Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 157

Văn bản gốc(Tây Tạng)

Trang 10 / 14 (50.000 ký tự/trang)
ུ་བའི་ཕྱིར་ལས་ཀྱི་གཎྜཱི་ཆུང་ངུ་བརྡུངས་པའོ། །དེ་དག་ཕྱིར་ཆོས་ཉན་པ་མི་བྱེད་ནས་ཞེས་བྱ་བ་ནི་བར་ཆད་ནས་སོ། །ནོར་བུས་སྤྲས་པ་ཞེས་བྱ་བ་ནི་རིན་པོ་
ཆེས་གླན་པའོ། །བརྒྱན་པ་ཞེས་བྱ་བ་ནི་མཛེས་པར་བྱས་པའོ། །ཟིལ་གྱིས་མནན་ནས་ཞེས་བྱ་བ་ནི་ཁྱད་དུ་བསད་ནས་སོ། །དུས་སྟོན་ཞེས་བྱ་བ་ནི་མཆོད་སྟོན་ནོ། །ཆར་འབབ་ཏུ་དོགས་ན་ཞེས་བྱ་བ་ནི་མངོན་དུ་ཕྱོགས་ནའོ། །འཛམ་བུའི་གྲིབ་མ་ལ་བཞུགས་པའི་སྐུ་གཟུགས་ཞེས་བྱ་བ་ནི་བྱང་
ཆུབ་སེམས་དཔའ་ལང་ཚོ་གསར་ལ་བབ་པའི་ཚེ་ཤིང་འཛམ་བུའི་གྲིབ་མ་ལ་བཞུགས་པའི་སྐུ་གཟུགས་ཁ་སྤུ་མ་སྐྱེས་པའི་རབ་ཏུ་མ་བྱུང་བའི་ཆ་ལུགས་ཅན་ནོ། །དགེ་སློང་རྣམས་ཀྱིས་དེ་བོར་ཏེ་དོང་བ་ནི་རིན་པོ་ཆེ་ལ་རེག་གམ་རེག་ཏུ་འཇུད་དུ་མི་རུང་བའི་ཕྱིར་རོ། །སྟོན་པའི་འདུ་ཤེས་སྐྱེད་དེ་ཞེས་

བྱ་བ་ནི་སྟོན་པའི་འདུ་ཤེས་བསྐྱེད་ན་རིན་པོ་ཆེའི་འདུ་ཤེས་མེད་པས་རིན་པོ་ཆེ་ལ་རེག་པའི་ཉེས་པར་མི་འགྱུར་རོ། །ནད་པར་དུས་གསུམ་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི་མཚན་མོའི་གནས་སྐབས་བརྟག་པའི་ཕྱིར་ནང་པར་བལྟའོ། །ཁ་ཟས་ཀྱི་གནས་སྐབས་བརྟག་པའི་ཕྱིར་དྲོ་ཀར་བལྟའོ། །མ་ཞུ་
བ་ལ་སོགས་པའི་གནས་སྐབས་བརྟག་པའི་ཕྱིར་དགོངས་ཀར་བལྟའོ། །ནད་པ་དག་ལ་ཉམ་ང་བར་གྱུར་ན་ཞེས་བྱ་བ་ནི་རྗེས་བྱེད་པས་གནོད་པའོ། །ངོ་ཚ་མེད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་བའོ། །ནད་དང་བཅས་པ་ཞེས་བྱ་བ་ནི་ཞེ་འགྲས་པའོ། །རྒས་པ་ནི་འཁོགས་ཤིང་ཉམ་ཆུང་
བས་བྱེ་བྲག་ཏུ་བསྟན་པའོ། །ན་བ་ནི་སྦྱོར་མི་བཟོད་པས་བྱེ་བྲག་ཏུ་བསྟན་ཏོ། །མཁར་ལེན་བྱེད་པར་བསྐོས་ན་ནི་ལྟུང་བ་མེད་པའོ་ཞེས་བྱ་བ་ནི་ཆད་པའི་ལས་ལ་སོགས་པ་བྱེད་ནའོ། །སྔར་ཞུས་པ་དེ་ཉིད་ཀྱིས། ཐམས་ཅད་ཞུས་པ་ནི་ཡིན་ནོ་ཞེས་བྱ་བ་ནི་དགེ་འདུན་གྱི་ལས་ནི་སྤྱི་གཅིག་པའི་
ཕྱིར་རོ། །དུས་སྔ་ཚོགས་སུ་ཞེས་བྱ་བ་ནི་གདུགས་ཚོད་མ་བབ་པའི་ཕྱིར་རོ། །གྱ་ཚོམ་དུ་ཟན་གཅད་པར་མི་བྱའོ་ཞེས་བྱ་བ་ནི་ཟན་གཅད་པའི་རྒྱུ་མེད་ནའོ། །ཚིག་ལ་ཐུག་ཅེས་བྱ་བ་ནི་ཚིག་པར་འགྱུར་བའོ། །དེ་འདྲ་མ་ཞེས་བྱ་བ་ནི་སྨད་པའོ། །སེར་ཆེ་བ་ཞེས་བྱ་བ་ནི་ཆུ་དང་བཅས་པའོ། །
རི་ཀ་ཞེས་བྱ་བ་ནི་རིའི་སྤོའོ། །ཁྱེར་ཞེས་བྱ་བ་ནི་ཆུས་སོ། །གནས་མལ་གྱི་ལྟུང་བྱེད་དེ་བཅུ་བཞི་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།འཁོར་ལོ་དང་བཀྲ་ཤིས་དང་གཡུང་དྲུང་གི་ལྕགས་ཀྱོ་དག་དང་ལྡན་པ་ཞེས་བྱ་བ་ནི་ལྕགས་ཀྱོ་ཞེས་བྱ་བ་ནི་མཚན་ཏེ། དེ་ནི་འཁོར་ལོ་ལ་
སོགས་པ་རེ་རེ་དང་སོ་སོར་སྦྱར་བར་བྱ་སྟེ། དེས་ན་འཁོར་ལོའི་མཚན་དང་ལྡན་པའོ། །བཀྲ་ཤིས་ཀྱི་མཚན་དང་ལྡན་པ་དང་། གཡུང་དྲུང་གི་མཚན་དག་དང་ལྡན་ཞེས་བྱ་བར་སྦྱར་རོ། །བསོད་ནམས་བརྒྱ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་མངོན་སུམ་དུ་གྱུར་པ་ལ་བྱང་ཆུབ་
སེམས་དཔའ་བསྐལ་པ་བརྒྱ་ལུས་པ་དག་གིས་དམིགས་པའི་སེམས་པས་བསོད་ནམས་བརྒྱ་བསགས་པ་ལས་བྱུང་བ་སྟེ། སེམས་པ་བརྒྱ་ནི་བཅོམ་ལྡན་འདས་ནི་སྲོག་གཅོད་པ་སྤངས་པ་དང་། དེ་སྤངས་པའི་བསྔགས་པ་བརྗོད་པ་དང་། གཞན་དག་དེ་སྤངས་པ་ཡང་དག་པར་

འཛིན་དུ་འཇུད་པ་དང་། དེ་སྤངས་པ་གཟིགས་ན་ཐུགས་དགྱེས་པ་དང་། དེ་སྤངས་པ་ལས་བྱུང་བའི་བསོད་ནམས་ཐར་པར་འོང་བའི་སེམས་པ་ལྔ་དང་བདག་ཉིད་ཀྱིས་ཀྱང་དེ་ལྟར་བྱའོ་སྙམ་པའི་སེམས་པ་ལྔ་སྟེ། དེ་ལྟར་སྲོག་གཅོད་པ་སྤངས་པ་ལ་སེམས་པ་
བཅུའོ། །དེ་བཞིན་དུ་ལོག་པར་ལྟ་བ་སྤངས་པའི་བར་གྱི་དགེ་བ་བཅུ་པོ་དག་ལ་སེམས་པ་བཅུ་བཅུ་སྟེ། སྤྱིར་སེམས་པ་བརྒྱ་པོ་དག་ཡིན་པར་ཤེས་པར་བྱའོ། །རྩྭའི་གདིང་བ་ཞེས་བྱ་བ་སྨོས་པས་ནི་རས་བལ་གྱིས་བརྫངས་པ་དང་། རིན་པོ་ཆེ་ལ་སོགས་པའི་གདིང་བ་དག་སེལ་བར་
བྱེད་པ་དེ་དག་ཉེས་པ་དེ་ལྟ་བུའི་གཞི་ཡིན་པའི་ཕྱིར་རོ། །འཇིག་རྟེན་ལ་བདག་ཉིད་མཁས་པར་བགྲང་ཞེས་བྱ་བ་ནི་མི་དག་ལ་བདག་ཉིད་མཁས་པའི་གྲངས་སུ་བགྲངས་པའོ། །གློངས་ཏེ་ཞེས་བྱ་བ་ནི་སྔས་ཀྱི་མཐའ་དང་རྟེན་མའི་མཐའ་ཟློག་པ་ཙམ་བྱས་ཏེའོ། །གལ་ཏེ་མི་འདི་ཞེས་
ཟེར་ན་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི་ཕྱིས་སྲིལ་དག་སྐྱེ་བའི་ཕྱིར་རོ། །སྐབས་འདིར་གཞུང་ཁ་ཅིག་ལས་བཅོམ་ལྡན་འདས་ཀྱིས་ཚོན་རྩིའི་ལས་བྱའོ་ཞེས་བཀའ་སྩལ་ནས་ཞེས་བྱ་བ་ལ་སོགས་པ་ཚོན་རྩིའི་ལས་ཀྱི་སྐབས་དག་བཤད་པ་ནི་འདིར་སྐབས་མ་ཡིན་པས་གཞུང་ལྷུག་པ་
ཡིན་པར་རིག་པར་བྱའོ། །གལ་ཏེ་ཐམས་ཅད་ཀྱི་ཐམས་ཅད་དུ་འདོད་ན་ཞེས་བྱ་བ་ནི་ཕྱིར་ཡེ་མི་འོང་བའི་སེམས་ཀྱིས་སམ་ཡུན་རིང་ཞིག་གིས་ཕྱིར་འོང་བའི་སེམས་སོ། །རྡོ་བའི་གཞི་ཅན་ཞེས་བྱ་བ་ནི་རྡོ་བ་མང་པོའོ། །བྱེ་མའི་གཞི་ཅན་ཞེས་བྱ་བ་ཡང་བྱེ་མ་མང་པོའོ། །ཉེས་དམིགས་
དེ་ལྟ་བུ་ཞེས་བྱ་བ་ནི་ཕན་ཚུན་རྣམ་གཉིས་སོ། །འདིང་བའི་ལྟུང་བྱེད་དེ་བཅོ་ལྔ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཁྲོན་པ་ཞིག་གི་དྲུང་དུ་ཞེས་བྱ་བ་ནི་ཁྲོན་པ་དང་ཉེ་བར་རོ། །འདམ་བུ་ཐིབས་པོའི་གསེབ་ཅེས་བྱ་བ་ནི་འདམ་བུ་སྟུག་པོའི་གནས་སོ། །སྤྲིན་གྱི་ཁ་དོག་ལྔ་
པའི་ཞེས་བྱ་བ་ནི་སེར་པོ་དང་། དམར་པོ་དག་ལ་སོགས་པ་དང་ལྡན་པའོ། །སྐྲོད་པའི་ལྟུང་བྱེད་དེ་བཅུ་དྲུག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།གྲུ་མོས་བསྣུན་ཞེས་བྱ་བ་ནི་གྲུ་ཕྲུགས་ཀྱིས་བརྡེགས་པའོ། །ཕྱིས་གནོན་ཞེས་བྱ་བ་ནི་གནོད་པ་བྱས་ཏེ་ཟིལ་གྱིས་གནོན་

པའོ། །དེ་ཉིད་རྐྱེན་དུ་བྱས་ཏེ་ཞེས་བྱ་བ་ནི་གནས་ནས་འགྲོ་བ་ཉིད་ཀྱི་རྒྱུ་ལ་བརྟེན་ཏེའོ། །ཟུང་ངུ་ཞེས་བྱ་བ་ནི་སྐད་མཐུན་པའོ། །དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་ལ་ཐོ་འཚམས་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི་ཕྱིས་གནོད་པ་བྱེད་པ་ནི་དགེ་སློང་ལ་ཐོ་འཚམས་
པར་བྱེད་པའི་དཔེ་སྟེ། གཞན་ཡང་དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་ལ་ཐོ་འཚམས་པར་བྱེད་ན་དེ་དག་ཐམས་ཅད་ཀྱང་བསླབ་པའི་གཞི་འདིར་གཏོགས་པའི་ལྟུང་བྱེད་དུ་འགྱུར་རོ། །མཁོས་སུ་མ་ཕབ་ཅེས་བྱ་བ་ནི་ངལ་སོ་པ་ལ་སོགས་པས་མགྲོན་དུ་གཉེར་བའོ། །ཆོལ་ཟངས་ཅན་ཞེས་
བྱ་བ་ནི་གང་ན་ཆོལ་ཟངས་མང་བ་འམ་ཆོལ་ཟངས་གཞག་པའོ། །ཝའི་ཁ་ཞེས་བྱ་བ་ནི་ཝའི་བུ་གུ་དག་གོ། །བུལ་བ་ཞེས་བྱ་བ་ནི་ཐོགས་པར་རོ། །གཎྜཱི་བསུ་ཞེས་བྱ་བ་ནི་ཅིའི་ཕྱིར་གཎྜཱི་བརྡུངས་ཞེས་བརྟགས་པའོ། །དགའ་བའི་ཞེས་བྱ་བ་ནི་འདོད་ཀྱི་ཞེས་བྱ་བའོ། །ཐེམ་སྐས་ཀྱི་གཞི་ཞེས་བྱ་བ་ནི་
འཛེག་པའི་གནས་སོ། །ཕྱིས་གནོན་གྱི་ལྟུང་བྱེད་དེ་བཅུ་བདུན་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ལོ་འདས་པ་ཞེས་བྱ་བ་ནི་གནས་བཅའ་བའི་ལོ་དག་ལས་ཐལ་བའོ། །སྟེང་གི་ནམ་མཁའ་ལ་ཞེས་བྱ་བ་ནི་ཁང་པའི་སྟེང་གི་ནམ་མཁའ་ལའོ། །རྩ་བ་འབྱུང་ཞེས་བྱ་བ་ནི་གང་ལ་
རྩ་བ་དགོས་པའི་དྲུང་དུ་འཕྲལ་ལ་འཇུད་ཅིང་རང་ཉིད་རྐྱེན་གཞན་མེད་པར་འབྱུང་ངོ་། །དེ་ནི་དགེ་འདུན་གྱི་གཙུག་ལག་ཁང་གིས་གཞི་མ་རུང་བར་འགྱུར་བ་སྤང་བའི་ཕྱིར་རོ། །སྤང་ལེབ་ཅེས་བྱ་བ་ནི་སྤང་ལེབ་ཞེང་ཆེན་པོའོ། །སྤང་ལེབ་ཆུང་ངུ་ཞེས་བྱ་བ་ནི་སྤང་ལེབ་སྲབ་མོའོ། །ཤིང་ལེབ་ཅེས་བྱ་བ་
ནི་ཤིང་སྲབ་མོའོ། །ཤིང་ལེབ་འབུར་ཆེན་ཞེས་བྱ་བ་ནི་ཤིང་ལེབ་འབུར་དུ་བརྐོས་པའོ། །བྱིན་གྱིས་གཞོལ་བ་ཞེས་བྱ་བ་ནི་སོ་ཕག་དག་གིས་བྱིན་གྱིས་གཞོལ་བ་དེ་གཡོགས་པའོ། །རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་དེ་བཅོ་བརྒྱད་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།གང་དག་མིག་
གིས་མཐོང་བར་འགྱུར་བ་ཞེས་བྱ་བ་ནི་མིའི་མིག་ཐ་མལ་པས་མཐོང་བར་འགྱུར་བའོ། །གང་དག་ཆུ་ཚགས་ཀྱིས་ཟིན་པར་འགྱུར་བ་ཞེས་བྱ་བ་ནི་རས་ཐགས་རན་བཟང་པོས་ཟིན་པར་འགྱུར་བའོ། །གང་དག་མི་མཐོང་བ་དང་། མི་ཟིན་པ་དེ་དག་ནི་ཡོད་ཀྱང་སྲོག་ཆགས་དང་བཅས་པ་མ་ཡིན་ཏེ།

