དང་། དེ་ཕྲད་དང་ལྡན་པ་ལས་དོན་ལྷག་

པར་སྟོན་པ་མེད་པའི་ཕྱིར་རོ། །སྐབས་ཀྱི་ཤུགས་ནི་དགོས་པའི་ཤུགས་སོ། །ཚིག་གི་ཤུགས་ནི་སྒྲ་རྣམ་པར་སྦྱར་བའི་ཤུགས་སོ། །ཤུགས་ཀྱི་ཡུལ་ནི་ཆེད་དུ་མ་གཏད་པ་དང་། དངོས་སུ་མ་ཕྲད་པའོ། །གང་རིགས་པ་ནི་དོན་དང་ཚིག་ལ་མི་འགལ་བའོ། །ད་ནི་ཡི་གེ་དང་མིང་
དང་། །ཚིག་དག་དོན་གཏན་ལ་འབེབས་པར་བྱེད་པའི་རྩ་བ་ཡིན་པར་བསྟན་པའི་ཕྱིར། འདིར་དཔེ་བསྟན་པ། དཔེར་ན་སྐྱེས་བུ་གང་ཞིག་གིས། །གཟུགས་ཀྱི་བྱེ་བྲག་ཤེས་འདོད་ན། །ཕྲ་རྡུལ་ཆོས་ལ་མཚན་ཉིད་དུ། །དེ་ཤེས་ཆེ་རྡུལ་གོང་བུ་དང་། །གོང་ཆེན་དག་གི་མཚན་ཉིད་
དང་། །ལས་རྣམས་འབད་པ་མེད་པར་ཤེས། །དེ་ཤེས་སྐབས་ཀྱི་བྱ་བ་གང་། །སྦྱོར་བ་དག་ལ་མི་འཇིགས་བཞིན། །ཞེས་བྱ་བ་སྨོས་ཏེ། དཔེར་ན་སྐྱེས་བུ་ཞིག་གཟུགས་ཀྱི་བྱེ་བྲག་ཤེས་པར་འདོད་ན་དང་པོར་རྡུལ་ཕྲ་རབ་ཀྱི་མཚན་ཉིད་ལ་མཁས་པར་བྱའོ། །དེ་ནས་རྡུལ་འདུས་ཏེ་
རྡུལ་ཆེན་པོར་འགྱུར་ཏེ་དེ་ཤེས་པར་འགྱུར་རོ། །རྡུལ་ཆེན་པོ་འདུས་པ་ལས་གོང་བུར་འགྱུར་ཏེ་དེ་ཤེས་པར་འགྱུར་རོ། །གོང་བུ་ལས་གོང་ཆེན་དུ་འགྱུར་ཏེ་དེའི་མཚན་ཉིད་དང་ལས་དག་ཀྱང་ཤེས་པར་འགྱུར་རོ། །དེ་ལྟར་ལས་དང་མཚན་ཉིད་ལེགས་པར་ཤེས་པའི་སྐྱེས་བུ་དེ་ལ་གང་
ཞིག་གཟུགས་ཀྱི་བྱེ་བྲག་འདྲི་བ་ན་འཇིགས་པ་མེད་པ་དེ་བཞིན་དུ། སྐྱེས་བུ་སྨྲ་བར་འདོད་པ་ཡིས། །གཞི་མཐའི་ཡི་གེའི་བྱེ་བྲག་དག །ལེགས་པར་ཁོང་དུ་ཆུད་པ་ན། །དེ་འདུས་མིང་དང་དེ་བཞིན་ཚིག །ཤློ་ཀ་དང་ནི་རབ་བྱེད་སོགས། །མིང་ཚིག་ཡི་གེ་མཚུངས་པའི་
ཕྱིར། །ཚིག་སྦྱར་འབད་པ་མེད་པར་འགྱུར། །འདི་དག་དེ་བཞིན་ནོ། །ཞེས་སྦྱར་རོ། །འདི་ལྟར་སྐྱེས་བུ་གང་ཞིག་དོན་དང་ལྡན་པའི་ཚིག་སྨྲ་བར་འདོད་པ་དེས་དང་པོར་མིང་གི་མཐའི་ཡི་གེའི་བྱེ་བྲག་ལེགས་པར་ཁོང་དུ་ཆུད་པར་བྱའོ། །དེ་ནས་ཡི་གེ་དེ་དག་འདུས་པས་མིང་འགྲུབ་
པར་འགྱུར་ཏེ། དེའི་མཚན་ཉིད་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་མིང་འདུས་པ་ལས་ཚིག་ཡིན་ཏེ། དེའི་བྱེ་བྲག་ཁོང་དུ་ཆུད་ན་གཞན་ཚིག་འདུས་པ་ཤློ་ཀ་དང་། ཤློ་ཀ་འདུས་པ་ལས་རབ་ཏུ་བྱེད་པ་དང་། དེ་འདུས་པ་ལས་བསྟན་བཅོས་ཆེན་པོ་ལ་སོགས་པ་རྣམས་ཀྱི་ཚིག་

