Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 184
Văn bản gốc(Tây Tạng)
Trang 17 / 17 (50.000 ký tự/trang)
ཡོད་པ་མ་ཡིན་པའོ། ། ཅི་ལ་ཞེ་ན། སྐྱེས་བུ་མི་སྐྱེད་པར་རོ། །ཏིལ་མར་གྱིས་བསྐུས་པ་ལ་སོགས་པ་ཐར་པའི་སྒྲུབ་པར་བྱེད་པ་མ་ཡིན་པར་འདོད་པ་རྣམས་ཀྱང་། ས་བོན་ལ་སོགས་པ་ལ་མི་སྐྱེད་པའི་ཆོས་ཅན་ཉིད་དུ་མཐོང་བའི་ཕྱིར་རོ། །ཅི་སྟེ་ཞེས་བྱ་བ་ནི་གཞན་གྱིའོ། དེ་ལྟ་མ་ཡིན་ན་ ཞེས་བྱ་བ་ནི་ལན་ནོ། །དབང་བསྐུར་བ་དེ་ཙམ་ཉིད་ལ་ནུས་པ་ཡིན་ནོ་ཞེས་བརྗོད་པར་ནུས་པ་ཁོ་ནའོ། །འོན་ཏེ་ཏིལ་མར་གྱིས་བསྐུས་པ་ལ་སོགས་པ་བྱུང་ན་སྐྱེ་བ་དང་འགལ་བ་དག་ཀྱང་། སྐྱེ་བ་དང་འགལ་བ་མེད་པའི་ཕྱིར། དེ་དང་འདྲ་བར་དབང་བསྐུར་བ་ལ་སོགས་པའི་ཆོ་ག་ཡང་སྐྱེ་ བ་དང་འགལ་བ་མ་ཡིན་མོད། །ལས་དང་འགལ་བར་མི་འགྱུར་བ་ཁོ་ན་སྟེ། དབང་བསྐུར་བ་དབང་ཕྱུག་དམ་པ་འདི་ནི་ཆོས་དང་ཆོས་མ་ཡིན་པ་ཟད་པར་བྱེད་པ་ཡིན་ནོ། །འདི་ལྟར་སྐྱེས་བུ་ལྕི་མོ་དབང་བསྐུར་མ་ཐག་ཏུ་ཡང་བར་འགྱུར་བ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། དེ་བཞིན་ དུ་ཞེས་གསུངས་སོ། །སྔར་ལྕི་བ་ལས་དབང་བསྐུར་བའི་ཕྱིས་ཡང་བ་མ་ཡིན་ཏེ། དེའི་ཕྱིར་ཡང་སྡིག་བཅོམ་པར་བྱས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་སྙམ་ན། གང་གི་ཕྱིར་དེ་ཡོད་ན། དེ་མེད་པའི་ལས་འགལ་བར་རྟོགས་པའི་ཕྱིར། འདིའི་ལྕི་བ་ཉིད་དབང་བསྐུར་བས་བཅོམ་ པས་མེད་མོད། །སྡིག་པ་ནི་མ་ཡིན་ནོ། །འདོད་ཆགས་ལ་སོགས་པའི་སྡིག་པ་ཡིས། དེའི་འདུ་བྱེད་ནི་ལྕི་བ་མ་ཡིན་ཏེ། ལུས་ཅན་མ་ཡིན་པའི་ཕྱིར་རོ། །དེ་ཙམ་གྱིས་ཞེས་བྱ་བ་ནི། ལྕི་བ་ཙམ་གྱིས་སོ། །དབང་བསྐུར་བ་ན་ཡང་སྐྱེད་པར་བྱེད་ལ། དེ་ཡང་ལྕི་བ་སྤངས་ པའི་ཕྱིར་དེ་དག་འགལ་བ་ཡིན་གྱི། སྡིག་པ་དང་ནི་མ་ཡིན་ནོ་ཞེས་གསུངས་པ་ནི། ལྕི་བ་དང་འགལ་བའི་ཞེས་བྱ་བའོ། །སྡིག་པ་ལྕི་བའི་རྒྱུའམ་ཁྱབ་བྱ་ཡིན་ན། ཡང་བ་འབྲས་བུ་དང་འགལ་བའམ། ཁྱབ་བྱེད་དང་འགལ་བ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། དེ་ནི་ཞེས་བྱ་ བའོ། །དེ་ག་ལས་ཞེས་བྱ་བ་ནི་ལན་ནོ། །འདི་ལ་སྒྲུབ་པར་བྱེད་པའི་ཚད་མ་ཅི་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ལུང་ཡང་ཚད་མ་མ་ཡིན་པ་དེས་ན་དེ་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །འགལ་བར་ཁས་བླངས་ནས་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །སྡིག་པ་གང་གིས་ལྕི་ བར་འགྱུར་བ་དེ་ཙམ་གྱི་སྡིག་པ་དབང་བསྐུར་བའི་ཆོ་གས་བཤིག་མོད། དེ་ལྟ་ན་ཡང་། དེ་ལས་གཞན་པའི་སྡིག་པ་མ་བཟློག་པའི་ཕྱིར་ཅི་ལྟར་ཐར། འོན་ཏེ་དེ་ལས་གཞན་བཟློག་པ་ལ་དབང་བསྐུར་གྱི་ཆོ་ག་ནུས་པ་ཡོད་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས་བཤད་པ། ལྕི་བ་ནི་རྒྱུའི་སྡིག་པ་དེ་བཟློག་པ་ལ་མཐུ་ཡོད་པའི་ཕྱིར། གཞན་དུ་ཡང་བཟློག་པར་ནུས་སོ་ཞེས་བྱ་བའི་དོན་འདི་བརྟགས་པ་མིན་ཏེ། རྟོག་པར་བྱེད་པའི་ཚད་མ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྕི་བ་ནི་སྡིག་པའི་འབྲས་བུ་ཡང་མ་ཡིན་ཏེ། མངོན་སུམ་ དང་མི་དམིགས་པ་དག་མེད་པའི་ཕྱིར་རོ་ཞེས་དོགས་པའོ། །འོན་ཏེ་ལྷ་མཐོང་བ་ལས་ཐམས་ཅད་ཟད་པར་རྟོགས་སོ་ཞེ་ན། ལྷ་ལ་སོགས་པ་མཐོང་བ་ནི་ཞེས་གསུངས་སོ། །གལ་ཏེ་མྱུ་གུ་མི་སྐྱེད་པའི་ཆོས་ཅན་དབང་བསྐུར་བ་ལ་སོགས་པའི་ཆོ་གས་སྐྱེ་བསད་མི་ འགལ་ན་འོ་ན་གང་དང་འགལ་ཞེས་བྱ་བ་ལ་སོགས་པས་བསུ་ནས། རྒྱུ་དང་འགལ་བས་འགལ་བ་ཡིན་ནོ་ཞེས་གསུངས་པ་ནི། དེ་ཡང་ཞེས་བྱ་བའོ། །ལོག་ཤེས་ནི་ཞེན་པའི་སྙིང་པོ་ཅན་བདག་ལ་སོགས་པར་འཛིན་པའོ། །དེ་ལས་བྱུང་བའི་ཞེན་ པ་ནི་སྲེད་པའོ། །དེ་ཉིད་སེམས་པ་ཡིན་ཏེ། དེའི་དབང་ངམ་དེའི་མཐུས་སོ། །མ་ལ་སོགས་པར་ཕྱིན་པའི་རང་བཞིན་དམན་པའི་གནས་སུ་འགྲོ་བ་ནི་སྐྱེ་བ་ཡིན་ནོ། །འགལ་བ་བདག་མེད་པར་ལྟ་བ་དེས་རྒྱུ་ལོག་པའི་ཤེས་པ་དེ་བཅད་པར་གྱུར་ན་ནི་སྐྱེ་བར་མི་འགྱུར་རོ། ། དབང་བསྐུར་ལ་གོམས་པའི་ཆོ་ག་ནི་དེ་དང་འགལ་བ་མ་ཡིན་ན་སྙམ་དུ་དགོངས་པའོ། །གལ་ཏེ་དབང་བསྐུར་བ་ལ་སོགས་པ་དང་བྲལ་བའི་འབྱུང་བ་ཆེན་པོ་སྐྱེ་བའི་རྒྱུ་ནི་དབང་བསྐུར་བ་ལ་སོགས་པའི་ཆོ་གས་ཟློག་པར་བྱེད་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས་བཤད་པ་ནི། འདི་ལྟར་ཞེས་བྱ་བའོ། །དེ་དག་ཉིད་ནི་ལོག་པའི་ཤེས་པ་དང་། སྲེད་པ་སེམས་པ་དག་ཉིད་དེ། སྐྱེ་བ་ལ་ནུས་པ་ཡིན་ནོ། །འདི་ལྟར་བདག་ཏུ་མངོན་པར་ཞེན་ནས་ཆགས་པའམ། སྡང་བ་ལ་རྩོམ་པར་བྱེད་ལ། དམན་པའི་ཡུལ་དུ་མ་ཕྱིན་པར་བྱེད་ཀྱི། དབང་ བསྐུར་བ་ལ་སོགས་པ་ལས་བཟློག་པས་ནི་མ་ཡིན་ནོ། །དབང་བསྐུར་བ་དང་ནི་ལོག་པའི་ཤེས་པ་ཡང་འགལ་བ་མ་ཡིན་ནོ། །འོན་ཏེ་སེམས་པ་དེ་དག་ཉིད་ནི་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་མི་རིགས་ཏེ། ལས་ཀྱང་རྒྱུ་ཡིན་པའི་ཕྱིར་རོ། །ལས་ལས་འཇིག་རྟེན་སྣ་ཚོགས་ སྐྱེས། །ཞེས་བྱ་བ་ཡིན་ནོ་ཞེས་དོགས་པ་བསུ་ནས། སེམས་པ་དེ་དག་ཉིད་ཅེས་གསུངས་སོ། །ཉམས་པ་མེད་པ་ནི་མ་ཚང་བ་མེད་པའོ། མ་རིག་པ་དང་སྲེད་པ་དང་ལས་འདི་གསུམ་ནི། གཉིས་ཙམ་ཡིན་པའི་ཕྱིར་རོ། །དབང་པོའི་གནས་སུ་ཕྱིན་པ་ལ་སྲིད་ པའི་ནུས་པ་སྟོན་པ་ནི། ཡུལ་ལ་སོགས་པར་ཞེས་བྱ་བའོ། །གལ་ཏེ་སྐྱེ་བ་སྔར་བྱས་པའི་སྦྱིན་པ་ལ་སོགས་པ་ཡང་ལས་ཉིད་མ་ཡིན་ནམ་སྙམ་པའི་དོགས་པ་ཞེ་ལ་བཞག་ནས། དེ་ཡང་བདག་གི་འདུ་བྱེད་པ་འདི་གཉིས་ཁོ་ནའི་རྒྱུ་ཡིན་གྱི། དངོས་སུ་སྐྱེ་བའི་རྒྱུ་མ་ ཡིན་ནོ་ཞེས་བརྗོད་པ་ནི། སྐྱེ་བ་གཞན་འབྱུང་བ་བྱེད་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་སྐྱེ་བ་གཞན་འབྱུང་བའོ། །འདིས་སུ་བྱེད་པའི་ཕྱིར་ན། ལས་ནི་དངོས་སུ་ཞེས་བྱ་བའོ། །འོ་ན་སྔ་མ་ཇི་ལྟར་ལས་ཡིན་སྙམ་ན། སྔ་མ་དག་ནི་ཞེས་གསུངས་ཏེ། སྦྱིན་པ་ལ་སོགས་པའོ། ། འོ་ན་རྣམ་པ་དེ་ལྟ་བུའི་སྐྱེ་བའི་རྒྱུ་དབང་བསྐུར་བས། འདི་གཉིས་ཉིད་བཅོམ་པའི་ཕྱིར་ན་སྐྱེ་བ་མི་འབྱུང་ངོ་སྙམ་དུ་དོགས་པ་བསུ་ནས། ཅི་སྟེ་ཡང་ཞེས་བྱ་བའི་རྩོད་པ་ལ་དོན་འདི་ཡིན་ཏེ། ལོག་པའི་ཤེས་པ་དང་སྲེད་པ་སེམས་པའི་དབང་གིས་འགྲོ་བ་ཞེས་བྱ་བ་ནི་མི་རིགས་ཏེ། འགྲོ་ བ་ནི་འགྲོ་བར་བྱ་བ་རྟོགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་དང་། རྟོགས་པ་ཡང་མིག་ལ་སོགས་པ་བྱེད་པའི་ཚོགས་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །ཡང་ན་འགྲོ་བར་བྱ་བ་འགྲོ་བའི་རྟེན་ནི་བྱེད་པ་ལས་ཀྱི་དབང་པོ་ཡིན་ལ། སྒྲ་ལ་སོགས་པ་དམིགས་པ་རྟོགས་པ་ལོངས་ སྤྱོད་པ་ལ་ནི་བློའི་དབང་པོ་རྟེན་ཡིན་ཏེ། དེས་ན་མེད་ན་མེད་པའི་ཕྱིར་ན་སེམས་པ་དག་ནི་རྟེན་བྱེད་པ་རྣམས་ཁོ་ན་ཡིན་ལ། བྱེད་པ་དེ་ནི་དེ་ལས་གཞན་དུ་མི་འཐད་པས་བརྟགས་པ་མཐོང་བ་ལས་འགྱུར་བ་ཡིན་ནོ། །མ་མཐོང་བ་དེ་ཉིད་སེམས་པ་ཡང་མ་ཡིན་ཏེ། ཁྱད་པར་ལ་ ཚད་མ་མེད་པའི་ཕྱིར་རོ། །མ་མཐོང་བ་དེ་ཡང་དབང་བསྐུར་བ་ལ་སོགས་པའི་ཚོགས་ཞིག་པར་འགྱུར་བའི་ཕྱིར་ཐར་པ་ཡིན་ནོ། །དེ་དང་འགལ་བ་ཡང་ལུང་ལས་རབ་ཏུ་གྲུབ་པ་ཡིན་ཏེ། དེ་ཁས་མི་ལེན་ན་སེམས་པ་དེ་དག་ཉིད་མི་འགྲུབ་པོ་ཞེས་བརྗོད་པ་མ་མཐོང་འཇིག་ཕྱིར་ཞེས་བྱ་བའོ། ། བསྟན་བཅོས་ཀྱི་རྗེས་སུ་འབྲངས་ནས། ཁྱད་པར་སེམས་ན་ནི། ངེད་ཀྱི་ལུགས་ཀྱི་རྗེས་སུ་འབྲངས་ཏེ། སེམས་པ་ལས་མ་ཡིན་གྱི། འོན་ཀྱང་བདག་གི་ཆོས་གཞན་ཉིད་ཡིན་ནོ་ཞེས་བརྗོད་པ་ནི། དེ་ནི་འདུ་བྱེད་སེམས་པ་མིན། །ཞེས་བྱ་སྟེ། མ་མཐོང་བ་དེ་ནི་འདུ་བྱེད་དེ། སྦྱིན་ པ་ལ་སོགས་པའི་བྱ་བས་བསྐྱེད་པ་བདག་གི་ཆོས་ཏེ། དེས་ན་དེ་ལྟར་རྣམ་པ་གཞན་དུ་ཡང་རྣམ་པ་སྣ་ཚོགས་པར་འགྱུར་བས་འདི་སེམས་པའི་རང་བཞིན་དུ་མི་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །ཐ་མ་ཚིག་འདི་ཉིད་འཆད་པ་ནི། དགེ་བའི་ལས་ཞེས་བྱ་བའོ། །དེ་ཡང་ནི་དགེ་ བ་ལ་སོགས་པའོ། །འདིར་གཞན་གྱི་མ་ཡིན་ནམ་ཞེས་བྱ་བར་ཡང་མ་ཡིན་ན་ཞེས་བྱ་བས་འཕགས་པའི་ལན་བརྗོད་པ་ནི། དོན་འདི་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྟེ། དབང་བསྐུར་མ་ཐག་ཏུ་དེ་འཇིག་གོ་ཞེས་བྱ་བའི་དོན་འདིའོ། །ཡང་ན་ བྱེད་པ་མ་མཐོང་བ་ལས་འགྱུར་རོ་ཞེས་བྱ་བའོ། །ཡང་ན་སེམས་པ་ལས་ཐ་དད་པའི་འདུ་བྱེད་པས་ཡིན་ནོ་ཞེས་བྱ་བའོ། །མ་མཐོང་བའི་རྟེན་བྱེད་པ་ནི་མ་ཡིན་གྱི་འོན་ཀྱང་བློ་ཉིད་དོ། །དེས་ན་དབང་བསྐུར་བ་ལ་སོགས་པའི་ཚོགས་སྐྱེ་བ་མེད་པ་མ་ཡིན་ནོ་ཞེས་ གསུངས་པ་ནི། གཞན་ཡང་ཞེས་བྱ་བའོ། །བྱེད་པ་སྐྱེད་པ་ལ་ནི་ཡིད་ཀྱི་བློ་ཉིད་ནུས་པར་མཐོང་ངོ་། །དབང་རྣམས་སོ་སོར་མནོད་ན་ཡང་། །ཡིད་བློའི་གནོད་པ་ཡོད་པ་ཡིན། །འདི་འགྱུར་ན་ནི་དེ་དག་ཀྱང་། །འགྱུར་བ་དག་ཏུ་མཐོང་བ་ཡིན། །ཞེས་བྱ་བའི་ རིགས་པ། ཡོད་དང་མེད་པའི་རྗེས་འཇུག་ཕྱིར། །ཞེས་བྱ་བ་འདི་ལ་བརྗོད་པ་ཡིན་ནོ། །མཐོང་བ་ཡོད་ན་མ་མཐོང་བ་ཤུགས་ཀྱིས་འགྲུབ་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི། གཞན་གྱི་མ་ཡིན་ན་ཞེས་བྱ་བའོ། །ལུང་གི་སྟོབས་ཀྱིས་ཁྱད་པར་རྟོགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ ཏོ། །བྱེད་པ་དེ་ནི་དབང་བསྐུར་ཡང་བློ་ཡོད་པ་ལས་རྒྱུན་གྱིས་འཇུག་པར་ཡོད་པ་ཡིན་པས་ཅིས་མི་འགྲོ་སྟེ། མངལ་གྱི་གནས་སུ་འགྲོ་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་བྱེད་པ་རྣམས་བློས་བསྐྱེད་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་བདེན་ཏེ། དེའི་ལྷན་ཅིག་བྱེད་པ་མ་མཐོང་ པ་ནི། དབང་བསྐུར་བས་བཅོམ་པ་དེས་ན། ལྷན་ཅིག་བྱེད་པ་མ་ཚང་བའི་ཕྱིར་དེ་དག་སྐྱེ་བ་གཞན་དུ་སྐྱེད་པ་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། དེ་ལྟ་ཡིན་ན་ཞེས་གསུངས་སོ། །འཛིན་པ་ནི་ཞུགས་པ་ཟློག་པའོ། །འཇུག་པ་ནི་མ་ཞུགས་པ་གཏོད་པའོ། །གཡེང་བ་ ནི་རྣམ་པར་འགྱུར་བའོ། །འགོག་པ་ནི་ཞིག་པའོ། །དབང་པོ་ལ་སོགས་པ་དེ་དག་དེ་ལྟར་སེམས་པའི་དབང་གིས་མི་འགྱུར་རོ། །གང་གི་ཆ་ཞི་ན། དབང་བསྐུར་མ་ཐག་ཁོ་ནར་མ་མཐོང་བ་ལྷན་ཅིག་བྱེད་པ་བཅོམ་པས་བློ་དེ་ནུས་པ་མེད་ནའོ། །སྐྱེ་བ་གཞན་བཞིན་ནོ་ཞེས་བྱ་བའོ། །བློ་ ཉམས་པས་ནི་ཞེས་བྱ་བའོ། །ལྷན་ཅིག་བྱེད་པ་མ་མཐོང་བ་བཅོམ་པའི་ཕྱིར་རོ། །འདི་ཡང་རྒྱུ་ཡིན་པ་ལ་ནི་རྩོད་པ་མེད་པའི་ཕྱིར་རོ། །བློ་ཙམ་ལས་འབྱུང་བ་ཡིན་ན་བྱེད་པ་རྣམས་ཁྱད་པར་མེད་པར་ཐལ་བའི་ཕྱིར་རོ་ཞེས་དོགས་པའོ། །གལ་ཏེ་ས་དང་ཆུ་དང་ས་བོན་གྱི་འདུས་ པ་བཞིན་དུ་ཡོངས་སུ་འགྱུར་བ་ལ་ལྟོས་པའི་དབང་བསྐུར་བ་དང་། བློ་དང་མ་མཐོང་བའི་ཚོགས་རྣམས་ཉེ་བར་གནོད་པར་བྱས་ན་ནུས་པ་མེད་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནི། འོན་ཏེ་ཤི་མ་ཐག་ཏུ་ཞེས་བྱ་བའོ། །ཡོངས་སུ་གྱུར་པ་ལྟོས་པའི་རྒྱུ་ཡང་། ཟླ་བ་ཕྱེད་པ་དང་། ཟླ་བ་དང་། ལོ་ལ་སོགས་པ་ལ་ལྟོས་པ་ནི་མ་ཡིན་ནོ་ཞེས་ལན་འདེབས་པ་ནི། གལ་ཏེ་ཞེས་བྱ་བའོ། །མེད་ན་དེའི་ཚེ་ཤི་བའི་འོག་ཏུ་འགྱུར་རོ་ཞེས་བྱ་བ་འདི་ལ། གང་གིས་ཐར་པ་དོན་དུ་གཉེར་བ་འཇུག་པར་འགྱུར་བ་དེ་འདྲ་བའི་ཚད་མ་ཡོད་པ་མ་ཡིན་ནོ། །གལ་ཏེ་ལུས་དང་ དབང་པོ་དང་བློ་ལ་སོགས་པ་ཆོས་མ་ཡིན་པ་བསྐྱེད་པ་དག་ནི། ཅི་སྲིད་ཡོད་པ་མ་མཐོང་བ་དེ་སྲིད་འབྱུང་བ་ཡིན་ཏེ། དེས་ན་ལུས་དང་དབང་པོ་ལ་སོགས་པ་བཞིན་དུ་བློ་ཡང་མཚམས་མི་སྦྱོར་རོ་ཞེས་དོགས་པ་བསུ་བ་ནི། ཅི་སྟེ་དེ་ཚེ་ཞེས་བྱ་བའོ། །སྔར་ནི་འབྱུང་བས་བསྐྱེད་པར་བྱ་བ་ ཡིན་པས་དེ་མེད་ན་མི་འབྱུང་བར་རྟོགས་པར་བྱ་བ་ཡིན་ལ། ད་ནི་མ་མཐོང་བས་བསྐྱེད་པར་བྱ་བ་ཡིན་པས་དེ་མེད་ན་མི་འབྱུང་བ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་རོ། །མི་འགྱུར་བ་ནི་བྱེད་པ་རྣམས་སོ། །དེས་ན་གྲོལ་བར་འགྱུར་རོ་སྙམ་དུ་དགོངས་པའོ། །ལན་དུ། བདག་ཏུ་འཛིན་པ་ལ་ སོགས་པ་མཚམས་སྦྱོར་བའི་རྒྱུ་དྲི་མ་རྣམས་ཀྱིས་སམ། མ་མཐོང་བ་གཞན་རྣམས་ཀྱིས་བློ་མཚམས་སྦྱོར་བ་ཁོ་ནའོ། །དྲི་མ་དེ་རྣམས་སྔགས་དང་རྒྱུད་ལ་སོགས་པ་དང་དབང་བསྐུར་བས་ཉམས་པར་བྱས་པའི་ཕྱིར་ནུས་པ་མེད་པ་ཡིན་ན་ནི། གསོན་པོའི་གནས་སྐབས་ཉིད་ན་ཡང་ནུས་ པ་མེད་པར་འགྱུར་རོ་ཞེས་བརྗོད་པ་ནི། དེ་རྣམས་ནུས་ཀྱིས་ནི་ཞེས་བྱ་བའོ། །བློ་མེད་པ་མ་གྲུབ་པོ་ཞེས་བརྗོད་པ་ནི། མཚམས་བརྗོད་པའི་ཞེས་བྱ་བའོ། །འོན་ཏེ་དབང་བསྐུར་བ་ཡོད་ཀྱང་དྲི་མ་རྣམས་ཀྱི་མཚམས་སྦྱོར་བར་མཐོང་ངོ་སྙམ་ན། འོ་ན་ནི་དྲི་མ་ཉིད་མ་མཐོང་ བའམ། འབྱུང་བའི་ཡོངས་སུ་འགྱུར་བ་ལས་འབྱུང་བས་འཆི་བ་ན་མེད་པར་འགྱུར་རོ་སྙམ་དུ་དོགས་པ་བསུ་ནས། གཉེན་པོ་དང་ནི་རང་གི་ཕྱོགས། །འགྲིབ་དང་འཕེལ་ན་འཕེལ་བའི་ཕྱིར། །ཞེས་གསུངས་སོ། །གཉེན་པོ་འགྲིབ་པ་ལས་དང་རང་གི་ཕྱོགས་ འཕེལ་བ་ལས་ཉེས་པ་རྣམས་འཕེལ་བའི་ཕྱིར། ཉེས་རྒྱུན་རང་གི་ས་བོན་ཅན་ཡིན་ཏེ། རིགས་མཚུངས་པ་སྔོན་དུ་འགྲོ་བ་ཅན་ཡིན་གྱི་མ་མཐོང་བ་དང་འབྱུང་བ་ཆེན་པོ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་ནི་མ་ཡིན་ནོ། །གཉེན་པོ་འཕེལ་ན་ཉེས་པ་རྣམས་འགྲིབ་པའི་ཕྱིར་ དང་། རང་གི་ཕྱོགས་འཕེལ་ན་འཕེལ་བའི་ཕྱིར། རང་གི་ས་བོན་ལས་མྱུ་གུ་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་བཤད་པ་མཛད་པ་ཡིན་ནོ། །བདག་མེད་པ་ལ་འཆིང་བ་དང་བྲལ་བའི་མཚན་ཉིད་ཀྱི་ཐར་པ་མི་འཐད་དོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །བཅིངས་ པ་དང་ཐར་པ་གཉིས་གཞན་ཉིད་དུ་ཐལ་བར་བྱས་པ་ཁས་ལེན་པ་ནི། དག་པ་གང་ཡིན་དེ་ཞེས་བྱ་བའོ། །གཞན་ནི་མ་དག་པའོ། །དཔེ་བརྗོད་པ་ནི་མེ་ཤི་བ་ནི་ཞེས་བྱ་བའོ། །ཐ་སྙད་དུ་གཅིག་ཉིད་དོ་ཞེས་བརྗོད་པ་ནི། དེ་ལྟ་ན་ཡང་ཞེས་བྱ་བ་སྟེ་དཔེ་མ་ཡིན་ཡང་ངོ་། ། འོན་ཏེ་བདག་ཏུ་སྨྲ་བ་ལ་ཡང་དཔེ་ཡོད་དོ་ཞེ་ན། འདི་ལ་ནི་ཞེས་གསུངས་སོ། །རྟག་པ་དཔེ་མེད་པ་ཉིད་འདི་ལྟར་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་དོ། །ཡང་ན་དབང་བསྐུར་བ་ལ་སོགས་པའི་ཆོ་གས་ཐར་པར་འགྱུར་བ་ཡང་བདག་ནི་མ་ཡིན་ཏེ། རྟག་པ་ཉིད་ཀྱིས་ འཁོར་བ་ལ་སོགས་པ་འབྲས་བུའི་རིམ་པ་མི་འཐད་པའི་ཕྱིར་རོ་ཞེས་བརྗོད་པ་ནི། རྟག་པ་ལྟོས་པ་མེད་པའི་ཕྱིར། །ཞེས་བྱ་བའོ། །ལྟོས་པ་མེད་པའི་ཕྱིར་ནི་ཞེས་བྱ་བ་ནི་འབྲས་བུ་གཅིག་སྐྱེད་པའི་དུས་ཉིད་ན། འབྲས་བུ་གཞན་བསྐྱེད་པར་རུང་བ་ཡང་ཡོད་པའི་ཕྱིར་རོ། །རིམ་གྱིས་ བསྐྱེད་པ་འབའ་ཞིག་འགལ་བར་ནི་མ་ཟད་དེ། བྱེད་པ་ཡང་འགལ་ལོ་ཞེས་འབྲེལ་ཏོ། །གང་གི་ཞེ་ན། འདྲ་བའི་བདག་ཉིད་དོ། །བྱེད་དང་མི་བྱེད་པ་དག་ནའོ། །མི་བྱེད་པའི་རང་བཞིན་གང་ཡིན་པ་དེ་ཉིད་ནི་བྱེད་པའི་དུས་ན་ཡང་ཡིན་ཏེ། དེས་ན་མི་བྱེད་པ་ཁོ་ནར་འཐད་དོ་ཞེས་ དོགས་པའོ། །ལོངས་སྤྱོད་པའི་དུས་ན་ཡོད་པ་ཉིད་བྱེད་པའི་དུས་ན་ཡོད་པ་ཡིན་ན། བྱེད་པ་པོའི་དུས་ཉིད་ན་ལོངས་སྤྱོད་པ་པོ་ཉིད་འགལ་བ་ཡིན་ནོ་ཞེས་བརྗོད་པ་ནི། རྒྱུ་དང་འབྲས་བུའང་ཞེས་བྱ་བའོ། །དྲན་པ་དང་ལོངས་སྤྱོད་པ་དེ་དག་བདག་དེ་ལས་ཐ་དད་ན་ཡང་དེ་དང་འབྲེལ་པ་ལས་ བྱེད་པ་པོ་དང་ཟ་བ་པོ་ཉིད་ཡིན་པར་མི་འགྱུར་རོ་ཞེས་བཤད་པ་ནི། ཐ་དད་ན་སྟེ་དེའི་བདག་ཉིད་མ་ཡིན་པའི་ཕྱིར་གཞན་ཉིད་ཡིན་ན། བྱེད་པ་པོ་དང་ཟ་བ་པོར་ཡང་མི་འགྱུར་ཏེ། དེའི་རང་བཞིན་ནི་དེ་ལྟར་མ་རྟོགས་པའི་ཕྱིར་རོ། །འོན་ཏེ་དེ་དག་བྱེད་པའི་ཕྱིར་དེ་ལྟར་ཡིན་ནོ་སྙམ་ན་ནུས་པ་ཡང་ ནི་ཞེས་གསུངས་སོ། །བྱེད་པ་པོ་ཉིད་ཡིན་ན་རིམ་གྱིས་སྐྱེ་བར་མི་འགྱུར་ཏེ། སྟོང་པར་མི་རུང་བའི་ཕྱིར་རོ། །བྱེད་པ་པོ་མ་ཡིན་ཡང་བྱ་བ་མེད་དོ་ཞེས་བཀག་པ་ཡིན་པའི་ཕྱིར་ན། ནུས་པ་ཡང་ནི་འགྲུབ་པ་མ་ཡིན་ཞེས་བྱ་བའོ། །དེའི་བདག་ཉིད་ཡིན་ན་ཞེས་བྱ་བ་ནི། བྱེད་པ་དང་ལོངས་སྤྱོད་ པ་དག་ཕན་ཚུན་བདག་ཉིད་གཅིག་ཡིན་ནའོ། །འོན་ཏེ་བྱེད་པ་དང་ལོངས་སྤྱོད་པ་དག་བདག་ཉིད་ཉམས་སུ་མྱོང་བ་ཡིན་པས། དེ་དག་དང་འབྲེལ་པ་ཡིན་ནོ་སྙམ་ན། ཉམས་སུ་མྱོང་བ་ལས་ཀྱང་ཞེས་གསུངས་སོ། །གཞན་གྱི་བདག་བཞིན་ནོ་ཞེས་བྱ་བ་ནི། ཅི་ལྟར་དབང་པོ་ལས་འདས་པ་ མཐོང་བ་གཞན་གྱི་བདག །བདག་གཞན་གྱི་བྱེད་པ་དང་ལོངས་སྤྱོད་པ་ཉམས་སུ་མྱོང་བར་བྱེད་པ་ཡིན་ཡང་དེ་བདག་དང་འབྲེལ་པ་མ་ཡིན་པ་དེ་བཞིན་དུའོ། །གལ་ཏེ་དེ་དག་ཉམས་སུ་མྱོང་བར་བྱེད་པ་དེ་དག་དང་འབྲེལ་པ་ཡིན་ལ། དེ་ལྟ་ན་ཡང་བྱེད་པ་པོ་དང་ལོངས་སྤྱོད་པར་བྱེད་པ་ཉིད་ཡིན་ ན། དེའི་ཚེ་རྣལ་འབྱོར་པ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བརྗོད་པ་ནི། རྣལ་འབྱོར་པ་ཞེས་བྱ་བའོ། །ཉམས་སུ་མྱོང་བ་ལས་ནི་བྱེད་པ་པོ་དང་ལོངས་སྤྱོད་པར་བྱེད་པ་པོ་མ་ཡིན་གྱི། འོན་ཀྱང་འབྲེལ་པའི་ཁྱད་པར་ལས་ཡིན་ནོ་སྙམ་པའི་དོགས་པ་བསུ་བ་ནི། འོན་ཏེ་འདུ་བའི་ཞེས་བྱ་ བའོ། །འདུ་བ་ལས་དེ་ལྟར་བྱེད་པ་པོ་དང་ལོངས་སྤྱོད་པ་པོ་ཉིད་ཡིན་ནོ་སྙམ་ན། ལན་དུ་མ་ཡིན་ཏེ་ཞེས་བྱ་བའོ། །འདུ་བ་མེད་པའི་ཕྱིར། སྐབས་སུ་བབ་པའི་བདག་ཀྱང་དེ་དག་དང་འབྲེལ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྲིད་ཀྱང་འདི་ནི་རྣལ་འབྱོར་པ་རྣམས་བློ་གཅིག་གི་རྒྱུ་མ་ཡིན་ ནོ་ཞེས་བཤད་པ་ནི། འདུ་བ་ནི་ཞེས་བྱ་བའོ། །རྣལ་འབྱོར་པས་ནི་འདུ་བ་ཡོད་ཀྱང་གཞན་གྱི་བདག་གི་བྱེད་པ་དང་ལོངས་སྤྱོད་པ་དག་དེ་ལས་ཐ་དད་པར་ཤེས་པ་ཡིན་པ་དེ་བཞིན་དུ་བདག་ཉིད་ཀྱི་ཡང་ཡིན་ནོ། །དེས་ན་གལ་ཏེ་དེ་དག་དང་གཞན་གྱི་ བདག་འབྲེལ་ན། རང་གི་བདག་ལ་ཡང་དེ་ལྟར་ཅི་སྟེ་མི་རྟོགས། བདེ་བའི་འབྲས་བུ་སྐྱེད་པ་ལ་རྟག་པ་ལ་ནུས་པ་འགྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ཡང་རྟག་པའི་ཕྱིར་རིམ་གྱིས་སྐྱེ་བ་དང་བྱ་བ་འགལ་བ་ཡིན་ནོ། །འོ་ན་ནི་བདག་མེད་པ་ལ་ཡང་ཞེས་བྱ་ བའི་དྲན་པ་དང་ལོངས་སྤྱོད་པ་ལ་སོགས་པ་ནི་ཡོད་པ་ཡང་ཡིན་ཏེ། དེས་ན་བདག་ཡོད་པ་ཡིན་ནོ། །འདི་ལྟར་གཞན་གྱིས་མྱོང་བ་ནི་གཞན་གྱིས་དྲན་པ་མ་ཡིན་པའི་ཕྱིར་ན། དྲན་པ་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ན། གཅིག་ཉིད་ཀྱིས་ཁྱབ་པ་ཡིན་ནོ། ། གཅིག་ཉིད་གོ་བར་བྱེད་དོ། །དེ་བཞིན་གཞན་གྱིས་བྱས་པ་ནི་གཞན་གྱིས་ལོངས་སྤྱོད་པ་མ་ཡིན་ཏེ། བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་དང་ཕྲད་པར་ཐལ་བའི་ཕྱིར་རོ། །དེས་ན་བྱེད་པོ་ལོངས་སྤྱོད་པར་གྲུབ་པོ། །དེ་བཞིན་དུ་བུམ་པ་ལ་སོགས་པ་བདག་མེད་པ་ལ་ བདག་མེད་པས་སྲོག་ལ་སོགས་པ་མེད་པར་འགྱུར་བ་ཡིན་ལ། ཡོད་པ་ན་ཡང་དེ་གོ་བར་བྱེད་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་ལས་མི་ལྡོག་གི། མཐུན་པའི་ཕྱོགས་མེད་པའི་ཕྱིར་དེ་ལས་ནི་མ་ཡིན་ནོ། །དེས་ན་རྗེས་སུ་འགྲོ་བ་འཁྲུལ་པ་མེད་པ་ལྟར་ལྡོག་པ་ འཁྲུལ་པ་མེད་པ་ཡང་གོ་བར་བྱེད་པ་ཡིན་ནོ། །མཉན་བྱ་ཉིད་ནི་ལྡོག་པ་འཁྲུལ་པ་མེད་པ་ཅན་མ་ཡིན་ཏེ། མཐུན་པའི་ཕྱོགས་ལས་ཀྱང་ལྡོག་པའི་ཕྱིར་རོ། །མལ་ཆ་དང་སྟན་ལ་སོགས་པ་འདུས་པ་དག་ནི་གཞན་གྱི་དོན་དུ་མཐོང་ལ། མིག་ལ་སོགས་པ་འདུས་པ་ཡིན་ པའི་ཕྱིར་གཞན་གྱི་དོན་ཡིན་ནོ། །གཞན་ནི་འདིར་མ་འདུས་པ་ཡིན་ནོ་བཟློག་པ་ཡིན་ན་ནི་དེ་ཡང་གཞན་གྱི་དོན་ཡིན་ལ། དེ་ཡང་དེ་བཞིན་དུ་འགྱུར་བའི་ཕྱིར། ཐུག་པ་མེད་པས་ན་སྒྲུབ་པར་ནུས་པ་མ་ཡིན་ནོ། །དེས་ན་མི་མཐུན་པའི་ཕྱོགས་བདག་མེད་པ་ལ་གནོད་ པར་བྱེད་པ་ནི་བདག་དང་བཅས་པ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། འདི་འགོག་པ་ནི་དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཉམས་སུ་མྱོང་བ་ལས་གཞན་གྱིས་དྲན་པ་དང་བྱེད་པ་པོ་ལས་གཞན་གྱིས་ལོངས་སྤྱོད་པའོ། །སོགས་པའི་སྒྲས་ནི་སྲོག་ལ་སོགས་པ་དང་། འདུས་པ་ཉིད་ལ་སོགས་ པ་ཡང་གཟུང་ངོ་། །འདི་དག་ནི་བདག་པའི་གནོད་པར་བྱེད་པ་མ་ཡིན་ནོ་ཞེ་ན། ཅིའི་ཕྱིར་ཞེ་ན། བཤད་པ་འགའི་ཡང་དྲན་པ་མེད་པའི་ཕྱིར་རོ། །གང་གིས་རྒྱུད་གཞན་ལ་དེ་མེད་པས་མེད་པར་འགྱུར་རོ་ཞེས་རྟོགས་པར་འགྱུར་བ་དྲན་པ་ནི། དྲན་པ་དང་མེད་པའི་དུས་ན་ ཡོད་པ་གཅིག་གིས་ཁྱབ་པར་ནི་དམིགས་པ་མ་ཡིན་ནོ། །མེད་པ་གཉིས་ལྷན་ཅིག་འབྱུང་བ་ཙམ་གྱིས་ནི་ཁྱབ་པ་མི་འགྲུབ་སྟེ། དངོས་པོའི་འབྲེལ་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་དྲན་པར་བྱེད་པའི་ཆར། མྱོང་བར་བྱེད་པའི་ཆ་རྗེས་སུ་ཞུགས་པ་ ཡིན་ནོ་སྙམ་ན། དེས་ན་ཞེས་གསུངས་ཏེ། ཉམས་སུ་མྱོང་བའི་ཁྱད་པར་དེས་མྱོང་བ་ལས་དྲན་པ་དྲན་པར་བྱེད་པ་འབྱུང་ངོ་། །དྲན་པ་ནི་ཉམས་སུ་མྱོང་བའི་བག་ཆགས་ཀྱིས་བསྐྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ལ་ནི་དྲན་པ་ཡོད་པ་མ་ཡིན་ཏེ། ཉམས་སུ་ མྱོང་བར་གྱུར་པ་ཐམས་ཅད་ཀྱིས་དྲན་པ་ཡོད་པར་ཐལ་བའི་ཕྱིར་རོ། །དེས་ན་བདག་ཀྱང་ཉམས་སུ་མྱོང་བའི་བག་ཆགས་ཀྱི་དབང་གིས་དྲན་པ་ཡིན་ནོ། །ཉམས་སུ་མྱོང་བའི་བག་ཆགས་དང་ལྡན་པ་སྐད་ཅིག་སོ་སོར་འཇིག་པ་ཅན། རྒྱུ་དང་འབྲས་བུར་གྱུར་པའི་ སེམས་ལ་དྲན་པ་ཡོད་པས་ནི། དོན་གྱིས་བདག་ཡོད་པར་གོ་བ་མ་ཡིན་ནོ། །སྲོག་ལ་སོགས་པ་ཡང་མཉན་བྱ་བཞིན་དུ་ལྡོག་པ་མ་ངེས་པ་ཡིན་ཏེ། མཐུན་པའི་ཕྱོགས་མེད་པར་གྱུར་པ་ན། མི་མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །དེས་ན་ངེས་པ་ལྡོག་ པ་མ་ཡིན་ཏེ། དེ་མེད་ཀྱང་མི་མཐུན་པའི་ཕྱོགས་ལ་ཡོད་པར་ཐེ་ཚོམ་མི་ལྡོག་པའི་ཕྱིར་རོ། །ཐེ་ཚོམ་དེ་ནི་མི་མཐུན་པའི་ཕྱོགས་ལ་མེད་པའི་ཁྱད་པར་ཅན་མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །དེས་ན་ངེས་པ་ལྡོག་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་ལ་མ་ མཐོང་བ་ཙམ་ནི་ལྡོག་པ་མ་ཡིན་ཏེ། འོན་ཀྱང་བསྒྲུབ་པར་བྱ་བ་ལས་ལྡོག་པ་ལས་ཆོས་འགལ་བ་ཡིན་ཏེ། ཡོད་པ་དང་རྟག་པ་ཉིད་ཡིན་ནོ། །དེ་ལྟར་སྲོག་ལ་སོགས་པ་ནི་བདག་ལྡོག་པ་དང་འགལ་བ་མ་ཡིན་ནོ། །འདུས་པ་ཉིད་ཀྱང་མལ་ཆ་ ལ་སོགས་པར་འདུས་པ་གཞན་གྱི་དོན་བྱེད་པ་ཉིད་ཀྱིས་ཁྱབ་པ་ཡིན་ནོ། །དེ་ཙམ་ཤེས་པར་འདོད་པ་ལ་ཐུག་པ་མེད་པ་ཡང་མ་ཡིན་ཏེ། འབྲས་བུ་ཉིད་ཀྱིས་དུ་བས་མེ་གོ་བར་བྱེད་པ་ན། འབྲས་བུ་གོ་བར་མི་བྱེད་པའམ། ཐུག་པ་མེད་པར་འགྱུར་བ་ནི་མ་ཡིན་ནོ། ། གལ་ཏེ་བྱ་བ་དང་དྲན་པ་དང་ལོངས་སྤྱོད་པ་ནི། རྟེན་དང་དྲན་པ་པོ་དང་ལོངས་སྤྱོད་པ་པོ་མེད་པར་མི་འགྱུར་བ་མ་ཡིན་ནམ། འགྱུར་བ་ནི་འགྱུར་བ་པོ་ལ་ལྟོས་པ་ཡིན་པའི་ཕྱིར་རོ་སྙམ་པའི་དོགས་པ་བསུ་ནས། དྲན་པར་བྱེད་པ་པོ་ཞེས་གསུངས་སོ། །གལ་ཏེ་ཡང་དྲན་པ་དང་ལོངས་ སྤྱོད་པ་དག་གིས་སྐྱེད་པར་བྱེད་པ་གཞན་ཁོ་ན་ཡིན་པ་དེའི་ཚེ། རང་དང་གཞན་དག་ནི་མྱོང་བ་དང་ལས་དག་ཁྱད་པར་མེད་པའི་ཕྱིར། དྲན་པ་དང་ལོངས་སྤྱོད་པ་ཁྱད་པར་མེད་པར་འགྱུར་རོ་སྙམ་དུ་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །བདག་གི་ཉམས་སུ་མྱོང་ བ་ཡང་དྲན་པ་ལ་ལྟོས་ནས་གཞན་ཉིད་ཡིན་པ་ཁོ་ནའོ་སྙམ་དུ་དོགས་ན་གཞན་གྱིས་མངོན་པར་འདོད་པ་ཞེས་ཁྱད་པར་དུ་བྱས་སོ། །ལན་དུ་རྒྱུ་དང་ཞེས་གསུངས་སོ། །གང་གིས་དྲན་པ་དང་ལོངས་སྤྱོད་པ་དག་ཁྱད་པར་མེད་པར་འགྱུར་བ་རང་དང་གཞན་དག་གིས་ མྱོང་བ་དང་ལས་དག་ནི་ཁྱད་པར་མེད་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་ངེས་པས་ཁྱད་པར་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཞན་པ་ཉིད་ནི་བག་ཆགས་ལས་བྱུང་བའི་དྲན་པ་ལ་གནོད་པར་བྱེད་པ་མ་ཡིན་ཏེ། བདག་ཉིད་ཀྱི་ཡང་དེ་ལྟར་ཐལ་བར་འགྱུར་ བའི་ཕྱིར་རོ་ཞེས་གསུངས་པ་ནི། བདག་ཏུ་སྨྲ་བ་ལ་ཡང་ཞེས་བྱ་བའོ། །ཅི་ལྟར་རང་དང་གཞན་དང་ཉམས་སུ་མྱོང་བ་ཉིད་དམ་གཞན་ཉིད་དང་ཁྱད་པར་མེད་པའི་ཕྱིར། དྲན་པ་མ་ཡིན་པ་དེ་བཞིན་དུ་བདག་ཉིད་དུ་ཁྱད་པར་མེད་པར་ཡང་འགྱུར་རོ། །གཞན་ གྱིས་བདག་ཐ་དད་པའི་ཕྱིར་རོ་ཞེས་སྨྲས་ཏེ། ཉེས་པ་འདིར་མི་འགྱུར་རོ་ཞེས་རྗེས་སུ་འཇུག་གོ། །ཐ་དད་པ་དེ་ཉིད་ཅེས་བྱ་བ་ནི་ལེན་ནོ། །སྐྱེས་བུ་སོ་སོའི་བདག་རྣམས་ནི་བདག་ཉིད་དུ་ཁྱད་པར་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་བདག་ཏུ་སྨྲ་བ་གཞན་དུ་ བདག་མེད་པར་སྨྲ་བ་རྣམས་ལ་ཡང་གཞན་ལས་དྲན་པ་སྐྱེ་བ་མ་ཡིན་ནོ་ཞེས་བརྗོད་པ་ནི། ཅི་ལྟར་བདག་ལ་ཞེས་བྱ་བའོ། །ཉམས་སུ་མྱོང་བ་པོ་དག་གི་རང་བཞིན་ཁྱད་པར་ཡོད་པ་ལས་དྲན་པ་ངེས་པའི་ཕྱིར། རྣམ་པར་ཤེས་པ་སྨྲ་བ་ལ་ནི་མྱོང་བ་པོ་ངེས་པར་ འཐད་པ་ཡིན་ཏེ། རྒྱུ་ངེས་པའི་ཕྱིར་རོ། །བདག་ཏུ་སྨྲ་བ་ལ་ནི་མ་ཡིན་ཏེ། རྟག་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །རྟག་པ་ཉིད་རྒྱུ་མ་ཡིན་པ་ཉིད་ཀྱིས་རྣམ་པར་དབྱེ་བ་དང་འགལ་བ་རྣམ་པར་དབྱེར་མེད་པས་ཁྱབ་པ་ཡིན་ནོ་ཞེས་བརྗོད་པ་ནི། ཡིད་ལས་ཞེས་བྱ་ བའོ། །གལ་ཏེ་ཉི་མ་སྔ་མ་ལ་དམིགས་པ་རྣམས་ལ། ཕྱི་དེ་ཉིད་ན། བདག་གིས་འདི་མཐོང་བར་འགྱུར་རོ་ཞེས་མཐོང་བ་པོ་དང་དྲན་པ་པོ་གཅིག་ཏུ་མཚམས་སྦྱོར་བ་ནི། དེ་མཐོང་བ་མེད་པར་མི་འགྱུར་བ་མ་ཡིན་ནམ་སྙམ་དུ་དོགས་པ་བསུ་བ་ནི། གལ་ཏེ་ བདག་གཅིག་མེད་ན་ཞེས་བྱ་བའོ། །མཚམས་སྦྱོར་བར་བྱེད་པ་ནི། དེ་མཐོང་བ་སྔོན་དུ་འགྲོ་བ་ཅན་མ་ཡིན་ནོ་ཞེས་ལན་འདེབས་པ་ནི། ཉམས་སུ་མྱོང་བ་དང་དྲན་པ་དག་གཅིག་ཏུ་འབྲེལ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་སྐྱོན་འདི་ནི། བདག་ཡོད་པ་ ལའང་མཚུངས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་མཐོང་བ་དང་དྲན་པ་དག་གཅིག་ཏུ་འབྲེལ་པ་འདི་ལ་ཚད་མ་ཡོད་པ་མ་ཡིན་ནོ། །ཡང་ན་གཅིག་ཉིད་འདི་ལའོ། །བདག་ཡོད་པ་ཙམ་གྱིས་མ་མཐོང་ཡང་དེ་ལྟར་རྟོགས་པ་ནི་མ་ཡིན་ཏེ། གཞལ་བྱ་རྣམས་ ལ་འདི་ཡང་ཚད་མ་ལྟོས་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ནི། བདག་ཡོད་ཀྱང་ཞེས་གསུངས་སོ། །མངོན་སུམ་གྱིས་སོ་ཞེས་བྱ་བའི་དོགས་པ་བསུ་བའོ། །སྔ་ཕྱི་ཉིད་ལ་ཞེས་བྱ་བ་ནི་ལན་ནོ། །འོ་ན་དེ་རྗེས་སུ་དཔག་པས་རྟོགས་པ་ཡིན་ནོ་སྙམ་ན། མངོན་ སུམ་མེད་ཕྱིར་ཞེས་གསུངས་སོ། །དེ་བས་ན་སྔ་མ་དང་ཕྱི་མ་ཉིད་དུ་རྟོགས་པ་ནི་མེད་པ་ཁོ་ནའོ། །ཁས་བླངས་ཀྱང་ཉེས་པ་འདི་ནི་འཇུག་གོ་ཞེས་གསུངས་པ་ནི། གལ་ཏེ་བདག་ནི་ཞེས་བྱ་བའོ། །གལ་ཏེ་བདག་གིས་སྔ་མའི་རང་བཞིན་དུ་དོན་དམ་ པར་བདག་རིག་ན་དེའི་ཚེ། སྔ་མའི་མྱོང་བ་ད་ལྟར་ཡོད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་བདག་གིས་དེ་ལྟར་རྟོགས་པ་ནི་འཁྲུལ་པ་ཁོ་ནར་འགྱུར་རོ། །སྔོན་གྱི་མྱོང་བ་ད་ལྟར་ཡོད་པ་ཡང་མ་ཡིན་ཏེ། རྒྱུ་དེས་ན་བདག་དེ་ལ་སྔ་མའི་རང་བཞིན་ཉིད་དུ་རིག་པ་ག་ལ་སྲིད་དེ་མི་སྲིད་ པ་ཁོ་ནའོ། །ཅི་སྟེ་མི་སྲིད་སྙམ་ན་ཉམས་སུ་མྱོང་བཞིན་པ་ཉིད་དོ་ཞེས་གསུངས་སོ། །མཚམས་སྦྱོར་བ་ཉིད་ཚད་མ་ཡིན་ནོ་ཞེས་བྱ་བ་ནི། །དྲན་པ་ལས་སྔ་མ་ཉིད་ཅེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་རྩོད་པ་འགོག་པའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དྲན་པ་ཉིད་ནི་ཚད་ མ་ཡིན་ནོ། །མངོན་སུམ་ནི་མ་ཡིན་ཏེ། ཡུལ་ཉེ་བ་ཅན་མ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། རྟག་པ་ལས་མ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཉེ་བར་གནས་པ་ཉམས་སུ་མྱོང་བས་ངེས་པར་བྱས་པའི་ཐོག་མ་མེད་པ་ཅན་གྱི་མཚམས་སྦྱོར་བའི་བག་ཆགས་ནི་སེམས་ ཀྱི་རྒྱུན་གྱི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་པ་དེས་ན། དོན་གྱིས་བདག་འཕན་པ་མ་ཡིན་ནམ་ཞེས་བརྗོད་པ་ནི། གལ་ཏེ་དྲན་ལས་ཞེས་བྱ་བའོ། །གལ་ཏེ་བདག་གཅིག་ཉིད་དོན་དམ་པ་མ་ཡིན་ན། དེའི་ཚེ་བདག་མེད་པའི་སེམས་ཀྱིས་རྒྱུན་གཞན་དུ་བ་གཅིག་ཉིད་ཅིའི་ཕྱིར་མི་འདོད་ དེ། འདོད་པར་བྱ་བ་ཁོ་ནའོ། །གང་གི་ཕྱིར་གཅིག་ཉིད་ཚད་མས་གྲུབ་པ་མ་ཡིན་པ་དེའི་ཕྱིར། བདག་མེད་པར་སྨྲ་བ་འབའ་ཞིག་ཏུ་མ་ཟད་ཀྱི་བདག་ཏུ་སྨྲ་བ་ལས་ཡང་ངོ་། །ཅི་ལྟར་ལོག་པའི་བག་ཆགས་ཀྱིས་སྔ་མ་དང་ཕྱི་མའི་མྱོང་བ་དང་དྲན་པ་དག་གཅིག་ཉིད་དུ་སློབ་ པར་བྱེད་པའི་དེ་བཞིན་ད་ལྟ་བ་དག་ཀྱང་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་དག་ཅེས་བྱ་བའོ། །གལ་ཏེ་དོན་དམ་པར་ཐ་དད་པའི་ཕྱིར། རྣམ་པར་དབྱེ་བ་མེད་པར་ཐ་དད་བྱེད་པ་ཅི་ལྟར་སྙམ། གཅིག་ཉིད་ཙམ་དང་ཞེས་གསུངས་སོ། །བལྟ་བར་བྱ་བའི་རྒྱུད་བཞིན་ དུ་མཐོང་བའི་རྒྱུད་ཀྱང་གཅིག་ཏུ་འཛིན་པའི་འབྲས་བུ་ཉིད་ཀྱིས་དེ་ལྟར་མངོན་པར་རློམ་པའི་སྤྲལ་ཡིན་ནོ་ཞེས་བརྗོད་པ་ནི། གཅིག་པ་ཉིད་ཀྱིས་ཐ་སྙད་འདི་ཞེས་བྱ་བའོ། །འདི་ནི་དབང་པོ་དུ་མ་ལས་བྱུང་བའི་མཐོང་བ་རྣམས་དང་། དེ་དྲན་པ་རྣམས་ཀྱིས་ མཚམས་སྦྱོར་བའི་བག་ཆགས་ལས་སྐྱེད་པར་བཤད་པ་ཡིན་ནོ། །གཅིག་ཏུ་མི་སྣང་བར་རློམ་པའི་རྒྱུ་མཚན་ཡུལ་བཤད་ནས། ནང་གི་བཤད་པ་ནི། འདི་ནི་ཐོག་མ་མེད་ཅེས་བྱ་བའོ། །གལ་ཏེ་བདག་མེད་ཅིང་མཚམས་སྦྱོར་བ་ཡང་བག་ཆགས་ཀྱིས་བསྐྱེད་པའི་ ཕྱིར་ལོག་པ་ཡིན་ལ། སེམས་ཀྱང་སེམས་སྔ་མའི་དབང་གིས་རྒྱུན་འཇུག་པ་ཡིན་ནོ་ཞེས་བྱ་བར་ལྟ་བ་ཡིན་ན། བདག་ཏུ་འཛིན་པ་དང་། ཞེན་པ་ལ་སོགས་པ་གདོད་མ་མི་སྐྱེ་བའི་ཕྱིར་འཁོར་བར་མི་འགྱུར་ན། འགྱུར་བ་ཡང་ཡིན་ཏེ། དེས་ན་འཁོར་བ་གཞན་དུ་མི་ འཐད་པས་བསྒྲུབ་བོ་སྙམ་དུ་དོགས་པའོ། །འོ་ན་ཇི་ལྟར་ཞེས་བྱ་བའོ། །འོན་ཏེ་དྲན་པ་ཉིད་གཅིག་དང་དུ་མ་ཉིད་དུ་སྟོན་པས་ན་འཇིག་ཚོགས་སུ་ལྟ་བ་ཡིན་ནོ་སྙམ་ན་དྲན་པ་ཡང་ཞེས་བྱ་བའོ། །གཅིག་པ་ཉིད་དང་རྟག་པ་ཉིད་གཞན་གྱི་བསམ་པས་ བརྗོད་པས་ཡིན་ཏེ། གཞན་ནི་བུམ་པ་ལ་སོགས་པ་རྣམས། སྔ་མ་དང་ཕྱི་མ་ཉིད་ཀྱིས་གཅིག་པར་སེམས་ཀྱིས་བརྟག་པར་ནི་མ་ཡིན་ཏེ། བདག་ལ་སོགས་པ་རྣམས་ཉིད་ཀྱིས་རྟག་པར་ཁས་བླངས་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི། འཇིག་ཚོགས་ལ་ལྟ་བ་ མེད་པས་ནའོ། །འདི་ལ་བཤད་ཟིན་ཏོ་ཞེས་བྱ་བ་ནི་ལན་ལོན་ནོ། །འོ་ན་ཅི་ལྟར་ཀུན་ནས་ཉོན་མོངས་པ་རྣམ་པར་གནས་སྙམ་ན། དེ་ལྟར་ན་ཡིད་ཀྱིས་ཞེས་གསུངས་སོ། །འདི་ནི་ཞེས་བྱ་བ་ནི་བདེན་པ་བཞིའོ། །དེ་ལྟར་ཞེས་བྱ་བ་ནི་རྟག་པ་ལ་སོགས་པའི་རང་བཞིན་དུའོ། ། དེ་ཉིད་སྟོན་པ་ནི། འདི་ལྟར་ཞེས་བྱ་བའོ། །བདག་མེད་ཀྱང་ངའོ་ཞེས་བདག་ཏུ་འཛིན་པ་ཐོག་མ་མེད་པའི་བག་ཆགས་ལས་འབྱུང་བ་ནི་ཞེས་པ་སྐྱེས་པས་འཁོར་བ་རྒྱས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ངའི་སྙམ་པ་བདག་ཏུ་འཛིན་པའི་རྒྱུ་མེད་པར་ནི་རེ་ཞིག་འབྱུང་བ་མ་ཡིན་ལ་ རྒྱུ་ཡང་ཡུལ་ལམ་བག་ཆགས་ཀྱིས་ཡིན་པར་འགྱུར་ལ། དེ་ལ་ཡུལ་གྱིས་བསྐྱེད་པ་ལྟར་བག་ཆགས་ཀྱིས་བསྐྱེད་མ་བཟློག་པར་བྱ་བ་མ་ཡིན་པར་འགྱུར་རོ། །དེས་ན་ཅི་ལྟར་རྣམ་པར་བྱང་བར་འགྱུར་སྙམ་ན། དེ་ཉིད་ལ་ནི་ཞེས་གསུངས་ཏེ། བདེན་པ་བཞི་པོ་དེ་ཉིད་ལའོ། །སྒྲོ་བཏགས་པའི་རྣམ་པ་དེ་དག་དང་འགལ་བ་དོན་གྱི་དེ་ཉིད། དེ་ཡུལ་གྱི་དེ་ཁོ་ན་ཉིད་དེའི་རྣམ་པ་དེ་རྗེས་སུ་རྟོགས་པར་བདག་གིར་བྱེད་པ་གང་ཡིན་པའི་ཡང་དག་པའི་ལྟ་བ་དེ་ལ་དེ་སྐད་ཅེས་བརྗོད་དོ། །འདིས་ནི་ཡུལ་གྱི་ལྷན་ཅིག་བྱེད་པ་ཅན་ཡིན་པའི་ ཕྱིར། སྟོབས་དང་ལྡན་པ་ཉིད་དུ་བརྗོད་པ་ཡིན་ནོ། །ལེགས་བསྒོམས་ནི་ལེགས་པར་གཏན་ལ་ཕེབས་པའོ། །ཡང་དག་ཅེས་བྱ་བ་ནི། ཕྱིན་ཅི་མ་ལོག་པའི་ལྟ་བའོ། །ལོག་པའི་ལྟ་བའི་ཡུལ་དང་བྲལ་བའི་ཕྱིར་འགའ་ཞིག་ལས་འབྱུང་བ་ན། རྗེས་འབྲང་བཅས་ཏེ་འཇིག་ཚོགས་ སུ་ལྟ་བ་དང་བཅས་པའི་སྲེད་པ་འཇོམས་པར་བྱེད་དེ། ཉ་ཕྱིས་སུ་མཐོང་བས་དངུལ་དུ་མཐོང་བ་བཞིན་ནོ། །དེས་ན་རྣམ་པར་བྱང་བ་ཡང་འཐད་པ་ཡིན་ནོ་ཞེས་དགོངས་པ་ཡིན་ནོ། །རྒྱུ་འབའ་ཞིག་ཡང་དག་པ་མ་ཡིན་པ་སྒྲོ་བཏགས་པ་ཡིན་པར་ནི་མ་ཟད་དོ། །འབྲས་བུ་ཡང་ དེ་ལྟ་བུ་ཉིད་ཡིན་ནོ་ཞེས་བརྗོད་པ་ནི། ཡང་དག་པ་མ་ཡིན་པ་ཉིད་ཅེས་བྱ་བའོ། །རྒྱུ་ཡང་དག་པ་མ་ཡིན་པར་སྒྲོ་བཏགས་པར་བརྗོད་པ་ནི། དེ་སྒྲོ་འདོགས་པའི་ཕྱིར་ན་ཞེས་བྱ་བའི་ལས་དང་འཁོར་བ་དག་ཏུ་མངོན་པར་རློམ་པ་པའོ། །གཞན་དུ་ན་ཞེས་བྱ་བ་ནི་ཡང་དག་པ་ མ་ཡིན་པར་སྒྲོ་འདོགས་པ་མེད་པ་ནའོ། །འོ་ན་ནི་མངོན་པར་རློམ་པ་ཉིད་དོན་དམ་པར་འཁོར་བ་ཡིན་ནོ་སྙམ་ན། མངོན་པར་རློམ་པ་ཡང་ཞེས་གསུངས་སོ། །མྱོང་བ་ལས་ཞེས་བྱ་བ་ནི་རང་རིག་པ་ལས་སོ། །མྱོང་བ་མེད་ཀྱང་ཞེས་བྱ་བ་ནི་མངོན་སུམ་གྱིས་སོ། །གལ་ཏེ་དེ་ལྟ་ཡིན་དུ་ཆུག་ མོད་དེ་ལྟ་ན་ཡང་རྣམ་པར་བྱང་བར་ཅི་ལྟར་འགྱུར་སྙམ་ན། བརྗོད་མ་ཐག་པའི་ཚུལ་དེས་ན། དེ་ལྟ་བུར་གྱུར་པ་ཉིད་དུ་ཞེས་བྱ་བ་མྱོང་བ་མེད་ཀྱང་མྱོང་བ་ཉིད་དུ་མངོན་པར་རློམ་པ་ལས་མྱོང་བ་ཉིད་དུའོ། །དེ་ཁོ་ན་ཡིད་ལ་བྱེད་པར་གྱུར་པ་ན། ཕུང་པོ་ལྔ་པོ་འདི་ལ་བརྟན་པ་ལ་སོགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ ཞེས་རྣམ་པར་དཔྱོད་པ་དང་ལྡན་པའི་སྐྱེས་བུ་ནི་རྣམ་པར་དག་པ་ཉིད་དུ་འགྱུར་རོ། །གང་གི་ཚེ་སྙམ་ན་བདག་མེད་པར་བསྟན་པར་འགྱུར་བས་ན་ཞེས་སྦྱར་རོ། །བསྟན་པ་ཉིད་ཇི་ལྟར་སྙམ་ན། གོམས་པ་ལས་ཞེས་གསུངས་སོ། །ཅི་ལྟར་ཐར་པ་ཡིན་ཞེས་བྱ་བ་ནི་བདག་ཏུ་འཛིན་ པ་དང་སྲེད་པ་དག་ཁོ་ན་དང་། བདག་མེད་པར་ལྟ་བ་དངོས་དང་བརྒྱུད་པས་འགལ་བ་ཡིན་གྱི་ཟིན་པའི་ལུས་དང་ལས་དག་དང་ནི་མ་ཡིན་ཏེ་དེས་ན་ཡང་ལྟ་བ་ཡོད་ཀྱང་དེས་བསྐྱེད་པའི་སྲིད་པ་འབྱུང་བ་ཁོ་ནའོ་སྙམ་དུ་དོགས་པ་བསུ་ནས་ལས་དང་ལུས་དག་ཅེས་གསུངས་སོ། །རྒྱུན་ ནི་གསུམ་སྐྱེ་སྟེ། ལས་དང་ལུས་དང་སྲེད་པའོ། །སྲེད་པ་མེད་ན་ནི་གཞན་ཡོད་ཀྱང་མི་འབྱུང་སྟེ་རྒྱུ་མ་ཚང་བའི་ཕྱིར་རོ། །ས་བོན་མེད་པར་མྱུ་གུ་སྐྱེ་བ་མི་སྲིད་པ་བཞིན་ནོ་ཞེས་འབྲེལ་ཏོ། །གལ་ཏེ་སྲེད་པ་དང་བྲལ་བ་བཞིན་དུ་སྲིད་པ་ཡོད་ཀྱང་ལས་ལ་སོགས་པ་མེད་ན། རྒྱུ་མ་ཚང་བར་འགྱུར་བ་ཁོ་ནའོ་སྙམ་དུ་དོགས་པ་བསུ་བ་ནི། དེ་ལྟ་ན་ནི་འོ་ན་ཞེས་བྱ་བའོ། །སྲིད་པ་ནི་བདག་མེད་པར་མཐོང་བའི་མི་མཐུན་པའི་ཕྱོགས་ཡིན་གྱི་ལས་ལ་སོགས་པ་ནི་མ་ཡིན་ནོ་ཞེས་ལན་འདེབས་པ་ནི། ལས་དང་ལུས་དག་ཅེས་བྱ་བའོ། །གཉེན་པོ་ཡོད་ཀྱང་ སྲེད་པའི་ས་བོན་ཡོད་ན་ལས་གཞན་དང་གཞན་དུ་འགྱུར་བ་ཁོ་ན་ཞེས་བརྗོད་པ་ནི། ནུས་མེད་ཕྱིར་རོ་ཞེས་བྱ་བའོ། །འབྱུང་བར་འགྱུར་བའི་ལས་ལ་སོགས་པ་ལ་ལྟོས་ནས་བརྗོད་པ་ནི། སྲེད་པ་ཟློག་པར་མ་རྟོགས་པར། །ཞེས་བྱ་བའོ། །འོན་ཏེ་བདག་མེད་པ་ལས་ གཞན་ལས་དང་ལུས་དང་འགལ་བ་ལུང་ལས་རྟོགས་སམ་སྙམ་ན་ཡང་ཞེས་གསུངས་སོ། །སྲེད་པ་ཡོད་ཀྱང་ལས་འབྱུང་བ་མ་ཡིན་ནོ་སྙམ་ན་སྲེད་པ་དང་འབྲེལ་པ་ནི་ཞེས་གསུངས་སོ། །དེ་ལས་ནི་སྲེད་པ་ལ་སོགས་སོ། །འོ་ན་གཉིས་ཟད་པ་འགྲུབ་དགོས་སོ་སྙམ་ན། གཉིས་ཟད་ དོན་དུ་འབད་ན་ཡང་། །ཞེས་གསུངས་སོ། །གལ་ཏེ་གྲང་བ་ལ་མེ་བཞིན་དུ་ལས་ཟད་པའི་དོན་དུ་ཟླ་བ་ཤར་ན་ཟ་བ་དང་། སྐྲ་འཕལ་བ་ལ་སོགས་པའི་གདུང་བ་གཉེན་པོར་འགྱུར་བ་ཉིད་མ་ཡིན་ནམ། དེས་ན་གཉེན་པོ་མི་སྲིད་པར་ཅི་ལྟར་འགྱུར་སྙམ་དུ་དགོས་པ་བསུ་ནས་ འདི་ལྟར་ཞེས་གསུངས་སོ། །འབྲས་བུ་སྣ་ཚོགས་མཐོང་བའི་ཕྱིར་བདེ་བ་དང་སྡུག་བསྔལ་ལ་སོགས་པ་འབྲས་བུ་དུ་མའི་དངོས་པོ་ཉིད་གཞན་དུ་མི་འཐད་པས་ལས་རྣམས་ཀྱི་ནུས་པ་ཐ་དད་པ་རྗེས་སུ་དཔོག་པར་བྱེད་དེ། རྒྱུ་དེས་ན་དཀའ་ཐུབ་ཀྱི་ཉོན་ མོངས་པ་རང་བཞིན་གཅིག་ཏུ་གྱུར་པ་འབྲས་བུ་དཔྱད་ཟིན་པ་ནི་ནུས་པ་སྣ་ཚོགས་དང་ལྡན་པའི་ལས་རྣམས་ཀྱི་ནུས་པ་ཟད་པར་མི་འཐད་དོ། །འདི་ལྟར་ལས་ནི་འབྲས་བུའི་མཐར་ཐུག་པ་ཡིན་པས། སྡུག་བསྔལ་ཉེ་བར་སྤྱོད་པའི་རང་བཞིན་ནི་གདུང་བས་དེའི་འབྲས་བུ་ཅན་ གྱི་ལས་ཉིད་འཇིག་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ་སྙམ་དུ་དགོངས་པའོ། །བཤད་ཟིན་པའི་དོན་ཉིད་ཁྱད་པར་གྱི་མཐར་ཐུག་པར་བྱེད་པ་ནི། དཀའ་ཐུབ་ཀྱིས་ཉོན་མོངས་པ་ཞེས་བྱ་བའོ། །གལ་ཏེ། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ཡང་། །བདག་ལ་རྣམ་པར་ སྨོད་པས་སུན་པར་འགྱུར། །རབ་ཏུ་བཤགས་དང་སྡོམ་པར་བྱས་པ་ལས། །དེ་དག་རྩ་ནས་འཇོམས་པར་ང་སྨྲའོ། །ཞེས་གསུངས་པའི་ཕྱིར་ཁྱོད་ཀྱིས་ཀྱང་བྱས་ཟིན་པའི་ལས་རྣམས་ཀྱང་ཟད་པར་འདོད་པ་མ་ཡིན་ན། དེས་ན་ཅི་ལྟར་ལས་ཟད་པ་མི་རིགས་སྙམ་ན་གང་གི་ ཕྱིར་ཞེས་གསུངས་སོ། །བདག་གི་ལུགས་ཀྱིས་ནི་བདག་ལ་སྨོད་པ་དང་རབ་ཏུ་བཤགས་པ་ལ་སོགས་པ་རྣམ་པ་འགས་ཏེ་བསྐྱེད་པའི་འབྲས་བུ་ནི་ཆུང་བར་འགྱུར་བའམ། ཡང་ན་སྐབས་ཀྱིས་ཟད་པར་འགྱུར་གྱི་རིགས་མི་མཐུན་པ་ཅན་གཞན་གྱིས་བསྐྱེད་པ་ནི་མ་ཡིན་ནོ། །ལས་ གང་ཞིག་གི་འབྲས་བུའི་ཆ་ཉམས་སུ་མྱོང་བའི་གདུང་བས་ནི་དེས་བསྐྱེད་པའི་འབྲས་བུ་ཆུང་བའམ། ཟད་པར་ཡང་འགྱུར་གྱི་རིགས་མི་མཐུན་པའི་ལས་ཀྱིས་བསྐྱེད་པ་ནི་ཆུང་བའམ་ཟད་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་བཤད་པ་མཛད་པའོ། །དེ་བཤད་པ་ནི་འབྲས་བུ་ཉམས་ སུ་མྱོང་བའི་ནི་ཞེས་པའོ། །ནུས་འདྲེས་ཞེས་བྱ་བ་ནི་སྡིག་པའི་འབྲས་བུ་ཉམས་སུ་མྱོང་བ་ཉིད་ལས་བསོད་ནམས་ཀྱི་འབྲས་བུ་ཡང་ཟད་པས་ཇི་ལྟར་སྙམ་ན། དཀའ་ཐུབ་ནུས་པས་སོ། །ནུས་པ་ཉིད་གང་ལས་སྙམ་ན་ཉོན་མོངས་པ་འགའ་ཞིག་ལས་ཞེས་གསུངས་སོ། ། དེ་ལྟ་བུར་གྱུར་པས་ནུས་པ་འདྲེས་པས་ཟད་པས་ཅིར་འགྱུར་སྙམ་ན་ལྷག་མས་ཏེ། ལྷག་མར་བྱས་པ་བསྲབ་པར་བྱས་པར་འགྱུར་རོ། །དེས་ཀྱང་ཅིར་འགྱུར་སྙམ་ན་སྤོང་བར་འགྱུར་རོ། །གང་ལས་ཤེ་ན། ཉོན་མོངས་ནི་མེད་པའམ་སྟེ་ཉོན་མོངས་པ་མེད་པར་རམ། ཉོན་ མོངས་པའི་ཆ་ལས་སོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་ཕྱོགས་སྔ་མ་འདི་ཉིད་བསྟན་པར་བྱེད་པའོ། །གལ་ཏེ་དཀའ་ཐུབ་ལ་ནུས་པ་ཡོད་ཅེས་ཁས་ལེན་ན་དེའི་ཚེ་འབྲས་བུ་ཅན་གྱི་ལས་ནུས་པ་འདྲེས་པ་ལ་སོགས་པས་ལྷག་མར་གྱུར་པ་ཉོན་མོངས་པ་མེད་ པར་རམ་སྤོང་བར་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །གལ་ཏེ་དཀའ་ཐུབ་དེ་སྐྲ་འབལ་བ་དང་། ཟླ་བ་ཤར་ན་ཞེས་བྱ་བ་ལ་སོགས་པ་ལས་གཞན་ཡིན་ན། དེའི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་རྩོམ་པ་དང་། བཤགས་པ་དང་ སྡོམ་པར་བྱེད་པ་ལ་སོགས་པས་ཁྱེད་ཀྱིས་བརྗོད་པ་ལྟར་འདོད་པ་ཉིད་དེ། ཉོན་མོངས་པའི་ཆ་མ་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །གལ་ཏེ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་བཞིན་དུ་གདུང་བ་ལྔ་ལ་སོགས་པའི་ཉོན་མོངས་པ་ཡང་དཀའ་ཐུབ་ ཉིད་མ་ཡིན་ནམ་སྙམ་ན་ནི། ཉོན་མོངས་པ་ཉིད་ཅེ་ན་ཞེས་བྱ་བའོ། །ལན་དུ་ཉོན་མོངས་པ་དེ་ནི་ལས་འབྲས་ཡིན་ཡང་དཀའ་ཐུབ་མ་ཡིན་ནོ། །གཏན་ཚིགས་དེའི་ཕྱིར་ལས་འབྲས་སུ་འདུས་སོ། །བློ་སྔོན་དུ་བཏང་བས་བརྩམས་པའི་ཉོན་མོངས་པ་ལ་སྦྱིན་པ་ལ་སོགས་ པ་དང་བྲལ་བ་ཡང་ལས་ཀྱི་འབྲས་བུ་ཉིད་དོ། །སྦྱིན་པ་ལ་སོགས་པ་ལྟར་ལས་ནི་མ་ཡིན་ནོ། །ལུང་ལས་ལས་ཡིན་ནོ་སྙམ་ན། ཐར་པ་མ་ཡིན་ཏེ་ལས་ནི་འབྲས་བུ་དང་འབྲེལ་པའི་ཕྱིར་རོ། །གཏན་དུ་བདེ་བ་འདིའི་འབྲས་བུ་ཡིན་ནོ་ཞེས་བྱ་བ་ཡང་མི་འཐད་དེ། ཉོན་ མོངས་ཆ་ལས་གཏན་ཏུ་བདེ་བར་འགྱུར་རོ་ཞེས་ནི་མི་རིགས་སོ། །བདེ་བ་བཞིན་དུ་ཉོན་མོངས་པ་ཡང་རྒྱུན་དུ་འཇུག་པ་ཡིན་ནོ་སྙམ་ན། འོ་ན་ནི་ཐར་པ་མ་ཡིན་ཏེ། འཁོར་བ་པ་བཞིན་དུ་ཉོན་མོངས་པ་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །དེ་ཉིད་ལས་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་ དཀའ་ཐུབ་ཉིད་ལས་སོ། །བསོད་ནམས་དང་ཡེ་ཤེས་ཞེས་བྱ་བ་ནི་དཀའ་ཐུབ་ཀྱིས་ལས་མ་ལུས་པར་སྤངས་བར་བྱས་པ་གང་ཡིན་པ་དེ་ནི་གཞན་ཉོན་མོངས་པའི་ནུས་པའོ། །འོ་ན་ཉོན་མོངས་པ་ཉིད་དཀའ་ཐུབ་ཡིན་ནོ་སྙམ་ན། ཉོན་མོངས་པ་ཉིད་ནི་ཞེས་ གསུངས་སོ། །འོན་ཏེ་དཀའ་ཐུབ་དེ་ནི་ལས་ཀྱི་འབྲས་བུ་ཉིད་དོ་སྙམ་ན། ལས་ཀྱི་འབྲས་བུ་ཉིད་ཅེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། ཚ་གྲང་ཞེས་གསུངས་སོ། །འོན་ཏེ་དེ་ནི་ཞེས་བྱ་བ་དཀའ་ཐུབ་བོ། །འོ་ན་ལས་ཀྱི་འབྲས་བུ་གང་ཡིན་སྙམ་ན། ལས་ཀྱིས་ཞེས་གསུངས་སོ། ། དེ་འདོད་པ་མེད་པ་ནི་ལས་ཀྱི་འབྲས་བུ་འདོད་པ་མེད་པའོ། །དེས་ན་ཕྱུགས་ལ་སོགས་པ་རྣམས་དཀའ་ཐུབ་ཉིད་དུ་ཐལ་བ་མ་ཡིན་ནོ་ཞེས་གཞན་དག་སེམས་པའོ། །རྒྱལ་སྲིད་ཅེས་བྱ་བ་ལེན་ནོ། །གལ་ཏེ་གང་དང་གང་འདོད་པས་འགྲུབ་པ་དེ་ལས་ཀྱི་འབྲས་བུ་མ་ཡིན་ན། དེའི་ཚེ་རྒྱལ་སྲིད་ལ་ སོགས་པ་འདོད་པས་འཐོབ་པས་ཅི་དེ་ལས་ཀྱི་འབྲས་བུ་མ་ཡིན་ནམ། འོན་ཏེ་འདོད་པས་རྒྱལ་སྲིད་འཐོབ་པ་ནི། སུ་ཡང་མ་མཐོང་ངོ་སྙམ་ན་ལས་ཅི་འདྲ་བས་འདོད་པའི་ལྷན་ཅིག་བྱེད་པ་ཅན་གྱིས་རྒྱལ་སྲིད་འཐོབ་བར་བྱེད་པ་དེ་འདྲ་བའི་ལས་ཀྱང་ཡོད་པ་ཡིན་ཏེ། སྤོང་བར་བྱེད་པའི་ཚད་མ་མེད་ བའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ནི་ཁས་བླངས་པ་དང་འགལ་བ་བརྗོད་པའོ། །དེ་ནི་དཀའ་ཐུབ་ཉོན་མོངས་པའོ། །དེས་ན་ཞེས་བྱ་བ་ནི། དཀའ་ཐུབ་ཀྱི་ཉོན་མོངས་པ་ཉམས་སུ་མྱོང་བས་ནི་རྣམ་པ་དེ་འདྲའི་ཉོན་མོངས་པར་བྱེད་པའི་སྡིག་པ་ཉིད་ཟད་པར་འགྱུར་རོ། །དེས་ན་ཞེས་ བྱ་བ་ནི་རྒྱལ་སྲིད་ལ་འབོགས་པའི་ལས་ཟད་པ་མ་ཡིན་པས་ནའོ། །དེས་ན་ཞེས་བྱ་བ་ནི་གདོན་མི་ཟ་བར་མྱོང་བར་བྱ་དགོས་པས་ནའོ། །དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་ནི་གདུངས་པ་ཉིད་ཡིན་ཡང་དམྱལ་བ་ལ་སོགས་པའི་སྡུག་བསྔལ་གདོན་མི་ཟ་བར་ཉམས་སུ་མྱོང་བར་བྱ་དགོས་ཏེ། གང་ གིས་དེའི་ལས་ཟད་པར་འགྱུར་བ་སྡུག་བསྔལ་དེ་ཉམས་སུ་མྱོང་བས་ནི་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་བ་མ་ཡིན་ནོ། །དཀའ་ཐུབ་ཀྱི་སྡུག་བསྔལ་སྐྲ་འབལ་བས་ཞེས་འབྲེལ་ཏོ། །མ་ངེས་ན་ཞེས་བྱ་བ་ནི་སྒྲ་འབལ་བ་ལ་སོགས་པའི་སྡུག་བསྔལ་གྱིས་སོ། །དེ་ཁྱོད་སྨྲས་ལ་ མེད་དམ་ཅི་ཉེས་བྱས་པ་ནི་ཕྱུགས་ཀྱི་སྡུག་བསྔལ་གྱིས་མ་ངེས་པའོ། །གལ་ཏེ་རྒྱལ་སྲིད་ལ་སོགས་པ་བདེ་བ་དོར་བ་ནི་ཞེན་པ་མེད་པར་གོམས་པ་དེའི་བདག་ཏུ་འགྱུར་བའི་ཕྱིར་གནོད་པར་བྱེད་བ་མ་ཡིན་ན། དེའི་ཚེ་དམྱལ་བ་ལ་སོགས་པ་སྡུག་བསྔལ་ཡང་བཏང་སྙོམས་གོམས་པའི་བདག་ཏུ་གྱུར་པ་ལས་གནོད་ པར་བྱེད་པ་མ་ཡིན་ནོ། །དེས་ན་གདུངས་པས་ཅི་བྱ་ཞེས་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་ཐར་པ་ལའོ། །ཅི་ལྟར་གནོད་པར་བྱེད་པ་མ་ཡིན་སྙམ་ན། གོམས་པའི་སྟོབས་ལས་ཏེ། དེས་ན་གནོད་བྱེད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐར་པ་འདི་ བཏང་སྙོམས་ཀྱི་བདག་ཉིད་ཁོ་ན་ཡིན་གྱི་བདེ་བའི་བདག་ཉིད་ནི་མ་ཡིན་ནོ། །དེས་ན་འདོད་པ་ལ་གནོད་དོ་ཞེས་བརྗོད་པ་ནི། དེས་ན་ཞེས་བྱ་བའོ། །ལས་ཡོད་དེ་ཞེས་བྱ་བ་ནི་བྱམས་པ་བསྒོམས་པ་ལ་སོགས་པའོ། །ཁྱོད་ཉིད་ཀྱིས་ཞེས་བྱ་བ་ནི་སངས་རྒྱས་པས་སོ། །ཞེ་ སྡང་ལ་སོགས་པའི་སྐྱོན་རྣམས་འགོག་པར་བྱེད་པའི་བྱམས་པ་ལ་སོགས་པ་གང་ཡིན་པ་ཡང་ཞེ་སྡང་གིས་བསྐྱེད་པའི་ལས་བཟློག་པར་བྱ་བ་ལ་ནུས་པར་འགྱུར་ཏེ། ཟློག་པར་བྱེད་པ་ཡིན་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྐྱེ་འགྲོ་ཉེས་པ་བཅོམ་པའི་ཕྱིར་སྤངས་པའི་ཕྱིར་ རོ། །ལས་བྱས་ཟིན་པ་བསགས་ཤིང་ཡོངས་སུ་བཟུང་ཟིན་པ་ཅི་ལྟར་ཉམས་པར་འགྱུར། གང་གིས་རྒྱུ་མེད་པས་མེད་པར་བསྒྱུར་བ་དེ་བྱས་མ་ཟིན་པ་ནི་མ་ཡིན་ནོ། །བྱས་ཟིན་པ་ལས་ནི་གནོད་པར་བྱེད་པ་མེད་པའི་ཕྱིར་ན་གཞན་གྱིས་མངོན་པར་འདོད་པའི་དེ་ཁོ་ན་ཤེས་པའི་ལས་ འཁོར་བར་འཁྱམས་པར་འགྱུར་བ་ཉིད་དོ། །གང་ཡང་སྐྱེས་པ་ཐ་མར་ལས་ཀྱི་འབྲས་བུ་མ་ལུས་པ་མྱོང་བ་ཡིན་ནོ་ཞེས་བརྗོད་པ་དེ་ཡང་ལུས་ལས་གཞན་པའི་ཚད་མས་རྟོགས་པར་ནུས་པ་མ་ཡིན་ནོ། །སྐྱེ་བ་དུ་མའི་བདེ་བ་དང་སྡུག་བསྔལ་གྱི་རྣམ་པར་སྨིན་པ་ནི་རིམ་པ་དང་ལྡན་པའི་ལས་ ཀྱི་འབྲས་བུ་ནི་ལུས་གཅིག་གི་སྐད་ཅིག་ཙམ་གྱིས་སྤྱད་པར་ནུས་པ་མ་ཡིན་ནོ། །གལ་ཏེ་སངས་རྒྱས་པ་ལ་ལས་ཉམས་པ་མེད་པ་ཡིན་ཏེ། བཤགས་པ་ལ་སོགས་པ་ཉམས་པའི་རྒྱུ་ནི་ལུང་ལས་གཞན་གྱིས་མི་རྟོགས་པའི་ཕྱིར་རོ། །ལས་ཡོད་ན་ཡང་སྲེད་པ་ལ་སོགས་པ་འབྱུང་བ་ཉིད་དེ། དེའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །ཕུག་རོན་ལ་སོགས་པའི་འདོད་ཆགས་དང་། སྦྲུལ་ལ་སོགས་པའི་ཞེ་སྡང་དང་། སྲོག་ཆགས་ས་ཛ་ག་ར་ལ་སོགས་པའི་གཏི་མུག་གི་ལས་ལས་སྐྱེ་བ་ཡིན་ཏེ། དེས་ན་འཁོར་བ་ཉིད་དོ་སྙམ་དུ་དོགས་ན་ལས་ལས་ ནི་ཉེས་པ་འབྱུང་བ་མ་ཡིན་ཏེ། འོན་ཀྱང་བདག་ཏུ་ལྟ་བ་དང་བདག་གིར་ལྟ་བར་མངོན་པར་འདོད་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་ཡིན་ནོ། །ཉེས་པ་ཉིད་ལས་ཀྱི་རྒྱུ་ཡིན་ནོ་ཞེས་བརྗོད་པ་ནི། སྐྱོན་ལྡན་བྱེད་འགྱུར་ཞེས་བྱ་བའོ། །འདོད་ཆགས་ལ་སོགས་ པ་ཉེས་པ་རྣམས་ཉིད་ལས་སྐྱེད་པར་ནུས་པ་ཡིན་ཏེ། ཆགས་པ་དང་སྡང་བ་དག་བྱེད་པར་མཐོང་བའི་ཕྱིར་རོ། །བདག་ཏུ་འཛིན་པ་དང་ཞེན་པ་ལ་སོགས་པ་མེད་ན་ནི། །གཞན་ཡོད་ཀྱང་མི་བྱེད་པ་ཁོ་ནའི་ཞེས་བྱ་བ་བརྗོད་པ་ནི་བཟློག་པས་མིན་ཞེས་བྱ་བའོ། །གལ་ཏེ་དགྲ་ བཅོམ་པ་འཇིག་ཚོགས་ལ་ལྟ་བར་ཟད་པ་ལ་ཡང་བདེ་བར་སྐྱེ་བ་ལུས་ཀྱི་དེ་ནི་ཡུལ་མེད་པར་འབྱུང་བ་མ་ཡིན་ནོ། །རྣམ་པར་རྟོག་པ་ལས་བྱུང་བའི་ཡིད་བདེ་བ་ནི་རྣམ་པ་གཞན་དུ་འགྱུར་བ་ཡིན་ནོ། །རྗེས་སུ་འཛིན་པའི་བདག་ཉིད་དེ་ལ་ནི་ངེས་པར་མངོན་པར་འདོད་པ་འབྱུང་ངོ་། །འདིས་ ནི་སྡུག་བསྔལ་བ་ཡང་བཤད་པ་ཡིན་ནོ། །དེ་ལྟ་ན་ལས་བྱེད་ཉིད་ཡིན་པའི་ཕྱིར་ན་ཇི་ལྟར་ཐར་པ་ཡིན་སྙམ་དུ་དོགས་ནས་ལོག་པའི་རྣམ་རྟོག་ཅེས་གསུངས་སོ། །འདོད་པ་ནི་བདག་དང་བདག་གི་བ་ལོག་པར་དཔྱད་པར་བྱ་བ་ལ་སྲེད་པ་ཡིན་ནོ། །དེ་ཡང་སྐྱེ་གནས་དེར་འཛིན་པ་དེ་ མེད་ན་མི་འབྱུང་བ་ཉིད་དོ། །ཉམས་སུ་མྱོང་བ་དེ་ལ་ནི་འདོད་པ་མ་ཡིན་ལ། མ་འོངས་པ་དོན་དུ་གཉེར་བའི་རྣམ་པ་ཅན་གྱི་རྟོག་པ་ཡང་རྣམ་པར་རྟོག་པ་སྤངས་པ་རྣམས་ལ་སྲིད་པ་མ་ཡིན་ནོ། །བསྒོམས་པ་ལས་འབྱུང་བ་བདེ་བ་རེ་ཞིག་པ་ཡང་འདོད་པ་དང་སྒྲོ་འདོགས་པའི་ཡུལ་མ་ཡིན་ ནོ། །སྡུག་བསྔལ་གོམས་པ་ཡང་བདག་ཏུ་འཛིན་པའི་གོམས་པ་སྤངས་པ་རྣམས་ལ་མི་འབྱུང་སྟེ། བདག་ཏུ་འཛིན་པའི་གོམས་པ་སྙིང་པོ་ཅན་གྱི་བག་ཆགས་ལྷན་ཅིག་བྱེད་པ་ཅན་གྱི་ཡུལ་གྱིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེས་ན་ཉེས་པ་ནི་འདོད་ཆགས་ལ་སོགས་པ་བདེ་ བ་ཉམས་སུ་མྱོང་བ་ལས་འབྱུང་བ་ཡིན་ནོ། །དེ་ལྟ་མ་ཡིན་པར་དེ་ཞེས་བྱ་བ་ནི་སྙིང་རྗེས་སོ། །དེ་ནི་མ་ཡིན་ནོ་སྟེ་ཞེས་བྱ་བ་ནི་འཇུག་པའི་ཡུལ་འབྱུང་བར་འགྱུར་བ་ལ་བསམས་ནས་བརྗོད་པ་ཡིན་ནོ། །རང་གིས་རིག་པའི་ད་ལྟར་བ་ལ་དེ་དོན་དུ་གཉེར་བའི་རྣམ་པ་ཅན་ མངོན་པར་འདོད་པ་མ་ཡིན་ཏེ། ཉེ་བར་གནས་པའི་ཕྱིར་རོ། །དུས་གཞན་དུ་འབྱུང་བ་ཉིད་ཀྱིས་དོན་དུ་གཉེར་ན་ནི་རྣམ་པར་རྟོག་པར་ཐལ་བར་འགྱུར་རོ་ཞེས་བརྗོད་པ་ནི། བདེ་བ་དེ་ཡང་ཞེས་བྱ་བའོ། །དེ་ལྟར་བདག་ཏུ་ལྟ་བའམ། སྡུག་བསྔལ་བསྒོམ་པའམ། དབང་ བསྐུར་བ་ལ་སོགས་པའམ། སྐྲ་འབལ་བ་དང་། ཟླ་བ་ཤར་ན་ཟ་བ་ལ་སོགས་པ་ནི་ཐར་པ་སྒྲུབ་པར་བྱེད་པ་ཡིན་གྱི། འོན་ཀྱང་སྲིད་པའི་རྒྱུ་སྲིད་པ་དང་། དེའི་རྒྱུ་བདག་ཏུ་འཛིན་པ་ལ་སོགས་པ་སྤོང་བ་ཡིན་ནོ་ཞེས་མཇུག་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །གཞན་དུ་ནི་མ་ ཡིན་ནོ་ཞེས་བྱ་བ་ནི་དབང་བསྐུར་བ་ལ་སོགས་པའི་ཆོ་གས་མ་ཡིན་ནོ། །འཕགས་པའི་བདེན་པ་འདི་སྟོན་པར་མཛད་པ་ཉིད་སྐྱོབ་པ་ཡིན་གྱི། བདག་ལ་སོགས་པ་སྟོན་པ་ནི་མ་ཡིན་ནོ། །བདེན་པ་བཞི་སྟོན་པའི་རང་བཞིན་གྱིས་སྐྱོབ་པ་ལ་ཅི་ཞིག་རྟོགས་སྙམ་ན། དེས་ན་ཞེས་ གསུངས་ཏེ། སྐྱོབ་པ་ཉིད་གཟིགས་ལ་མི་གསུང་བའོ་ཞེས་བྱ་བ་ལ་སོགས་པས་ནི་རང་གི་དོན་དང་གཞན་གྱི་དོན་གྱི་མཚན་ཉིད་ཀྱི་འབྲས་བུ་ཕུན་སུམ་ཚོགས་པ་རྒྱུ་ཕུན་སུམ་ཚོགས་པ་གཤེགས་པ་འགྲོ་བའི་དོན་ལ་བརྟེན་ནས་བཤད་དོ། །དེ་ནི་རྟོགས་པའི་དོན་ལ་བརྟེན་ནས་ཡེ་ ཤེས་ཕུན་སུམ་ཚོགས་པ་དང་། དེའི་རྒྱུ་ཕུན་སུམ་ཚོགས་པ་བཤད་པ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་རོ། །སུའི་སྒྲ་ལེགས་པའི་དོན་ཉིད་ཡིན་པ་ལ་ནི་དེ་ཁོ་ན་མཁྱེན་པའོ། །དེས་ན་བཅོམ་ལྡན་འདས་ཕྱི་རོལ་པ་རྣམས་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །སླར་མི་ལྡོག་པའི་དོན་ཉིད་ཡིན་པ་ ལ་ནི་མངོན་པར་མཁྱེན་པ་སྟེ། དེས་ན་རྒྱུན་ཏུ་ཞུགས་པ་དང་། བྱང་ཆུབ་སེམས་དཔའ་ལ་སོགས་སློབ་པ་རྣམས་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །མ་ལུས་པའི་དོན་ཉིད་ལས་ནི་ཁྱད་པར་མ་ལུས་པར་མཁྱེན་པ་སྟེ། དེས་དགྲ་བཅོམ་པ་དང་། བསེ་རུ་མི་སློབ་པ་རྣམས་ལས་ཁྱད་དུ་འཕགས་ པ་ཡིན་ནོ། །གལ་ཏེ་འདི་སྐྱོབ་པ་ཡིན་ན་དེ་ལས་སུ་དཔག་པར་འགྱུར་བ་བཞིན། འོན་ཀྱང་དེ་མེད་པར་ཡང་དེ་སྟོན་པར་འཐད་པ་ཡིན་ཏེ། རྗེས་སུ་དཔག་པས་མཐོང་བ་མི་སྟོན་པ་མ་ཡིན་ནོ། །དེས་ན་དེ་ལས་བསྟན་པར་མཁྱེན་པ་ལ་སོགས་པ་སུ་ཉིད་ཡིན་སྙམ་དུ་དོགས་ནས། རྗེས་ སུ་དཔག་པ་ལས་ནི་ཞེས་གསུངས་ཏེ། འོན་ཀྱང་མངོན་སུམ་ཁོ་ན་ལས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་གང་ལས་སྙམ་ན། གཞན་ལ་ནི་ཞེས་གསུངས་ཏེ། དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་ཚད་མས་འཐད་པའོ། །དེ་ཁོ་ན་ཉིད་མཁྱེན་པ་ལ་སོགས་པ་མངོན་སུམ་ཉིད་ཡིན་ཡང་བདེན་པ་ བཞི་སྟོན་པའི་རང་བཞིན་སྐྱོབ་པའི་རྟགས་ཀྱི་ཁྱད་པར་ལས་ཤེས་པ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པ་ནི་རང་བཞིན་ཤེས་པ་ཡིན། དེ་ཤེས་པ་མཐོང་བར་བྱ་བ་རྣམ་པར་གྲོལ་བའི་ཤེས་པ་ནི་ཆོས་ཤེས་པའི་བཟོད་པ་དང་། དེ་དག་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་དངོས་པོར་ ཤེས་པ་ནི་རྗེས་སུ་བྱེད་པ་ཡིན་པ་དང་། དེ་ཡང་བདག་ལ་ཡོད་དོ་ཞེས་བྱ་བ་ཤེས་པ་ནི་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་མཐོང་བ་དང་བསྒོམ་པའི་ལམ་གྱི་འབྲས་བུ་སྣ་ཚོགས་པ་ཅན་འདོགས་པ་མེད་པར་སྟོན་པ་ནི་ཁྱད་པར་རྣམས་མངོན་སུམ་དུ་མཛད་པ་མེད་པར་རྗེས་སུ་དཔག་པ་ ཙམ་ལས་འགྱུར་བ་མ་ཡིན་ནོ་ཞེས་གསུངས་སོ་ནི། རྗེས་སུ་དཔག་པས་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བའི་རྩོད་པ་ལ་ཡང་ལན་དེ་ཉིད་གསུངས་པ་ནི། དེ་ལྟ་ཡིན་ན་གཞན་དག་ཀྱང་ཞེས་བྱ་བའོ། །ཅིའི་ཕྱིར་སྙམ་ན་རྗེས་སུ་དཔག་པ་འགའ་ཞིག་ལ་ནི་ཞེས་གསུངས་སོ། །འོན་ཏེ་ རྗེས་སུ་དཔག་པ་ལ་གསལ་བ་དང་མི་གསལ་བས་བྱས་པའི་རྣམ་པར་དབྱེ་བ་ཡོད་པ་དེས་ན། འགའ་ཞིག་ལ་རྗེས་སུ་དཔག་པ་ཡིན་ནོ་སྙམ་ན། གཅིག་ལ་ཡང་ཞེས་གསུངས་སོ། །དེས་ན་ཞེས་བྱ་བ་ནི་སྐྱོབ་པ་ཉིད་རྗེས་སུ་དཔག་པས་བསྐྱེད་པ་མ་ཡིན་པའོ། །དེ་ཡང་ཞེས་བྱ་བ་ནི་བཅོམ་ ལྡན་འདས་ཀྱང་ངོ་། །འདི་ལ་ལན་བདག་ཅག་གིས་ནི་ཞེས་པའོ། །གལ་ཏེ་ཅི་ལྟར་གཞན་མུ་སྟེགས་པ་རྣམས་བཞིན་དུ་འཁྲུལ་པས་སྟོན་པ་ལས་སྲིད་པ་མ་ཡིན་ནམ་སྙམ་དུ་དོགས་པ་བསུ་བ་ནི། འོན་ཏེ་འཁྲུལ་པ་ལས་ཀྱང་ཞེས་བྱ་བའོ། །རྟག་པར་ཉེས་པ་བཞིན་དུ་སྐད་ཅིག་མ་ལ་ སོགས་པ་ཤེས་པ་ལ་ནི་ཕྱིན་ཅི་ལོག་གི་རྒྱུ་སྲིད་པ་མ་ཡིན་ནོ་ཞེས་གསུངས་པ་ནི་འདྲ་བ་གཞན་དག་ཅེས་བྱ་བའོ། །ཐེ་ཚོམ་ལས་སྟོན་པ་ལ་ཡང་མི་སྲིད་དོ་ཞེས་བརྗོད་པ་ནི། ཐེ་ཚོམ་ཡང་ཞེས་གསུངས་སོ། །མངོན་སུམ་དུ་མཛད་པ་ལ་ནི་གཉི་ག་མཐོང་བ་ཡོད་པ་མ་ཡིན་ནོ་སྙམ་དུ་ དགོངས་པའོ། །གལ་ཏེ་བདག་ཅག་ལྟ་བུ་ལ་རྗེས་སུ་དཔག་པ་ལས་ངེས་པ་ཡོད་པ་མིན་ནམ། ཅི་ལྟར་མངོན་སུམ་དུ་མཛད་པ་ཉིད་ལས་ངེས་པ་ཡིན་ཞེས་བརྗོད་སྙམ་ན། བདག་ཅག་གི་ཞེས་གསུངས་སོ། །དེ་སྐད་ཅེས་བྱ་བ་ནི་དོན་ཐམས་ཅད་ནི་སྐད་ཅིག་མར་འཇིག་པ་ཡིན་ནོ་ཞེས་བྱ་བ་ ལ་སོགས་པའོ། །གཉི་ག་ཡང་ཞེས་བྱ་བ་ནི། རྟག་པ་དང་མི་རྟག་པ་ཉིད་དུའོ། །དེས་ན་ཞེས་བྱ་བ་ནི་བདེ་བར་གཤེགས་པ་ཡིན་པས་ནའོ། །དེ་ལྷན་ཅིག་གནས་པ་ལ་སྐབས་ཀྱི་དོན་ནི་འདི་ཡིན་ཏེ། གང་ཞིག་ཚད་མ་མི་སླུ་བ་ངེས་པའི་དོན་རྗོད་པར་བྱེད་པ་དེ་ནི་དངོས་སམ་བརྒྱུད་ནས་དོན་སྔོན་ དུ་འགྲོ་བ་ཅན་ཡིན་ཏེ། དཔེར་ན་མེ་ནི་སྲེག་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཚིག་བཞིན་ནོ། །འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཡིན་ནོ་ཞེས་བརྗོད་པ་འདི་ཚད་མས་ངེས་པར་མི་སླུ་བ་ངེས་པའི་དོན་རྗོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་གྱི་འབྲས་བུའི་གཏན་ཚིགས་སོ། །འདི་མ་གྲུབ་ པ་ནི་མ་ཡིན་ཏེ། ཆོས་ཐམས་ཅད་སྐད་ཅིག་གིས་འཇིག་པར་བསྒྲུབས་པས་ན་ཚིག་འདི་བདེན་པའི་དོན་ཅན་ཡིན་པའི་ཕྱིར་འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། བརྗོད་པ་འགའ་ཞིག་ཐེ་ཚོམ་དང་ཕྱིན་ཅི་ལོག་སྔོན་དུ་འགྲོ་བ་ ཅན་ཡོད་ན་ཡང་ཚད་མས་ངེས་པའི་དོན་ཅན་ནི་དངོས་སམ་བརྒྱུད་ནས་དོན་དེ་མངོན་དུ་བྱེད་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་དུ་མངོན་སུམ་དང་མི་དམིགས་པ་དག་གིས་དམིགས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དུ་བ་ལ་སོགས་པ་ལ་ཡང་ལག་ཏུ་ཐོབ་པའི་འདོད་པར་ཐལ་བའི་ཕྱིར་ཆུ་དང་འབྲས་བུ་མ་ ལུས་པར་ཆད་པར་ཐལ་ལོ། །དེ་སྐད་དུ་ཡང་ཤེས་པ་ཡོངས་སུ་མ་དག་པར་བརྗོད་པ་ཡོངས་སུ་མ་དག་པ་མེད་ཅེས་བཤད་ཟིན་པ་ཡིན་ནོ། །བདེ་བར་གཤེགས་པ་ཉིད་ལས་སྟོན་པ་ཉིད་འགྲུབ་པ་དེའི་ཕྱིར་རོ། །བདེ་བར་གཤེགས་པ་བདག་ཉིད་ཅན་གཞན་དོན་མཁྱེན་པ་ལ་སྦྱོར་བ་བྱེད་པ་ བསྒྲུབ་པ་ཡིན་ནོ། །གང་གི་ཕྱིར་གཞན་དོན་མཁྱེན་པ་སྦྱོར་བ་བདེ་བར་གཤེགས་པའི་རྒྱུ་ཡིན་པ་དེའི་ཕྱིར་གཞན་གྱི་དོན་མཁྱེན་པ་ལ་སྦྱོར་བ་དེ་སྟོན་པ་ཡིན་པར་བརྗོད་དོ། །རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པས་ཐབས་གཞན་མེད་པ་ཉིད་དུ་བསྟན་པའི་དོན་དུའོ། །སྦྱོར་བ་དེ་ལས་ཀྱང་བརྩེ་བ་འགྲུབ་པོ། །གང་ ཞིག་ཅེ་ན་གནས་སྐབས་ཐམས་ཅད་དུ་གཞན་གྱི་དོན་གྱི་ངོར་མཛད་པ་དེ་གཙོར་གྱུར་པ་ཉིད་དོ། །གཙོ་བོ་དེའི་རང་བཞིན་ཅན་ཡིན་པར་ཇི་ལྟར་རྟོགས་སྙམ་ན། བཤད་པ་བདེ་བར་གཤེགས་པ་ཉིད་དུ་བསྟན་པའི་དོན་གྲུབ་པས་འཐོབ་པར་བྱ་བ་གཞན་མི་མངའ་བ་མཛད་པ་མི་འདོར་བར་འཇུག་པ་སྟེ། དེ་ཡང་གཞན་གྱི་དོན་ཉིད་ཡིན་ནོ། །དེའི་རང་བཞིན་ཅན་གྱི་བརྩེ་བ་དང་ལྡར་པར་ནི་དེས་སྟོན་པ་ཡིན་ནོ། །འཆད་པ་ནི། བཅོམ་ལྡན་འདས་ལ་ཞེས་བྱ་བའོ། ཚད་མས་བསྒྲུབ་པ་དོན་དུ་མེད་པའི་ཕྱིར་མངའ་བ་ནི་བདེན་པ་ཞེས་བྱ་བར་བསམས་པའོ། །འོན་ཀྱང་དེའི་ རྒྱུ་ཅི་ཡིན་ཞེས་བྱ་བའི་འདྲི་བ་ལ་ལན་དུ། གཞན་གྱི་དོན་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་གཞན་གྱི་དོན་ལ་སྦྱོར་བ་མི་མངའོ། །གཞན་དུ་ན་ཞེས་བྱ་བ་ནི་ཐུགས་བརྩེ་བ་ཅན་ཉིད་མ་ཡིན་ནོ། །དེ་ཞེས་བྱ་བ་ནི་ཐུགས་རྗེས་བསྐུལ་པ་གཞན་གྱི་དོན་ལ་སྦྱོར་བའོ། །བཅོམ་ ལྡན་འདས་ནི་དེ་ཁོ་ན་ཉིད་ལ་སོགས་པ་མཁྱེན་པ་ཙམ་གྱིས་ནི་བདག་ཅག་ལ་ཚད་མ་མ་ཡིན་ནོ། །འོ་ན་ཇི་ལྟར་ཚད་མ་ཡིན་སྙམ་ན། དེའི་ཚད་མ་ཉིད་ཅེས་གསུངས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ཉེ་བར་བསྟན་པ་མེད་ནའོ། །གང་གི་ཕྱིར་འདི་ལྟར་ཚད་མ་ཉིད་ཡིན་པ་དེ་ཞེས་བྱ་བ་དེའི་ཕྱིར་ རྣམ་འགྲེལ་མཛད་པས་བཤད་པ་ནིའོ། །རབ་ཀྱི་མཐར་ཕྱིན་པར་གནས་པ་དེ་ནི་འགའ་ཞིག་ལ་ཡོད་འགའ་ཞིག་ལ་ནི་མ་ཡིན་ནོ་ཞེས་ཤེས་པར་ནུས་པ་ཡང་མ་ཡིན་ཏེ། དེས་དེའི་དབང་དུ་འགྱུར་བ་ཉིད་ཡིན་ནོ་ཞེས་བརྗོད་པ་ནི། རྩོལ་བར་ཞེས་བྱ་བའོ། །གཞན་གྱི་དོན་ནི་ཉེ་བར་བསྟན་པའི་མཚན་ཉིད་ཁོ་ ན་ཡིན་ཏེ། གཞན་གྱི་དོན་གཞན་ནི་ཚད་མས་མི་མཐུན་པའི་ཕྱིར་རོ། །ཇི་ལྟར་སྔར་བཤད་པ་བཞིན་ནོ་ཞེས་བྱ་བ་ནི། གང་དག་བརྩེ་བ་ཆེན་པོ་ཅན། །གཞན་གྱི་ངོར་ནི་བཞུགས་པ་ཡིན། །ཞེས་བྱ་བ་དེར་རོ། །དེ་ལྟར་སྐྱོབ་པ་ལས་ནི་མཁྱེན་པ། དེ་ལས་ནི་མཛད་པ་དེ་ཡང་བརྩེ་བ་ཡིན་པའི་ཕྱིར་རོ། །དངོས་སམ་ བརྒྱུད་པས་མཁྱེན་པ་ལ་སོགས་པ་རྣམས་རྒྱུ་ཉིད་དུ་བརྗོད་པ་ཡིན་ནོ། །དེ་ནི་དངོས་ཉིད་དུ་ཡིན་ནོ་ཞེས་བརྗོད་པ་ནི་བརྩེ་བས་ཞེས་བྱའོ། །ཡང་ན་སྔར་གྱི་གོ་བར་བྱེད་པ་འབྲས་བུ་གོ་བར་བྱ་བ་ལ་བྱེད་པ་ཡིན་པར་བརྗོད་ལ། ད་ནི་རྒྱུའི་བྱེད་པ་བསྐྱེད་པར་བྱ་བ་ལ་ཡིན་པར་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་ གཡེང་བའོ། །འདིས་ནི་ཞེས་བྱ་བ་ནི་བརྩེ་བས་ལེགས་དང་ཞེས་བྱ་བ་འདིས་ནིའོ། །དང་པོ་བརྩེ་བ་ལས་ནི་ཐ་མ་སྐྱོབ་པ་ཡིན་ལ། དང་འོག་མཛད་པ་ལས་ནི་ཐ་མ་ལྷག་པ་མཁྱེན་པ་ཉིད་དུ་འགྱུར་བ་ཡིན་ནོ། །བཞི་པོ་འདི་ནི་ཚད་མའི་རྒྱུ་ཡིན་ཏེ། ངེས་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་གསུངས་ སོ་ནི། དེའི་ཕྱིར་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཚད་མར་ངེས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟའི་དངོས་སྟོན་ནི་ཚད་མ་ཉིད་དོ། །ངག་དང་པོའི་ཚིགས་སུ་བཅད་པ་དེས་བསྟོད་པ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པ་ཉིད་ལས་ཚད་མའི་དེ་ཁོ་ན་ཉིད་བསྒྲུབ་པར་བྱ་བའི་ དོན་དུ་བརྗོད་པ་ཡིན་ནོ། །གལ་ཏེ་བཅོམ་ལྡན་འདས་ལ་ཡོན་ཏན་དཔག་ཏུ་མེད་པ་བཞིན་སྔར་བཤད་ཟིན་པ་དེ་ལྟ་ན་ཡང་། འདི་ནི་ཚད་མར་གྱུར་པ་ཉིད་ཀྱིས་དམ་པ་རྣམས་ཀྱིས་བསྟན་པར་བྱ་བ་ཡིན་པའི་ཕྱིར་ན། དེ་ཉིད་ཀྱི་བསྟོད་པ་ནི་ཚད་མའི་དེ་ཁོ་ན་བསྒྲུབ་པར་བྱ་ བའི་དོན་དུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་གང་གིས་དེ་བརྗོད་པར་བྱ་བ་ཅི་བཅོམ་ལྡན་འདས་ཀྱིས་རྗེས་སུ་དཔག་པ་གསུངས་སམ་ཞེ་ན། བཤད་པ་རྗེས་སུ་དཔག་པ་ཚད་མ་ཉིད་དུ་གསུངས་པ་ཡིན་ནོ། །གང་ལས་ཤེ་ན། མི་ཟློག་ཕྱིར་ཏེ། གང་གི་ཕྱིར་རྗེས་སུ་ དཔག་པ་བཀག་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་མངོན་སུམ་བཞིན་དུ་རྗེས་སུ་དཔག་པ་ཡང་ཕྱོགས་གཅིག་གིས་གསུངས་པ་ཡིན་ནོ་ཞེས་བཤད་པ་ནི། ཅུང་ཟད་སྐྱེ་བའི་བདག་ཉིད་ཅན། །ཞེས་བྱ་བའོ། །སྦྱོར་བ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ། །གལ་ཏེ་ཚུལ་གསུམ་བརྗོད་པ་ གཞན་གྱི་དོན་གྱི་རྗེས་སུ་དཔག་པ་མ་ཡིན་ནམ། གང་ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་ཞེས་བྱ་བ་ལ་སོགས་པ་ལ་ནི་དེ་ཡོད་པ་མ་ཡིན་ཏེ། མེད་ན་མི་འབྱུང་བ་ཙམ་ཞིག་བརྗོད་པའི་ཕྱིར་རོ་སྙམ་དུ་དོགས་པ་བསུ་ནས་བཤད་པ་ནི། མེད་ན་མི་འབྱུང་མཚན་ཉིད་ཅན། །ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་མེད་ན་མི་འབྱུང་བ་ཡང་ངོ་། །རྗེས་སུ་ དཔག་པ་ལ་ནི་མེད་ན་མི་འབྱུང་བ་ཉིད་གཙོར་གྱུར་པའི་རང་བཞིན་ཡིན་པར་དེ་བརྗོད། །ངག་ཐམས་ཅད་བརྗོད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས། ཚད་མ་གཉིས་བཀའ་སྩལ་པ་དེ་ཉིད་ཀྱི་ཕྱིར་གཞན་ནི་ཚད་མ་མ་ཡིན་ནོ་ཞེས་གསུངས་པ་ནི། གང་གི་ཕྱིར་ཞེས་བྱ་བའོ། །སླུ་བ་སྤྱོད་ པ་ཅན་དང་། མ་ཤེས་པའི་དོན་གསལ་བར་བྱེད་པའི་མཚན་ཉིད་གཉིས་དང་ལྡན་པའི་ཚད་མའི་དེ་ཉིད་དོ། །གཏན་ཚིགས་དེའི་ཕྱིར་ན་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་དེ་ལས་ཆད་མ་གཞན་ཡོད་པ་མ་ཡིན་ནོ། །དེ་ལས་ཅིར་འགྱུར་སྙམ་ན། དེ་བཞིན་གཤེགས་པ་ཉིད་ལས་ཞེས་གསུངས་སོ། །ཡང་ན་དབང་ཕྱུག་ལ་ སོགས་པ་ཚད་མ་མ་ཡིན་ནོ་ཞེས་བྱ་བ་འདི་ལ་ཡང་དེ་བཞིན་གཤེགས་པའི་གསུང་ཡོད་པ་ཉིད་ཡིན་ཏེ། དེས་ན་དེ་དག་ཀྱང་ཚད་མ་མ་ཡིན་ནོ་ཞེས་བཤད་པ་ནི། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་ཚད་མའི་དེ་ཉིད་ཉེ་བར་བསྟན་པའི་དོན་ཐོབ་པར་བྱེད་པ་ཉིད་ནི་རྒྱུ་དང་འབྲས་བུའི་གནས་སྐབས་ཀྱི་ མཚན་ཉིད་གཉིས་དང་ལྡན་པ་ནི་བཅོམ་ལྡན་འདས་བདེ་བར་གཤེགས་པ་ཉིད་ཀྱིས་བསྟན་པ་མཛད་དོ། །རྒྱུ་དེའི་ཕྱིར་ན་ཉེ་བར་སྟོན་པར་མཛད་པའི་ཚད་མ་དེ་ལས་དབང་ཕྱུག་ལ་སོགས་པའི་ཚད་མ་གཞན་ནི་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་དག་ཚད་མ་ཉིད་ཀྱི་གཏན་ཚིགས་དེ་ཉིད་ཀྱི་ཕྱིར་དེ་ བཞིན་གཤེགས་པ་ཉིད་ལས་བླང་བར་བྱ་བ་དང་དོར་བར་བྱ་བའི་ཐབས་དང་བཅས་པའམ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ལ་སོགས་པའི་ཚད་མ་ཐམས་ཅད་འགྲུབ་ཀྱི་དབང་ཕྱུག་ལ་སོགས་པ་ལས་ནི་མ་ཡིན་ནོ། །དེའི་ཕྱིར་རིགས་པ་དང་ལུང་གིས་བཅོམ་ལྡན་འདས་ཉིད་ཚད་མ་ཡིན་གྱི། དབང་ ཕྱུག་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །བདག་འདྲ་ལ་ནི་འདི་འདྲའི་བློ་ཡོད་མིན། །དེ་ལྟར་སྐྱེ་བོ་འགའ་ཞིག་འདིར་འདོད་པ། །དེས་ན་བདག་གི་ལག་གིས་འདི་བཤད་བྱས། །བརྩེ་བའི་གཞན་དབང་ལས་ཡིན་རློམ་པས་མིན། །ཚུལ་བཞིན་ཊཱི་ཀཱ་འདི་ནི་བྱས་པ་ལས། ། བསོད་ནམས་ཚད་མེད་བསགས་པ་གང་ཡིན་པ། །དེས་ནི་འཇིག་རྟེན་གཤིན་རྗེའི་དགྲ་འཇོམས་ནི། །མི་བཟད་རབ་བསྒྲུབ་གཉིས་མེད་ཐོབ་པར་ཤོག །དཔལ་མཁས་པ་ཛ་མཱ་རིས་སྦྱར་བ་ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་ལེའུ་དང་པོའི་ཊཱི་ཀཱ་རྫོགས་སོ།། །།