གསད་པར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དུད་འགྲོ་གསད་པའི་སེམས་ཀྱིས་དུད་འགྲོ་གསོད་པའི་ལྟུང་བྱེད་ཡིན་ནོ། །ཕྱི་རོལ་དུ་བཅས་པའི་སེམས་ཀྱིས་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ་ནི་སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་འདི་ཡིན་ནོ། །ནང་དུ་སྤྱད་པའི་
སེམས་ཀྱིས་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ་ནི་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་འོག་མའི་སྐབས་ཡིན་ནོ། །སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་དེ་བཅུ་དགུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།མཚམས་མཉམ་པ་ཞེས་བྱ་བ་ནི་གང་ལ་ཕ་གུའི་
མཚམས་མཉམ་ཞིང་མ་བསྣོལ་བར་བརྩིགས་པའོ། །ལག་གི་བླ་བསྐོ་བ་ཞེས་བྱ་བ་ནི་བློ་མཐུན་པར་བྱ་བའོ། །ལོག་སྟེ་ཞེས་བྱ་བ་ནི་ཐམས་ཅད་འདུས་ཏེའོ། །ཕྱ་མཁན་ཞེས་བྱ་བ་ནི་ཐིག་སྐུད་ལ་ལྟ་བའི་བསྟན་བཅོས་ཤེས་པའོ། །ཤིང་མཁན་ཞེས་བྱ་བ་ནི་ཤིང་འཇོག་པའོ། །ཆུ་ཀླུང་ཞེས་བྱ་བ་ནི་ཆུ་ཕྱིར་
འབྱུང་བའི་སྲོལ་ལོ། །གཙུག་ལག་ཁང་འདི་དེ་ཉིད་དུ་རྡིབ་པར་འགྱུར་ཞེས་བྱ་བ་ནི་བྲམ་ཟེ་དེ་མ་བྱིན་པར་ལེན་པའི་ལས་བྱས་པའི་རྒྱུ་མཐུན་པ་ངེས་པར་མྱོང་བར་འགྱུར་བ་ཡིན་པས་བཟློག་པར་མི་ནུས་པའི་ཕྱིར་རོ། །གནས་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་ནི་ཞི་བར་གནས་པར་བྱ་བའི་ཕྱིར་སེམས་
ཀྱི་རྒྱུད་སྙོམས་པར་སྒྲུབ་པའོ། །སྒོའི་སྦུབས་དང་གཏན་པ་དང་སྣང་བའི་གནས་ཇི་ཙམ་པའི་འདུ་ཤེས་ཀྱིས་ཞེས་བྱ་བའི་སྒོའི་སྦུབས་ཀྱི་གནས་ཇི་ཙམ་པའི་འདུ་ཤེས་དང་། གཏན་པའི་གནས་ཇི་ཙམ་པའི་འདུ་ཤེས་དང་། སྐར་ཁུང་དང་ཆུ་ཁུང་གི་སྣང་བའི་གནས་ཇི་ཙམ་པའི་འདུ་ཤེས་བཞིན་བརྩིག་
པར་བྱ་བའོ། །ས་བརྟག་པ་ཞེས་བྱ་བ་ནི་བརྐོས་ནས་ཕྱིར་དགང་བ་ལ་སོགས་པས་ས་བརྟག་པའོ། །ནས་བཟུང་སྟེ་ཞེས་བྱ་བ་ནི་དེ་ནས་བརྩམས་ཏེའོ། །གཉིས་སམ་གསུམ་བརྩིགས་པའོ་ཞེས་བྱ་བ་ནི་ཉི་མ་གཅིག་པའོ། །དེ་ལས་ལྷག་པའི་བར་བརྩིགས་པ་ཞེས་བྱ་བ་ནི་རིམ་པ་བཞི་ལ་སོགས་པ་
བརྩིགས་ནའོ། །སྒོའི་སྦུབས་ཀྱི་གནས་གཏན་པའི་གནས་དང་སྣང་བའི་གནས་ཇི་ཙམ་པའི་འདུ་ཤེས་མེད་པ་ནི་མི་རིགས་པར་བྱེད་པ་ཡིན་པས་ཉེས་བྱས་སུ་འགྱུར་བའོ། །འདི་ནི་རྡིབ་པ་དང་གས་པ་དང་འདྲུམ་པ་ལ་སོགས་པ་སྤང་བའི་ཕྱིར་བཅའ་བ་མཛད་དོ། །རྡོ་འབའ་ཞིག་ལ་སོགས་པ་ལ་ནི་

འགས་པ་ལ་སོགས་པའི་ཉེས་པར་མི་འགྱུར་བས་ལྟུང་བ་མེད་དོ། །སྦྱིན་བདག་རིངས་པར་འདོད་པས་ནི་རྡིབ་ན་ཡང་ལྟུང་བ་མེད་དེ། གཙུག་ལག་ཁང་ནི་དེ་ལ་རག་ལུས་པའི་ཕྱིར་རོ། །གཙུག་ལག་ཁང་གི་ལྟུང་བྱེད་དེ་ཉི་ཤུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།དེ་དག་དང་གཞན་ཡང་ཞེས་
བྱ་བས་ནི། འཇིག་རྟེན་ལ་མ་གྲགས་པ་གཞན་དག་གི་མིང་ཡང་གཟུང་ངོ་། །གཽ་ཏ་མའི་ཞེས་བྱ་བ་ནི་ཤཱཀྱའི་དགེ་སློང་མ་རྣམས་ལ་བོད་པའོ། །ཁྱོད་ཀྱི་དུས་ཡིན་གྱི་ཞེས་བྱ་བ་ནི་ཁྱོད་འགྲོ་བའི་དུས་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །སྐུལ་བར་མཛད་དོ་ཞེས་བྱ་བ་ནི་འགྲོ་བར་སྤྲོ་བ་མཛད་པའོ། །ངལ་བ་ཞེས་བྱ་བ་
ནི་ཆད་པའོ། །རེས་ཀྱིས་ཞེས་བྱ་བ་ནི་རེ་མོས་སོ། །རེས་བབ་པ་ན་དགེ་སློང་མ་ལ་སྟོན་པར་མི་བཏུབ་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་བཞུགས་པས་རྗེས་བྱ་བ་དང་མི་འཇིགས་པ་མ་ཡིན་པ་གཉིས་དབེན་པ་ལ་མངོན་པར་དགའ་བའི་ཕྱིར་དང་། དགེ་སློང་མའི་འདུ་འཛི་སྤང་བར་འདོད་པའི་ཕྱིར་དང་། ཚངས་
པ་མཚུངས་པར་སྤྱོད་པའི་སེམས་བསྲུང་བའི་ཕྱིར་རོ། །ཆོས་དང་ལྡན་པའི་གཏམ་གྱིས་ཤིག་ཅེས་བྱ་བ་ནི་སྐྱོ་བར་འགྱུར་བ་ལ་སོགས་པའི་གཏམ་མོ། །ང་འམ་ཁྱོད་ཀྱིས་གཏམ་ཀྱང་རུང་ཞེས་བྱ་བ་ལ་སོགས་པས་ནི་དགེ་སློང་མ་དེ་དག་ནི་གཉི་གས་གདུལ་བ་ཡིན་པས་འཕགས་པ་དགའ་བྱེད་སྤྲོ་བར་བྱ་བའི་
ཚིག་ཡིན་ནོ། །རྣམ་པར་སེལ་བ་ཡོངས་སུ་དྲིས་ཞེས་བྱ་བ་ནི་གཏམ་གང་དྲིས་པ་དག་གིས་ཐེ་ཚོམ་རྣམ་པར་སེལ་བར་བྱེད་པ་དེ་ལྟ་བུའི་གཏམ་ཡོངས་སུ་དྲིས་ཤིག་པའོ། །ཀུན་ཤེས་པ་ཞེས་བྱ་བ་ནི་རྟོགས་པའོ། །སྨྲས་པ་འདིའི་དོན་ཅི་ལགས་ཞེས་བྱ་བ་ནི་དགོངས་པ་བརྟག་པའོ། །འདི་ཇི་ལྟ་བུ་ལགས་ཞེས་
བྱ་བ་ནི་རིགས་པ་བརྟག་པའོ། །དེ་དག་ནི་དགེ་སློང་མ་རྣམས་མི་འཇིགས་པ་བསྐྱེད་པའི་ཕྱིར་རོ། །བཙུན་པ་དགའ་བྱེད་ཆོས་གསུངས་ཤིག་དང་ཞེས་བྱ་བ་ལ་སོགས་པ་ནི་དམ་བཅའ་བའི་ཚིག་ཡིན་ནོ། །འཕགས་པས་ཆོས་རྣམས་ཀྱི་བདག་མེད་པ་བསྟན་པ་ལ། ནང་གི་སྐྱེ་མཆེད་དྲུག་གི་དབང་དུ་མཛད་
ན། སྲིང་མོ་དག་ཁྱེད་ཀྱི་ནང་གི་སྐྱེ་མཆེད་མིག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནང་གི་ཞེས་བྱ་བ་ནི་ཡང་དང་ཡང་དུ་འབྱུང་བའི་ཕྱིར་སེམས་ནི་ནང་ཞེས་བྱའོ། །དེ་ལ་ཉེ་བར་བརྟེན་པའི་དངོས་པོས་འཇུག་པའི་ཕྱིར་ནང་གི་ཞེས་བྱ་བ་ནི་སེམས་ཀྱི་མཇུག་ཐོགས་སུ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེ་མཆེད་

ཅེས་བྱ་བ་ནི་སེམས་སྐྱེ་བའི་མཚན་ཉིད་དེ། སྐྱེ་ཞིང་མཆེད་པར་བྱེད་པས་སྐྱེ་མཆེད་དེ་སེམས་ཀྱི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་བདག་གིའོ་ཞེས་བྱ་བ་ནི་བདག་ཉིད་གཞན་ཞིག་ཉིད་ལ་མིག་ནི་བདག་གི་ཡིན་པའོ། །འདི་ནི་བདག་གོ་ཞེས་བྱ་བ་ནི། མིག་གང་ཡིན་པ་དེ་བདག་
ཉིད་ཡིན་པའོ། །འདི་ནི་བདག་གི་བདག་གོ་ཞེས་བྱ་བ་ནི་མིག་ནི་བདག་གི་བདག་ཡིན་ལ་ལྷག་མ་ནི་བདག་གི་ཡིན་ཏེ། དེའི་རྗེས་སུ་འཇུག་པར་བྱེད་པ་གཞན་ལ་བདག་གིའོ་སྙམ་པའོ། །དང་པོ་ཉིད་ནས་ཞེས་བྱ་བ་ནི་ཐོག་མ་ཉིད་ནས་ཏེ་མཐོང་བའི་ལམ་གྱི་ཚེའོ། །ནང་གི་སྐྱེ་མཆེད་དྲུག་པོ་འདི་དག་
བདག་མ་མཆིས་པ་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཀྱིས་བདག་མེད་པའི་མཚན་ཉིད་ཡིན་ཏེ་རང་དབང་མེད་པའི་ཕྱིར་རོ། །ཡང་དག་པའི་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ། །ཤེས་རབ་ཀྱིས་ཞེས་བྱ་བ་ནི་ཟག་པ་མེད་པའི་བློས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་དེ་ཁོ་ནའི་རྗེས་སུ་འབྲང་
བས་སོ། །དེ་ལ་མོས་པའི་སླད་དུའོ་ཞེས་བྱ་བ་ནི་མཐོང་བའི་ལམ་ལས་ལངས་པ་དག་ལ་ཡང་བདག་མེད་པའི་ཤེས་པ་ཉམས་པའི་ཕྱིར་རོ། །ཕྱི་རོལ་གྱི་སྐྱེ་མཆེད་དྲུག་གི་དབང་དུ་མཛད་ནས། སྲིང་མོ་དག་ཁྱེད་ཀྱིས་ཕྱི་རོལ་གྱི་སྐྱེ་མཆེད་གཟུགས་དག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
ཕྱི་རོལ་གྱིས་ཞེས་བྱ་བ་ནི་སེམས་ཀྱི་བདག་ཉིད་ཀྱི་ཡུལ་གྱི་དངོས་པོས་ཕྱི་རོལ་དུ་འགྱུར་བའི་ཕྱིར་ཏེ། འདི་ལྟར་དབང་པོ་རྣམ་པར་གྱུར་པས་སེམས་རྣམ་པར་འགྱུར་གྱི་ཡུལ་རྣམ་པར་འགྱུར་བས་སེམས་རྣམ་པར་མི་འགྱུར་བ་དང་། སེམས་རྣམ་པར་འགྱུར་བས་ཀྱང་དབང་པོ་རྣམ་པར་འགྱུར་གྱི་ཡུལ་
རྣམ་པར་འགྱུར་བས་དབང་པོ་རྣམ་པར་མི་འགྱུར་བ་དེའི་ཕྱིར་ཡུལ་ཉིད་ཕྱི་རོལ་གྱི་དབང་པོ་རྣམས་ནི་ཕྱི་རོལ་མ་ཡིན་པའོ། །རྣམ་པར་ཤེས་པའི་ཚོགས་དྲུག་གི་དབང་དུ་མཛད་ནས། སྲིང་མོ་དག་ཁྱོད་ཀྱིས་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །བརྟེན་ནས་ཞེས་བྱ་བ་ནི་ལྟོས་ནས་སོ། །མིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་མིག་ལ་བརྟེན་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ཚོགས་ཞེས་བྱ་བ་ལ། ཚོགས་ཞེས་བྱ་བ་ནི་འདུས་པ་སྟེ། རྫས་གཅིག་པ་ཉིད་མ་ཡིན་པའི་ཕྱིར་རོ། །རེག་པའི་ཚོགས་དྲུག་གི་དབང་དུ་མཛད་ནས་སྲིང་མོ་

ཁྱོད་ཀྱིས་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསུམ་འདུས་པ་ཞེས་བྱ་བ་ནི་དབང་པོ་དང་། ཡུལ་དང་། རྣམ་པར་ཤེས་པ་རྣམས་ཀྱི་བྱ་བ་གཅིག་པ་ཉིད་དོ། །རེག་པ་ཞེས་བྱ་བ་ནི་ཡུལ་ལ་རེག་པ་དང་འདྲ་བའི་ཕྱིར་ཏེ། དེའི་རྗེས་སུ་
འབྲངས་པས་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཡུལ་གྱི་འབྲས་བུ་འབྱུང་བའི་ཕྱིར་རོ། །ཚོར་བའི་ཚོགས་དྲུག་གི་དབང་དུ་མཛད་ནས། སྲིང་མོ་དག་ཁྱོད་ཀྱིས་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་ཞིང་གསུམ་འདུས་པ་ལས་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་
ལ་སོགས་པ་གསུངས་སོ། །སྲེད་པའི་ཚོགས་དྲུག་གི་དབང་དུ་མཛད་ནས། སྲིང་མོ་དག་ཁྱེད་ཀྱིས་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་ཞིང་གསུམ་འདུས་པ་ལས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
གང་ཟག་བདག་མེད་པ་བསྟན་ནས་རྟག་པའི་ཆོས་སྤངས་པས་ཆོས་བདག་མེད་པར་བསྟན་པར་བཞེད་པས་ཆོས་རྣམས་ཀྱིས་མི་རྟག་པ་ཉིད་བསྟན་པའི་ཕྱིར། སྲིང་མོ་དག་འདི་ལྟ་སྟེ། དཔེར་ན་འབྲུ་མར་དང་མར་མེའི་སྙིང་པོ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྲུ་མར་གྱི་མར་མེ་ཞེས་
བྱ་བ་ནི་འབྲུ་མར་གྱི་མར་མེའོ། །འབར་བར་འགྱུར་ཞེས་བྱ་བ་ནི་གནས་པར་འགྱུར་མཆེད་པར་འགྱུར་བའི་ཐ་ཚིག་གོ། །དེ་ལ་བརྟེན་པའི་ཞེས་བྱ་བ་ནི་མར་མེ་ལ་བརྟེན་པའི་འོ། །སྣང་བ་ཞེས་བྱ་བ་ནི་འོད་དོ། །རྟག་པ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་གྲངས་ཉིད་དོ། །ཡང་ན་རྟག་པ་ཞེས་བྱ་བ་ནི་འཇུག་
པའི་རྟག་པས་སོ། །བརྟན་པ་ཞེས་བྱ་བ་ནི་རྒྱུན་བརྟན་པས་སོ། །ཐེར་ཟུག་པ་ཞེས་བྱ་བ་ནི་རྣམ་གྲངས་རྟག་པས་ཏེ་རིམ་གྱིས་འབྱུང་བའི་སོ་སོའི་སྐྱེ་བོའི་སྐྱེ་བ་བཞིན་ནོ། །རྣམ་པར་མི་འགྱུར་བའི་ཆོས་ཅན་ཞེས་བྱ་བ་ནི་རྣམ་པར་གནས་པར་རྟག་པ་སྟེ། མི་སྣང་བར་གྱུར་ཀྱང་ས་བོན་ཉིད་ཀྱིས་འབྱུང་བ་སཱ་
ལུའི་ས་བོན་བཞིན་ནོ། །ཡང་དག་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ། །ཆོས་དེ་དང་དེ་དག་སྐྱེས་པས་ཞེས་བྱ་བ་ནི་ནང་དང་ཕྱི་རོལ་གྱི་རྒྱུ་རྣམས་སོ། །ཆོས་དེ་དང་དེ་དག་སྐྱེ་བར་འགྱུར་ཞིང་ཞེས་བྱ་བ་ནི་འབྲས་བུ་རྣམས་སོ། །དགག་པར་འགྱུར་ཞེས་བྱ་བ་ནི་དོན་ཉམས་པའོ། །ཉེ་བར་འགྱུར་ཞི་བར་