གི་སྦྱོར་བ་རྣམས་འབད་པ་ཆུང་ངུས་ཤེས་པར་འགྱུར་རོ། །དེའི་ཕྱིར་འདི་ནི་བསླབས་ནས་ཤེས། །སྨྲ་མཆོག་རྗེས་སྨྲ་རྣམས་ཀྱིས་བཤད། །འབད་པ་ཆུང་ངུས་ཤེས་དེའི་ཕྱིར། །འདི་ནི་བསླབས་པའི་གནས་ཡིན་ནོ། །ཞེས་སྨྲ་བའི་མཆོག་ཐམས་
ཅད་མཁྱེན་པ་དང་དེའི་རྗེས་སུ་སྨྲ་བའི་སྔོན་གྱི་མཁན་པོ་རྣམས་ཀྱིས་བཤད་དོ། །ད་ནི་དགེ་བའི་རྩ་བ་བསྔོ་བ་བསྟན་ཏེ། དེ་ཡང་མིང་གི་ཡོན་ཏན་གྱི་སྒོ་ནས་བསྔོ་བ་བསྟན་པའི་ཕྱིར། དོན་ལ་འཇུག་བྱེད་སྨྲ་བ་རྣམས་ཀྱི་སྒོ། །བློ་འབྱེད་གཏི་མུག་གཅོད་པས་མཚོན་ཆ་འདྲ། །མི་
འཇིགས་སྙམས་པ་སྦྱིན་བྱེད་དཔུང་དང་གོ །དོན་ནོར་སྨྲ་བས་མི་ཉམས་བརྟན་པའི་མཁར། །སྨྲ་མཆོག་རྗེས་སྨྲ་རྣམས་ཀྱིས་བཤད། །སྒྲ་ཉིད་དང་ནི་དོན་ལ་ཁྲིད་པ་ཡི། །འགྲོ་ཀུན་མཐུ་གཉིས་རབ་ཏུ་རྒྱས་པར་ཤོག །ཅེས་བྱ་བ་སྨོས་ཏེ། དོན་ཇི་ལྟ་བ་བཞིན་དུ་སྟོན་པའི་
འཇུག་པར་བྱེད་པའི་སྒོ་ལྟ་བུ་ཡིན་པས་སྨྲ་བའི་སྒོའོ། །གང་ཟག་རྣམས་ཀྱི་བློ་འབྱེད་ཅིང་གཏི་མུག་གི་དྲ་བ་གཅོད་པས་མཚོན་ཆ་ལྟ་བུ་ཡིན་པས་མཚོན་ཆ་ལྟ་བུའོ། །དོན་དང་ལྡན་པར་སྨྲ་བའི་རྒོལ་བ་རྣམས་ཀྱིས་མི་འཇིགས་ཤིང་སྙེམས་པ་རྙེད་པས་དཔུང་དང་གོ་ཆ་ལྟ་བུའོ། །
རང་གི་བློ་ལ་སྒྲ་དང་དོན་ནོར་བར་སྨྲ་བའི་ཤེས་རབ་འཆལ་པའི་སྐྱོན་གྱིས་མི་ཉམས་པའི་བློ་བརྟན་པ་རྙེད་པར་བྱེད་པས་བརྟན་པའི་མཁར་ལྟ་བུའོ། །འདི་ལྟ་བུའི་རབ་ཏུ་བྱེད་པ་འདི་ཐམས་ཅད་མཁྱེན་པ་དང་། སྔོན་གྱི་མཁན་པོ་རྣམས་ཀྱི་རྗེས་སུ་སྨྲས་ཤིང་བཤད་པས་
འགྲོ་བ་རྣམས་སྒྲ་དང་སྒྲའི་དོན་ལ་མཁས་པར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་འགྲེལ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྲན་པའི་ཡེ་ཤེས་གྲགས་པས་བླ་མ་ནོར་བཟངས་གྲགས་པ་ལས་
ཐོས་ཏེ། སློབ་མ་གཞོན་ནུ་གྲགས་པའི་དོན་དུ་མིང་གི་སྦྱོར་བ་ནི་ཅུང་ཟད་གཞག །ཕྲད་ཀྱི་སྦྱོར་བ་ནི་ཅུང་ཟད་བཤད་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།