འགྱུར་ཞེས་བྱ་བ་ནི་གྲུབ་པ་ཉམས་སོ། །བསིལ་བར་གྱུར་ཞེས་བྱ་བ་ནི་ཤུགས་ཉམས་པ་སྟེ་མཉེན་པར་གྱུར་པའོ། །ནུབ་པར་འགྱུར་བ་ཞེས་བྱ་བ་ནི་རྒྱུན་འཆད་པའོ། །ནང་གི་སྐྱེ་མཆེད་རྣམས་ལ་ཁང་པའི་ནང་གི་མར་མེའི་དཔེས་བསྟན་ནས་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ལ་ཁང་
པའི་ཕྱི་རོལ་གྱི་ཤིང་ལྗོན་པའི་དཔེས་བསྟན་པར་བཞེད་ནས། སྲིང་མོ་དག་འདི་ལྟ་སྟེ་དཔེར་ན། ཤིང་ལྗོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་བདག་མེད་པ་རྣམ་པ་གཉིས་བསྟན་ནས་ད་ནི་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་ཇི་ལྟར་གནས་པ་དག་ལ་སེམས་རྣམ་པར་གྲོལ་བར་
འགྱུར་བ་བསྟན་པའི་ཕྱིར་རོ། །སྲིང་མོ་དག་འདི་ན་སྐྱེས་བུ་མཁས་པ་དག་དཔེས་སྨྲས་པའི་དོན་ཀུན་ཤེས་པར་འགྱུར་བས་དེའི་ཕྱིར་རེ་ཞིག་དཔེ་ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱེས་བུ་མཁས་པ་དག་ཅེས་བྱ་བ་ནི་སྐྱེ་བོ་མཁས་པ་དག་གོ། །དཔེས་ཞེས་བྱ་བ་ནི་འཇིག་རྟེན་
ལ་གྲགས་པའི་དཔེས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་དེ་ལྟ་བས་ནའོ། །བ་ལང་གསོད་པ་ཞེས་བྱ་བ་ནི་གདོལ་པའོ། །བ་ལང་གསོད་པའི་སློབ་མ་ཞེས་བྱ་བ་ནི་ལྟོ་ཁོལ་ལོ། །མཁས་པ་ཞེས་བྱ་བ་ནི་སླུད་བུར་འཆུ་བ་ལ་མཁས་པའོ། །བ་ལང་བཤའ་བའི་གྲི་ཞེས་བྱ་བ་ནི་བ་ལང་གསོད་
པའི་མཚོན་ནོ། །ཤའི་ཚོགས་ཞེས་བྱ་བ་ནི་ཤའི་ཚོམས་སོ། །མ་ཉམས་པ་ཞེས་བྱ་བ་ནི་དུམ་བུར་མ་གྱུར་པའོ། །བར་གྱི་ཞེས་བྱ་བ་ནི་པགས་པ་དང་ཤའི་ཚོགས་ཀྱི་བར་གྱིའོ། །ཆུ་རྒྱུས་ཞེས་བྱ་བ་ནི་མཇུག་མ་ལ་སོགས་པ་དང་འབྲེལ་པའི་ཆུ་བ་དང་རྒྱུས་པའོ། །གློ་བ་དང་མཆིན་པའོ་ཞེས་བྱ་བ་
ནི་ཁོང་པ་ན་འདུག་པའི་ཤའི་རྡོ་གུའོ། །རྩ་རྒྱུན་ཞེས་བྱ་བ་ནི་རྩའི་ཆུ་བའོ། །ཡང་བ་ལང་གི་ཀོ་བས་གཡོགས་པར་གྱུར་པ་ཞེས་བྱ་བ་ནི་སྔོན་གྱི་གནས་སྐབས་བསྟན་པའི་ཕྱིར་རོ། །ལྡན་པ་ཞེས་བྱ་བ་ནི་འབྲེལ་པ་སྟེ། ཕན་ཚུན་འབྱར་ཞེས་བྱ་བའི་ཐ་ཚིག་གོ། །བྲལ་བ་ཞེས་བྱ་བ་ནི་ཆད་པ་སྟེ་
དུམ་བུ་དུ་མར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །དོན་རྣམ་པར་རིག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་དཔེས་སེམས་རྣམ་པར་གྲོལ་བ་འཇིག་རྟེན་ལས་འདས་པའི་དོན་གོ་བར་བྱ་བའི་ཕྱིར་རོ། །གཟུགས་ཅན་ཞེས་བྱ་བ་སྨོས་པས་ནི་རྣམ་པར་ཤེས་པའི་ཚོགས་ལ་སོགས་པ་བསལ་བའི་ཕྱིར་རོ། །རགས་

པ་ཞེས་བྱ་བ་སྨོས་པས་ནི་བར་མ་དོའི་སྲིད་པའི་ལུས་ཆ་ཕྲ་མོ་བསལ་བའི་ཕྱིར་རོ། །འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཞེས་བྱ་བ་ནི་ས་ལ་སོགས་པ་ལས་གྱུར་པ་ཡིན་གྱི་དབང་ཕྱུག་ལ་སོགས་པ་ལས་གྱུར་པ་མ་ཡིན་པའོ། །ཕ་མའི་མི་གཙང་བ་མེར་མེར་པོ་ལས་གྱུར་པ་ཞེས་བྱ་བ་ནི་ཕ་མ་ཆགས་པར་
གྱུར་པའི་ཁུ་བ་དང་ཁྲག་འདུས་པ་ལས་བྱུང་བ་སྟེ། དེ་ནི་རྫུས་ཏེ་སྐྱེ་བ་ཉིད་བསལ་བའི་ཕྱིར་རོ། །འབྱེ་བ་ཞེས་བྱ་བ་ནི་འགས་པའོ། །རྣམ་པར་འཐོར་བ་ཞེས་བྱ་བ་ནི་དུམ་བུ་དུམ་བུར་ཆད་པའོ། །རྣམ་པར་འཇིག་པ་ཞེས་བྱ་བ་ནི་སྐམ་པ་ལ་སོགས་པ་ཆུད་ཟ་བའོ། །ཚིག་བླ་དགས་ཞེས་བྱ་བ་ནི་མིང་ངོ་། །དགའ་
བའི་འདོད་ཆགས་ཞེས་བྱ་བ་ནི་སྲེད་པའོ། །འཕགས་པའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པའོ། །ཉན་ཐོས་ཞེས་བྱ་བ་ནི་གུས་པས་ཉན་པའི་སློབ་མའོ། །ཐོས་པ་དང་ལྡན་པ་ཞེས་བྱ་བ་ནི་གདམས་ངག་མནོས་པའི་མཁས་པའོ། །ཤེས་རབ་ཀྱིས་མཚོན་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་
རབ་བོ། །བག་ལ་ཉལ་ཞེས་བྱ་བ་ནི་འདོད་པ་དང་། ཁོང་ཁྲོ་བ་དང་། སྲེད་པ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་ཞེས་བྱ་བ་བདུན་ནོ། །ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་ནི་ཁྲོ་བ་དང་ཁོན་དུ་འཛིན་པ་དང་། གཡོ་ལ་སོགས་པའི་རྒྱུ་མཐུན་པ་དག་གོ། །ཀུན་ནས་དཀྲིས་པ་ཞེས་བྱ་བ་ནི་ངོ་
ཚ་མེད་པ་དང་ཁྲེལ་མེད་པ་ལ་སོགས་པའོ། །ཤེས་རབ་ཀྱི་མཚོན་གྱིས་ཐབས་བསྟན་པའི་སྲིང་མོ་དག་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་བ་ནི་འདོད་པ་ཉེ་བར་ལེན་པ་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱིས་ལེན་པར་བྱེད་པའི་ཕུང་པོའོ། །འབྱུང་བ་དང་
འཇིག་པར་རྗེས་སུ་ལྟ་ཞེས་བྱ་བ་ནི་གང་གིས་འདུ་བྱེད་རྣམས་སྐད་ཅིག་རེ་རེ་ལ་སྐྱེ་བ་དང་འགག་པར་ལྟ་བའོ། །ཀུན་འབྱུང་བ་དང་ནུབ་པར་འགྱུར་བ་ཞེས་བྱ་བ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ཞེས་བྱ་བ་ནི་ལུས་དང་། ཚོར་བ་དང་སེམས་དང་། ཆོས་དྲན་པ་ཉེ་བར་གཞག་
པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱ་བ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་སྟེ། བྱང་ཆུབ་རྣམ་གསུམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །ལེགས་པར་ཡིད་ལ་བྱས་ཞེས་བྱ་བ་ནི་རྟག་ཏུ་བསྒོམ་པའོ། །རྒྱུ་ཞེས་བྱ་བ་ནི་ཐབས་ཀྱི་རྒྱུའོ། །འདོད་པའི་ཟག་པ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་

པའི་ཉོན་མོངས་པ་དག་གོ། །སྲིད་པའི་ཟག་པ་ཞེས་བྱ་བ་ནི་གཟུགས་ན་སྤྱོད་པའི་ཉོན་མོངས་པ་དག་གོ། །མ་རིག་པའི་ཟག་པ་ཞེས་བྱ་བ་ནི་ཁམས་གསུམ་གྱི་མི་ཤེས་པའོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་ཉོན་མོངས་པ་ལ་དམིགས་པའི་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །རྣམ་
པར་གྲོལ་ཞིང་ཞེས་བྱ་བ་ནི་འདོད་པའི་ཁམས་ལའོ། །མཐར་ཐུག་པ་ཉིད་མ་ཐོབ་ཅེས་བྱ་བ་ལ། འདིར་མི་སློབ་པ་ཉིད་ནི་མཐར་ཐུག་པའོ། །འཇིག་རྟེན་འདིར་ཞེས་བྱ་བ་ནི་འདོད་པའི་ཁམས་སོ། །འོང་བར་འགྱུར་བ་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བའོ། །གཉིས་སུ་འབྱེད་པ་ཞེས་བྱ་བ་ནི་ཉོན་མོངས་
པ་དང་ཉོན་མོངས་པ་མ་ཡིན་པ་གཉིས་སུའོ། །ཕྱིར་མི་འོང་བ་ཉིད་དུ་ལུང་བསྟན་པའོ་ཞེས་བྱ་བ་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པའོ། །རྣམ་པར་གྲོལ་ཞིང་ཞེས་བྱ་བ་ནི་ཁམས་གསུམ་པ་ལས་སོ། །མཐར་ཐུག་པ་ཉིད་ཐོབ་ཅེས་བྱ་བ་ནི་མི་སློབ་པ་ཉིད་ཐོབ་པའོ། །ལམ་གདགས་སུ་མེད་དེ་ཞེས་བྱ་བ་
ནི་སྐྱེ་བ་གཞན་གཞག་ཏུ་མེད་པ་སྟེ། ཉོན་མོངས་པ་དང་ལས་ཀྱི་རྒྱུ་འགའ་ཡང་མེད་པའི་ཕྱིར་རོ། །མཆོག་ཉིད་དུ་ལུང་བསྟན་ཏོ་ཞེས་བྱ་བ་ནི་དམ་པ་ཉིད་དུ་སྟེ་མི་སློབ་པ་ཉིད་དུའོ་ཞེས་བྱ་བའི་ཐ་ཚིག་གོ། །རེ་ཞིག་འདུལ་བའི་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མཛད་དོ་ཞེས་བྱ་བ་
ནི་འདུལ་བའི་དོན་ཉིད་དང་རྗེས་སུ་མཐུན་པའི་ཕྱིར་འདུལ་བས་དུས་ལས་ཡོལ་བར་གྱུར་ན་མི་རུང་ངོ་སྙམ་དུ་དགོངས་པའི་ཕྱིར་རོ། །བསྐོ་བར་མི་བྱ་བའོ་ཞེས་བྱ་བ་ནི་དགེ་སློང་མའི་སྟོན་པར་རོ། །འབྲེལ་པར་བྱས་པས་ཞེས་བྱ་བ་ནི་གཞན་དུ་འགྲོ་བར་བྱས་ནས་སོ། །གསོ་སྦྱོང་བཅོ་ལྔ་པ་ཞེས་བྱ་བ་ནི་
གསོ་སྦྱོང་བཅོ་ལྔ་པ་ཉིད་ལ་གདམས་ངག་ཚོལ་བར་ངེས་པའི་ཕྱིར་དང་། དེའི་ཚེ་དགེ་འདུན་ཐམས་ཅད་འདུས་པའི་ཕྱིར་རོ། །དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་ཞེས་བྱ་བ་ནི་དགེ་སློང་མ་ལ་བསྟན་པ་ནི་དགེ་འདུན་མཐུན་པའི་བྱ་བ་ཡིན་པའི་ཕྱིར་རོ། །མ་དུལ་བ་ཞེས་བྱ་བ་ནི་ལུས་དང་ངག་
དང་གཉིས་ཀྱིས་ཉེ་བར་མ་ཞི་བའོ། །མ་ཞི་བ་ཞེས་བྱ་བ་ནི་ཡིད་ཀྱིས་སོ། །འདམ་ལས་མ་རྒལ་བ་ཞེས་བྱ་བ་ནི་འདོད་པའི་འདམ་ལས་སོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་ཞེས་བྱ་བ་ནི་ཉོན་མོངས་པ་མ་ཞི་བའོ། །རྒྱ་ཆེར་ཐོན་པ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་གདོན་པ་ལྔ་པོ་གླེང་གཞི་གདོན་

པ་ནས་རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་གདོན་པའི་བར་དག་རྒྱ་ཆེར་ཐོན་པའོ། །ལོབས་པ་ཞེས་བྱ་བ་ནི་མངོན་སུམ་དུ་བྱས་ཤིང་ལྕེའི་རྩེ་མོས་གནས་པར་འགྱུར་བའོ། །དེ་དག་ནི་བླང་བ་དང་དོར་བ་ཡོངས་སུ་ཤེས་པས་བདག་ཉིད་བསྲུང་བ་ལ་དགོངས་པའི་ཆོས་སུ་བསྟན་ཏོ། །རྒྱལ་ཚབ་ལྟ་བུ་ཞེས་བྱ་
བ་ནི་བསྟན་པའི་ཚུལ་ཁྲིམས་ཀྱིས་བཅོམ་ལྡན་འདས་རྒྱལ་པོའི་བཀའི་སྲས་ཞེས་བྱ་བའི་ཐ་ཚིག་གོ། །གྲོང་ཁྱེར་བའི་སྐད་དང་ལྡན་པ་ཞེས་བྱ་བ་ནི་སྐད་མཁས་པའི་ཕྱིར་རྒྱལ་ཚབ་ལ་སོགས་པའི་སྒྲ་མི་བརྗོད་པའོ། །སུན་མ་ཕྱུང་བ་ཞེས་བྱ་བ་ནི་དང་པོ་ནས་སོ། །སུན་ཕྱུང་ན་ཡང་ལྟུང་བ་དེ་ཆོས་
བཞིན་དུ་ཕྱིར་བྱས་པས་ནི་སུན་མ་ཕྱུང་བ་ཉིད་ཀྱི་གནས་སྐབས་གསལ་བར་བསྟན་པའོ། །རྗེས་དང་བཅས་ཞེས་བྱ་བ་ནི་འཛེམ་པ་དང་བཅས་པའོ། །གུས་པ་དང་བཅས་ཞེས་བྱ་བ་ནི་རྗེ་དཔོན་དུ་བྱས་པ་དང་བཅས་པའོ། །རེག་པ་ཞེས་བྱ་བ་ནི་ཁྲུས་དང་ཉེ་རེག་དང་འཐོར་འཐུང་གི་རེག་པའོ། །
ཡུན་རིང་དུ་འཚེ་བར་གྱུར་ཅིག་ཅེས་བྱ་བ་ནི་འཕགས་པའི་ཆོས་སོ། །ཚེ་རིང་དུ་སྐྱོང་བར་གྱུར་ཅིག་ཅེས་བྱ་བ་ནི་ཚེ་ལྷག་པར་འཕེལ་བར་གྱུར་ཅིག་པའོ། །ལམ་ཕྲན་ཅེས་བྱ་བ་ནི་ལམ་སྲང་ཕྲ་མོའོ། །བུལ་ཞེས་བྱ་བ་ནི་བརྗེད་ངས་པའོ། །ཆུང་བ་ཞེས་བྱ་བ་ནི་བློ་ཆུང་བའོ། །རིགས་གཉིས་པ་ཞེས་
བྱ་བ་ནི་རྒྱལ་རིགས་སོ། །ལུགས་སུ་འབྱུང་བ་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་འཁོར་བར་འཇུག་པའི་ལུགས་སུ་འབྱུང་བའོ། །ལུགས་ལས་བཟློག་པ་ཞེས་བྱ་བ་ནི་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་ཅེས་བྱ་བ་ལ་སོགས་པ་འཁོར་
བའི་ལུགས་ལས་བཟློག་པའོ། །བསྲབས་པ་ཞེས་བྱ་བ་ནི་ཆུང་བའོ། །ཡོངས་སུ་ཟད་པ་ཞེས་བྱ་བ་ནི་ཞིང་ལ་སོགས་པ་དག་ལས་འབྲས་བུ་མི་འབྱུང་བའོ། །ཡོངས་སུ་གཏུགས་ཞེས་བྱ་བ་ནི་གཞི་ཉམས་པ་སྟེ་ཞིང་ལ་སོགས་པ་མི་རུང་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །སྒྲུབ་པ་གཅེས་
པ་ཡིན་གྱི་ཞེས་བྱ་བ་ནི། ཚུལ་ཁྲིམས་དང་། ཐོས་པ་དང་། བསྒོམ་པ་ལ་སོགས་པ་གཙོ་བོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་བྲལ་ཞེས་བྱ་བ་ནི་འདོད་པ་བསྟེན་པ་དང་བྲལ་བའོ། །དྲན་པ་དང་ལྡན་པ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གནས་པའོ། །ཤེས་བཞིན་ཅན་ཞེས་བྱ་བ་ནི་ཤེས་རབ་

ཉེ་བར་གནས་པ་སྟེ། དེ་གཉིས་ཀྱིས་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྒོམ་པ་སྟོན་ཏོ། །གནོད་ལྡན་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་གནོད་པ་བརྒྱ་དག་གིས་གང་བའོ། །སྡུག་བསྔལ་གང་ཡིན་བསྟེན་མི་བྱ། །ཞེས་བྱ་བ་ནི་འཁོར་བ་ལ་སྙིང་པོར་གཟུང་བར་མི་
བྱའོ། །བསྟན་ཏོ་ཞེས་བྱ་བ་ནི་ལུང་ཕོག་པའོ། །སྟེན་པར་བྱེད་བསྙེན་པར་བྱེད། བསྙེན་བཀུར་བྱེད་ཅེས་བྱ་བ་ནི་བསྙེན་བཀུར་བྱེད་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའོ། །སྨད་པ་ཞེས་བྱ་བ་ནི་སྤ་གོང་བའོ། །བསྟོད་པ་ཞེས་བྱ་བ་ནི་གཟེངས་བསྟོད་པའོ། །བྱིས་པ་བསྟོད་པ་གང་
ཡིན་པ་དང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ནི་སྨད་པའི་ཞར་ལ་བདག་ཉིད་ཆེན་པོ་ལ་སྨོད་པ་བས་ཀྱང་བྱིས་པ་ལ་བསྟོད་པ་འབྲས་བུས་ཟིལ་གྱིས་གནོན་པར་འགྱུར་བར་སྟོན་ཏོ། །འདིར་ནི་ཞེས་བྱ་བ་ནི། བསྟོད་པ་དང་སྨོད་པའི་སྐབས་འདིར་རོ། །མཁས་སྨོད་
མཆོག་ཡིན་གྱི་ཞེས་བྱ་བ་ནི་དེའི་རྒྱུ་ལས་མཐོ་རིས་དང་བྱང་གྲོལ་ལ་སོགས་པའི་འབྲས་བུ་ཆེན་པོ་ཐོབ་པའི་ཕྱིར་རོ། །བྱིས་པ་བསྟོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཆོག་མ་ཡིན་པ་སྟེ། བྱིས་པ་ནི་མི་ཤེས་པ་ཡིན་པས་ཉེས་པ་འབའ་ཞིག་སྤྱོད་པ་ཡིན་པའི་ཕྱིར་དེས་བསྟོད་ན་ངན་སོང་ལ་སོགས་
པ་དག་ཏུ་ལྟུང་བའི་ཕྱིར་རོ། །གང་གིས་བྱིས་པ་ཉིད་རེག་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་ཉེས་པ་ཉིད་དུ་ཤེས་ཏེ་ཡོངས་སུ་སྤངས་ནས་ཡོན་ཏན་མངོན་པར་འཕེལ་བར་འགྱུར་བ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བསྟན་ཏོ། །བྱིས་པ་ཉིད་རིག་ཅེས་བྱ་བ་ནི་བདག་ཉིད་བྱིས་པ་
ཉིད་དུ་རིག་པའོ། །དེ་ལ་ཞེས་བྱ་བ་ནི་བདག་ཉིད་བྱིས་པ་ཉིད་ཡིན་པ་དེ་ལའོ། །དེས་ན་ཞེས་བྱ་བ་ནི་བྱིས་པ་ཉིད་དུ་རིག་པ་དེས་ནའོ། །མཁས་པར་རློམ་བྱེད་པ་ཞེས་བྱ་བ་ནི་བདག་ཉིད་མཁས་པར་ང་རྒྱལ་བྱེད་པའོ། །དེ་འདིར་ཤིན་ཏུ་བྱིས་པ་ཡིན་ཞེས་བྱ་བ་ནི་མཁས་པ་མ་ཡིན་པར་མཁས་
པར་རློམ་པར་བྱེད་པས་མཁས་པ་ལས་ཐག་རིང་དུ་གྱུར་པའི་ཕྱིར་རོ། །རྡུལ་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོ་ལ་སོགས་པའོ། །དྲི་མ་ཞེས་བྱ་བ་ནི་ཆུང་ངུ་སྟེ་ཤིན་ཏུ་མི་མངོན་པའི་ཕྱིར་རོ། །ནང་གི་རྡུལ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉེས་པའོ། །ཕྱི་རོལ་གྱི་རྡུལ་ཞེས་བྱ་བ་ནི་ས་

རྡུལ་ལོ། །བློ་ལ་སྣང་བར་གྱུར་ཏོ་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་པའོ། །རྡུལ་འདིར་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཞེས་བྱ་བ་ནི་རྡུལ་སྤངས་སོ། །དྲི་མ་སྤང་ངོ་ཞེས་བྱ་བའི་ཚིག་གཉིས་པོ་འདི་ལའོ། །ཅི་ཕྱིར་ཞེ་ན། དེའི་ཕྱིར་རྡུལ་ནི་འདོད་ཆགས་མིང་སྟེ་རྡུལ་གྱི་མིང་ཞེས་བྱ་བ་གསུངས་
ཏེ། འདི་ལྟར་རྡུལ་ཞེས་བྱ་བའི་སྒྲ་ནི་འདོད་ཆགས་ཀྱི་མིང་ཡིན་ཏེ། རབ་ཏུ་འབྱུང་བ་ནི་དེ་སྤངས་པའི་ཕྱིར་རོ། །རྡུལ་ཞེས་བྱ་བའི་སྒྲ་ས་རྡུལ་གྱི་སྒྲ་མ་ཡིན་ཏེ། གཙོ་བོ་མ་ཡིན་པས་དེ་སྤངས་ཀྱང་དགོས་པ་ཅི་ཡང་མེད་པའི་ཕྱིར་རོ། །དེ་བས་བཅོམ་ལྡན་འདས་ཀྱིས་འདིར་རྡུལ་ཞེས་བྱ་བ་ནི་འདོད་པ་ཡིན་པར་
དགོངས་ཀྱི་དེ་ས་རྡུལ་ནི་མ་ཡིན་ནོ། །དེ་བས་ན་མཁས་པ་གང་གིས་འདོད་ཆགས་ཀྱི་མཚན་ཉིད་རྡུལ་དེ་རྣམ་པར་སྤངས་ཏེ་རྒྱུད་ལས་རྩ་བ་དང་བཅས་པ་འབྱིན་པར་བྱེད་པའི་མཁས་པ་དེ་དག་བདེ་བར་གཤེགས་པའི་བསྟན་པ་འཕགས་པའི་བདེན་པ་བསྟན་པ་ལ་རྟག་ཏུ་བག་ཡོད་པར་འགྱུར་ཏེ་རྗེས་སུ་
བསྒྲུབ་པ་ལྷུར་ལེན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཟག་པ་ཞེས་བྱ་བ་ནི་རང་གི་ལྟ་བར་མི་ནུས་པ་སྟེ། ལྡོག་པའི་ཆོས་ནི་ལྡོག་པ་ཉིད་དུ་སྣང་བའི་ཕྱིར་རོ། །ཟབ་པར་སྣང་བ་ཞེས་བྱ་བ་ནི་ཡུལ་དེའི་ཤེས་པ་དཀོན་པའི་ཕྱིར་རོ། །མཐོང་བར་དཀའ་བ་ཞེས་བྱ་བ་ནི་གང་དག་གིས་མཐོང་བའི་
ལམ་ལ་སོགས་པ་ནས་མཐོང་བ་དེ་དག་གིས་ཀྱང་དཀའ་བས་མཐོང་བའི་ཕྱིར་རོ། །རྟོགས་པར་དཀའ་བ་ཞེས་བྱ་བ་ནི་རྟོགས་པར་བྱེད་པ་དེ་དག་གིས་ཀྱང་བསྒོམ་པའི་ལམ་ལ་སོགས་པ་ལ་དཀའ་བས་རྟོགས་པའི་ཕྱིར་རོ། །བརྟག་པར་མི་ནུས་པ་ཞེས་བྱ་བ་ནི་བྱིས་པ་དག་གིས་སྲིད་པ་ཙམ་དུ་ཡང་
བརྟག་པར་མི་ནུས་པའི་ཕྱིར་རོ། །རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་ཞེས་བྱ་བ་ནི་སྐར་མཁན་དང་རྩིས་མཁན་ལ་སོགས་པ་བྱིས་པའི་རྟོག་གེས་དེ་ལ་མི་འཇུག་པའི་ཕྱིར་རོ། །ཞིབ་མོ་བརྟགས་པ་མཁས་པ་མཛངས་པས་རིག་པར་བྱ་བ་ནི་བློ་ཞིབ་མོ་དག་དང་བློ་བརྟན་པ་དག་དང་། བསྟན་བཅོས་
མཁས་པའི་མཁས་པ་དང་། བསྟན་བཅོས་མ་ཐོས་ཀྱང་སྔོན་གོམས་པའི་ཤེས་པ་དང་ལྡན་པ་མཛངས་པ་དག་གིས་རིག་པར་བྱ་བའི་ཐ་ཚིག་གོ། །སྨས་པ་ཞེས་བྱ་བ་ནི་སེམས་རབ་ཏུ་བསྔངས་པའོ། །ལོ་ཞེས་བྱ་བའི་སྒྲ་ནི་མི་གནས་པའི་ཚིག་ཡིན་ནོ། །གསོལ་ལོ་ཞེས་བྱ་བ་ནི་གསོལ་བ་

འདེབས་པའོ། །ཡ་མཚན་ཅན་ཞེས་བྱ་བ་ནི་གཞན་མུ་སྟེགས་ཅན་རབ་ཏུ་བྱུང་བ་སྤྱིའི་མིང་ཡིན་ཏེ། ཅིའི་ཕྱིར་ཡ་མཚན་ཅན་ཞེས་བྱ་ཞེ་ན་འདུལ་བ་རྣམ་པར་བཤད་པ་ལས་པཱ་ཥ་ཎ་ཊི་ཀ་ཞེས་བྱ་བ་ནི་རྡོའི་རྒྱབ་ཡིན་ཏེ། ཇི་ལྟར་རྡོའི་རྒྱབ་ཏུ་ས་བོན་བཏབ་པས་མྱུ་གུ་སྐྱེ་མི་ནུས་པ་དེ་
བཞིན་དུ་གཞན་མུ་སྟེགས་ཅན་དག་གིས་ཀྱང་ཐར་པའི་མྱུ་གུ་སྐྱེད་མི་ནུས་པས་རྡོ་རྒྱབ་པ་ཞེས་བྱ་བར་གསུངས་སོ། །དགུ་བཅུ་རྩ་དྲུག་ཅེས་བྱ་བ་ནི་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་དང་། དེ་དག་རེ་རེ་ལས་ཡ་མཚན་ཅན་བཅོ་ལྔ་བཅོ་ལྔར་གྱེས་པའི་ཕྱིར་བསྡོམས་ན་དགུ་བཅུ་རྩ་དྲུག་ཡོད་
པའོ། །བྲིད་ཅེས་བྱ་བ་ནི་བསླུས་པའོ། །ཚིག་གཞན་དག་ཅེས་བྱ་བ་ནི་རྫས་ཀྱི་མཐའ་པ་དང་བྱ་བའི་མཐའ་པ་དག་གོ། །ཡི་གེ་གཞན་དག་ཅེས་བྱ་བ་ནི་ཚིག་འདྲ་ཡང་ཡི་གེ་གཞན་དག་གིས་སོ། །ཚིག་དང་ཡི་གེ་གཞན་དག་གིས་ཞེས་བྱ་བ་ནི་གཉི་ག་དག་གིས་སོ། །ལུས་ཀྱིས་ཉེས་པར་སྤྱོད་པ་
གསུམ་ཞེས་བྱ་བ་ནི་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པའོ། །ངག་གིས་ཉེས་པར་སྤྱོད་པ་བཞི་ཞེས་བྱ་བ་ནི་བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། ཚིག་འཁྱལ་པའོ། །ཡིད་ཀྱིས་ཉེས་པར་སྤྱོད་པ་གསུམ་ཞེས་བྱ་བ་ནི་བརྣབ་སེམས་དང་།
གནོད་སེམས་དང་། ལོག་པར་ལྟ་བའོ། །ཡོངས་སུ་འཛིན་ཞེས་བྱ་བ་ནི་སྐྱོན་དེ་ཕུང་པོ་ལྔ་ཡོངས་སུ་འཛིན་པའི་ཕྱིར་རོ། །རྗེས་སུ་བསྐོར་ཏོ་ཞེས་བྱ་བ་ནི་ཡང་བསྐོར་བའོ། །སེམས་བསྒྱུར་བ་ཞེས་བྱ་བ་ནི་སེམས་ཡོངས་སུ་བསྒྱུར་བ་སྟེ་རྣོན་པོར་གྱུར་པའོ། །ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་སོ་
ཞེས་བྱ་བ་ནི་གདུལ་བའི་བྱ་བ་དང་འབྲེལ་བའི་ཕྱིར་རོ། །གང་དག་བསྐོ་བར་བྱེད་པ་དེ་དག་ལ་ཉེས་བྱས་སུ་གྱུར་པ་ཞེས་བྱ་བ་ནི་ཡུལ་དང་དུས་དང་། ཚོགས་པ་དང་། གང་ཟག་ལས་ཤིན་ཏུ་འདས་པའི་ཕྱིར་ཁ་ན་མ་ཐོ་བ་དེར་འགྱུར་རོ། །དེར་བསྐོས་པས་དེས་དགེ་སློང་མ་ལ་སྟོན་པ་ལྟུང་བྱེད་
དུ་འགྱུར་རོ་ཞེས་བྱ་བ་ནི་མི་རིགས་པའི་རྣམ་པས་བྱས་པ་ནི་མ་བྱས་པ་ཉིད་ཡིན་པའི་ཕྱིར་དེ་མ་བསྐོས་པ་ཉིད་ཡིན་པས་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །ཕམ་པར་འགྱུར་བའི་ཆོས་བརྒྱད་ཅེས་བྱ་བ་ནི་ཐུན་མོང་བ་བཞི་དང་། རེག་པ་དང་། ལུས་བཀན་པ་དང་། འཆབ་པ་དང་། ཟློག་པ་

ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པ་བཞི་སྟེ་བརྒྱད་དོ། །ལྕི་བའི་ཆོས་བརྒྱད་ཅེས་བྱ་བ་ནི་དགེ་སློང་རྣམས་ལས་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་དགེ་སློང་མའི་དངོས་པོ་ཡོངས་སུ་བཙལ་བ་དང་། དགེ་སློང་རྣམས་ལ་ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་དང་རྗེས་སུ་བསྟན་པ་ཡོངས་སུ་བཙལ་
བ་དང་། དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་བླང་བར་མི་བྱ་བ་དང་། གཉི་གའི་དགེ་འདུན་ལས་གནས་གསུམ་གྱི་དགག་དབྱེ་བྱ་བ་དང་། དགེ་སློང་ལ་ཚུལ་ཁྲིམས་དང་། ལྟ་བ་དང་། ཆོ་ག་དང་། འཚོ་བ་ཉམས་པས་གླེང་བ་དང་། དྲན་པར་མི་བྱ་བ་དང་། དགེ་སློང་
ལ་སྤྱོ་བ་དང་། ཁྲོ་བ་དང་། ཚིག་རྩུབ་པོ་མི་བྱ་བ་དང་། དགེ་སློང་གསར་བུ་ལ་ཡང་གུས་པར་སྨྲ་བ་དང་། ཕྱག་དང་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། གུས་པའི་ལས་བྱ་བ་དང་། ལྕི་བའི་ཆོས་ལས་འདས་པས་ཟླ་བ་ཕྱེད་དུ་གཉིས་ཀའི་དགེ་འདུན་ལ་མགུ་བར་བྱ་བ་སྤྱད་པར་བྱ་བའོ། །
སྟོན་པ་ཕྱི་མ་ཞེས་བྱ་བ་ནི་སྔ་མ་ལྟ་བུ་མཚམས་ཀྱི་ནང་ན་ཡེ་མེད་ན་དེའི་འོག་ཏུ་གཟོད་འདི་ཕྱིས་བསྐོ་བར་བྱ་བ་ཡིན་པས་ཕྱི་མ་ཞེས་བྱ་བའོ། །སྔ་མ་གཅིག་ཙམ་ཞིག་ཡོད་ན་ཡང་ཕྱི་མ་འདི་བསྐོས་ན་བསྐོ་བའི་དགེ་འདུན་ལ་ཡང་ཉེས་བྱས་སུ་འགྱུར་ལ། དེ་བསྐོས་པའི་ལས་ཀྱང་མི་འཆགས་
ལ། དེས་བསྟན་ན་ཡང་ལྟུང་བྱེད་ཉིད་དུ་འགྱུར་རོ། །ཚོགས་སམ་ཞེས་བྱ་བ་ནི་བྱ་བ་གཅིག་གམ་ཞེས་བྱ་བའི་ཐ་ཚིག་གོ། །ཡོངས་སུ་དག་གམ་ཞེས་བྱ་བ་ནི་ཕམ་པར་འགྱུར་བ་མ་བྱུང་ངམ། ལྟུང་བ་གཞན་དག་ཀྱང་བཤགས་པ་དང་། བྱིན་གྱིས་བརླབ་པ་གཉིས་ཀྱིས་ཕྱིར་བཅོས་པ་བྱས་སམ་ཞེས་
བྱའོ། །མཐུན་ནམ་ཞེས་བྱ་བ་ནི་ལྟ་བ་མཐུན་ནམ་ཞེས་བྱ་བའོ། །ཁ་ན་མ་ཐོ་བ་མེད་དམ་ཞེས་བྱ་བ་ནི་ཐབ་མོ་ལ་སོགས་པའི་སྐྱོན་དང་བྲལ་ལམ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱེད་ཅག་ལ་ཞེས་བྱ་བ་ལ་སོགས་པ་ལྷག་མ་རྣམས་ཀྱིས་ནི་ཁྱེད་ཅག་དགེ་སློང་མའི་གདམས་ངག་དང་རྗེས་སུ་བསྟན་པ་ནི་
དགེ་འདུན་ཁོ་ན་ལས་འཐོབ་ཀྱི་ཇི་སྐད་བསྟན་པ་བཞིན་དུ་ཟུང་ལ་བག་ཡོད་པར་སྒྲུབས་ཤིག་ཅེས་བསྟན་ཏོ། །འབྲས་ཆན་རྩུབ་མོ་ཞེས་བྱ་བ་འབྲས་རྩུབ་མོའི་ཆན་ནོ། །རྩབས་བསྐོལ་བ་ཞེས་བྱ་བ་ནི་རྩབ་མོ་བསྐོལ་བའོ། །རྫེའུ་ཁ་གཅིག་ལ་ནང་གཉིས་ཡོད་པ་ཞེས་བྱ་བ་ནི་རྫེའུ་ཁ་གཅིག་ལ་ལྟོ་གཉིས་

ཡོད་པའོ། །ཞོའི་ཚོད་མ་ཞེས་བྱ་བ་ནི་གཞི་ཞོ་ལས་བླངས་པའོ། །ཚང་བང་ཞེས་བྱ་བ་ནི་གཡོས་ཀྱི་གནས་སོ། །ཕོ་ཤའི་ཁུ་ཤ་ཞེས་བྱ་བ་ནི་ཤའི་དུམ་བུ་དང་བཅས་པའོ། །བུ་ལོན་འཕྲོག་པ་ཞེས་བྱ་བ་ནི་བུ་ལོན་དེད་པའོ། །ནོར་འཕྲོག་པ་ཞེས་བྱ་བ་ནི་ནོར་སྤྱོད་སྤྱོད་པའོ། །ཉེ་དུའི་
སྟོབས་ཞེས་བྱ་བ་ནི་ཉེ་དུའི་ཐ་སྙད་དོ། །ལག་སྟོབས་ཞེས་བྱ་བ་ནི་འཁལ་འཐག་ལ་སོགས་པ་ལག་པའི་ཐ་སྙད་དོ། །གྲུ་བོ་ཆེ་སྤྱོད་པ་ཞེས་བྱ་བ་ནི་རྒྱ་མཚོའི་གྲུ་བོ་ཆེར་འཇུག་པའོ། །བདག་ཉིད་འཛིན་པར་ཞེས་བྱ་བ་ནི་སྲུང་བར་བྱེད་པའོ། །རིན་མེད་པར་ཞེས་བྱ་བ་ནི་རིན་གྱིས་མ་བསླུས་པར་རོ། །
ཁུར་ཞེས་བྱ་བ་ནི་བམ་པོའོ། །བསྡོམས་ཏེ་ཞེས་བྱ་བ་ནི་བསྡུས་ཏེའོ། །ཤིང་གིས་ཤིང་གི་ཞེས་བྱ་བ་ནི་སྙིང་པོ་མེད་པའོ། །བཟའ་བའི་ཟོང་ཞེས་བྱ་བ་ནི་ཏིལ་དང་གྲོ་དང་ཞུན་མར་ལ་སོགས་པ་བཙོང་བའི་གནས་སོ། །ཆོས་ཞེས་བྱ་བ་ནི་མིའི་འཚེ་བ་ཉིད་དོ། །རིགས་པས་ཞེས་བྱ་བ་ནི་འཇིག་རྟེན་གྱི་
ཚུལ་གྱིས་སོ། །དབྱིག་ཚོང་བ་ཞེས་བྱ་བ་ནི་གསེར་དངུལ་འཚོང་བའོ། །ལོང་གཏམ་སྨྲ་བ་ཞེས་བྱ་བ་ནི་རང་དགར་གཏམ་ཟེར་བའོ། །གླང་པོ་ཆེའི་གཉར་ཞོན་པ་ཞེས་བྱ་བ་ནི་གླང་པོ་ཆེའི་རྒྱབ་ཏུ་ཞོན་པའོ། །ཁྱོགས་སྤྱི་ལ་ཞེས་བྱ་བ་ནི་མིས་བསྐུར་བའོ། །བྱི་དོར་བ་ཞེས་བྱ་བ་ནི་བཅོས་ལེགས་བྱེད་
པའོ། །ཆུ་འཕྱག་པར་བྱེད་པའི་ཞེས་བྱ་བ་ནི་གྲུའི་ནང་དུ་འོངས་པ་འཕྱག་པར་བྱེད་པའོ། །རིན་པོ་ཆེ་ཆེན་པོ་ཞེས་བྱ་བ་ནི་རིན་ཐང་ཆེ་བའོ། །ཆེ་བ་ཞེས་བྱ་བ་ནི་དུག་ལ་སོགས་པ་སེལ་བའི་མཐུ་ཆེ་བའོ། །མཐོན་པོར་འགྲོ་བ་ཞེས་བྱ་བ་ནི་ཡ་རབས་ཀྱི་རིགས་འགྲུབ་པའི་ཕྱིར་རོ། །སྐལ་བ་ཅན་དུ་
འགྱུར་བ་ཞེས་བྱ་བ་ནི་ཤིན་ཏུ་གཞོན་པ་ལ་སོགས་པ་སྐལ་བ་དང་ལྡན་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །རྣམ་པར་སྨིན་པ་བདེ་བ་ཞེས་བྱ་བ་ནི་ལོངས་སྤྱོད་ཆེ་བ་ལ་སོགས་པའི་བདེ་བ་བསྐྱེད་པའི་ཕྱིར་རོ། །ཕྱི་མ་ལ་མཐོ་རིས་སུ་འགྲོ་བ་ཞེས་བྱ་བ་ནི་མངོན་སུམ་དང་བརྒྱུད་པ་དག་གིས་མཐོ་རིས་
སུ་འགྲུབ་པའི་ཕྱིར་རོ། །འཇིགས་པ་ཆེན་པོ་ཞེས་བྱ་བ་ནི་སྲོག་འཆད་པའི་ཕྱིར་རོ། །ཆེ་བ་ཞེས་བྱ་བ་ནི་རང་བཞིན་རྒྱ་ཆེན་པོའི་ཕྱིར་རོ། །ཉ་ཆེན་དང་ཉ་ཆེན་མིད་དང་ཉ་ཆེན་མིད་པ་མིད་ཅེས་བྱ་བ་དག་ནི། ཉ་བོ་ཆེའི་བྱེ་བྲག་གོ། །ཆུ་རླབས་ཞེས་བྱ་བ་ནི་རླབས་འཕྱོ་བའོ། །དབའ་ཀློང་ཞེས་བྱ་བ་ནི་ཆུ་

འཁོར་བའོ། །རི་དག་ལ་ཐུག་པ་ཞེས་བྱ་བ་ནི་གདོང་ཐུག་ཏུ་ཐུག་པའོ། །རླུང་ནག་པོ་ཞེས་བྱ་བ་ནི་རླུང་ནག་པོ་དྲག་པའོ། །ཉག་ཐག་གཅིག་བཀྲོལ་ཞིང་ཞེས་བྱ་བ་ནི་སྐམ་ས་ལ་འདུག་པའི་ཕུར་པ་ལས་སོ། །འགྱོད་པ་ཞེས་བྱ་བ་ནི་ཡིད་ལ་གཅགས་པའོ། །ཐོ་འཚམས་པ་ཞེས་བྱ་བ་ནི་ལོག་པའི་
ལ་སོགས་པའི་བྱམས་པ་རྨོངས་པར་བྱེད་པའོ། །རིན་པོ་ཆེ་བཞི་ཞེས་བྱ་བ་ནི་གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་ལོ། གཅིག་ལ་གཅིག་སྦྲེལ་ཏེ་ཞེས་བྱ་བ་ནི་ཕན་ཚུན་བཅིངས་ཏེའོ། །ནུབ་པར་འགྱུར་ཞེས་བྱ་བ་ནི་ལོག་པའོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བསྐྱེད་ནས་
ཞེས་བྱ་བ་ནི་འདུ་ཤེས་བཅད་པའི་སྙོམས་པར་འཇུག་པ་བསྒོམ་པས་སོ། །གཞན་དག་ཀྱང་ཡོད་དེ་ཞེས་བྱ་བ་ནི་སེམས་འཁྲུག་པ་ལ་སོགས་པ་དག་གོ། །སྟན་ཕྱེད་ལས་འཕགས་པ་བྱས་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་གུས་པས་སྟན་ཕྱེད་ལས་འཕགས་པའོ། །བསིལ་ངད་ཡོན་
ཏན་ལྡན་ཞེས་བྱ་བ་ནི་བསིལ་བའི་མཐུ་དང་ལྡན་པའོ། །དྲི་མེད་གསེར་རྟག་གསལ་ཞེས་བྱ་བ་ནི་དྲི་མ་མེད་པའི་གསེར་ཡང་རྟག་ཏུ་གསལ་བ་སྟེ། དཔེར་ན་དག་པའི་བཻ་ཌཱུརྱ་རྟག་ཏུ་འོད་གསལ་བ་བཞིན་ནོ། །བྱིས་པའི་སྐྱེ་བོ་ཀུན་ཞེས་བྱ་བ་ནི་ཐོས་པ་དང་མི་ལྡན་པའི་སོ་སོའི་སྐྱེ་བོའོ། །
སྡིག་པ་རྟག་ཏུ་མཚུངས་མེད་ཅེས་བྱ་བ་ནི་དགྲ་བཅོམ་པ་དག་ལ་སེམས་སྡང་བའོ། །གོར་མའི་རི་མོ་རྟག་པ་བཞིན་ཞེས་བྱ་བ་ནི་སེམས་སྡང་བ་བརྟན་པ་ཉིད་དུ་སྟོན་ཏོ། །འཕགས་པའི་སྐྱེ་བོ་ཞེས་བྱ་བ་ནི་བདེན་པ་མཐོང་བ་དག་གོ། །རྟག་ཏུ་ཐུགས་རྗེ་མངའ་ཞེས་བྱ་བ་ནི་སྙིང་རྗེ་དང་ཐུགས་
རྗེ་ཆེན་པོ་གཉིས་ཅིག་ཅར་བསྟན་ཏོ། །དགྲ་བཅོམ་པ་དག་གི་བཟོད་པ་བརྟན་པ་ལགས་ཞེས་བྱ་བ་ལ། བཟོད་པ་ཞེས་བྱ་བ་ནི་གཞན་གྱིས་སྐུར་པ་བཏབ་པ་ལ་སོགས་པ་བཟོད་པ་སྟེ། དེ་ཡང་དགྲ་བཅོམ་པ་དག་གི་རྒྱུད་ལ་རྟག་ཏུ་གནས་པ་ཡིན་ཏེ། དེའི་སླད་དུ་བདག་གིས་བྱས་པ་ལྟ་བུ་
ལ་བཟོད་པ་མཛད་དུ་གསོལ་ཞེས་བྱ་བར་བསམས་པ་ཡིན་ནོ། །ལྔ་བརྒྱ་ཞེས་བྱ་བ་ནི་གྲངས་སོ། །རྟ་ཅང་ཤེས་ཞེས་བྱ་བ་ནི་རྟའི་གཙོ་བོ་གཅེས་པའོ། །སྐད་འབྱིན་པར་མི་བྱེད་ཅེས་བྱ་བ་ནི་དེའི་མཐུས་ཟིལ་གྱིས་གནོན་པའི་ཕྱིར་རོ། །རྟེའུ་ཞེས་བྱ་བ་ནི་ཕྲུ་གུའོ། །སྣ་སྒྲ་ཞེས་བྱ་བ་ནི་ཕྲྭ་ཕྲྭ་

ཟེར་བའོ། །རྩྭ་ཞེས་བྱ་བ་ནི་རྩི་བོའོ། །ཚངས་ཞེས་བྱ་བ་ནི་ནས་ལ་སོགས་པ་འབྲུའོ། །དེ་ན་གནས་པ་ཞེས་བྱ་བ་ནི་གནས་དེ་ན་འཁོད་པའོ། །འདོད་པ་ན་གནས་ཞེས་བྱ་བ་ནི་དགའ་ནའོ། །སྒྲོ་བ་ཞེས་བྱ་བ་ནི་ཀོ་ལྤགས་ཀྱི་སྣོད་དོ། །སྲན་ཐུབ་ཅེས་བྱ་བ་ནི་མོ་སྲན་སྡེའུའི་ཕུབ་
མའོ། །བཟངས་ཆས་ཞེས་བྱ་བ་ནི་སྲན་མ་དང་འབྲུ་མ་ཡོས་ཥྛ་ཀ་དག་བཀྲུས་ཏེ་བཙོས་པའོ། །ཟིལ་གྱིས་སྨིན་པ་ཞེས་བྱ་བ་ནི་སྦྲང་རྩིས་སྦྲུས་པའོ། །གསེར་འབུམ་ཞེས་བྱ་བ་ནི་ཞོ་གཉིས་ཀྱི་ཚད་འབུམ་མོ། །ཆས་ཞེས་བྱ་བ་ནི་འབྲུ་ལ་སོགས་པའོ། །རྨའོ་ཞེས་བྱ་བ་ནི་དྲིའོ་ཞེས་བྱ་བའོ། །འདུལ་
སྦྱོང་བ་ཞེས་བྱ་བ་ནི་འདུལ་བར་བྱེད་པའོ། །མགྱོགས་འགྲོ་ཞེས་བྱ་བ་ནི་བོད་པའོ། །རན་ཆས་ཆུ་མེད་པའི་རྫ་མཁན་བྲེས་སྣ་ཞེས་བྱ་བ་ནི་རྫ་མཁན་གྱི་བྲེས་རྩ་དང་ཆས་དང་ཆུ་མེད་པ་ནའོ། །མགོ་སྐམ་རུས་པ་གས་ཙམ་ཞེས་བྱ་བ་ནི་ཁྱོད་བཟའ་བ་དང་བཏུང་བ་མེད་པས་མགོ་སྐམས་ཤིང་
རུས་པ་དང་པགས་པ་ཙམ་དུ་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །རང་སོས་གཏུབས་པའི་རྩྭ་དག་ཟ་བ་ཞེས་བྱ་བ་ནི་ཚོང་དུས་ལ་སོགས་པ་དག་ནས་རང་གི་སོ་དག་གིས་རྩྭ་དང་ལོ་ཏོག་དག་བཅད་ཅིང་ཟ་བར་གྱུར་པའོ། །དེ་ཚེ་མང་པོས་བསམས་མ་གྱུར་ཞེས་བྱ་བ་ནི་ཁྱོད་སྔོན་རྟེའུ་ཙམ་
དང་ས་ཁལ་པ་ཙམ་དུ་བསམས་པས་སྐྱེ་བོ་མང་པོ་དག་གིས་གཅེས་པར་བསམས་པར་མ་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་སྔོན་ཕོངས་པ་དང་མ་བཀུར་བར་ཉེ་བར་བསྟན་ནས་ད་ལྟར་ཕུན་སུམ་ཚོགས་པ་དང་། བཀུར་བ་བསྟན་པའི་ཕྱིར། འདི་ན་མགྱོགས་འགྲོ་སྟོང་གི་ཐོག་
འདྲེན་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྟ་བཟང་པོ་སྟོང་ཕྲག་གི་ཐུ་བོར་བྱས་ཤིང་ཞེས་བྱ་བའི་ཐ་ཚིག་གོ། །རྒྱལ་པོས་ཆིབས་རན་མཆོག་དག་ཉེར་བསྟབས་པ་ཞེས་བྱ་བ་ནི་རྒྱལ་པོས་རྩྭ་བཟང་པོ་དག་བྱིན་པའོ། །ཅིའི་ཕྱིར་མི་ཟ་བ་དྲིས་པ་བདག་ལ་སྨྲོས་ཞེས་བྱ་བ་ནི་དེ་ཅིའི་ཕྱིར་དེ་
མི་ཟ་བ་དེ། ཁོ་བོས་འདྲིས་བདག་ལ་ལེགས་པར་སྨྲོས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཞེས་བྱ་བ་ནི་འདུལ་སྦྱོང་བས་དྲིས་ནས་སོ། །རབ་མགྱོགས་ཞེས་བྱ་བ་ནི་འགྲོས་རབ་ཏུ་མགྱོགས་པའོ། །དྲང་པོ་ཞེས་བྱ་བ་ནི་ལུས་དང་སེམས་དྲང་པོའོ། །བརྟན་ལྡན་པ་ཞེས་བྱ་བ་ནི་བརྩོན་པ་

དང་ལྡན་པའོ། །མི་བཟོད་ཅེས་བྱ་བ་ནི་ནང་གི་བདག་ཉིད་ཀྱིས་འཁྲུག་པའོ། །འཁྲུག་བཅས་ཞེས་བྱ་བ་ནི་ཕྱི་རོལ་གྱི་བདག་ཉིད་ཀྱིས་སོ། །མགྱོགས་འགྲོ་མཆོག་གིས་ནི་ཞེས་བྱ་བ་ནི་རྟ་ཅང་ཤེས་ཀྱིས་སོ། །དེ་ལས་ཞེས་བྱ་བ་ནི་འདུལ་སྦྱོང་བ་ལ་གོ་བར་བྱས་པ་དེ་ལས་སོ། །ཉེར་ཞི་ཞེས་བྱ་བ་
ནི་བདག་ཉིད་རིམ་པ་མ་ཡིན་པས་ཉོན་མོངས་པར་བྱས་པའི་ཉེས་པ་ཉེ་བར་ཞི་བར་འགྱུར་བའོ། །ལེགས་པར་བསམས་བྱས་ནས་ཞེས་བྱ་བ་ནི་རྟ་རྣམས་ཀྱི་ནང་ན་གཙོ་བོ་ཡིན་པར་ངོ་ཤེས་པའི་བློ་དང་ལྡན་པའོ། །མི་མཆོག་ཅེས་བྱ་བ་ནི་རྒྱལ་བའི་ཁ་ལོ་སྒྱུར་བ་ཡིན་ནོ། །དེ་ཉིད་ཅེས་བྱ་བ་
ནི་མ་ནོར་བར་ཤེས་པའོ། །མ་རིག་མིན་ཞེས་བྱ་བ་ནི་ཁྱོད་ཀྱིས་ཁོ་བོ་ཇི་ལྟ་བ་བཞིན་དུ་ཤེས་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་ན་དོན་ཅི་ཡོད་ཅེ་ན། མཁས་པས་བརྙས་ན་ས་སྟེང་མི་རྒྱུ་ཞིང་ཞེས་བྱ་བ་གསུངས་ཏེ། མཁས་པས་བརྙས་ན་ཞེས་བྱ་བ་ནི་ངའི་ཡོན་ཏན་ཞེས་བྱ་བའི་མཁས་
པ་དག་གིས་ང་ལ་མ་གུས་ཤིང་རྟ་ཕལ་གྱི་ཐང་དུ་ཆས་བྱིན་པ་ལ་སོགས་པ་བྱས་ནའོ། །ས་སྟེང་མི་རྒྱུ་ཞིང་ཞེས་བྱ་བ་ནི་སའི་སྟེང་ན་འདུག་པར་མི་བྱ་བའོ། །མྱུར་དུ་ཤི་ཡང་བླ་ཞེས་བྱ་བ་ནི་ཡོན་ཏན་རྒྱུས་ཤེས་བྱ་བས་བརྙས་ཤིང་སའི་སྟེང་ན་འདུག་པ་བས་ནི་མྱུར་དུ་ཤི་ཡང་བླ་ཞེས་བྱ་བའི་ཐ་ཚིག་
གོ། །ཤེས་པས་བརྙས་པ་ནས་ཁྱོད་ཅིའི་ཕྱིར་མི་དགའ་ཞེ་ན། དེའི་ཕྱིར། སྐྱེ་བོ་ངན་པས་ཡུན་རིང་བརྙས་གྱུར་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བོ་ངན་པས་ཞེས་བྱ་བ་ནི་རྫ་མཁན་ལ་སོགས་པ་ངའི་ཡོན་ཏན་མི་ཤེས་པས་སོ། །ཡུན་རིང་གནས་གྱུར་ཀྱང་ཞེས་བྱ་བ་ནི་ཡུན་རིང་
དུ་ཕུབ་མ་དང་སྲན་ཕུབ་ལ་སོགས་པ་བྱིན་པར་གྱུར་ཀྱང་ངོ་། །གལ་ཏེ་ཡོན་ཏན་ཁྱོད་ལྡན་ཞེས་བྱ་བ་ནི་གལ་ཏེ་འདུལ་སྦྱོང་བ་ཁྱོད་ལེགས་ཉེས་ཤེས་པའི་ཡོན་ཏན་དང་ལྡན་པ་ཡིན་ནའོ། །དེ་བརྙས་མིན་ཞེས་བྱ་བ་ནི་སྐྱེ་བོ་ངན་པས་ཡུན་རིང་དུ་གནས་པའི་གྲངས་སུ་མ་བརྩི་ཤིག །དེ་ཅིའི་ཕྱིར་
ཞེ་ན། དེས་ངའི་ཡོན་ཏན་མི་ཤེས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེ་བོ་མཛངས་པས་ཞེས་བྱ་བ་ནི་འདུལ་སྦྱོང་བ་ཁྱོད་ལ་སོགས་པ་ངའི་ཡོན་ཏན་ཤེས་པས་སོ། །སྐད་ཅིག་བརྙས་པར་གྱུར་ན་ཞེས་བྱ་བ་ནི་སྐད་ཅིག་ཙམ་ཞིག་རྟ་ཕལ་གྱི་ཐང་དུ་རྩྭ་ལ་སོགས་པ་བྱིན་ནའོ། །ཞི་བ་ཞེས་བྱ་བ་ནི་འདུལ་

སྦྱོང་བ་ལ་བོད་པའི་ཚིག་སྟེ། དེས་པ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཡོན་ཏན་ལྡན་ཞེས་བྱ་བ་ནི་གལ་ཏེ་འདུལ་སྦྱོང་བ་ཁྱོད་ལེགས་ཉེས་ཤེས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །དེ་བརྙས་མིན་ཞེས་བྱ་བ་ནི་སྐྱེ་བོ་མཛངས་པས་སྐད་ཅིག་བརྙས་པར་གྱུར་པ་དེའི་ནི་བརྙས་
པའི་གྲངས་སུ་རྩིས་ཤིག །དེ་ཅིའི་ཕྱིར་ཞེ་ན། དེས་ངའི་ཡོན་ཏན་ཤེས་བཞིན་དུ་བརྙས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རིམ་པ་ཞེས་བྱ་བ་ནི་ལམ་དང་གྲོང་ཁྱེར་མཛེས་པར་བྱ་བ་དང་། བསུ་བ་ལ་སོགས་པ་བསྙེན་བཀུར་བྱ་བའི་རིམ་པའོ། །སྲོག་ཤིང་རྒྱས་པ་ཞེས་བྱ་བ་ནི་རྩིབས་ཀྱི་ཤིང་
བུ་བརྒྱ་དང་ལྡན་པའོ། །རྔ་ཡབ་གསེར་ཅན་ནོར་བུས་སྤྲས་པ་ཞེས་བྱ་བ་ནི་ཡུ་བ་གསེར་ལས་བྱས་པ་ནོར་བུ་རིན་པོ་ཆེས་སྤྲས་པའོ། །འདས་པ་ཞེས་བྱ་བ་ནི་ལམ་དང་གྲོང་ཁྱེར་མཛེས་པར་བྱས་པ་དང་བསུ་བའོ། །ལྷག་མ་ཞེས་བྱ་བ་ནི་ཕྱོགས་དེ་གང་དུ་གཞག་པའི་ཕྱོགས་དེ་ཟངས་མའི་གླེགས་
བུ་དག་གིས་གཡོགས་པ་ལ་སོགས་པའོ། །ས་བདག་འདུལ་སྦྱོང་བཅས་པ་ཞེས་བྱ་བ་ནི་རྒྱལ་པོ་འདུལ་སྦྱོང་བའི་མི་དང་བཅས་པའོ། །དེ་ལ་ཆགས་ཞེས་བྱ་བ་ནི་རྟ་ཅང་ཤེས་ལ་དགའ་ཞིང་དྲུང་ན་འདུག་པའོ། །ཤིན་ཏུ་དྲི་ཞིམ་བྱུག་པ་མཆོག་འཆང་ཞིང་ཞེས་བྱ་བ་ནི་རྒྱལ་བའི་ལུས་གྱི་བྱེ་བྲག་སྟེ་
ཤིན་ཏུ་དྲི་ཞིམ་པོའི་བྱུག་པ་མཆོག་གིས་བྱུགས་པའི་ལུས་དང་ལྡན་ཞིང་དེ་ན་སྡོད་ཅེས་བྱ་བའི་ཐ་ཚིག་གོ། །ས་བདག་བཙུན་མོ་ཟིལ་དངར་བཟང་ཆས་ཀྱི། །སྣོད་བཀང་མགྱོགས་འགྲོ་མཆོག་ཕྱིར་འཛིན་པར་བྱེད། ཅེས་བྱ་བ་ནི། རྒྱལ་པོའི་བཙུན་མོ་དམ་པས་ཟིལ་དངར་གྱིས་སྦྱིན་པའི་བཟང་ཆས་ཀྱིས་
གསེར་གྱི་སྣོད་བཀང་སྟེ་རྟ་ཅང་ཤེས་ཀྱི་དྲུང་ན་འཛིན་པར་བྱེད་པ་སྟེ། འདི་ཡང་དེ་ལ་ཆགས་པའི་རྣམ་པ་གཞན་ཡིན་ན། །རྐང་པ་གཞག་སྟེ་ཞེས་བྱ་བ་ནི་གོམ་པ་བོར་ཏེའོ། །དུས་མ་ཡིན་པ་ཀུ་མུ་དའི་དུས་སྟོན་ཞེས་བྱ་བ་ནི་གློ་བུར་དུ་ཀུ་མུ་དའི་དུས་སྟོན་དང་འདྲ་བ་བྱས་པའོ། །མ་བསྐོས་པར་སྟོན་པའི་
ལྟུང་བྱེད་དེ་ཉི་ཤུ་གཅིག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཨེ་སྦྱེ་ཞེས་བྱ་བ་ལ་སོགས་པ་ནི་དགེ་སློང་མ་དག་གི་མིང་ནས་བོད་པའོ། །འདྲེ་བ་ཞེས་བྱ་བ་ནི་ལན་འགའ་མཉམ་པའི་ཕྱིར་ཚངས་པར་སྤྱོད་པ་དང་ཚངས་པར་སྤྱོད་པ་མ་ཡིན་པ་འདྲེ་བའོ། །ལྷག་པར་འདྲེ་ཞེས་བྱ་བ་ནི་ལན་

འགའ་ལྷག་པའི་ཕྱིར་ཚངས་པར་སྤྱོད་པ་མ་ཡིན་པ་ཤས་ཆེར་སྤྱོད་པའོ། །མཚན་ཐོག་ཐག་ཆོས་ཉན་པ་ལ་ལྟུང་བ་མེད་པ་ནི་འཕོ་བ་མེད་པའི་ཕྱིར་རོ། །གཙུག་ལག་ཁང་གི་སྒོ་དྲུང་དུ་སྟོན་པ་ལ་ལྟུང་བ་མེད་པ་ནི་གནས་དང་ཉེ་བས་འཕོས་པར་མི་འགྱུར་བའི་ཕྱིར་རོ། །ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་དེ་
ཉི་ཤུ་གཉིས་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཟས་ཅུང་ཟད་ཙམ་གྱི་ཕྱིར་ཞེས་བྱ་བ་ནི་ཟས་ཆུང་ངུ་ཞིག་གི་ཕྱིར་ཏེ་བཅའ་བ་ལ་སོགས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་དེ་ཉི་ཤུ་གསུམ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།
སྲེད་པ་སྤྱད་པ་ཞེས་བྱ་བ་ནི་འདོད་པ་མང་བའོ། །རབ་རླག་བྱུང་བ་ལ་སྦྱིན་པ་ལ་ལྟུང་བ་མེད་དེ། ཕོངས་པའི་དུས་ཡིན་པའི་ཕྱིར་དང་། སྐྱོན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ལེགས་པར་སྨྲ་བ་ལ་སྦྱིན་པ་ལ་སོགས་པ་ལྟུང་བ་མེད་པ་ནི་འཇིག་རྟེན་ལ་གྲགས་པའི་རྒྱུ་ཡིན་པའི་ཕྱིར་དང་། སྐྱོན་དུ་འགྱུར་བ་
མེད་པའི་ཕྱིར་རོ། །གོས་སྦྱིན་པའི་ལྟུང་བྱེད་དེ་ཉི་ཤུ་བཞི་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།རབ་ཏུ་ཤེས་པ་ཞེས་བྱ་བ་ནི་ངོ་ཤེས་པའོ། །བརྒྱངས་ཏེ་ཞེས་བྱ་བ་ནི་གཏན་པ་བཏིང་སྟེའོ། །བྱེད་ན་ཞེས་བྱ་བ་ནི་འཚེམ་ནའོ། །ཁབ་སྲུབས་བརྩམས་ནས་མཐར་ཟིན་པའི་བར་དུ་
བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ། །གོས་བྱེད་པའི་ལྟུང་བྱེད་དེ་ཉི་ཤུ་ལྔ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།དུས་ཞེས་བྱ་བ་ནི་དུས་བྱ་བར་བརྩམས་པའོ། །མགོ་སྣང་ཙམ་ཞེས་བྱ་བ་ནི་ཐག་རིང་པོ་ནས་མགོ་ཙམ་སྣང་བའོ། །དགེ་སློང་རྣམས་ཀྱིས་དགེ་སློང་མ་རྣམས་ཀྱི་ལམ་
བརྒྱགས་བསྐུར་བར་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་མཚན་ཐ་དད་ཡིན་པས་ལག་ཉར་བླང་བ་དང་། བྱིན་ལེན་བྱ་བའི་ཆོ་ག་དེ་ཡིན་ནོ། །དགེ་སློང་མའི་དོན་མཐུན་ཞེས་བྱ་བ་ནི་དགེ་སློང་མ་དང་འདྲེས་པའི་དོན་མཐུན་ཏེ་དགེ་སློང་མ་གཅིག་པུས་ཀྱང་ཉེས་པ་སྐྱེད་པའི་ཕྱིར་རོ། །འཐམས་ནས་ཞེས་བྱ་
བ་ནི་བརྡ་བྱས་ནས་སོ་ཞེས་བྱ་བ་འདུས་ནས་སོ། །གྲོང་རྒྱང་གྲགས་ཀྱིས་བར་དུ་ཚད་པ་བདུན་ཞེས་བྱ་བ་ནི་ལྟུང་བྱེད་དུ་མར་བསྟན་པའི་དཔེའོ། །གྲོང་སྨོས་པས་ནི་རྒྱང་གྲགས་ཀྱི་མཐའ་བསྟན་པའི་ཕྱིར་རོ། །དགེ་སློང་མ་དང་འགྲོན་ལམ་དུ་འཇུག་པའི་ལྟུང་བྱེད་དེ་ཉི་ཤུ་དྲུག་པའི་ཚིག་རྣམ་པར་བཤད་

པ་རྫོགས་སོ།། །།ཤོ་གམ་གཅིག་པ་ཞེས་བྱ་བ་ལ་སོགས་པ་ནི་གྲུ་དུ་མ་ཡིན་ཡང་ཤོ་གམ་ལ་སོགས་པ་གཅིག་ན་གཅིག་པ་ཉིད་དུ་སྟོན་ཏོ། །གྲོང་རྒྱང་གྲགས་ཀྱིས་བར་དུ་ཆོད་པ་བདུན་བདུན་ཞེས་བྱ་བ་ནི་ཆུའི་ནང་ན་འདུག་ཀྱང་རུང་ཆུའི་འགྲམ་ན་འདུག་ཀྱང་རུང་བར་ཤེས་
པར་བྱའོ། །ཡོ་བ་ཞེས་བྱ་བ་ནི་ཆུའི་གཞུང་ཡོ་བའོ། །གཏིབ་ཆད་པ་ཞེས་བྱ་བ་ནི་ཆུ་ཀླུང་གི་འགྲམ་གཏིབ་ཆད་པ་ཉིད་དོ། །དབའ་ཀློང་ཞེས་བྱ་བ་ནི་ཆུ་སྲུབས་ཆེན་པོ་གཅིག་ཏུ་འཁྱིལ་ཞིང་འཁྲུགས་པའོ། །རུ་སྐྱ་ཞེས་བྱ་བ་ནི་གྲུ་སྨད་ཀྱི་སྐྱ་བ་ཆེན་པོའོ། །གདོས་པ་ཞེས་བྱ་བ་ནི་གསོག་ཤིང་ངོ་། །
རུ་སྐྱ་འཛིན་པ་ཞེས་བྱ་བ་ནི་རླུང་གཡོར་ཐོགས་པའོ། །དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་དེ་ཉི་ཤུ་བདུན་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།དོན་གྱིས་ན་ཞེས་བྱ་བ་ནི་ནོར་དག་འཆར་ཀའི་ཡིན་པའི་ཕྱིར་རོ། །སྟན་ལ་ཞེས་བྱ་བ་ནི་གཞི་ལའོ། །ས་དང་ཁྲི་དང་
ཁྲིའུ་ལ་སོགས་པ་གཞི་གང་ཡང་རུང་བ་ལའོ། །འདོམ་གང་གི་ནང་ཞེས་བྱ་བ་ནི་ཕྱོགས་བཞིར་འདོམ་གང་གི་ནང་ངོ་། །སྒོ་གང་ལ་སོགས་ལ་ལྟུང་བ་མེད་པ་ནི་དབེན་པ་ཉིད་མ་ཡིན་པས་ལམ་ཁ་དང་འདྲ་བའི་ཕྱིར་དངོས་གཞི་མེད་དོ། །སྨན་འཐག་ཏུ་འཇུག་པ་ནི་ཆོས་དང་ལྡན་པའི་ཕྱིར་ཉེས་
བྱས་ཀྱང་མེད་དོ། །གཅིག་པུ་འདུག་པའི་ལྟུང་བྱེད་དེ་ཉི་ཤུ་བརྒྱད་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཕྱག་དར་དང་བཅས་པ་ཞེས་བྱ་བ་ནི་ཕྱག་དར་གྱིས་གང་བའོ། །འགྲེང་ན་ཞེས་བྱ་བ་ནི་མཚོན་པ་སྟེ་སྤྱོད་ལམ་གང་ཡང་རུང་བས་ལྷན་ཅིག་འདུག་ནའོ། །གཅིག་པུ་
འགྲེང་བའི་ལྟུང་བྱེད་དེ་ཉི་ཤུ་དགུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ངའི་སྨད་གཡོགས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་དེར་རབ་ཏུ་བྱུང་བའི་ཚེ་གང་གི་ན་བཟའ་དེ་དག་ལ་སྩལ་བའི་ཕྱིར་རོ། །མཚོན་གྱིས་དྲས་པ་ཞེས་བྱ་བ་ནི་མཚོན་གྱིས་ཁ་ཚར་དང་ཕུན་ཚར་དག་
བཅད་པའོ། །ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་ཅང་མི་སྨྲ་བས་བཅོམ་ལྡན་འདས་ལས་མཉན་ཏོ་ཞེས་བྱ་བ་ནི་ཁྱིམ་བདག་འོག་ནས་འབྱུང་བ་དེ་ལ་ཕན་གདགས་པ་དང་། སྦྱངས་པའི་ཡོན་ཏན་ཅན་དག་ལ་རྐྱེན་གྱི་དབང་གིས་ཡི་དམ་བརྟན་དུ་རུང་བའི་སྐབས་དབྱེ་བ་གླིང་བ་དང་། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ་རིག་པའི་ཕྱིར་ཏེ་མཉན་ཏོ། །ཤཱཀྱའི་བུ་མོ་ཞེས་བྱ་བ་ནི་ཤཱཀྱའི་བུ་སྲིང་ངོ་། །དབྱིག་གི་གདངས་དང་ལྡན་པ་ཞེས་བྱ་བ་ནི་གསེར་སྣོད་ལྟར་སྒྲ་མཐོ་ཞིང་ཟབ་པ་དང་ལྡན་པའི་ཕྱིར་རོ། །ཀླུའི་མིང་ཅན་ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་འོད་སྲུངས་དང་མིང་མཐུན་པའི་ཕྱིར་རོ། །སྒྲ་
ཐྲིག་ཐྲིག་ཟེར་བ་ཞེས་བྱ་བ་ནི་རྐང་པ་གཞག་པའི་ཤུགས་ལས་བྱུང་བའི་སྒྲའོ། །དོན་གྱི་དབང་ཞེས་བྱ་བ་ནི་འབྲས་བུའོ། །སྣང་བ་ཞེས་བྱ་བ་ནི་ཆོས་ཀྱི་སྒོ་མོ་མཐོང་བའོ། །རབ་ཏུ་བྱུང་ནས་ཡུན་རིང་དུ་ལགས་པ་ཞེས་བྱ་བ་ནི་གཞོན་ནུ་ནས་ཚངས་པར་སྤྱོད་པའོ། །ཚངས་པར་སྤྱོད་པ་མངོན་པར་སྤྱད་
པ་ཞེས་བྱ་བ་ནི་འཕགས་པའི་ལམ་རྟོགས་པའོ། །བཀུར་བ་ཞེས་བྱ་བ་ནི་ཡིད་ཆེས་པར་བྱས་པའོ། །འདི་ནི་རེ་ཞིག་བྱུང་བ་ཡིན་ཏེ་ཞེས་བྱ་བ་ནི་དགེ་སློང་མས་ཀླུའི་མིང་ཅན་ཞེས་བྱ་བ་ཙམ་གྱིས་བསྔགས་པ་བརྗོད་པའི་ཕྱིར་རོ། །རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་
མཛད་དོ་ཞེས་བྱ་བ་ནི་དགེ་སློང་མས་སྦྱར་དུ་བཅུག་པ་མེད་པའི་ཕྱིར་རོ། །སྦྱོར་དུ་བཅུག་ཅེས་བྱ་བ་ནི་བསྐུལ་ཏེ་སྦྱོར་དུ་བཅུག་པའོ། །བཀྲ་ཤིས་ཞེས་བྱ་བ་ནི་ནང་གི་བདེ་བའོ། །བདེ་བ་ཞེས་བྱ་བ་ནི་ཕྱི་རོལ་གྱི་བདེ་བའོ། །ས་བོན་གྱི་སྐྱིན་པ་ཞེས་བྱ་བ་ནི་ས་བོན་བསབ་པ་ཙམ་མོ། །གལ་ཏེ་ཁྱོད་ཀྱི་ཚིག་སྔ་
མ་བདེན་ན་ནི་ཕྱི་མ་བརྫུན་ལ་ཞེས་བྱ་བ་ལ་སོགས་པ་ནི་བརྫུན་དུ་སྨྲ་བའི་ཕྱིར་དེའི་ཚིག་ལ་ངེས་པ་མ་སྐྱེས་པས་ཐེ་ཚོམ་དང་བཅས་བཞིན་དུ་མི་འཇུག་པ་སྟེ་ལྟུང་བ་དང་བཅས་ན་མི་རུང་ངོ་སྙམ་དུ་བསམས་པའོ། །སྔར་ཁྱིམ་དུ་བོས་པ་ཞེས་བྱ་བ་ནི་སྔར་ཁྱིམ་དུ་མགྲོན་དུ་བོས་ཟིན་པའོ། །ཚུལ་ཁྲིམས་ཀྱི་
སྦྱོར་དུ་བཅུག་པ་ཞེས་བྱ་བ་ནི་འདིར་ཚུལ་ཁྲིམས་ཞེས་སྨོས་པས་ནི་ཚུལ་ཁྲིམས་ཀྱི་འབྲས་བུ་དགྲ་བཅོམ་པ་ཉིད་ཀྱི་མཐར་ཐུག་པའི་བར་དང་བཅས་པ་བསྟན་པའོ། །ཐོས་པ་དང་ཞེས་བྱ་བ་ནི་དེ་དག་འཐོབ་པའི་ཐབས་བསྟན་ཏོ། །གསང་ཕྱེ་ཞེས་བྱ་བ་ནི་ནས་དྲུས་པའི་ཕྱེའོ། །ཐ་མར་ཞེས་བྱ་བ་ནི་
སར་པ་ཞུས་པའོ། །འགྱུར་བྱེད་ཀྱི་ལན་ཚྭ་ཞེས་བྱ་བ་ནི་དྲི་ང་ཞིང་བཙོ་མ་ཡིན་པའོ། །རྒྱམ་ཚ་ཞེས་བྱ་བ་ནི་ཚ་དཀར་པོའོ། །བ་ཚ་ཞེས་བྱ་བ་ནི་འབུས་པའོ། །རྒྱ་མཚོའི་ཚ་ཞེས་བྱ་བ་ནི་རྒྱ་མཚོའི་ནང་ནས་འབྱུང་བའོ། །ཟན་སྤགས་ཞེས་བྱ་བ་ནི་ཟན་དང་ལྷན་ཅིག་བཟའ་བ་ལྡུམ་ལ་སོགས་པའོ། །

ཚོགས་པ་ཞེས་བྱ་བ་ནི་ཤ་ཚོག་གོ། །བཙོས་པ་ཞེས་བྱ་བ་ནི་ཇུ་ཚེའི་རྣམ་པའོ། །ཞོ་ཐུག་ཅེས་བྱ་བ་ནི་ཞོ་སྐའོ། །མོན་ཁུར་ཞེས་བྱ་བ་ནི་བ་ལམ་མུན་བུ་ཕུ་ཐེའུའོ། །བརྔོ་ཚོད་ཞེས་བྱ་བ་ནི་ལྡམ་ལྡུམ་གྱིས་བརྔོས་པའི་ཚོད་མའོ། །ཧགས་ཚོད་ཅེས་བྱ་བ་ནི་ཧྭགས་དང་བསྲེས་
པའི་ཚོད་མའོ། །གལ་ཏེ་དེ་ཤེས་བཞིན་དུ་ཞེས་བྱ་བ་ནི་དགེ་སློང་མས་སྦྱོར་དུ་བཅུག་པ་ཉིད་དུ་ཤེས་བཞིན་ཏེ་གཞན་དུ་ན་མ་ཡིན་ནོ། །བདེན་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ནི་སྒྲོ་བཏགས་པ་མེད་པའི་ཕྱིར་རོ། །དགེ་སློང་མས་སྦྱོར་དུ་བཅུག་པ་ཟ་བའི་ལྟུང་བྱེད་དེ་སུམ་ཅུ་པའི་ཚིག་རྣམ་པར་
བཤད་པ་རྫོགས་སོ།། །།དབྱུང་བ་ཞེས་བྱ་བ་ནི་ལག་པ་ལ་སོགས་པས་དབྱུང་བའོ། །ལྟུང་བ་ཞེས་བྱ་བ་ནི་འོག་ཏུ་འགྲོ་བའོ། །རྣམ་པར་འཐོར་བ་ཞེས་བྱ་བ་ནི་ཐད་ཀར་འགྲོ་བ་འམ། སྡུག་བསྔལ་བའི་ལུས་རྣམ་པར་འཐོར་བའོ། །རྣམ་པར་འཇིག་པ་ཞེས་བྱ་བ་ནི་འདོར་བ་སྟེ་འཆི་འཕོ་བའི་
མཚན་མ་བྱུང་ནས་སྐྱེ་བོ་བྱམས་པ་ལ་སོགས་པས་ཡོངས་སུ་སྤོང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཚོལ་བ་དང་ཆགས་པ་ཞེས་བྱ་བ་ནི་ལོངས་སྤྱོད་ལ་སོགས་པའོ། །གོང་དུ་ཁྱད་པར་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའོ། །ཆ་ལྔ་པ་ཞེས་བྱ་བ་ནི་རིག་པ་ལྔ་པའོ། །ཤར་གྱི་ལུས་འཕགས་
ཞེས་བྱ་བའི་གླིང་གི་མིང་སྟེ། འདི་ནས་ཤར་ཕྱོགས་ཡིན་པའི་ཕྱིར་དང་། མི་ལུས་འཕགས་པ་དག་ན་གནས་པའི་ཕྱིར་རོ། །ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བ་ནི་འདི་ནས་ནུབ་ཕྱོགས་ཡིན་པའི་ཕྱིར་དང་། དེ་ན་ཉོ་ཚོང་གི་ཐ་སྙད་ལ་བ་ལང་དང་སྤྱོད་པའི་ཕྱིར་རོ། །བྱང་གི་སྒྲ་མི་སྙན་ཞེས་བྱ་བ་ནི་འདི་
ནས་བྱང་ཕྱོགས་ཡིན་པའི་ཕྱིར་དང་། མིའི་སེང་གེ་སྟེང་ན་སྒྲ་སྒྲོགས་པ་དག་གནས་པའི་ཕྱིར་རོ། །འཛམ་བུའི་གླིང་ཞེས་བྱ་བ་ནི་འཇིག་རྟེན་མངོན་པར་འགྲུབ་པའི་ཚེ་ན་སྐྱེས་པའི་ཤིང་ཆེན་པོ་འཛམ་བུ་ཞེས་བྱ་བས་མཚོན་པའི་ཕྱིར་རོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་བྲི་བར་
བྱའོ་ཞེས་བྱ་བ་ནི་ཉོན་མོངས་པའི་རྩ་བ་ཡིན་པའི་ཕྱིར་འཁོར་བ་ཉོན་མོངས་པའི་དབང་དུ་བསྟན་པའི་ཕྱིར་ཏེ། འདོད་ཆགས་ནི་ཕུག་རོན་གྱི་གཟུགས་སམ་བུད་མེད་ཀྱི་གཟུགས་སུ་བྲི་ཞེ་སྡང་ནི་སྦྲུལ་གྱི་གཟུགས་སུ་བྲི། གཏི་མུག་ནི་ཕག་གི་གཟུགས་སུ་བྲིའོ་ཞེས་བྱ་བ་འདུལ་བ་རྣམ་པར་

བཤད་པ་ལས་གསུངས་སོ། །སངས་རྒྱས་ཀྱི་སྐུ་གཟུགས་མྱ་ངན་ལས་འདས་པའི་དཀྱིལ་འཁོར་དཀར་པོ་སྟོན་པ་བྲི་བར་བྱའོ་ཞེས་བྱ་བའི་འཁོར་བ་ལས་ངེས་པར་འབྱུང་བའི་ཐབས་སྟོན་པར་མཛད་པ་བསྟན་པའི་ཕྱིར་རོ། །རྫུས་ཏེ་སྐྱེ་བའི་སེམས་ཅན་ཞེས་བྱ་བ་ནི་བར་མ་དོའི་སྲིད་པའི་
སེམས་ཅན་ནོ། །ཟོ་ཆུན་ཁྱུད་མོའི་ཚུལ་གྱིས་ཞེས་བྱ་བ་ནི་ཇི་ལྟར་ཆུ་བཅུ་པའི་འཁྲུལ་འཁོར་གྱི་ཟོ་ཆུན་ཁྱུད་མོའི་ཟོ་བ་ཁ་ཅིག་འབྱུང་བར་བྱེད་པ་དེ་བཞིན་དུ་འགྲོ་བ་ལྔ་པའི་འཁོར་ལོའི་ཁོ་ར་ཁོར་ཡུག་ཏུ་རྫུས་ཏེ་སྐྱེས་པའི་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་དག་ཀྱང་བྲི་བར་བྱ་སྟེ་སྐྱོ་བ་སྐྱེད་
པ་ཞེས་བྱ་བའི་ཐ་ཚིག་གོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བ་དང་ལུགས་ལས་ཟློག་པ་དག་བྲི་བར་བྱའོ་ཞེས་བྱ་བ་ནི་འཁོར་བར་འཇུག་པ་དང་འཁོར་བ་ལས་བཟློག་པའི་རྒྱུ་བསྟན་པའི་ཕྱིར་ཏེ། དེ་ལ་མ་རིག་པ་ནི་བུད་མེད་ཉིད་མ་འདྲེས་པར་བྲི་བར་
བྱའོ། །འདུ་བྱེད་རྣམས་ནི་རྫ་མཁན་སྣོད་དག་མངོན་པར་འདུ་བྱེད་པའོ། །རྣམ་པར་ཤེས་པ་ནི་སྤྲེའུའི་གཟུགས་སུའོ། །མིང་དང་གཟུགས་ནི་བུད་མེད་དང་སྐྱེས་པའོ། །སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་པོ་དག་ཡུལ་ཐ་དད་པ་ལ་ཆགས་པ་དག་གོ། །རེག་པ་ནི་བུད་མེད་དང་སྐྱེས་པ་ལུས་
ཀྱི་རིག་པ་ཀུན་དུ་སྤྱོད་པའོ། །ཚོར་བ་ནི་སྐྱེས་པ་སྡུག་བསྔལ་གྱི་ཚོར་བ་མྱོང་བར་བྱེད་པའོ། །སྲེད་པ་ནི་བུད་མེད་བུ་འཚོ་བའོ། །ལེན་པ་ནི་བུད་མེད་ལ་མངལ་གནས་པ་འཇུག་པའོ། །སྲིད་པ་ནི་མངལ་ན་གནས་པ་དེ་ཉིད་འབྲང་བའོ། །སྐྱེ་བ་ནི་འབྲངས་པ་དེ་ཉིད་སྐྱེ་བའོ། །རྒ་བ་ནི་སྐྱེས་
པ་རྒས་ཤིང་འཁོགས་པའོ། །ཤི་བ་ནི་མི་ཤི་བའི་གཟུགས་སུ་བྲིའོ་ཞེས་འདུལ་བ་རྣམ་པར་བཤད་པ་ལས་གསུངས་སོ། །ཐམས་ཅད་ནི་མི་རྟག་པས་གཟུང་བར་བྲི་བར་བྱའོ་ཞེས་བྱ་བ་ནི་འཁོར་བ་ཐམས་ཅད་ལ་བྱང་ཆུབ་ཀྱི་མཐར་ཐུག་པ་མན་ཆད་ལ་འགའ་ཡང་རྟག་པར་གནས་པ་མེད་
པར་བསྟན་པའི་ཕྱིར་རོ། །ཚིགས་སུ་བཅད་པ་གཉིས་བྲི་བར་བྱ་བ་ནི་འཁོར་བ་ལས་ངེས་པར་འབྱུང་བའི་ཐབས་རྒྱུ་དང་བཅས་པ་བསྟན་པའི་ཕྱིར་རོ། །འཇིག་རྟེན་གྱི་གཏམ་རྒྱུད་ཅེས་བྱ་བ་ནི་འཇིག་རྟེན་པའི་དོན་དང་འབྲེལ་པའི་གཏམ་རྒྱུད་དེ་ཀ་ཏམ་པའི་རི་ལ་སོགས་པ་ལྟ་བུའོ། །

ཆེར་ཞེས་བྱ་བ་ནི་ལྷག་པར་རོ། །ཆེས་བསྲབ་པ་ཞེས་བྱ་བ་ནི་སྦྱོར་བས་སོ། །ཆེས་ཆུང་བ་ཞེས་བྱ་བ་ནི་བསམས་པས་སོ། །ཀུན་ཤེས་པ་རྟོགས་པར་གྱུར་ན་ཞེས་བྱ་བ་ནི་བྱང་ཆུབ་རྟོགས་པར་གྱུར་ནའོ། །ལྔ་པ་ཚངས་པར་སྤྱོད་པ་བསླབ་པའི་གཞི་དག་ཅེས་བྱ་བ་ནི་ཇི་སྲིད་
འཚོའི་བར་དུ་བསླབ་པའི་གཞི་ལྔ་ཡང་དག་པར་བླངས་པའི་དགེ་བསྙེན་གྱི་བྱེ་བྲག་སྟེ། དེ་ལ་དགེ་བསྙེན་གཞན་ནི་སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། བརྫུན་སྨྲ་བ་སྤོང་བ་དང་། ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤོང་བ་དང་། ལྔ་པ་འདོད་
པ་ལ་ལོག་པར་གཡེམ་པ་སྤོང་བའི་བསླབ་པའི་གཞི་དག་བླངས་པ་ཡིན་གྱི་འདི་ནི་ལྔ་པ་མི་ཚངས་པར་སྤྱོད་པ་སྤྲོས་པ་ལས་བྱུང་བའི་ཆོས་གཏན་སྤངས་པ་ཡིན་པས་ལྔ་པ་ཚངས་པར་སྤྱོད་ཅེས་བྱ་བ་སྟེ། ཁྱིམ་སྤངས་པའི་དགེ་བསྙེན་བསླབ་པའི་གཞི་ལྔ་བླངས་པ་ཡིན་ནོ། །སྐྲ་ཡེངས་ཞེས་བྱ་བ་ནི་
སྐྲ་དག་འཛིངས་པའོ། །ཁྱིམ་གཅིག་པ་ཞེས་བྱ་བ་ནི་ཁང་པ་སློང་བའོ། །གསར་དུ་དུལ་བ་ཞེས་བྱ་བ་ནི་དང་པོར་ཞུགས་པའོ། །སྣོད་སྤྱད་ཅེས་བྱ་བ་ནི་རྫུ་འཕྲུལ་ལ་སོགས་པའོ། །གནས་མ་ལ་ཞེས་བྱ་བ་ནི་ཁྱེའུ་ལ་སོགས་པའོ། །ལྷག་པའི་ཆོས་ཞེས་བྱ་བ་ནི་འཇུར་ལྷག་པའོ། །དེ་ནི་མེ་ཏོག་
གི་ཡིན་གྱི་ཞེས་བྱ་བ་ནི་འཁོར་བའི་དབང་ཕྱུག་གོ། །འབྲས་བུ་གཞན་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་ཟག་པ་མེད་པ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་འབྲས་བུའོ། །གྲོང་ཁྱེར་གྱི་ཚོང་དཔོན་ཞེས་བྱ་བ་ནི་གྲོང་ཁྱེར་ན་གནས་པ་ཐམས་ཅད་ཀྱི་ཚོང་པ་རྣམས་ཀྱི་
དཔོན་པོའོ། །བསོད་ནམས་ཆེ་བར་གྲགས་པ་ཞེས་བྱ་བ་ནི་བསོད་ནམས་ལྷག་པའོ། །འཕྲལ་ལ་ཞེས་བྱ་བ་ནི་རིམ་པ་མ་ཡིན་པར་ཡིན་ཏེ་མྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །མངོན་པར་མཐོ་བས་ཞེས་བྱ་བ་ནི་དར་བའོ། །དཔལ་གྱིས་འབྱོར་པ་ཞེས་བྱ་བ་ནི་ཤིན་པ་བཟང་པོའོ། །འདི་ནི་རེ་ཞིག་བྱུང་བའོ་
ཞེས་བྱ་བ་ནི་མགྲོན་དུ་བོས་པས་གཉིས་པ་ཟོས་པའི་ཕྱིར་རོ། །རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ་ཞེས་བྱ་བ་ནི་འཇིག་རྟེན་དག་ཁ་ཟེར་བར་མ་གྱུར་པས་ཚུལ་དང་མི་མཐུན་པ་མ་སྐྱེས་པ་དགོངས་པའི་ཕྱིར་རོ། །ཨ་མྲ་ནའི་ཁུར་བ་ཞེས་བྱ་བའི་ཨ་མྲའི་

འབྲས་བུ་གཞོན་ནུ་དག་ལས་བྱས་པའི་བཅའ་བའོ། །བསླབ་པའི་གཞི་བཅའ་བར་བཞེད་ཅེས་བྱ་བ་ནི་བཅོམ་ལྡན་འདས་དང་མི་ཉེ་བ་ན་ཁྱིམ་བདག་དྲག་ཤུལ་ཅན་གྱི་ཚུལ་དང་མི་མཐུན་པར་སྨོད་པར་ནུས་ཀྱི་གཞན་དུ་ན་མི་ནུས་པས་དེའི་ཕྱིར་བཅོམ་ལྡན་འདས་དེར་མ་གཤེགས་སོ་ཞེས་བྱ་བར་བསམས་
སོ། །ཀླན་ཀ་ཞེས་བྱ་བ་ནི་གླེང་བའོ། །སྤྱོས་ཞེས་བྱ་བ་ནི་ཉེ་བར་སྦྱར་བའོ། །ཡང་ཡང་ཟ་བ་ཞེས་བྱ་བ་ནི་གོང་ནས་གོང་དུ་མགྲོན་དུ་བོས་པའི་ཟས་ཟ་བའོ། །གཅིག་ཏུ་བརྩོན་པར་བགྱི་བ་ཞེས་བྱ་བ་ནི་ངེས་པར་བརྩལ་བར་བྱའོ། །དགེ་འདུན་བཀྲབས་པ་དག་ཅེས་བྱ་བ་ནི་བསྔོས་པ་དག་གོ། །ཟན་གཅད་པ་
བསྒྲུབས་ཞེས་བྱ་བ་ལ། བསྒྲུབས་ཞེས་བྱ་བ་ནི་བྱས་ཞེས་བྱ་བའི་ཐ་ཚིག་གོ། །ངོས་ཀྱི་ཁྱིམ་ཚེས་དག་ཅེས་བྱ་བ་ནི་ངོས་ཀྱི་ཕྱོགས་དག་ན་འཁོད་པའི་སྡུམ་ཚེས་དག་གོ། །ཕྱག་དར་རེ་ལྡེ་ཙམ་ཞེས་བྱ་བ་ནི་ཁྲུ་བཞི་ཙམ་ཕྱགས་ཞེས་བྱ་བའི་ཐ་ཚིག་གོ། །བ་མལ་ཞེས་བྱ་བ་ནི་བ་ལང་གཅིག་གི་
གནས་ནས་སོ། །དེའི་ཕྱེད་དུ་སོང་སྟེ་ཕྱིར་ལོག་ཅེས་བྱ་བ་ནི་དཔག་ཚད་ཕྱེད་ཀྱི་ཕྱེད་དུ་སོང་སྟེ་ཕྱིར་ལོག་ན་སྟེ། དཔག་ཚད་ཀྱི་བཞི་ཆར་སོང་ཞིང་ཕྱིར་ཡང་ལོག་ནའོ། །རས་ཡུག་ཕྲན་ནམ་རས་ཡུག་ཆེན་པོ་ཐོབ་ན་ཞེས་བྱ་བ་ནི་ཁྲུ་གང་གི་ཚད་ཡན་ཆད་དོ། །གོས་དང་བཅས་པ་ཞེས་བྱ་བ་ནི་
གོས་ཡོད་པའོ། །གོས་མེད་པ་ཞེས་བྱ་བ་ནི་གོས་ཀྱིས་སྟོངས་པའོ། །གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་པ་ཞེས་བྱ་བ་ནི་གོས་ཀྱང་ཡོད་ཅིང་གོས་ཀྱི་རིན་ཡང་ཡོད་པའོ། །གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པ་ཞེས་བྱ་བ་ནི་གོས་ཀྱིས་ཀྱང་སྟོངས་ཤིང་གོས་ཀྱི་རིན་གྱིས་ཀྱང་སྟོང་
པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་སྔ་མ་གོས་དང་བཅས་ཤིང་གཉིས་པ་གོས་དང་བཅས་པའམ་གོས་མེད་པའམ། གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་པ་འམ་གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པའི་མུ་བཞི་པ་གཅིག་དང་། སྔ་མ་གོས་མེད་ཅིང་གཉིས་པ་ཡང་གོས་མེད་
པ་དང་གོས་དང་བཅས་པ་འམ། གོས་དང་བཅས་ཤིང་གོས་ཀྱི་རིན་དང་བཅས་པ་འམ། གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པའི་མུ་བཞི་པ་གཅིག་དང་། སྔ་མ་གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་ཤིང་། གཉིས་པ་ཡང་གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་

པ་འམ། གོས་དང་བཅས་པའམ། གོས་མེད་པ་འམ། གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པའི་མུ་བཞི་པ་གཅིག་དང་། སྔ་མ་གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་ཅིང་གཉིས་པ་ཡང་གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པ་འམ། གོས་དང་བཅས་པའམ། གོས་མེད་
པ་འམ་གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་པའི་མུ་བཞི་པ་གཅིག་སྟེ། སྤྱིར་མུ་བཞི་པ་བཞི་བསྟན་ཏོ། །གཉིས་པ་སྤང་བར་བྱ་བ་འམ། གཞན་ལ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་ཡང་གོས་མེད་པ་དང་། གོས་ཀྱི་རིན་ཡང་མེད་པ་ཉིད་ཡིན་ན་ཉེས་བྱས་དང་ལྟུང་བྱེད་དུ་འགྱུར་
བས་སྤང་བར་བྱ་བ་ཡིན་ནོ། །སྔ་མ་ནི་ལྟུང་བ་མེད་ཅེས་བྱ་བ་ནི་གོས་དང་བཅས་པ་འམ། གོས་མེད་པ་འམ་གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་པ་འམ། གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པ་གང་ཡིན་ཡང་རུང་སྟེ། དང་པོ་ཡིན་པས་དེ་ལ་ཡང་ཡང་ཟ་བའི་ཉེས་པར་མི་འགྱུར་
བའི་ཕྱིར་རོ། །ཡང་ཡང་ཟ་བའི་ལྟུང་བྱེད་དེ་སུམ་ཅུ་གཅིག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།འདུག་གནས་སོ་ཞེས་བྱ་བ་ནི་ཆོས་འདི་པ་དང་གཞན་མུ་སྟེགས་ཅན་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་གནས་ཐུན་མོང་ངོ་། །ཆོ་འཕྲུལ་ཆེན་པོ་ཞེས་བྱ་བ་ནི་སེམས་ཅན་སྡུད་པར་མཛད་
པའི་ཡ་མཚན་བླ་ན་མེད་པའོ། །ཚར་གཅད་ཅེས་བྱ་བ་ནི་བསྡིགས་པའོ། །ཀུན་དུ་དགའ་བར་མཛད་ཅེས་བྱ་བ་ནི་རབ་ཏུ་དད་པར་མཛད་པའོ། །རངས་པར་མཛད་ཅེས་བྱ་བ་ནི་ཐ་མལ་པར་གནས་པར་མཛད་པའོ། །ཆོས་ཐོབ་པར་གྱུར་ཅིག་ཅེས་བྱ་བ་ནི་ཤིས་པ་བརྗོད་པའོ། །ངོ་ཚ་དང་ཁྲེལ་ཡོད་བོར་བ་ཞེས་
བྱ་བ་ནི་འཇིག་རྟེན་གཉིས་ཀ་ལ་ལྟོས་པའི་འཛེམ་པ་དང་བྲལ་བའོ། །ཚྭ་སྒོ་ཅན་ཞེས་བྱ་བ་ནི་ལོག་པར་གཡེམ་པ་སྟེ་ཡོན་ཏན་གྱི་ཞིང་ཉིད་ལ་བྱས་པ་ལྟ་བུའི་འབྲས་བུ་མི་སྐྱེ་བའི་ཕྱིར་རོ། །དགོན་དུང་ཞེས་བྱ་བ་ནི་ངོ་ཚ་མེད་པའི་སྒྲིབ་པས་ཟིལ་གྱིས་ནོན་པའི་ཕྱིར་རོ། །ཐ་ཆད་ཅེས་བྱ་བ་ནི་དམ་པ་རྣམས་
ཀྱིས་སྨད་པའི་ཕྱིར་རོ། །སྡིག་པ་ཅན་གྱིས་གཞི་ཞེས་བྱ་བ་ནི་དམ་པ་མ་ཡིན་པའི་ཆོས་ཉན་པ་ལ་སོགས་པ་དོན་མེད་པའི་རྒྱུར་གྱུར་པ་ཡིན་པའི་ཕྱིར་རོ། །ཕྲི་ཞེས་བྱ་བ་ནི་གཅད་པའོ། །ཤེས་པ་ཅན་རེམ་ཅིག་ཅེས་བྱ་བ་ནི་བརྡའི་ཚིག་སྟེ་བརྡེག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ཚེ་དང་ལྡན་པ་དག་ཤིན་ཏུ་རེམ་

ཅིག་ཅེས་བྱ་བ་ནི་དྲུག་སྡེ་དག་གི་བརྡའི་ཚིག་སྟེ་དེ་དག་བརྡེག་པར་བསྐུལ་བའི་ཚིག་གོ། །དགེ་སྦྱོང་གཡུལ་འགྱེད་པ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་དག་རྡོལ་ཐབས་འགྱེད་པས་སོ། །ཆར་འབབ་པར་འགྱུར་རོ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་རྡོལ་ཐབས་འགྱེད་པ་ངོ་མཚར་ཆེ་བར་སྣང་བ་ལས་བསམས་སོ། །མེ་མདག་
ཞི་བར་མ་གྱུར་ཅིང་ཅེས་བྱ་བ་ནི་མེ་མ་ཤི་བའོ། །འཇིག་རྟེན་རྒྱང་པན་ཞེས་བྱ་བ་ནི་འཇིག་རྟེན་རྒྱང་པན་པའི་བསྟན་བཅོས་ཀློག་པ་སྟེ་མེད་པར་ལྟ་བ་ཞེས་བྱ་བའི་ཐ་ཚིག་གོ། །འགྱེད་འདོད་ཅེས་བྱ་བ་ནི་རྩོད་པར་འདོད་པའོ། །འགྱེད་པ་ཡོ་བྱད་ཅེས་བྱ་བ་ནི་འགྱེད་པའི་ཚོགས་ཏེ་ཤང་ལང་དང་གཟུ་བོ་ལ་
སོགས་པའོ། །ཁོ་བོ་ཁྱོད་དང་ལྷན་ཅིག་འགྱེད་པར་མི་འདོད་ཀྱི་ཞེས་བྱ་བ་ནི་ཁོ་བོ་དང་འགྱེད་པས་འདུལ་བ་མ་ཡིན་ནོ་སྙམ་དུ་བསམས་པའོ། །འགྱེད་པ་ལྷག་མ་དང་བཅས་པར་བཏང་ཞེས་བྱ་བ་ནི་དེའི་ཕྱོགས་ཐམས་ཅད་དུ་སུན་མ་ཕྱུང་བར་བཏང་བར་ཞེས་བྱ་བའི་ཐ་ཚིག་གོ། །ཚོགས་ཅན་གཉིས་
པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་ལྟོས་ནས་ཚོགས་དང་སྤྱོད་པ་གཉིས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་དམག་དཔོན་ཞེས་བྱ་བ་ནི་ལམ་གྱི་ཆོས་དང་བཤད་པའི་ཆོས་ཀྱི་ཡོངས་སུ་འདྲེན་པ་སྟེ་ཡང་དག་པར་རྗེས་སུ་བསྲུང་བའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་རྗེས་བསྐོར་བ། །
ཞེས་བྱ་བ་ནི་ལམ་གྱི་མཚན་ཉིད་ཀྱི་ཆོས་ཀྱི་འཁོར་ལོ་དང་པོ་བཅོམ་ལྡན་འདས་ཀྱིས་གདུལ་བའི་རྒྱུད་དག་ལ་འཇུག་པར་མཛད་པ་དེ་ཕྱིས་འདིས་ཡང་འཇུག་པར་བྱེད་པའི་ཕྱིར་རོ། །རིག་པའི་གནས་ཞེས་བྱ་བ་ནི་བསྟན་བཅོས་སོ། །དབྱུག་པའི་རིག་པ་ཞེས་བྱ་བ་ནི་དབྱུག་པ་དག་གིས་བརྡེག་
པས་སོ། །ལུས་ལ་ཆོས་བཤད་ཅེས་བྱ་བ་ནི་ལུས་གནད་པར་བྱ་བའོ། །འདུག་གནས་གཅིག་ཏུ་ཞེས་བྱ་བ་ནི་མང་པོ་དག་གི་གནས་ཐུན་མོང་བ་གཅིག་ཏུའོ། །གདུགས་ཚོད་ཡོལ་ཞེས་བྱ་བ་ནི་ཟན་གྱི་དུས་ལས་སོ། །པུས་འཁྱུད་ཅེས་བྱ་བ་ནི་རྐེད་ཆིངས་སོ། །དེར་གནས་ཤིང་ཞེས་བྱ་བ་ནི་ནུབ་
གཉིས་པར་རོ། །དེར་གནས་པ་ལ་ཉེས་བྱས་སུ་འགྱུར་ཞེས་བྱ་བ་ནི་གནས་པ་ཙམ་གྱིས་ལོངས་སྤྱོད་ཡོངས་སུ་རྫོགས་པར་མི་འགྱུར་བས་ཉེས་བྱས་སུ་འགྱུར་རོ། །དེར་ཟ་བ་ལ་ལྟུང་བྱེད་དུ་འགྱུར་ཞེས་བྱ་བ་ནི་ཟ་བས་ལོངས་སྤྱོད་ཡོངས་སུ་རྫོགས་པའི་ཕྱིར་དངོས་གཞི་ཉིད་དོ། །ཚོགས་ཀྱི་ཞེས་བྱ་བ་

ནི་ཚོགས་ཀྱི་འདུག་གནས་ཏེ་རབ་ཏུ་བྱུང་བའི་ཚོགས་ཁ་ཅིག་རྣམ་པར་བཅད་པ་ལ་ཕུལ་བའི་འདུག་གནས་ཡིན་ན་ཐུན་མོང་མ་ཡིན་པའི་ཕྱིར་དེ་ལ་མི་མཐུན་པར་མི་འགྱུར་བས་ལྟུང་བ་མེད་དོ། །ཉེ་དུའི་ཞེས་བྱ་བ་ནི་ཉེ་དུས་བྱེད་དུ་བཅུག་པའི་འདུག་གནས་ཏེ། དེ་ལ་བདག་ཉིད་ཡིན་
པའི་ཕྱིར་དེ་ལ་མི་མཐུན་པར་མི་འགྱུར་བས་ལྟུང་བ་མེད་དོ། །སྦྱིན་བདག་ན་རེ་དེ་ཉིད་དུ་འདུག་ཤིག་ཅེས་ཟེར་བ་ལ་ལྟུང་བ་མེད་དོ། །དེར་སྦྱིན་བདག་གིས་མགྲོན་དུ་བོས་ན་དེ་དེར་གང་ཟག་ཉིད་དུ་འགྱུར་བས་ཐུན་མོང་པའི་ཕྱིར་ལྟུང་བ་མེད་དོ། །འདུག་གནས་སུ་ཟ་བའི་ལྟུང་བྱེད་དེ་སུམ་ཅུ་གཉིས་
པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།རྩུབ་པའི་རི་ཞེས་བྱ་བ་ནི་རི་རྩུབ་མོ་མི་མཉམ་པ་སྟེ་དེས་ནི་བྱང་ལམ་གྱི་རི་རྩུབ་མོ་དག་གི་ཉེས་པ་བརྗོད་དོ། །འདིར་རྒྱུ་བསྟན་པའི་ཕྱིར། རྩུབ་པའི་རི་དག་ཇི་བཞིན་དུ། །རི་ལ་འཁོད་པ་འང་དེ་བཞིན་ནོ། །ཞེས་བྱ་བ་གསུངས་ཏེ། འདིས་