Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 157
Văn bản gốc(Tây Tạng)
Trang 11 / 14 (50.000 ký tự/trang)
ནི་བྱང་ ལམ་གྱི་རི་རྩུབ་པོ་དག་ཇི་ལྟ་བ་བཞིན་དུ་རི་ལ་འཁོད་པའི་མི་དག་ཀྱང་དེ་བཞིན་ནོ་ཞེས་བྱང་ལམ་པའི་ཚོང་པ་དག་ལ་མཛའ་གཅུགས་ཀྱི་འཇམ་པ་ཉིད་མེད་པར་བསྟན་ཏོ། །བཅོས་མེད་མཛའ་གཅུགས་ཅན་ཉིད་ཡིན་པར་བསྟན་པའི་ཕྱིར། རི་ལ་འཁོད་པ་དང་པོར་ནི། །གསེར་དག་བདར་བ་ཇི་ བཞིན་ཏེ། །ཞེས་བྱ་བ་གསུངས་ཏེ། རི་ལ་འཁོད་པའི་མི་བྱང་ལམ་པ་རི་ཁྲོད་པ་དག་ནི་དང་པོ་མཐོང་བའི་ཚེ་ན་གསེར་བཟང་བདར་གྱིས་བདར་བ་མཛེས་ཤིང་འོད་ཆགས་པ་བཞིན་དུ་ཚིག་འཇམ་པ་དང་ལུས་ཀྱི་ཚུལ་གུས་པར་སྟོན་ཏོ། །མི་ལ་འཚེ་བ་རྣམ་བརྟགས་ན། །རི་དག་ཇི་ལྟར་དེ་བཞིན་ནོ། ། ཞེས་བྱ་བ་ནི་བྱང་ལམ་པའི་ཚོང་པ་ཁ་བྱམས་ཤིང་སྙིང་སྡང་བའི་མི་ལ་འཚེ་བ་དག་ནི་གཞན་གྱིས་བག་ཕབ་སྟེ་རང་བཞིན་ཇི་འདྲ་བ་རྣམ་པར་བརྟགས་ན་རི་དག་བརྐོས་ཤིང་བརྟགས་ན་ནང་ན་དབྱིག་ལ་སོགས་པའི་སྙིང་པོ་ཇི་ཡང་མེད་དོ། །ས་རྡུལ་དང་རྡོ་བ་ལ་སོགས་པ་བྱུང་བ་བཞིན་དུ་མཛའ་ གཅུགས་ཀྱི་གཟུགས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཐབ་སྣོད་ལྟ་བུ་ཞེས་བྱ་བ་ནི་སྣོད་ཆེན་པོ་སྟེ་ཐབ་ཀྱི་སྒྱེད་པོ་ལ་གཟུགས་པའི་སྣོད་ཆེན་པོ་དང་འདྲ་བའི་ལྷུང་བཟེད་ཚད་ལས་འདས་པ་ཆེ་བར་ཞེས་བྱ་བའི་ཐ་ཚིག་གོ། །ཉེ་འཁོར་ཐིབས་པོ་ཞེས་བྱ་བ་ནི་ཁོ་ར་ཁོར་ཡུག་ན་ཚང་ཚིང་ལ་སོགས་པ་ འཛིངས་པའི་ཐིབས་པོ་དག་ཡོད་པའི་ཕྱིར་རོ། །གཡར་ཞེས་བྱ་བ་ནི་བཀྲ་མི་ཤིས་པ་ཞེས་བྱ་བའི་ཐ་ཚིག་གོ། །བུ་མོས་ཡོངས་སུ་དུབ་པ་ཞེས་བྱ་བ་ནི་བུ་མོས་སྐྱོ་བའོ། །དེས་ཚིགས་སུ་བཅད་པ་དག་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ལ། རྒྱ་སྐྱེགས་ཤིང་གི་སོ་ཤིང་བྱེད་པ་དང་། ནུབ་ཏུ་སྔས་ བསྟན་ཏེ་ཉལ་བ་དང་། ཤིན་ཏུ་གཉིད་ཆེ་བ་ཞོ་འཐུང་བ་དང་། ཆུང་མ་གཡས་ཞར་ལེན་པར་བྱེད་པ་ན་དེ་དག་ནི་བཀྲ་མི་ཤིས་པ་ཡིན་པའི་ཕྱིར་ལྷ་ཆེན་པོ་ཞི་བའང་གནས་ནས་ཉམས་ཤིང་དྲུངས་ནས་འབྱིན་པར་འགྱུར་ན་གཞན་དག་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ། །འགོག་ལ་འགོག་ བྱེད་བབ་པ་དང་། །རྡོ་ལ་ལྕགས་ནི་བབ་པ་ལྟར། །ཞེས་བྱ་བ་ནི་དཔེ་སྟེ། ཇི་ལྟར་ཆོམ་རྐུན་པ་ལ་ལམ་འགོག་པར་བྱེད་པ་ལ་ཆོམ་རྐུན་པ་ལས་འགོག་པར་བྱེད་པ་གཞན་བབ་པ་ན་གང་རྒྱལ་གང་ཕམ་པར་ཐེ་ཚོམ་ཟ་བ་དང་། རྡོ་ལ་ལྕགས་བབ་པ་ན་གང་གང་གིས་ཆོམས་ཐེ་ཚོམ་ཟ་བ་ ལྟར་རོ། །ཁྱོད་ཀྱང་ཆུང་མ་གསོད་བྱེད་མ། །དེ་ཡང་གཡས་ཞར་ཡིན་པས་ན། །ཁྱེད་གཉིས་གང་རྒྱལ་གང་ཕམ་ལྟའོ། །ཞེས་བྱ་བ་ནི་དོན་དེ་དཔེ་དེ་བཞིན་དུ་ཁྱོད་ཀྱང་ཆུང་མ་གསོད་པར་བྱེད་པ་ཡིན་ལ། བུ་མོ་དེ་གཡས་ཞར་ཡིན་པས་ན་ཁྱོད་གཉིས་འདུས་ན་གང་གསོན་གང་འཆི་བ་ཐེ་ཚོམ་ གྱི་གནས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པོ་ཡུལ་མ་ག་དྷཱའི་བྲེའུ་ཆུང་གང་ལ་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པོ་མ་ག་དྷཱའི་སྲང་བཅུ་དྲུག་སྟེ། ཡུལ་མ་ག་དྷཱའི་སྲང་གཅིག་ལ་བོད་ཀྱི་སྲང་གཉིས་ཡོད་དོ། །བོད་ཀྱི་སྲང་ཚད་དུ་བརྩི་བ་ནི་སུམ་ཅུ་རྩ་གཉིས་ ཡོད། །ཕུལ་ཚད་དུ་བརྩི་བ་ནི་བདུན་ཕུལ་དོ་དང་ཁྱོར་གང་ཡོད་དོ། །མ་ག་དྷཱའི་བྲེའུ་ཆུང་དོ་ལ་ནི་དེ་ཉིས་འགྱུར་ཡོད་དོ། །བཙོས་པ་ཞེས་བྱ་བ་ནི་འབྲས་སྐམ་བཙོས་པའི་ཚན་ནོ། །སྲན་ཚོད་དང་བཅས་ཚོད་མ་དང་བཅས་པ་བླུགས་ན་ཞེས་བྱ་བ་ནི་འདི་ལྟར་ཚོད་མ་མང་བ་ཡིན་མོད་ཀྱི། འོན་ཀྱང་ཚོད་མ་ ཇི་ཙམ་གྱིས་འབྲས་ཆན་སྤགས་ནུས་པ་དེ་ཙམ་ཁོ་ནའི་ཚོད་མ་འདིར་གཟུང་གི་ལྷག་མ་ནི་མ་ཡིན་ནོ། །སྲན་ཚོད་དང་བཅས་ཞེས་བྱ་བ་ནི་གཤེར་ཚོད་དང་བཅས་པའོ། །ཚོད་མ་དང་བཅས་ཞེས་བྱ་བ་ནི་ཤོལ་ཚོད་ལ་སོགས་པ་སྔོ་ཚོད་ཀྱི་བྱ་ན་དང་བཅས་པའོ། །ཁའི་ཆའི་མཐའ་ཁོ་ན་ནས་ཞེས་བྱ་བ་ ནི་ལྷུང་བཟེད་ཀྱི་ཁའི་ཆའི་མཐའ་ཁོ་ན་ནས་ནང་རོལ་གྱི་ཞབས་ལ་སོགས་སུའོ། །མཐེ་བོའི་ལྟོ་གང་གིས་མི་རག་པ་ཞེས་བྱ་བ་ལ། མཐེ་བོའི་ལྟོ་གང་ཞེས་བྱ་བ་ནི་མཐེ་བོའི་ཚིགས་དང་པོའི་ཕྱོགས་གཅིག་ནས་བརྩམས་ཏེ་ཚིགས་དེ་ཉིད་ཀྱི་ཕྱོགས་གཅིག་གི་བར་ནི་མཐེ་བོའི་ལྟོ་སྟེ། མཐེ་བོའི་ཞེང་ཚད་ཀྱི་སོར་གཅིག་གི་ཚད་ཀྱིས་ཁའི་ཆའི་མཐའ་ཁོ་ན་ནས་ཟས་ལ་མི་རེག་མི་ཐུག་ཅེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ་དགེ་སློང་གི་ལྷུང་བཟེད་ཆེ་ཚད་བྱིན་གྱིས་བརླབ་ཏུ་རུང་བ་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་ཡུལ་མ་ག་དྷཱའི་བྲེའུ་ཆུང་དོ་བཙོས་པའི་ཆན་དེའི་རྐྱེན་གྱི་ཚོད་མ་ གང་ཡང་རུང་བ་དང་བཅས་པ་བླུགས་ན་མཐེ་བོའི་སོར་གཅིག་གིས་མ་གང་བ་ཡིན་ནོ། །ལྷུང་བཟེད་ཆུང་ཚད་ནི་དེའི་ཕྱེད་ཤོང་བའོ། །ལྷུང་བཟེད་འབྲིང་ཚད་ནི་དེ་གཉིས་ཀྱི་བར་གང་ཡང་རུང་བ་ཤོང་བའོ། །དགེ་སློང་གིས་ཅི་ཙམ་དུ་བྲེའུ་ཆུང་ཕྱེད་དང་ལྔ་ལས་ལྷག་པའི་བསོད་སྙོམས་ལེན་ན་ ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི་ལྷུང་བཟེད་གང་ངམ་གཉིས་སམ་གསུམ་མམ་ལྷག་པ་ཞེས་བྱ་བ་ནི་སྤྱིའི་ཚད་ཡིན་ཏེ་འབྲས་ཐུག་པོ་ཆེ་སྐམ་ཡུལ་མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་ལྔ་བཙོས་པའི་ཆན་ཚོད་མ་མ་གཏོགས་པ་ལས་ལྷག་པའི་བསོད་སྙོམས་ནི་ལྟུང་བྱེད་འདིའི་དངོས་གཞིའི་ བྱེད་པ་པོའོ་ཞེས་བྱ་བར་སྦྱར་རོ། །ཚོད་མ་ནི་མ་གཏོགས་པ་སྟེ། དགེ་སློང་ཇི་སྙེད་ཡོད་ཀྱང་རུང་འབྲས་ཐུག་པོ་ཆེ་སྐམ་ཡུལ་མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་ལྔ་བཙོས་པའི་ཆན་ཚོད་མ་མ་གཏོགས་པ་དེ་ལས་ལྷག་པའི་བསོད་སྙམས་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །སྦྱིན་བདག་གིས་ཅི་ བདེར་བྱས་པ་ཞེས་བྱ་བ་ནི་བསམ་མི་དགོས་པར་བྱ་བའི་ཐ་ཚིག་གོ། །བསླབ་པའི་གཞི་འདི་ནི་ཚོད་མི་ཤེས་པ་ཉིད་དགག་པའི་ཕྱིར་བཅའ་བ་མཛད་དོ། །ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་དེ་སུམ་ཅུ་གསུམ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།སྟན་ གཅིག་པའི་ཟས་ཞེས་བྱ་བ་ནི་གནས་བཏང་བའི་མཚན་ཉིད་ཀྱིས་སྤང་པ་མ་བྱས་པར་བཟའ་བའོ། །སྙིང་ལས་ཆུང་ངུ་ཞེས་བྱ་བ་ནི་བྱ་བ་ཉུང་བ་ཉིད་གྱིས་མངོན་པར་བརྩོན་པའོ། །ཚོར་བ་ཞེས་བྱ་བ་ནི་ཉམས་སུ་མྱོང་བའོ། །སྤངས་ཞེས་བྱ་བ་ནི་ཟས་ཡོངས་སུ་བཏང་བའོ། །ཇི་ཙམ་གྱིས་ཆོག་པ་ ཞེས་བྱ་བ་ནི་ཇི་ཙམ་འདོད་པའོ། །ཟས་བརྩམས་པ་ཞེས་བྱ་བ་ནི་ཟས་བཟའ་བར་བརྩམས་པའོ། །ཆུ་བཞིན་དུ་སྤོང་ཞེས་བྱ་བ་ནི་མཐར་གྱིས་ཆུའི་རྒྱུན་འབབ་པའི་ཚུལ་གྱིས་ལོ་མ་ལ་སོགས་པ་གང་དང་གང་འོང་བ་དེ་དང་དེས་སྤོང་བར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །སྐམ་ཚོད་ཅེས་བྱ་བ་ནི་ཚོད་མ་ཁུ་བ་མེད་པའོ། ། བཅའ་བ་ལྔ་པོ་དག་གིས་ནི་སྤང་བར་མི་འགྱུར་ལ་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དག་ལ་ནི་ཟས་ཉིད་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་ཟས་མ་ཡིན་པ་སྤངས་པས་ཟས་སྤང་བར་མི་འགྱུར་བའི་ཕྱིར་བཅའ་བ་ལྔ་པོ་དག་ལ་ནི་སྤངས་པ་མེད་དོ། །བཟའ་བ་ལྔ་པོ་དག་གིས་ནི་སྤང་བར་འགྱུར་ཞེས་བྱ་བ་ནི་གཙོ་ བོ་སྤངས་པས་གཙོ་བོ་མ་ཡིན་པ་ཡང་སྤང་བར་འགྱུར་བའི་ཕྱིར་བཟའ་བ་ལྔ་པོ་དག་སྤངས་ནས་བཅའ་བ་ལྔ་པོ་འཆའ་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བཅའ་བ་ལྔ་པོ་འཆོས་ནས་ནི་བཟའ་བ་ལྔ་པོ་དག་བཟའ་བར་བྱའི་ཞེས་བྱ་བ་ནི་བཅའ་བ་དག་མ་སྤངས་པའི་ཕྱིར་རོ།། །། བཅའ་བ་དག་ནི་བཅའ་བར་མི་བྱ་སྟེ། སྤངས་པའི་ཕྱིར་རོ་ཞེས་དོན་གྱི་ཤུགས་ཀྱིས་བསྟན་ཏོ། །བཟའ་བ་ལྔ་པོ་དག་ཟོས་ནས་ནི་བཅའ་བ་ལྔ་པོ་དག་བཅའ་བར་མི་བྱའོ་ཞེས་བྱ་བ་ནི་བཟའ་བ་གཙོ་བོ་སྤངས་པས་བཅའ་བ་གཙོ་བོ་མ་ཡིན་པ་ཡང་སྤངས་པའི་ཕྱིར་རོ། །བཟའ་བ་དག་ཀྱང་ བཟའ་བར་མི་བྱ་བར་ཡང་དོན་གྱི་ཤུགས་ཀྱིས་བསྟན་ཏོ། །དེས་བསགས་པ་ཞེས་བྱ་བ་ནི་བཟའ་བ་འབགས་པའོ། །དེ་གོས་པ་ཞེས་བྱ་བ་ནི་བཟའ་བའི་སྣུམ་གྱིས་གོས་པའོ། །ཟས་ཡོད་པ་ཞེས་བྱ་བ་ལ་སོགས་པ་ལ་ཡད་པ་ཞེས་བྱ་བ་ནི་འདིར་ཟས་ལ་སོགས་པ་སྣང་བའི་སྤྱོད་ཡུལ་ ན་ཡོད་པ་ཡིན་པར་ཤེས་པར་བྱའོ། །ཀུན་དུ་བརྩམས་པ་ཞེས་བྱ་བ་ནི་མ་བླངས་པ་དང་ཟས་སྤྱི་སྤུངས་ལ་སོགས་པར་གཞག་པས་སྟོབས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །སྤངས་པ་ཞེས་བྱ་བ་ནི་ཐོང་ཤིག་ཅེས་བྱ་བ་ལ་སོགས་པས་སྤངས་ཞེས་བྱ་བའི་ཐ་ཚིག་གོ། །ཟས་མེད་པ་ཞེས་བྱ་བ་ ལ་སོགས་པ་ལ་ཟས་ལ་སོགས་པ་མེད་ན་དོན་མེད་པས་སྤངས་ཀྱང་མ་སྤངས་པ་ཉིད་ཡིན་ནོ། །སྤངས་པ་མེད་པ་ཞེས་བྱ་བ་ནི་གནས་བཏང་བ་མེད་ན་སྤངས་པར་མི་འགྱུར་བས་མ་སྤངས་པ་ཡིན་ནོ། །རུང་བ་སྤོང་བར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ་རུང་བ་ཞེས་བྱ་བ་ནི་བཟར་རུང་བའི་རྫས་ཀྱི་ངོ་ བོ་ཉིད་སྟོན་པའོ། །སྩོག་འཇོག་མ་བྱས་པ་ཞེས་བྱ་བ་ནི་གཡོས་བྱས་པའི་རྫས་བཟར་རུང་བ་ཉིད་སྤངས་ན་སྤངས་པ་ཡིན་གྱི་བཟར་མི་རུང་བ་ཉིད་ཀྱིས་ནི་སྤངས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཚིག་ལྷག་མ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་རེ་ཞིག་ཅེས་བྱ་བའི་ཚིག་མེད་པའོ། ། ཐོང་ཞིག་ཅེས་བྱ་བ་ལ་སོགས་པ་ཚིག་ལྔ་ནི་འཇིག་རྟེན་ལ་གྲགས་པའི་དཔེ་ཡིན་ཏེ་མི་དགོས་སོ། །མི་ལེན་ཏོ་ཞེས་བྱ་བ་ལ་སོགས་པས་ཀྱང་སྤངས་པར་ཤེས་པར་བྱའོ། །བྱིན་ཅིག་ཅེས་བྱ་བ་གཞན་ལ་བྱིན་ཅིག་ཅེས་གཏོང་བར་བྱེད་པ་ཡིན་གྱི་བདག་ཉིད་ལ་བྱིན་ཅིག་ཅེས་བྱ་བ་ནི་མ་ཡིན་པར་ཤེས་པར་ བྱའོ། །ཡང་དགེ་སློང་གང་ཞེས་བྱ་བ་ལ་སོགས་པ་ལ་ཟས་ཟོས་ཟིན་ཅིང་ཞེས་བྱ་བ་ནི་ཟས་ཟོས་ཟིན་པ་ལས་གཞན་ལས་སྤངས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྤངས་པ་ལས་ཞེས་བྱ་བ་ནི་ཟས་ཟོས་ཟིན་ཀྱང་སྤངས་པ་ཉིད་ལ་ཉེས་པ་མེད་དོ་ཞེས་བྱ་བར་དགོངས་པའོ། །བྱ་རོག་གི་སྒྲ་འབྱིན་པ་ཞེས་ བྱ་བ་ནི་བྱ་རོག་གི་སྐྲོད་རད་ཀྱི་སྒྲའོ། །ལྷག་བོར་ཞེས་བྱ་བ་ནི་ལྷག་མར་བྱས་བཞིན་བོར་བ་སྟེ། ལྷག་བོར་བྱེད་པའི་དགེ་སློང་གིས་ཟོས་པའི་ལྷག་མ་བོར་བ་ནི་ལྷག་མ་བོར་བ་ཞེས་བྱའོ། །ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བྱས་པ་ཞེས་བྱ་བ་ནི་ཚིམ་ཞིང་བྱ་བ་རྫོགས་པར་བྱས་པའོ། །ཁམ་གཉིས་ སམ་གསུམ་ཟོས་ནས་ཞེས་བྱ་བ་ནི་ལྷག་མ་ཉིད་ལ་འདོད་པ་ཆེ་བ་ལ་སོགས་པ་རྣམ་པར་གཅད་པ་བསྒྲུབ་པའི་ཕྱིར་རོ། །བཟའ་བར་མི་བྱ་བར་ཞེས་བྱ་བ་ནི་ཡིད་ཀྱིས་སྤངས་པའི་ཕྱིར་ཉེས་བྱས་སུ་འགྱུར་ན་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ལག་པར་བྱིན་ནས་ཞེས་བྱ་བ་ནི་ལྷག་བོར་ཉིད་ བསྒྲུབ་པའི་ཕྱིར་རོ། །རྒྱུ་ལྔས་ལྷག་བོར་མ་བྱས་པར་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ་མཚམས་ཀྱི་ཕྱི་རོལ་དུ་ཞེས་བྱ་བ་ནི་ཆུ་དང་ནམ་མཁའ་ལ་སོགས་པས་བར་དུ་ཆོད་པའི་ཕྱིར་རོ། །མི་འཐོབ་པའི་ཕྱོགས་སུ་ཞེས་བྱ་བ་ནི་ནམ་བླང་བའི་ཡུལ་མ་ཡིན་པའི་ཕྱིར་རོ། །རྒྱབ་ནས་དང་། གློ་ ནས་ཞེས་བྱ་བ་གཉིས་ནི་མདུན་ན་འདུག་པ་མ་ཡིན་པའི་ཕྱིར་རོ། །སྤྱོད་ལམ་ལས་ཉམས་པ་ཞེས་བྱ་བ་ནི་ཙོག་པུ་མ་ཡིན་པའི་ཕྱིར་ཏེ་ལྷག་མ་སྦྱིན་པའི་ཡུལ་མ་ཡིན་པའི་ཕྱིར་དེ་དག་ལྷག་བོར་མི་འཆགས་སོ། །ལྷུང་བཟེད་ཀྱི་གཞིར་ཞེས་བྱ་བ་ནི་ལྷུང་བཟེད་ཀྱི་སྣོད་དང་བྱུག་རིས་ལ་སོགས་ པ་འོག་གཞིར་ཏེ་ལྷག་བོར་བྱས་པ་ཟ་བ་ནི་མི་རྣམས་ཀྱིས་སྤྱོད་པ་ཡིན་པའི་ཕྱིར་རང་གི་ལུས་ཀྱིས་བླང་བར་བྱ་བ་ཡིན་པས་རང་གི་ལུས་ལས་གཞན་པ་དག་ལ་མི་འཆགས་སོ། །གཅིག་གིས་ལྷག་བོར་བྱས་པ་མང་པོ་དག་གིས་བཟའ་བར་བྱ་སྟེ་ཞེས་བྱ་བ་ནི་ཚངས་པ་མཚུངས་པར་སྤྱོད་པ་ རྣམས་ནི་ཆོ་ག་གཅིག་པའི་ཕྱིར་རོ། །ལྷག་བོར་མ་བྱས་པར་ཞེས་བྱ་བ་ནི་ལྷག་མ་དང་བོར་བ་ཉིད་ནི་ལྷག་བོར་ཏེ་གང་ལ་མ་བྱས་པ་ནི་ལྷག་བོར་མ་བྱས་པ་སྟེ། ལྷག་མ་བྱས་ཤིང་མ་བོར་བའོ། །ལྷག་མར་བྱས་ཤིང་ཞེས་བྱ་བ་ནི་ཁ་ཆུ་དང་འདྲེས་པའོ། །མ་བོར་བ་ཞེས་བྱ་བ་ནི་བསམ་པས་ཡོངས་ སུ་མ་བཏང་བར་རོ། །ཡོངས་སུ་མ་བཏང་བར་ཞེས་བྱ་བ་ནི་བྱ་བར་ཡོངས་སུ་མ་བཏང་བར་རོ། །སྐྱོ་མ་ཞེས་བྱ་བ་ནི་ཕྱེས་བཏབ་པའོ། །མགུལ་དུ་བཏུང་བ་ལ་ནི་སྤངས་པ་མེད་དོ་ཞེས་བྱ་བ་ནི་སྐོམ་དུ་བཏུང་བ་ལ་དུས་ངེས་པ་མེད་པའི་ཕྱིར་ཏེ། སྤངས་ཀྱང་ཡང་ཉི་མ་གཞན་བཞིན་དུ་བཏུང་དུ་རུང་ངོ་ ཞེས་བྱ་བའི་ཐ་ཚིག་གོ། །སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་དེ་སུམ་ཅུ་བཞི་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཤན་པའི་གནས་སུ་བཏང་བ་ཞེས་བྱ་བ་ནི་ཤན་པའི་གནས་ཞེས་བྱ་བ་ནི་ཕྱུགས་གསོད་པའི་སྲང་ངོ་། །དེར་བཏང་བ་ནི་དེར་བཀྱེ་བའོ། །དེས་བླའི་རབ་ཏུ་བྱུང་ ཞིང་རྫོགས་པར་བསྙེན་པར་བྱས་ནས་འདོམས་པར་མི་བྱེད་རྗེས་སུ་སྟོན་པར་མི་བྱེད་པ་ནི་མི་རུང་ངོ་ཞེས་བྱ་བ་ནི་རབ་ཏུ་ཕྱུང་རྫོགས་པར་བསྙེན་པར་བྱས་ནས་འདོམས་པར་མི་བྱེད་རྗེས་སུ་སྟོན་པར་མི་བྱེད་པ་ནི་གཞན་མི་དགེ་བ་བཅུའི་ལས་ཀྱི་ལམ་འཁོར་དང་བཅས་པ་དག་ལ་ངེས་པར་སྦྱར་ བས་དེ་བཞིན་གཤེགས་པའི་བསྟན་པ་བླ་ན་མེད་པ་སྒོ་ལོག་པར་འཇུག་ཏུ་བཅུག་པས་མི་རུང་གི་དེ་བས་སྔ་མ་ཆེས་བླའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱོད་ཉིད་ལྟུང་བ་དང་བཅས་པར་འགྱུར་བ་ཞེས་བྱ་བ་ནི་གཡོ་བྱེད་པའི་ཕྱིར་རོ་ཞེས་བྱ་བར་བསམས་སོ། །དུས་ཀྱིས་སྟོབས་ཞེས་བྱ་བ་ནི་ཚིག་ལ་མངོན་ པར་ཞེན་པས་སྟོབས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེའི་ངག་གི་རྣམ་པར་རིག་བྱེད་ཀྱི་དུས་ལ་ལྟུང་བྱེད་དུ་འགྱུར་བར་ཤེས་པར་བྱའོ། །སྤངས་པ་ལ་སྟོབས་པའི་ལྟུང་བྱེད་དེ་སུམ་ཅུ་ལྔ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཀུན་དགའ་ར་བའི་ནང་ཞེས་བྱ་བ་ནི་གཙུག་ ལག་ཁང་གི་ནང་ངོ་། །འདུས་ཤིང་ཟ་བ་ཞེས་བྱ་བ་ནི་དགེ་སློང་གི་ཚོགས་གསུམ་ལ་སོགས་པ་དང་། དགེ་འདུན་ལས་ཐ་དད་པར་ཟ་བ་སྟེ་བཟའ་བར་བྱ་བ་བཟའ་ཞེས་བྱ་བའི་ཐ་ཚིག་གོ། །འདུས་པ་ཆེན་པོ་ཞེས་བྱ་བ་ནི་སྟོང་ལ་སོགས་པའི་གྲངས་ཀྱི་སྐྱེ་བོ་མང་པོ་འདུས་པའོ། །ཀུན་དུ་ འཚོ་དག་ལས་ཕྲོགས་ཏེ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་འདུན་ལ་ཕུལ་ལོ་ཞེས་བྱ་བ་ནི་དགྲ་བཅོམ་པའི་བློས་ཕུལ་བ་ཡིན་པས། ཀུན་དུ་འཚོ་དག་ལ་དགྲ་བཅོམ་པ་མེད་པའི་ཕྱིར་དང་། དགེ་འདུན་ལ་ཡོད་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །ན་བ་དུས་སོ་ཞེས་བྱ་བ་ལ་སོགས་པ་ལ། ན་བ་དང་ ལས་དང་། ལམ་དང་། གྲུར་ཞུགས་པའི་དུས་དག་ལ་ནི་ཕོངས་པར་གྱུར་པའི་ཕྱིར་ལྟུང་བ་མེད་དོ། །འདུས་པ་ཆེན་པོའི་དུས་ལ་ནི་སྦྱིན་པ་པོ་རྣམས་ཀྱི་བསོད་ནམས་ཀྱི་སྒོ་ཡིན་པའི་ཕྱིར་དང་། ཕན་ཚུན་ཉིད་ཀྱིས་ཕོངས་པའི་དུས་ཡིན་པའི་ཕྱིར་ལྟུང་བ་མེད་དོ། །དགེ་སྦྱོང་གི་ཟས་སུ་སྟེ་ཞེས་བྱ་བ་ ནི་མུ་སྟེགས་ཅན་གྱི་ལྟ་བའི་རྣམ་པ་གཅད་པའི་ཕྱིར་དང་། བསྟན་པ་ལ་གཞུག་པར་བྱ་བའི་ཕྱིར་ལྟུང་བ་མེད་དོ། །དེ་ཡང་དགེ་སྦྱོང་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ཞི་བར་བྱ་བ་དང་། རབ་ཏུ་བྱུང་བ་བླངས་པའི་ཕྱིར་རོ། །གཞིའི་གནས་ཞེས་བྱ་བ་ནི་གང་དུ་ ངེས་པར་ཟ་བའོ། །ཁང་ཁྱིམ་གྱི་གནས་ཞེས་བྱ་བ་ནི་གང་དུ་ཟས་ངེས་པ་མེད་པའོ། །གཞིའི་གནས་སུ་ཟ་བ་དག་ལ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་དེ་དག་གི་གནས་སྤོ་བ་མ་བྱས་པའི་ཕྱིར། དངོས་གཞི་མེད་དོ། །ཁང་ཁྱིམ་དུ་ཟ་བ་དག་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི་དེ་དག་གི་སྤོ་བ་བྱས་ པའི་ཕྱིར་རོ། །གསུམ་ཞིང་གཅིག་ལས་བྱེད་པ་ལ་ལྟུང་བ་མེད་པ་ནི་བདག་ཉིད་གསུམ་ལ་སོགས་པ་དང་ལྷན་ཅིག་ཟ་བར་མ་གྱུར་པའི་ཕྱིར་རོ། །གསུམ་རྫོགས་པར་བསྙེན་ཅིང་གཅིག་རྫོགས་པར་མ་བསྙེན་པ་ལ་ལྟུང་བ་མེད་པ་ནི་དགེ་སློང་གི་ཚོགས་འདུས་ཤིང་ཟ་བ་མ་ཡིན་པའི་ཕྱིར་རོ། ། ཟས་བྲིམ་པར་བྱས་པ་ལ་ལྟུང་བ་མེད་པ་ནི་ཐ་དད་པར་ཟ་བ་མ་ཡིན་པའི་ཕྱིར་རོ། །སྦྱིན་བདག་ན་རེ་གང་དག་འདི་ན་འཁོད་པ་དེ་དག་ལ་སྦྱིན་ནོ་ཞེས་ཟེར་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་སྦྱིན་བདག་གིས་ངེས་པར་བྱས་ན་རྙེད་པའི་མཚམས་ཐ་དད་པའི་ཕྱིར་གནས་གཅིག་པ་ཉིད་མ་ཡིན་པའི་ཕྱིར་རོ། །འདུས་ ཤིང་ཟ་བའི་ལྟུང་བྱེད་དེ་སུམ་ཅུ་དྲུག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།འདི་དག་སྐྱེས་པ་གང་དག་གིས་འདི་དག་སྐྱེས་མ་ཐག་གི་ཁ་ལན་ཚྭས་འགེགས་པར་མ་ནུས་པ་དེ་དག་གིས་ཅི་ཐོབ་ཅེས་བྱ་བ་ནི་གལ་ཏེ་བཀང་བར་གྱུར་ན་དེའི་མོད་ལ་ཤི་བར་གྱུར་པས་གནས་སྐབས་འདི་ལྟ་བུ་ མཐོང་བར་མི་འགྱུར་བས་ལེགས་སོ་སྙམ་དུ་བསམས་པའོ། །བརླ་དབྲག་ཏུ་ཁྲོན་པ་བཅུག་སྟེ་འབྲང་བར་མི་ནུས་པ་དེ་དག་གིས་ཅི་ཐོབ་ཅེས་བྱ་བ་ནི་གལ་ཏེ་བླ་དབྲག་ཏུ་ཁྲོན་པའི་ཁ་གཏད་དེ་འབྲང་བར་གྱུར་པ་དེའི་མོད་ལ་ཤི་བར་གྱུར་པས་གནས་སྐབས་འདི་ལྟ་བུ་མཐོང་བར་མི་འགྱུར་བས་ལེགས་ སོ་སྙམ་དུ་བསམས་པའོ། །གྲོང་ཁྱེར་གྱི་སྐབ་མོ་ཅན་དག་ཅེས་བྱ་བ་ནི་གྲོང་ཁྱེར་གྱི་མི་དག་སྟེ་གྲོང་ཁྱེར་གྲོང་རྡལ་ན་དེ་དག་ལ་སྐབ་མོའི་ཁྱིམ་ཡོད་པའི་ཕྱིར་རོ། །རྒྱུ་དང་མི་རྒྱུའི་འཇིག་རྟེན་ཞེས་བྱ་བ་ནི་སེམས་ཡོད་པ་དང་སེམས་མེད་འཇིག་རྟེན་དེ་རྒྱུ་བ་དང་གནས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་མངོན་ པར་རྗོད་པར་བྱེད་ཅེས་བྱ་བ་ནི་མངོན་སུམ་དུ་བྱེད་པའོ། །གནས་ལྔ་ཞེས་བྱ་བ་ནི་གཞི་ལྔའོ། །སྦོབས་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཀུན་དུ་སྤྱོད་པའོ། །དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་དེ་སུམ་ཅུ་བདུན་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།འབྲས་ཆན་གཤེར་བ་ཞེས་བྱ་བ་ནི་འབྲས་ཀྱི་ འོ་ཐུག་ལ་སོགས་པའོ། །འབྲས་ཆན་སྐམ་པོ་ཞེས་བྱ་བ་ནི་འབྲས་ཆན་ཉི་ཚེའོ། །རླུང་ལྡང་བ་ཞེས་བྱ་བ་ནི་རླུང་ཆེ་བའོ། །ཡུལ་ངན་འབྱུང་བ་ཞེས་བྱ་བ་ནི་ནམ་རྨུས་པ་འམ་ས་འགྲེད་པའོ། །ཆར་པ་འབབ་པ་ཞེས་བྱ་བ་ནི་ཆར་ཆུ་ཞོད་པའོ། །ལྷགས་པ་བྱུང་བ་ཞེས་བྱ་བ་ནི་སྐམ་ལྷགས་ཆེ་བའོ། །སྩོག་ འཇོག་བྱེད་པ་ཞེས་བྱ་བ་ནི་རང་ཉིད་ཀྱིས་ལེགས་པར་བླངས་ཏེ་སྩོགས་པའོ། །སྩོག་འཇོག་བྱས་པ་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་ཟས་ཀྱི་དུས་རྣམ་པ་གཉིས་ལས་ཡོལ་བ་ལས་སྩོག་འཇོག་བྱས་པ་རྣམ་པ་གཉིས་སུ་འགྱུར་རོ། །ལྷུང་བཟེད་ལ་སོགས་པ་སྩོག་འཇོག་བྱས་པས་འབགས་པ་ཟ་ན་ ཐམས་ཅད་དུ་ཉེས་བྱས་སུ་འགྱུར་ཞེས་བྱ་བ་ནི་བཅའ་བ་དང་། བཟའ་བ་ལ་སོགས་བྱས་པས་འབགས་པ་ཟ་ནའོ། །འདིར་ཡང་ལྷུང་བཟེད་ལ་སོགས་པ་ལ་བཅའ་བ་དང་། བཟའ་བ་སྩོག་འཇོག་བྱས་པས་འབགས་པ་མགུལ་དུ་མིད་པར་མི་མངོན་པ་ལ་དངོས་གཞིའི་གནས་སུ་ཉེས་བྱས་སུ་གསུངས་སོ། །ཁ་ཅིག་ འདི་ལ་དངོས་གཞི་ཉིད་དུ་འདོད་པ་ནི་ལྷུང་བཟེད་ལ་སོགས་པ་ལ་བཅའ་བ་དང་བཟའ་བ་སྩོག་འཇོག་བྱས་པས་འབགས་པས་མགུལ་དུ་མིད་པ་ལས་བསམས་ཏེ་སྨྲ་བ་ཡིན་ནོ། །སྩོག་འཇོག་གི་ལྟུང་བྱེད་དེ་སུམ་ཅུ་བརྒྱད་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །། ཐམས་ཅད་དུར་ཁྲོད་པ་དང་ལྡན་པ་ཞེས་བྱ་བ་ནི་ལྷུང་བཟེད་ལ་སོགས་པ་ཐམས་ཅད་པ་དུར་ཁྲོད་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །རྫེའུ་ཞེས་བྱ་བ་ནི་རྫ་བོ་ཆུང་ངུའོ། །གྱོ་མོ་ཁ་བཞོགས་ཏེ་ཞེས་བྱ་བ་ནི་བདར་ཏེའོ། །དགང་དཀའ་བ་ཞེས་བྱ་བ་ནི་ལྟོའོ། །བྱང་གི་སྒྲ་མི་སྙན་དུས་བྱིན་གྱིས་བརླབས་ཏེ་ ཞེས་བྱ་བ་ནི་བྱང་གི་སྒྲ་མི་སྙན་གྱི་གླིང་ན་གྲགས་པའི་རང་ལེན་པ་མངོན་དུ་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །མེས་རུང་བ་ཞེས་བྱ་བ་ནི་མེས་རེག་པའོ། །མཚོན་གྱིས་རུང་བ་ཞེས་བྱ་བ་ནི་མཚོན་གྱིས་རྨ་ཕྱུང་བའོ། །སེན་མོས་རུང་བ་ཞེས་བྱ་བ་ནི་སེན་མོས་རྨ་ཕྱུང་བའོ། །རྙིས་པས་རུང་བ་ཞེས་བྱ་བ་ནི་ རྙིས་པ་ཉིད་དོ། །ནེ་ཚོས་རྨ་ཕྱུང་བས་རུང་བ་ཞེས་བྱ་བ་ནི་ནེ་ཚོས་ཟོས་པའོ། །ཕྱུང་བ་ཞེས་བྱ་བ་ནི་ས་ལས་བཏོན་པའོ། །གཤེགས་པ་ཞེས་བྱ་བ་ནི་ཚལ་པའོ། །བཅད་པ་ཞེས་བྱ་བ་ནི་གཏུབས་པའོ། །ཕུག་པ་ཞེས་བྱ་བ་ནི་བཙུགས་པའོ། །ས་བོན་གྱི་ཆོས་མེད་པ་ཉིད་ཅེས་བྱ་བ་ནི་ས་བོན་མི་སྐྱེ་བ་ ཉིད་དོ། །ཕུང་པོར་བྱས་ཏེ་མེས་གནས་པ་གཉིས་སམ་གསུམ་དུ་རེག་པར་བྱས་ན་ཐམས་ཅད་དུ་རུང་བར་འགྱུར་རོ་ཞེས་བྱ་བ་ནི་མེས་རེག་པའི་ཕྱིར་བཀྲ་མི་ཤིས་པ་ཉིད་ཀྱི་ས་བོན་ཉིད་ཀྱི་ཐ་སྙད་ལས་ལོག་པའི་ཕྱིར་ཕུང་པོར་བྱས་ནས་ཡང་དང་ཡང་དུ་རེག་པས་རུང་བ་ཉིད་ཡིན་ནོ། །མཚོན་དང་སེན་ མོས་ནི་རེ་རེ་ནས་སོ་ཞེས་བྱ་བ་ནི་རྨ་ཕྱུང་ན་སྙིང་པོ་མེད་པ་ནི་ཕྱིར་ས་བོན་ཉིད་ཐ་སྙད་ལྡོག་པས་གང་ལ་རྨ་ཕྱུང་བ་དེ་ཉིད་ལ་ས་བོན་ཉིད་མེད་པའི་ཕྱིར་རེ་རེ་ནས་རྨ་དབྱུང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་དག་གིས་དང་པོ་གཟུང་བར་བྱ་བ་ནི་བྱིན་ལེན་འཇིག་པ་སྤང་བའི་ཕྱིར་རོ། །སྩོག་ འཇོག་བྱས་པ་ཡིན་ནོ་ཞེས་འདོར་བར་བྱེད་ནས་ཞེས་བྱ་བ་ནི་ཕྱེད་ཡོལ་ཕན་ཆད་སྩོག་འཇོག་ཏུ་འགྱུར་བའི་ཕྱིར་རོ། །དང་པོ་དགེ་སློང་དག་གིས་གཏང་བར་བྱ་ཞིང་ཕྱིས་ཁྱིམ་པ་དག་གིས་གཏང་བར་བྱ་སྟེ་ཞེས་བྱ་བ་ནི་སོག་འཇོག་བྱས་པར་མི་འགྱུར་བར་བྱ་བའི་ཕྱིར་བྱིན་ལེན་བཞི་པོ་བསྒྲུབས་པ་ ཡིན་ནོ། །རུང་བའི་ཁང་པར་བཅུག་སྟེ་ཞེས་བྱ་བ་ནི་ཟས་སྐོམ་གྱི་ཁང་པར་རོ། །ལག་པ་ཁས་ཕུབ་པ་ཞེས་བྱ་བ་ནི་ལག་པ་ཁ་བུབ་ཏུ་བཞག་པ་སྟེ་དེ་ནི་ལེན་པ་ལ་མི་ཕྱོགས་པ་ཡིན་པའི་ཕྱིར་བྱིན་ལེན་མི་འཆགས་སོ། །ལེན་པ་ཡོད་པ་ཞེས་བྱ་བ་ནི་ལེན་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཆུ་དང་ སོ་ཤིང་མ་གཏོགས་ཏེ་ཞེས་བྱ་བ་ནི་ཟས་མ་ཡིན་པའི་ཕྱིར་ཉེས་བྱས་སུ་འགྱུར་བ་དེ་ཡང་བཀག་གོ། །མིའི་ལག་པ་ཞེས་བྱ་བ་ནི་མིའི་ལག་མཐིལ་ལོ། །དེའི་བག་ཆགས་ཀྱིས་ཞེས་བྱ་བ་ནི་གོམས་པས་ཏེ་དེ་དང་མཐུན་པའི་འདུ་བྱེད་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ། །བྱིན་ལེན་མ་བྱས་པར་ཟ་བའི་ ལྟུང་བྱེད་དེ་སུམ་ཅུ་དགུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཁ་ཤིན་ཏུ་ཆེན་པོ་ཞེས་བྱ་བ་ནི་ཁ་ཆེ་བ་ཉིད་ཀྱིས་སོ། །གཞན་གྱི་ཁྱིམ་དག་ནས་ཞེས་བྱ་བ་ནི་ཉེ་དུ་མ་ཡིན་པའི་ཁྱིམ་དག་ནས་ཏེ་མ་བསྟབས་པའི་ཁྱིམ་དག་ནས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བ་ ལ་སོགས་པ། སློང་བ་དང་ཟ་བ་གཉིས་ཀའི་དུས་སུ་མི་ན་བ་ཡིན་ན་སྦྱོར་བ་ལ་ཉེས་བྱས་སུ་འགྱུར་ལ། དངོས་གཞི་ལ་ལྟུང་བྱེད་དུ་འགྱུར་ལ། གཅིག་མི་ན་བ་ཡིན་ན་ཉེས་བྱས་སུ་འགྱུར་རོ། །གཉིས་ཀ་ན་བ་ཡིན་ན་ལྟུང་བ་མེད་དོ། །བསྟབས་པར་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་ཅི་བཞེད་འདྲི་ བས་འདོད་པའི་དོན་ལ་སློང་བའི་སྐབས་བྱེ་བ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །ཅི་འདོད་པ་དེ་བསླང་བར་བྱ་ཞེས་བྱ་བ་ནི་བསྟབས་པས་རང་ཉིད་ཀྱིར་གྲུབ་པའི་ཕྱིར་རོ། །ཞོ་སྦྱིན་པ་ཆུར་ཁུ་ལ་སོགས་པ་སློང་བ་ལ་ལྟུང་བ་མེད་པ་ནི་དམན་པ་སློང་བའི་ཕྱིར་རོ། །བསོད་པ་སློང་བའི་ལྟུང་བྱེད་དེ་ བཞི་བཅུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ནང་གིར་སྤྱད་པ་ཞེས་བྱ་བ་ནི་ལུས་ཀྱིས་ཉེ་བར་སྤྱད་པའོ། །ཕྱི་རོལ་གྱིར་སྤྱད་པར་ཞེས་བྱ་བ་ནི་ལུས་ཀྱི་ཡོ་བྱད་དུ་ཉེ་བར་སྤྱད་པའོ། །སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་དེ་བཞི་བཅུ་གཅིག་པའི་ཚིག་རྣམ་པར་ བཤད་པ་རྫོགས་སོ།། །།བསམ་པའི་ནོར་བུ་རིག་པ་ཞེས་བྱ་བ་ནི་བསྟན་བཅོས་གང་གིས་བསམ་པའི་མཚན་མ་ནོར་བུ་དག་ཤེས་པའོ། །བུད་མེད་ནི་སྐྱེས་པའི་ཉལ་པོ་བྱ་བ་ཡིན་ལ་སྐྱེས་པ་ནི་བུད་མེད་ཀྱི་ཉལ་པོ་བྱ་བ་ཡིན་ནོ་ཞེས་བྱ་བ་ལ། ཉལ་པོའི་བྱ་བ་ཞེས་བྱ་བ་ནི་ལོངས་སྤྱོད་པ་དང་ བཅས་པ་སྟེ། རེག་པ་ནི་ཁམ་གྱི་ཟས་ཡིན་པའི་ཕྱིར་རོ། །ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་དེ་བཞི་བཅུ་གཉིས་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།འདོམ་གང་གི་ནང་དུ་འགྲེང་ནའོ་ཞེས་བྱ་བ་ནི་འདོམ་གང་གི་ནང་ཚུན་ཆད་དུ་འགྲེང་ ཞིང་སྡོད་ན་ཉེ་འཁོར་དེ་ཙམ་ཡིན་པའི་ཕྱིར་འདོམ་གང་གི་ཕྱི་རོལ་དུ་ནི་ཉེས་བྱས་ཏེ་མཐོང་བ་དང་ཐོས་པ་ཚུན་ཆད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཉལ་པོ་བྱེད་པར་ཤོམ་པའི་ཕྱིར་ན་འགྲེང་བའི་ལྟུང་བྱེད་དེ་བཞི་བཅུ་གསུམ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཤུལ་དག་ཏུ་ཇི་ཙམ་དུ་ གཤེགས་པ་ཞེས་བྱ་བ་ནི་གཤེགས་དགོངས་ཀྱི་ཚད་ཇི་ཙམ་དུ་གཤེགས་ཞེས་བྱ་བའི་ཐ་ཚིག་གོ། །ཚོགས་དག་ཅེས་བྱ་བ་ནི་འདིར་དགོངས་པ་ལམ་གྱི་གནས་དག་ཡིན་ནོ། །བཀྲེས་པ་ཞེས་བྱ་བ་ནི་ལྟོགས་པའོ། །སྤྲང་ཟན་ཞེས་བྱ་བ་ནི་སློང་མོའོ། །སྡུག་བསྔལ་ལ་རེག་པ་ཞེས་བྱ་བ་ནི་སྡུག་བསྔལ་ དང་བཅས་པའོ། །སློང་ཕོར་ཁུར་བས་བྱུར་བུར་བྱས་ཞེས་བྱ་བ་ནི་ཤིང་གི་ལྷུང་བཟེད་བྱུར་བུར་བཀང་ཞེས་བྱ་བའི་ཐ་ཚིག་གོ། །ཉོད་པ་ཉོད་དམ་ཞེས་བྱ་བ་ལ་ཉོད་པ་ཞེས་བྱ་བ་ནི་ཟས་སོ། །ཉོད་དམ་ཞེས་བྱ་བ་ནི་ཟོས་སམ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ནི་ཟན་ཟོས་སམ་ཞེས་བྱ་བར་བསྟན་ཏོ། ། ཁྱིམ་བདག་སྒྲེ་བྱི་ཞེས་བྱ་བ་ནི་ཁྱིམ་ན་གནས་པ་ཁོ་ན་ཡིན་ལ་མགོ་འབའ་ཞིག་བྲེགས་ཞེས་བྱ་བའི་ཐ་ཚིག་གོ། །དེས་ཚིགས་སུ་བཅད་པ་དག་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་རྣམས་ཀྱིས་ནི་བྱས་པ་མི་ཤེས་པ་ཉིད་ཀྱིས་ཉེས་པར་སྟོན་ནོ། །བྱས་པ་མི་ཤེས་པ་ནི་སས་ཀྱང་འཛིན་ པར་མི་བྱེད་པས་ན་ངན་པ་ཁྱོད་ལྟ་བུ་ཅིའི་ཕྱིར་ས་ལ་འབྱིང་བར་མི་བྱེད་པ་ངོ་མཚར་ཆེ་བར་བསྟན་པའི་ཕྱིར། ངན་པ་ཅིའི་ཕྱིར་ས་ལ་འབྱིང་མི་བྱེད། །ཅེས་བྱ་བ་གསུངས་སོ། །བྱས་པ་མི་ཤེས་པའི་ལྕེ་ཡང་འགས་པར་འགྱུར་བས་ངན་པ་ཁྱོད་ལྟ་བུ་བྱས་པའི་ལྕེ་མི་འགས་པ་ཡང་ངོ་མཚར་ཆེ་བར་ བསྟན་པའི་ཕྱིར། ཅིའི་ཕྱིར་ལྕེ་ཡང་ཚལ་པ་བརྒྱར་མི་འགས་ཞེས་བྱ་བ་གསུངས་སོ། །བྱས་པ་མི་ཤེས་པའི་ལུས་ལ་གནོད་སྦྱིན་དག་རྡོ་རྗེ་ལ་སོགས་པ་འཕེན་པར་བྱེད་ན་ངན་པ་ཁྱོད་ལྟ་བུ་བྱས་པ་མི་ཤེས་པའི་ལུས་ལ་གནོད་སྦྱིན་དག་རྡོ་རྗེ་ལ་སོགས་པ་དག་མི་འཕེན་པ་ཡང་ངོ་མཚར་ཆེ་བར་ བསྟན་པའི་ཕྱིར། ཁྱོད་ཀྱི་ལུས་ལ་ཅིའི་ཕྱིར་གསང་བ་དག་ཅེས་བྱ་བ་ནི། །རྡོ་རྗེ་སེར་བ་མང་དུ་མདའ་མི་འཕེན། །ཞེས་བྱ་བ་གསུངས་ཏེ། གསང་བ་དག་ཅེས་བྱ་བ་ནི་གནོད་སྦྱིན་འཇིག་རྟེན་སྐྱོང་བ་དག་གོ། །རྡོ་རྗེ་སེར་བ་ཞེས་བྱ་བ་ནི་རྡོ་རྗེ་ཆར་པ་ཕྱི་བརྒྱུད་དུ་བབ་པའོ། །ཇི་ལྟར་སེང་གེའི་ལྷག་མ་ཟ་བའི་ ཝ། །སེང་གེ་ཉིད་ལ་གསོད་པར་འདོད་པ་ལྟར། །དེ་བཞིན་ཁྱོད་ཀྱང་སྟོབས་བཅུའི་ཁྱོད་ཟ་ཞིང་། །སྟོབས་བཅུ་ཉིད་ལ་སྨོད་བྱེད་མ་འཕགས་པ། །ཞེས་བྱ་བ་ནི་བྱས་པ་མི་ཤེས་པའི་དཔེའོ། །མ་འཕགས་པ་ཞེས་བྱ་བ་ནི་བོད་པའི་ཚིག་སྟེ་ཉོན་མོངས་པ་ཅན་གྱི་བློ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། ། འདི་སྐད་བསྟན་ཏེ་ཀྭ་ཡེ་མ་འཕགས་པ་ཇི་ལྟར་འཇིག་རྟེན་འདི་ནི་སེང་གེའི་ལྷག་མ་ཟ་བའི་ཝ་ནི་བྱས་པ་མི་ཤེས་པར་ཕྱིར་སེང་གེ་དེ་ཉིད་ལ་གསོད་པར་འདོད་པ་དེ་བཞིན་དུ་ཁྱོད་ཀྱང་རྒྱལ་བ་སྟོབས་བཅུ་དང་ལྡན་པ་སློབ་མ་དང་བཅས་པའི་ཕམ་འབབས་ཟས་ནི་ཁྱོད་ཟ་ཞིང་སྟོབས་བཅུ་སློབ་མ་དང་ བཅས་པ་ཉིད་ལ་སྨོད་པར་བྱེད་པས་བྱས་པ་མི་ཤེས་པ་ཡིན་ནོ་ཞེས་བསྟན་ཏོ། །གང་དུ་གང་ལ་ཉེ་བར་བསྟན་བྱས་ན། །མི་ངན་འདི་འདྲས་འཚོ་བ་ཐོབ་པ་ལས། །དེ་ནི་ངེས་པར་མཛའ་བཤེས་དགྲ་རྣམས་ལ། །མཉམ་མཛད་བློ་ལྡན་ཐམས་ཅད་མཁྱེན་པ་ཡིན། །ཞེས་བྱ་བ་ནི་སངས་རྒྱས་ལ་བརྟེན་ ན་མི་ངན་པ་འདི་འདྲ་བ་དག་གིས་ཀྱང་འཚོ་བ་ཐོབ་པ་ལས་ན་སངས་རྒྱས་དེ་ནི་ངེས་པ་ཁོ་ནར་མཛའ་བཤེས་དང་དགྲ་བོ་རྣམས་ལ་མཉམ་པར་མཛད་པའི་བློ་དང་ལྡན་པ་ཐམས་ཅད་མཁྱེན་པ་ཡིན་པར་མངོན་ནོ་ཞེས་བྱ་བ་སྟོན་ཏོ། །གང་དུ་ཞེས་བྱ་བ་ནི་གནས་སོ། །གང་ལ་ཞེས་བྱ་བ་ནི་སངས་རྒྱས་ ལའོ། །ཉེ་བར་བསྟེན་བྱས་ན་ཞེས་བྱ་བ་ནི་སྐྱབས་སུ་གསོལ་ནའོ། །མི་ངན་འདི་འདྲས་ཞེས་བྱ་བ་ནི་མི་ངན་པ་བྱས་པ་མི་ཤེས་པ་འདི་འདྲ་བ་དག་གིས་སོ། །འཚོ་བ་དག་ཐོབ་པ་ལས་ཞེས་བྱ་བ་ནི་ཟན་རྙེད་པ་ལས་སོ། །དེ་ནི་ཞེས་བྱ་བ་ནི་སངས་རྒྱས་སོ། །མཉམ་མཛད་བློ་ལྡན་ཞེས་བྱ་བ་ནི་རྗེས་སུ་ ཆགས་པ་དང་ཁོང་ཁྲོ་བ་མེད་པའི་ཕྱིར་སེམས་མཉམ་པར་མཛད་དོ། །མི་རྣམས་གང་དག་བྱས་པ་མི་ཤེས་པ། །དེ་དག་ཁྱི་བས་ཤིན་ཏུ་ངན་པར་བསམ། །ཞེས་བྱ་བ་ནི་མི་གང་དག་བྱས་པ་མི་ཤེས་པ་དེ་དག་ནི་ཁྱི་དག་པས་ཀྱང་ཤིན་ཏུ་ངན་པ་ཡིན་པར་ཁོ་བོས་བསམས་སོ་ཞེས་བྱ་བའི་ཐ་ཚིག་ གོ། །འདིར་རྒྱུ་བ་སྟན་པའི་ཕྱིར། ཁྱི་ཡང་མི་ལ་བྱས་པ་ཤེས་སྣང་ན། །སྦྲུལ་འདྲའི་མི་དག་དུག་ནི་གཏོང་བར་བྱེད། །ཅེས་བྱ་བ་གསུངས་ཏེ། འདི་ལྟར་ཁྱི་ཡང་བདག་པོར་གྱུར་པའི་མི་དག་ལ་ཟས་ཀྱི་ལྷག་མ་ལ་སོགས་པ་ཅུང་ཟད་ཙམ་བྱིན་པའི་བྱས་པ་ཤེས་ཏེ། བདག་ པོའི་ཁྱིམ་ལ་སོགས་པ་བསྲུང་བར་གནས་པའི་ཕྱིར་རོ། །མི་བྱས་པ་མི་ཤེས་པ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་དང་འདྲ་བའི་སྐྱེ་བོ་ངན་པ་དག་ནི་དུག་གཏོང་བར་བྱེད་དེ་ཡོན་ཏན་མ་ཡིན་པ་སྒྲོགས་པར་བྱེད་པའི་ཕྱིར་ཏེ། དེ་བས་མི་གང་དག་བྱས་པ་མི་ཤེས་པ་དེ་དག་ནི་ཁྱི་བས་ཀྱང་ ཤིན་ཏུ་ངན་པར་བསམས་སོ་ཞེས་བྱ་བའི་ཐ་ཚིག་གོ། །རེ་ཞིག་འདུལ་བ་ལ་བསླབ་པའི་གཞི་འཆའ་བར་མི་མཛད་དོ་ཞེས་བྱ་བ་ནི་བུད་མེད་ཀྱི་ཡུལ་ལ་སྦྱིན་པ་ལ་མ་ཞུགས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་པས་སོ། །གཟུགས་ཅན་རྒྱན་ཞེས་བྱ་བ་ནི་མཆན་གྱི་ཕྱོགས་མཛེས་པའི་ཕྱིར་ རོ། །གཟུགས་ཅན་གསལ་བ་ཞེས་བྱ་བ་ནི་ཐོན་ཀོར་མཛེས་པའི་ཕྱིར་རོ། །གཟུགས་ཅན་ལྟ་བུའི་ཆོས་དང་ལྡན་པ་ཞེས་བྱ་བ་ནི་འཇིག་རྟེན་ལ་བསོད་ནམས་གཟུགས་ཅན་དུ་གྲགས་པ་ལྟ་བུ་དང་ལྡན་པའོ། །བསྲེག་བྱས་བཏབ་པའི་མེ་ལྟ་བུ་ཞེས་བྱ་བ་ནི་ཞུན་མར་གྱི་རྒྱུན་གྱིས་བཏབ་པའི་མེ་ལྟ་ བུའོ། །གསེར་གྱི་སྣོད་ན་འདུག་པའི་མར་མེ་ལྟ་བུ་ཞེས་བྱ་བ་ནི་འོད་གསལ་བའོ། །གསེར་གྱི་རི་བོ་འགྲོ་བ་ལྟ་བུ་ཞེས་བྱ་བ་ནི་བརྗིད་བག་ཆགས་པའོ། །གསེར་གྱི་མཆོད་སྡོང་ཞེས་བྱ་བ་ནི་གསེར་གྱི་ཀ་བའོ། །གྲགས་པ་དང་། གསལ་བ་དང་། མི་བསྙེངས་པ་དང་། དྲི་མ་མེད་པ་དང་། རྣམ་པར་དག་ པའི་བློ་དང་ལྡན་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་མཐོང་ཞེས་བྱ་བར་སྦྱར་རོ། །དེ་ལ་གྲགས་པ་ཞེས་བྱ་བ་ནི་རབ་ཏུ་གྲགས་པའོ། །གསལ་བ་ཞེས་བྱ་བ་ནི་སྤྱོད་པ་གཡེར་བའོ། །མི་བསྙེངས་པ་ཞེས་བྱ་བ་ནི་གགས་མེད་པའོ། །དྲི་མ་མེད་པ་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པའོ། །རྣམ་པར་ དག་པའི་ཞེས་བྱ་བ་ནི་ཟག་པ་མེད་པའོ། །དགེ་བའི་རྩ་བ་བསྩགས་པ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་འཕངས་པའོ། །ཉམས་བདེ་བ་ཞེས་བྱ་བ་ནི་རུང་བ་ཉིད་དོ། །འདི་དག་དང་བདག་ཉིད་ཀྱི་ཀཱཪྵཱ་པ་ཎ་གཞན་དག་བསྲེས་ཏེ་ཞལ་ཟས་བསོད་པ་སྟ་གོན་གྱི་ས་ལ་ཞེས་བྱ་བ་ནི་བསླང་བ་སྟེ་ཁྱིམ་བདག་ གིས་འཕགས་པ་ཀུན་དགའ་བོ་ལ་སྔ་ནས་བསྟབས་ཟིན་པས་ཉེས་པ་མེད་པར་ཤེས་པར་བྱའོ། །དྲི་མའི་རྫབ་ཅན་ཞེས་བྱ་བ་ལ། རྡུལ་དང་སྣུམ་གྱི་དྲི་མ་ནི་འདིར་དྲི་མ་ཞེས་བྱ་བའོ། །དེར་རྡུལ་ཆགས་པ་ནི་རྫབ་པོ། །གཅེར་བུ་པ་དང་གཅེར་བུ་མ་ཞེས་བྱ་བ་ནི་སྒྲེན་མོའོ། །ཀུན་དུ་རྒྱུ་དང་ཀུན་དུ་རྒྱུ་མོ་ཞེས་ སྨོས་པས་ནི་གཅེར་བུ་པ་དང་གཅེར་བུ་མ་ཉིད་ཡི་དམ་དུ་ཡང་དག་པར་བླང་བ་སྔོན་དུ་བཏང་བ་ཡིན་པར་བསྟན་ཏོ། །ཉེ་དུ་ཡིན་ན་ལྟུང་བ་མེད་པ་ནི་ཉེ་དུ་ཉིད་ཡིན་ན་མུ་སྟེགས་ཅན་ལ་མཆོད་པ་བྱེད་པ་ཡིན་པར་མི་འགྱུར་བས་ལྟུང་བ་མེད་དོ། །ནད་པ་ཡིན་ན་ལྟུང་བ་མེད་པ་ནི་སྙིང་བརྩེ་བར་བྱ་བ་ཡིན་པའི་ཕྱིར་རོ། ། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་ལས་དབྲལ་བར་འདོད་པ་ཡིན་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ཆོས་ལ་གཞུག་པའི་ཕྱིར་རོ། །དུམ་བུར་བྱས་ཏེ་སྦྱིན་པ་ལ་ལྟུང་བ་མེད་པ་ནི་གུས་པ་མ་ཡིན་པའི་ཕྱིར་རོ། །གཞན་སྦྱིན་དུ་འཇུག་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ཕག་ནས་སྦྱིན་དུ་འཇུག་པའོ། །མངོན་སུམ་དུ་སྦྱིན་ དུ་འཇུག་པ་ནི་ཉེས་བྱས་ཏེ་མཆོད་པའི་རྣམ་པ་ཡིན་པའི་ཕྱིར་རོ། །གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད་དེ་བཞི་བཅུ་བཞི་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།གསུས་པོ་ཆེ་ཞེས་བྱ་བ་ནི་ལྟོ་བ་ཆེ་བའོ། །ཏིལ་གྱི་ཆུ་ཞེས་བྱ་བ་ནི་ཤི་བ་དག་ལ་ཏིལ་དང་བཅས་པའི་ཆུ་སྦྱིན་པ་གང་ཡིན་པའོ། །གླང་ པོ་ཆེའི་ཕྲུ་གུ་འདྲ་ཞེས་བྱ་བ་ནི་བ་གླང་གི་ཕྲུ་གུ་འདྲ་བའོ། །གཞལ་མེད་ཁང་འདྲ་ཞེས་བྱ་བ་ནི་ཁང་པ་བརྩེགས་པ་དང་མཉམ་པའོ། །གནོད་སྦྱིན་གདུག་པ་འདྲ་ཞེས་བྱ་བ་ནི་གནོད་སྦྱིན་གཙོ་བོ་དང་མཉམ་པའོ། །རས་ཡུག་ཆེན་གླེགས་པར་འཚལ་བ་ཞེས་བྱ་བ་ནི་རས་མཚོན་གྱིས་དྲས་པ་གྱོན་པའོ། ། ཆས་པ་ཞེས་བྱ་བ་ནི་གཡུལ་འགྱེད་པ་ལ་མངོན་པར་ཕྱོགས་པའོ། །གཡུལ་འགྱེད་པར་མངོན་པར་དགའ་བ་ཞེས་བྱ་བ་ནི་གཡུལ་འགྱེད་པར་འདོད་པའོ། །དགེ་སློང་བསོད་སྙོམས་ལ་ཞུགས་པ་ལ་དམག་ལ་འགྲོ་བ་ལ་སོགས་པ་ལ་ནི་ཞར་ལ་དམག་མཐོང་བ་ཡིན་པས་ལྟུང་བ་མེད་དོ། །དམག་ ལ་ལྟ་བའི་ལྟུང་བྱེད་དེ་བཞི་བཅུ་ལྔ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཕྲུ་བ་ཞེས་བྱ་བ་ནི་དམག་གོ། །སྲོག་ཤིང་དག་ནས་ཞེས་བྱ་བ་ནི་འཕང་ལོ་འཛིན་པའི་ཤིང་དག་ནས་སོ། །རྒྱལ་པོ་ལ་སོགས་པ་ན་རེ་འདུག་ཤིག་ཅེས་ཟེར་བ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ནི་གཞན་གྱི་དབང་ ཡིན་པའི་ཕྱིར་རོ། །བར་ཆད་བརྒྱད་པོ་དག་ལས་བར་ཆད་གང་ཡང་རུང་བ་ཉེ་བར་གནས་པར་གྱུར་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་སྡུག་བསྔལ་ཡོངས་སུ་བསྐྱབ་པའི་ཕྱིར་རོ། །དམག་གི་ནང་ན་གནས་པའི་ལྟུང་བྱེད་དེ་བཞི་བཅུ་དྲུག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །། གཡུལ་ཞེས་བྱ་བ་ནི་ཟླ་བ་ལ་སོགས་པའི་རྣམ་པར་གནས་པའི་དམག་གོ། །རྒྱལ་མཚན་གྱི་མཆོག་ཅེས་བྱ་བ་ནི་རྟགས་མཚན་ནོ། །དཔུང་གི་མཆོག་ཅེས་བྱ་བ་ནི་རུང་བའོ། །བཀོད་ཅིང་བཤམས་པའི་དམག་ཅེས་བྱ་བ་ནི་ནམ་མཁའ་ལྡིང་གི་འདབ་མ་ལ་སོགས་པ་ལྟ་བུར་གནས་པའི་དམག་གོ། ། ལྟ་བ་ཉམས་སུ་མྱོང་བར་བྱས་ཞེས་བྱ་བ་ནི་དེའི་ནང་དུ་ཞུགས་ཏེ་བལྟ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གླང་པོ་ཆེ་བཅོས་མ་ཞེས་བྱ་བ་ནི་གླང་པོ་ཆེ་སྒྱུ་མ་སྟེ་ཀོ་བ་ལ་སོགས་པ་ལས་བྱས་པའོ། །རྫོང་ནས་རླུགས་ཏེ་བྱུང་ཞེས་བྱ་བ་ནི་མཁར་ནས་འཕུངས་ཏེ་བྱུང་བའོ། །ཁྲོམ་གྱི་རུ་སྣ་ཞེས་བྱ་བ་ནི་ གཡུལ་འགྱེད་པའི་མིའོ། །ནང་པར་སྔ་བ་ཁོ་ནར་ཞེས་བྱ་བ་ནི་ནང་པར་གྱི་དུས་ཏེ་ཉི་མ་འཆར་ཀ་ཞེས་བྱ་བའི་ཐ་ཚིག་གོ། །བཤམས་པ་འཁྲུག་ཏུ་འགྲོ་ཞེས་བྱ་བ་ལ། བཤམས་པ་འཁྲུག་ཅེས་བྱ་བ་ནི་བཤམས་པ་ཉམས་པའོ། །འགྲོ་བ་ཞེས་བྱ་བ་ནི་བྱེད་པའོ་ཞེས་ཁ་ཅིག་འཆད་དོ། །ཁ་ཅིག་ན་རེ་ བཤམས་པ་འཁྲུག་ཅེས་བྱ་བ་ནི་བཤམས་བ་གློང་པའོ། །དེར་འཇུག་པ་ནི་འགྲོ་བའོ་ཞེས་ཟེར་རོ། །འབྲུའི་ཁ་ལྟ་བུ་ཞེས་བྱ་བ་ནི་མདུན་དུ་ཡང་རུ་བ་དངར་རྒྱབ་ཏུ་ཡང་རུ་བ་དངར་ལ། དབུས་ན་རྒྱལ་པོ་འདུག་པ་སྟེ་འབྲུའི་འབྲས་བུའི་རྣམ་པ་ལྟར་དམག་བཤམས་པའོ། །ཤིང་རྟའི་དབྱིབས་ལྟ་ བུ་ཞེས་བྱ་བ་ནི་མདུན་དུ་ཡང་རུ་བ་དངར། གློར་ཡང་རུ་བ་དངར་ལ། རྒྱབ་ན་རྒྱལ་པོ་འདུག་སྟེ། ཤིང་རྟའི་དབྱིབས་འདྲ་བར་གྲུ་གསུམ་དུ་བཤམས་པའོ། །ཟླ་གམ་གྱི་རྣམ་པ་ལྟ་བུ་ཞེས་བྱ་བ་ནི་མདུན་དུ་ཡང་རུ་བ་དངར། རྒྱབ་ཏུ་ཡང་རུ་བ་དངར། གློར་ཡང་དངར་ལ། དབུས་ན་རྒྱལ་པོ་འདུག་པ་ སྟེ་ཟླ་གམ་གྱི་རྣམ་པ་ལྟ་བུར་དམག་བཤམས་པའོ། །ནམ་མཁའ་ལྡིང་གི་འདབ་མ་ལྟ་བུ་ཞེས་བྱ་བ་ནི་གློར་རུ་བ་དངར་མདུན་ན་རྒྱལ་པོ་འདུག་པ་སྟེ། ནམ་མཁའ་ལྡིང་གི་འདབ་མ་ལྟར་གློ་གཡས་གཡོན་དུ་རིང་བར་དམག་བཤམས་པའོ། །གོ་བསྐོན་པ་དང་གོ་མ་བསྐོན་པ་ཞེས་བྱ་བ་ནི་བྱེ་ བྲག་གིས་ཆས་པ་དང་མ་ཆས་པ་ཡིན་པར་བསྟན་པའི་ཕྱིར་རོ། །ཤིང་རྟ་བཅས་པ་ཞེས་བྱ་བ་ནི་བརྒྱན་པའོ། །དཔུང་གི་ཡན་ལག་ཉམས་སུ་མྱོང་བར་བྱེད་པའི་ལྟུང་བྱེད་དེ་བཞི་བཅུ་བདུན་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།སོར་མོ་གཅིག་གིས་རྡེག་པར་བྱེད་ན་ཞེས་བྱ་བ་ལ་ སོགས་པ་ནི་གང་གི་ཚེ་སོར་མོ་ཐ་དད་པས་རྡེག་པར་བྱེད་པ་དེའི་ཚེ་ན། རྡེག་པར་ཐ་དད་པར་བསམས་པའི་ཕྱིར་ལྟུང་བ་ཡང་ཐ་དད་པར་འགྱུར་ལ། གང་གི་ཚེ་གཅིག་ཉིད་ཀྱིས་རྡེག་པར་བྱེད་པ་དེའི་ཚེ་ནི་རྡེག་པ་ཐ་དད་པར་སེམས་པ་མེད་པའི་ཕྱིར་ལྟུང་བ་ཡང་གཅིག་པ་ཉིད་དུ་ཤེས་པར་བྱའོ། ། བརྣངས་པ་ཞེས་བྱ་བ་ནི་ཟས་མགུལ་བར་ཐོགས་པའོ། །ཐལ་ལྕག་གི་རིག་སྔགས་ཞེས་བྱ་བ་ནི། སྔགས་པ་གང་གིས་བཟླས་བརྗོད་བྱས་ནས་ཐལ་ལྕག་གིས་བསྣུན་ནས་འཚོ་བར་འདོད་པར་བྱེད་པ་སྟེ་འདི་ལ་ནི་འཁྲུག་པ་མེད་པའི་ཕྱིར་ལྟུང་བ་མེད་དོ། །རྡེག་པའི་ལྟུང་བྱེད་དེ་བཞི་བཅུ་བརྒྱད་ པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།གཟས་ཞེས་བྱ་བ་ནི་བཤམས་པའོ། །ཐལ་མོ་ཞེས་བྱ་བ་ནི་ཐལ་ལྕག་གོ། །ཐུར་མའི་ཆགས་པ་ཞེས་བྱ་བ་ནི་ཐུར་མའི་བམ་པོའོ། །ཐག་པའི་ཆུན་པོ་ཞེས་བྱ་བ་ནི་ཐག་པ་བསྡོམས་པའོ། །གཟས་པའི་ལྟུང་བྱེད་དེ་བཞི་བཅུ་དགུ་པའི་ཚིག་ རྣམ་པར་བཤད་པ་རྫོགས་སོ།། །།སོ་སོར་བརྟག་གམ་ཞེས་བྱ་བ་ནི་མཐོ་བཙམས་པ་ཞེས་བྱ་བའོ། །རྣལ་འབྱོར་སྤྱོད་པའི་ས་ཞེས་བྱ་བ་ནི་བསམ་གཏན་པའི་ཡུལ་ཏེ། སྙོམས་པར་འཇུག་པ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱལ་བྱེད་ཀྱི་ཚལ་གྱི་མདོ་ཞེས་བྱ་བ་ནི་ཡང་དག་པར་ལྡན་པའི་ལུང་ ལས་འབྱུང་སྟེ། གླེང་གཞི་ནི་མཉན་ཡོད་ན་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱི་མ་ཡིན་པ་གང་ཡིན་པ་དེ་སྤོངས་ཤིག །ཁྱེད་ཀྱིས་ཆོས་དེ་སྤང་བར་བྱའོ། །ཁྱེད་ཀྱིས་ཆོས་དེ་སྤངས་ན་ཡུན་རིང་པོའི་དོན་དང་ཕན་པར་འགྱུར་རོ། །དགེ་ སློང་དག་ཁྱེད་ཀྱི་མ་ཡིན་པ་གང་ཞེ་ན། དགེ་སློང་དག་མིག་ནི་ཁྱེད་ཀྱི་མ་ཡིན་ཏེ་སྤོངས་ཤིག །ཁྱེད་ཀྱིས་ཆོས་དེ་སྤང་བར་བྱའོ། །ཁྱེད་ཀྱིས་ཆོས་དེ་སྤངས་ན་ཡུན་རིང་པོའི་དོན་དང་ཕན་པར་འགྱུར་རོ། །དགེ་སློང་དག །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་ཁྱེད་ཀྱི་མ་ཡིན་ཏེ་སྤོངས་ཤིག ། ཁྱོད་ཀྱིས་ཆོས་དེ་སྤངས་ན་ཡུན་རིང་པོའི་དོན་དང་ཕན་པར་འགྱུར་རོ། །དགེ་སློང་དག་ཇི་སྙམ་དུ་སེམས། རྒྱལ་བྱེད་ཚལ་དེ་ན་རྩྭ་དང་། ཤིང་དང་། ལོ་མ་དང་། འདབ་མ་གང་ཡིན་པ་དེ་སྐྱེ་བོས་བརྐུས་སམ། བསྲེགས་སམ། བཅད་དམ། བཤིག་གམ། ཆུད་གསན་ཏམ་ རྐྱེན་ཇི་ལྟ་བ་བཞིན་དུ་བྱས་ན་འདི་ལྟར་ཁྱེད་འདི་སྙམ་དུ་བདག་གི་འདི་སྐྱེ་བོས་བརྐུས་སམ། བསྲེགས་སམ། བཅད་དམ། བཤིག་གམ། ཆུད་གསན་ཏམ་རྐྱེན་ཇི་ལྟ་བ་བཞིན་དུ་བྱས་སོ་སྙམ་དུ་སེམས་སམ། བཙུན་པ་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན་བཙུན་པ་འདི་ལ་བདག་གམ་ བདག་གི་མ་མཆིས་པའི་སླད་དུའོ། །དགེ་སློང་དག་དེ་བཞིན་དུ་ཁྱེད་ཀྱི་མ་ཡིན་པ་དེ་སྤོངས་ཤིག །ཁྱེད་ཀྱིས་ཆོས་དེ་སྤང་བར་བྱའོ། །ཁྱེད་ཀྱིས་དེ་སྤངས་ན་ཡུན་རིང་པོའི་དོན་དང་ཕན་པར་འགྱུར་རོ། །དགེ་སློང་དག་ཇི་སྙམ་དུ་སེམས་མིག་རྟག་གམ་མི་རྟག་སྙམ། བཙུན་པ་མི་རྟག་གོ། ། གང་མི་རྟག་པ་དེ་སྡུག་བསྔལ་ལམ་སྡུག་བསྔལ་མ་ཡིན་སྙམ། བཙུན་པ་སྡུག་བསྔལ་ལོ། །མི་རྟག་པ་སྡུག་བསྔལ་བ་གང་ཡིན་པ་དེ་ནི་རྣམ་པར་འགྱུར་བའི་ཆོས་ཡིན་ནོ། །འདི་ལྟར་དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་འདི་ནི་བདག་གིའོ། །འདི་ནི་བདག་གི་བདག་གོ་ ཞེས་བདག་ཏུ་ཁས་ལེན་ཏམ། བཙུན་པ་མི་ལེན་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྟག་གམ་མི་རྟག་སྙམ། བཙུན་པ་མི་རྟག་གོ། །གང་མི་རྟག་པ་དེ་སྡུག་བསྔལ་ལམ་སྡུག་བསྔལ་མ་ཡིན་སྙམ། བཙུན་པ་སྡུག་བསྔལ་ལོ། །མི་རྟག་ པ་དང་སྡུག་བསྔལ་བ་གང་ཡིན་པ་དེ་རྣམ་པར་འགྱུར་བའི་ཆོས་ཡིན་ནོ། །འདི་ལྟར་དེ་ལ་འཕགས་པའི་ཉན་ཐོས་ཐོས་པ་དང་ལྡན་པ་དག་ནི་བདག་གིའོ། །འདི་ནི་བདག་གོ། །འདི་ནི་བདག་གི་བདག་གོ་ཞེས་བདག་ཏུ་ཁས་ལེན་ཏམ། བཙུན་པ་མི་ལེན་ཏོ། །དགེ་སློང་དེ་ལྟ་བས་ན་མིག་ཅུང་ཟད་འདས་ པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱི་རོལ་གྱི་འམ། རགས་པའམ། ཆ་ཕྲ་བའམ། ངན་པའམ། བཟང་པོའམ། ཐག་རིང་པོའམ། ཐག་ཉེ་བ་གང་ཡིན་པ་དེ་ནི་ཐམས་ཅད་འདི་ནི་བདག་གི་མ་ཡིན་ནོ། །འདི་ནི་བདག་མ་ཡིན་ནོ། །འདི་ནི་བདག་གི་བདག་མ་ཡིན་ནོ་ཞེས་ བྱ་བ་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཅུང་ཟད་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གི་འམ། ཕྱི་རོལ་གྱི་འམ། རགས་པའམ། ཆ་ཕྲ་བའམ། ངན་པའམ། བཟང་པོ་འམ། ཐག་རིང་བ་འམ། ཐག་ཉེ་བ་གང་ཡིན་པ་དེ་ཐམས་ཅད་ལ། འདི་ནི་བདག་གི་མ་ཡིན་ནོ། །འདི་ནི་བདག་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །དགེ་སློང་དག་འདི་ལྟར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་ནང་གི་སྐྱེ་ མཆེད་དྲུག་པོ་འདི་དག་ལ་འདི་ནི་བདག་གི་མ་ཡིན་ནོ། །འདི་ནི་བདག་མ་ཡིན་ནོ། །འདི་ནི་བདག་གི་བདག་མ་ཡིན་ནོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་བལྟ་སྟེ། དེ་དེ་ལྟར་ཡང་དག་པར་རྗེས་སུ་ལྟ་ན་འཇིག་རྟེན་ལ་ཆུང་ཟད་ཀྱང་མི་ལེན་ཏོ། །མི་ལེན་ན་ཡོངས་སུ་གདུང་བར་མི་འགྱུར་རོ། །ཡོངས་སུ་ གདུང་བ་མེད་ན་སོ་སོར་ཉིད་ལ་བདག་གི་ཟག་པ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་ཡོངས་སུ་མྱ་ངན་ལས་འདའོ་ཞེས་གསུངས་པ་ཡིན་ནོ། །མདོ་སྡེའི་མཐའ་ལ་རྟོན་ཅེས་བྱ་བ་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པའོ། །འཛུམ་ཕྱུང་ཞེས་བྱ་བ་ ནི་བགད་པའོ། །གཞུག་པ་འཛུད་པ་ཞེས་བྱ་བ་ནི་ཡན་ལག་གི་རྣམ་པ་འཛུད་པའོ། །བཅབ་པའི་སེམས་ཞེས་བྱ་བ་ནི་མཁྱུད་པའི་བསམ་པའོ། །དགེ་སློང་གི་ཚུལ་གྱིས་བར་ཆད་ཅེས་བྱ་བ་ནི། ལམ་བསྒོམ་པའི་གེགས་སོ། །ཚངས་པར་སྤྱོད་པའི་བར་ཆད་ཅེས་བྱ་བ་ནི། དེ་དགེ་སློང་གི་དངོས་པོ་དང་ མི་མཐུན་པའོ། །དགེ་འདུན་དབྱེ་བ་ཞེས་བྱ་བ་ནི་འཁོར་ལོ་དབྱེ་བའོ། །དགེ་འདུན་འཁྲུགས་པ་ཞེས་བྱ་བ་ནི་དགེ་འདུན་འཐབ་པའོ། །དགེ་འདུན་གཉིས་སུ་འགྱུར་བ་ཞེས་བྱ་བ་ནི་ལས་དབྱེ་བའོ། །དགེ་འདུན་ཐ་དད་པར་འགྱུར་ཞེས་བྱ་བ་ནི་གནས་ལ་སོགས་པ་དབྱེ་བའོ། །གནས་ངན་ལེན་འཆབ་པའི་ ལྟུང་བྱེད་དེ་ལྔ་བཅུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཀླན་ཀ་ཚོལ་ཞེས་བྱ་བ་ནི་ཚོལ་བ་སྟེ། ཟན་བཅད་པའི་དོན་དུ་རྩོལ་བར་བྱེད་པའོ། །ཇི་ཙམ་འདོད་པ་ཞེས་བྱ་བ་ནི་ཇི་ཙམ་དགའ་བའོ། །སྨྲ་བ་ཞེས་བྱ་བ་ནི་ཕེབས་པར་སྨྲ་བའོ། །འདུག་པ་ཞེས་བྱ་བ་ནི་རྐུབ་ཚོས་འཇོག་པའོ། ། ཆེད་དུ་བསམས་ཏེ་དགེ་སློང་གི་ཟན་གཅོད་དུ་འཇུད་ན་ཞེས་བྱ་བ་ནི་ཟན་གཅོད་དུ་གཞུག་པའི་ཕྱིར་རྩོལ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཟན་གཅོད་དུ་འཇུད་པའི་ལྟུང་བྱེད་དེ་ལྔ་བཅུ་གཅིག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།དྲང་ཞེས་བྱ་བ་ནི་དྲང་བའོ། །བདེ་ བ་ཞེས་བྱ་བ་ནི་འཇིགས་པ་མེད་པའོ། །ལམ་ཁ་ཞེས་བྱ་བ་ནི་ལམ་སྲོལ་ལོ། །བསྲེལ་བགྱིའོ་ཞེས་བྱ་བ་ནི་བསྐྱལ་བར་བྱ་བའོ། །དགེ་བའི་རྩ་བ་འདི་ཞེས་བྱ་བ་ནི་ཆགས་པ་མེད་པ་ལ་སོགས་པའོ། །ལེགས་པར་སྤྱད་པ་འདིར་ཞེས་བྱ་བ་ནི་ལུས་དང་ངག་གི་ལས་ཀྱིས་སོ། །བསྐལ་བ་བཅུ་གསུམ་དུ་ཞེས་ བྱ་བ་ནི་བར་གྱི་བསྐལ་པ་བཅུ་གསུམ་དུའོ། །ལོག་པར་ལྟུང་བ་ཞེས་བྱ་བ་ནི་ངན་སོང་གི་འགྲོ་བའོ། །སྲིད་པ་ཐ་མ་ཞེས་བྱ་བ་ནི་སྐྱེ་བ་ཐ་མ་སྟེ་རྣམ་པར་སྨིན་པའི་འབྲས་བུའོ། །གནས་ཞེས་བྱ་བ་ནི་སེམས་ཀྱི་རྒྱུད་དེ་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་འདུག་པའི་གནས་ཡིན་པའི་ཕྱིར་རོ། ། གཟུགས་ཞེས་བྱ་བ་ནི་གཟུགས་ཀྱི་ལུས་སོ། །ལུས་ཐ་མ་ཐོབ་པ་ཞེས་བྱ་བ་ནི་སྲོག་ལ་སོགས་པ་མི་ལྡན་པའི་རྒྱུན་ནོ། །ལས་དེ་ཉིད་ཅེས་བྱ་བ་ནི་ཡིད་ཀྱི་ལས་སོ། །ཤིང་ལྗོན་པ་ཁོང་སྟོང་ཞེས་བྱ་བ་ནི་ཤིང་ལྗོན་པ་སྐམ་པའོ། །གྲངས་པ་དག་གིས་ཞེས་བྱ་བ་ནི་མི་གྲང་བཞིན་དུ་གྲངས་པར་འཆོས་པ་ དག་གིས་ཏེ། གྲངས་པས་ཟིལ་གྱིས་གནོན་པ་དག་གིས་ཞེས་བྱ་བའི་ཐ་ཚིག་གོ། །སྒྲ་ཅལ་ཞེས་ཟེར་བ་ཞེས་བྱ་བ་ནི་ཆུའི་ནང་དུ་ཤིང་སྒྱེལ་བའི་སྒྲ་མི་གསལ་བའོ། །ཅལ་ཅལ་ཟེར་བ་བྱུང་ངོ་ཞེས་བྱ་བ་ནི་རི་བོང་དག་གིས་སྒྲ་དེ་ཐོས་ནས་ཅལ་ཅལ་ཟེར་བ་ཞེས་པའི་སྲོག་ཆགས་ཨ་ཙི་བ་ཞིག་ཡིན་པར་ བརྟགས་ཏེ་བྱུང་ངོ་། །འོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །རི་དྲུང་དང་ཉེ་བ་ཞེས་བྱ་བ་ནི་རི་ཤོད་དང་ཉེ་བའོ། །རལ་པ་ཅན་ཞེས་བྱ་བ་ནི་པདྨའི་གེ་སར་དང་འདྲ་བའི་སྤུ་རལ་པ་མཐོན་པོ་དག་དེ་ལ་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །ཅོད་པན་ལྟ་བུ་དང་ལྡན་པ་ཞེས་བྱ་བ་ནི་ཅོད་པན་གྱི་རྣམ་པ་ལྟ་བུ་ཁ་དོག་དཀར་པོའི་ སྤུ་དག་སྐྱེ་བ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །རབ་ཏུ་གྲགས་པ་ཞེས་བྱ་བ་ནི་འཇིག་རྟེན་ན་གྲགས་པ་སྟེ་དེས་ཐམས་ཅད་དུ་འགྲོ་བར་མི་བྱའོ་ཞེས་བྱ་བར་བསམས་སོ། །རྐང་པ་བཞི་མེད་པ་ཞེས་བྱ་བ་ནི་རྐང་བཞི་པས་སྟོང་པར་རོ། །རེ་ཞིག་འདུལ་བ་ལ་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། ། ཞེས་བྱ་བ་ནི་མེ་ལ་རེག་པའི་སྐབས་འཇིག་རྟེན་ན་སྨད་པར་འགྱུར་བ་མེད་པའི་ཕྱིར་རོ། །འབར་ཞེས་བྱ་བ་ནི་ཆུང་ཟད་འབར་བའོ། །རབ་ཏུ་འབར་བ་ཞེས་བྱ་བ་ནི་འབྲིང་ཚད་དུ་མཆེད་པའོ། །ཀུན་དུ་རབ་ཏུ་འབར་བ་ཞེས་བྱ་བ་ནི་ཆེར་འབར་བའོ། །མེ་ལྕེ་གཅིག་ཏུ་གྱུར་ཅིང་འབར་བ་ཞེས་བྱ་བ་ནི་ལྷན་ཅིག་ཏུ་འབར་ བར་གྱུར་པའོ། །འཇིགས་པ་མེད་པ་ཞེས་བྱ་བ་ནི་ད་ལྟར་གྱི་འཇིགས་པའི་རྒྱུ་ལས་གྲོལ་བའོ། །བག་ཚ་བ་མེད་པ་ཞེས་བྱ་བ་ནི་མ་འོངས་པའི་འཇིགས་པའི་རྒྱུ་ལས་གྲོལ་བའོ། །ཉེས་པ་ཉེས་པའི་སྒོ་ནས་ཤོགས་ཤིག་ཅེས་བྱ་བ་ནི། སྐྱོན་སྐྱོན་ཉིད་དུ་སྨོད་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །གཞན་ལ་གཏོང་བས་ རྩེ་བར་བྱེད་ཅེས་བྱ་བ་ནི་རྩེད་མོ་གང་ལ་བྱིས་པས་ཤིང་བུ་མེས་སྤར་ཏེ། གཅིག་གི་ལག་ནས་གཅིག་གི་ལག་ཏུ་གཞན་ལ་ཐོང་ཤིག་ཅེས་གཞན་ལ་གཏོང་བར་བྱེད་པ་ཡོད་པ་དེས་རྩེ་བར་བྱེད་པའོ། །ཟླ་བ་ཡང་བྱེད་ཅེས་བྱ་བ་ནི་ཟླ་བ་ལྟ་བུའི་འཁོར་ལོ་ཡང་བྱེད་པའོ། །ཉི་མ་ཡང་བྱེད་ཅེས་བྱ་བ་ཡང་ཉི་མ་ལྟ་ བུའི་འཁོར་ལོ་ཡང་བྱེད་པའོ། །མགལ་མེའི་འཁོར་ལོ་ཡང་བྱེད་ཅེས་བྱ་བ་ནི་མགལ་མེ་རྫ་མཁན་གྱི་འཁོར་ལོ་འདྲ་བར་བསྐོར་བའོ། །རེག་གམ་ཞེས་བྱ་བ་ནི་རེག་པར་བྱེད་པའོ། །རེག་ཏུ་འཇུད་ན་ཞེས་བྱ་བ་ནི་རེག་ཏུ་འཇུད་པར་བྱེད་པའོ། །དབུ་སྐྲ་དང་སེན་མོའི་མཆོད་རྟེན་ཞེས་བྱ་བ་ནི་དེ་ བཞིན་གཤེགས་པའི་དབུ་སྐྲ་དང་། སེན་མོ་དག་བླངས་ནས་མཆོད་པའི་ཕྱིར། མཆོད་རྟེན་གང་དག་བྱས་པའོ། །དུས་ཡུན་རིང་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་ལས་ཟིན་གྱི་བར་གྱི་ཡུན་རིང་པོར་རོ། །དུས་བྱིན་གྱིས་བརླབས་པར་སྦར་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ལ་ སོགས་པ་ནི་དུས་ཀྱང་མེད་ལ་བྱིན་གྱིས་ཀྱང་མ་བརླབས་པར་སྦར་བར་བྱེད་པ་ལ་སོགས་པ་ལ་ལྟུང་བྱེད་དུ་འགྱུར་བར་གསུངས་སོ། །དུས་ཡོད་ལ་བྱིན་གྱིས་མ་བརླབས་པར་སྦར་བར་བྱེད་པ་ལ་སོགས་པ་ལ་ནི་ཉེས་བྱས་སུ་འགྱུར་བར་ཤེས་པར་བྱའོ། །མེ་མ་མུར་ཞེས་བྱ་བ་ནི་ཐལ་བར་གྱུར་ པ་ལ་ཐུག་པའོ། །མེར་སྐྲ་ལ་སོགས་པ་འཇུད་པ་ཉེས་བྱས་ཞེས་གསུངས་པ་ནི་རེག་ཏུ་འཇུད་པ་དང་གཉིས་ཀྱིས་བཅུག་པ་མེད་པའི་ཕྱིར་ན་སྨད་དོ། །མེ་ལ་རེག་པའི་ལྟུང་བྱེད་དེ་ལྔ་བཅུ་གཉིས་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།བྲེལ་བ་ཞེས་བྱ་བ་ནི་ཡིད་བྲེལ་བ་ཉིད་དོ། ། བསྐྱེད་པར་བྱའོ་ཞེས་བྱ་བ་ནི་དབྱུང་བར་བྱ་བའོ། །གྱ་ཚོམ་དུ་ཞེས་བྱ་བ་ནི་ཅི་དེ་རྒྱུ་དེ་ཉེ་བར་ཞི་བའམ་འོན་ཏེ་མ་ཞི་ཞེས་རྣམ་པར་མ་དཔྱད་པར་རོ། །ནན་གྱིས་ཞེས་བྱ་བ་ནི་རིགས་པས་ཡིན་ཡང་བཙན་ཐབས་ཀྱིས་མ་གུས་པས་སོ། །ཁོ་བོས་འདུན་པ་མ་ཕུལ་ལོ་ཞེས་བྱ་བ་ནི་ཡུལ་ དེ་ལས་མ་དད་པའི་ཕྱིར་རོ། །ཁོ་བོས་འདུན་པ་ཉེས་པར་ཕུལ་ལོ་ཞེས་བྱ་བ་ནི་མ་བརྟགས་པར་ཕུལ་བའི་ཕྱིར་རོ། །སྤོང་བའི་ཆོས་སུ་བྱེད་ཅིང་ཞེས་བྱ་བ་ནི་སྟོན་ཅིང་འགོག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །འདུན་པ་ཕྱིར་སྒྱུར་བའི་ལྟུང་བྱེད་དེ་ལྔ་བཅུ་གསུམ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །། རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ་ཞེས་བྱ་བ་ནི་ནུབ་གཉིས་ལས་ལྷག་པར་མ་ཉལ་བའི་ཕྱིར་རོ། །ལོ་མ་མ་ཡིན་པའི་སྤྱིལ་བུ་ཞེས་བྱ་བ་ནི་སྤྲུལ་པ་བྱས་པའོ། །སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པའི་གཙོ་བོ་ཞེས་བྱ་བ་ནི་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཆེན་ པོའོ། །ཚད་ཅེས་བྱ་བ་ནི་ཁུང་ངོ་། །དངོས་བཙན་པ་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་ན་ཕ་རོལ་གྱི་ཡུལ་འཁོར་ཕེབས་པར་ནུས་ན་བདག་ཉིད་མ་སོང་ན་ཕེབས་པར་མི་ནུས་སོ། །དགེ་སློང་མ་འོངས་པ་རྣམས་ལ་ནི་གཞེས་པར་མཛད་ལ་ཞེས་བྱ་བ་ནི་སྡོད་པར་མཛད་པའོ། །ཕྱིར་གཏོང་བར་མི་མཛད་ ཅེས་བྱ་བ་ནི་འཇོག་པར་མཛད་པའོ། །དགྲ་བཅོམ་པའི་སྒོ་ང་དང་ལྡན་པ་ཞེས་བྱ་བ་ནི་དགྲ་བཅོམ་པའི་ས་བོན་དང་ལྡན་པའོ། །འཁྲུ་བའི་ནད་ཅེས་བྱ་བ་ནི་འཁྲུ་བག་གི་ནད་དོ། །ལྷན་ཅིག་འདུག་སྟེ་ཞེས་བྱ་བ་ནི་དཀྱིལ་འཁོར་གཅིག་ཏུའོ། །ཉེ་འཁོར་དུ་སྤང་བར་བྱའོ་ཞེས་བྱ་བ་ནི་གནས་ཁང་གི་སྒོ་ དང་འབྲེལ་བའི་ཁྱམས་ཀྱི་ཕྱོགས་སུ་སྤང་བར་བྱ་བའོ། །དགེ་སློང་སྡིག་ཅན་ཞེས་བྱ་བ་ནི་སུན་འབྱིན་པའོ། །གནས་པར་ཁས་མ་བླངས་པ་ཞེས་བྱ་བ་ནི་དབྱར་གྱི་གནས་ཁས་མ་བླངས་པའོ། །གནས་གཅིག་ཏུ་ཉལ་བར་མི་བྱའོ་ཞེས་བྱ་བ་ནི་གནས་ཁང་གཅིག་ཏུ་ཉལ་བར་མི་བྱ་བའོ། །རྫོགས་ པར་མ་བསྙེན་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དེ་ལྔ་བཅུ་བཞི་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་ཞེས་བྱ་བ་ལ། སྡིག་པ་ཅན་གྱི་ལྟ་བ་ཞེས་བྱ་བ་ནི་བར་དུ་གཅོད་པའི་ཆོས་ལ་སྐུར་པ་འདེབས་པས་ལོག་པའི་ཤེས་པ་ཡིན་གྱི། ལོག་པའི་ལྟ་ བ་ནི་མ་ཡིན་ཏེ། ལྟ་བ་ལོག་ན་སྡོམ་པ་ཡང་མེད་པར་འགྱུར་བའི་ཕྱིར་རོ། །རྣམ་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །བྱུང་སྟེ་ཞེས་བྱ་བ་ནི་སྐྱེས་པ་སྟེ་ཁྱིམ་པ་དག་གིས་ཀྱང་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་མཐོང་བའི་ཕྱིར་བར་དུ་གཅད་པའི་ཆོས་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་སྙམ་པའི་ལྟ་བའི་ རྣམ་པ་སྐྱེས་པའོ། །བར་དུ་གཅོད་པའི་ཆོས་ཞེས་བྱ་བ་ནི་དགེ་བའི་ཆོས་ཀྱི་གེགས་བྱེད་པའོ། །བར་དུ་གཅོད་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་དགེ་བའི་ཆོས་ཀྱི་བགེགས་བྱེད་པར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ལ་སྐུར་བ་མ་འདེབས་ཤིག་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཐམས་ཅད་མཁྱེན་ པ་ཉིད་མ་སྤོང་ཤིག་ཅེས་བྱ་བའོ། །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་མི་འདོད་པ་འབྱུང་བའི་ཕྱིར་རོ། །ཞལ་གྱིས་བཞེས་པའི་ཕྱིར་སྐུར་པར་མི་འགྱུར་རོ་སྙམ་པ་ལ། དེའི་ཕྱིར་བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་ཞེས་བྱ་བ་གསུངས་སོ། །བཅོམ་ ལྡན་འདས་དེ་སྐད་མི་གསུང་བར་ཇི་ལྟར་ཤེས་སྙམ་པ་ལ། དེའི་ཕྱིར་ཚེ་དང་ལྡན་པ་བར་དུ་གཅོད་པའི་ཆོས་རྣམས་ཀྱི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། གང་གི་ཕྱིར་བར་དུ་གཅོད་པའི་ཆོས་རྣམས་ནི་ཚུལ་ཁྲིམས་འཆལ་བར་བྱེད་པ་ཡིན་པས་བཅོམ་ ལྡན་འདས་ཀྱིས་གནས་ཏེ་ལྟ་བུ་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པས་བཅོམ་པ་ལྟུང་བ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་ བསླང་དུ་མེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་དུ་མས་བར་དུ་གཅོད་པ་ཉིད་ཡིན་པར་གསུངས་པ་དེའི་ཕྱིར་བཅོམ་ལྡན་འདས་ལ་ནི་ལན་འགའ་ཡང་དེ་སྐད་མི་གསུང་ངོ་། །ལུང་དང་འགལ་བ་ཉིད་དུ་བསྟན་ནས་མངོན་སུམ་དང་འགལ་བ་བསྟན་པའི་ཕྱིར། དེ་དག་བརྟེན་ན་བར་དུ་གཅོད་ པ་ཉིད་དུ་འགྱུར་གྱི་ཞེས་བྱ་བ་གསུངས་ཏེ། མ་ཆགས་པ་ལ་སྩོགས་པ་དང་མངོན་སུམ་དང་འགལ་བའི་ཕྱིར་རོ། །ཐམས་ཅད་ཀྱི་ཐམས་ཅད་ཅེས་བྱ་བ་ནི་ནང་གི་བདག་ཉིད་ཀྱིས་སོ། །རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱི་རོལ་གྱི་བདག་ཉིད་ཀྱིས་སོ། །གཏམ་འདྲེ་བར་མི་བྱེད་ཅེས་བྱ་བ་ ནི་ལུང་འབོགས་པ་སྦྱིན་པས་སོ། །ཕེབས་པར་སྨྲ་བར་མི་བགྱི་ཞེས་བྱ་བ་ནི་དམིགས་ཀྱིས་འདྲི་བ་སྦྱིན་པས་སོ། །དཔེར་ན་གདོལ་བུ་བཞིན་དུ་ཞེས་བྱ་བ་ནི་ངེས་པ་ཁོ་ནར་ཡོངས་སུ་སྤང་བར་བྱ་བ་ཡིན་པར་བསྟན་པའི་ཕྱིར་རོ། །སྨད་པ་ཞེས་བྱ་བ་ནི་སྨད་པར་བྱ་བ་ཉིད་དུ་རྣམ་པར་གཞག་ པ་སྟེ་བཤུང་ཞིང་སྨད་པ་ཡིན་ནོ། །མཆོག་ཏུ་སྨད་པ་ཞེས་བྱ་བ་ནི་གནས་ནས་དབྱུང་ཞིང་སྤང་བའོ། །དགེ་སློང་གི་ཚུལ་གྱིས་བར་དུ་གཅོད་པར་མི་འགྱུར་ཏེ་ཞེས་བྱ་བ་ལ། འདིར་དགེ་སྦྱོང་གི་ཚུལ་གྱིས་ཞེས་བྱ་བ་ནི་ཚུལ་ཁྲིམས་མ་འཆལ་བའོ། །ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་དེ་ལྔ་ བཅུ་ལྔ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།དེ་སྐད་ཟེར་བ་ཞེས་བྱ་བ་ནི་བར་དུ་གཅོད་པའི་ཆོས་རྣམས་ལོག་པར་སྨྲ་བའོ། །ཆོས་བཞིན་མ་བྱས་པ་ནི་ཕྱིར་བཅོས་པ་མ་བྱས་པའོ། །ཆོས་དང་མཐུན་པར་མ་བྱས་པ་ཞེས་བྱ་བ་ནི་རང་བཞིན་ཕྱིར་མ་བླངས་པ་སྟེ་ལེགས་པར་ མ་སྦྱངས་ཞེས་བྱ་བའི་ཐ་ཚིག་གོ། །ན་བར་གྱུར་པ་དང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་དང་དབྲལ་བར་འདོད་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ནི་སྙིང་རྗེའི་དབང་ཡིན་པའི་ཕྱིར། ལྟུང་བ་མེད་དོ། །སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དེ་ལྔ་བཅུ་དྲུག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །། རྫུ་འཕྲུལ་ཡང་མངོན་པར་བསྒྲུབས་སོ་ཞེས་བྱ་བ་ནི་བསྐྱེད་པའོ། །ཐོས་པའི་ཉེན་ཀོར་ནས་སྤངས་ཏེ་ཞེས་བྱ་བ་ནི་གང་དུ་ལས་དེ་མི་ཐོས་པ་དེར་བཀྲི་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བསྙིལ་གྱིས་གཞན་དུ་སོང་ཤིག་ཅེས་བྱ་བ་ནི་ཐག་ཤིན་ཏུ་རིང་པོར་གཞན་སོང་ཤིག་ཅེས་བྱ་བའི་ཐ་ཚིག་གོ། ། བསྙིལ་བ་སྡུད་པའི་ལྟུང་བྱེད་དེ་ལྔ་བཅུ་བདུན་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།རི་རབ་ཀྱི་བང་རིམ་ཞེས་བྱ་བ་ནི་མཆོད་རྟེན་གྱི་བང་རིམ་ལྟར་བྱུང་བའི་བང་རིམ་མོ། །གཞལ་མེད་ཁང་པའི་ཆ་ལུགས་ཞེས་བྱ་བ་ནི་ལྷ་གང་དག་གཞལ་མེད་ཁང་ན་གནས་པ་དག་གི་ཆ་ལུགས་ སོ། །རྒྱལ་རིགས་ནི་མངོན་པའི་ང་རྒྱལ་ཅན་ཡིན་པས་ཞེས་བྱ་བ་ནི་དཔའ་རྟུལ་ཕོད་པའི་ང་རྒྱལ་ཅན་ཏེ་གཟི་བྱིན་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །དག་པའི་མཐའ་ཅན་ཞེས་བྱ་བ་ནི་ཡིད་བརྟན་ཞིང་གསང་ལ་གཏོགས་པ་རྒྱལ་པོའི་དྲུང་གི་མཐའ་ན་འདུག་པའོ། །དམ་པའི་ཆོས་ལ་གུས་པར་ མཛད་ཅེས་བྱ་བ་ནི་དེ་དག་དམ་པའི་ཆོས་མྱ་ངན་ལས་འདས་པ་ལམ་དང་བཅས་ཚོགས་དང་བཅས་པ་ལ་གུས་པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དགྲ་བཅོམ་པ་དག་ཀྱང་བླ་མར་བྱེད་དེ་ཞེས་བྱ་བ་གསུངས་ཏེ་གང་གི་ཕྱིར་རིགས་གསུམ་དང་ལྡན་པའི་དགྲ་བཅོམ་པ་ཐམས་ཅད་མྱ་ ངན་ལས་འདས་པའི་ཆོས་བླ་མར་སྒྲུབ་པར་བྱེད་ཅིང་དེའི་དོན་དུ་ཚོགས་ཆེན་པོ་སོགས་པར་བྱེད་པ་དེའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དམ་པའི་ཆོས་ལ་གུས་པར་མཛད་དོ། །མྱ་ངན་སེལ་མཛད་པ་ཞེས་བྱ་བ་ནི་རྒ་བ་དང་འཆི་བ་དང་། སྡུག་པ་དང་བྲལ་བ་ལ་སོགས་པའི་མྱ་ངན་ གཏན་དུ་ཞི་བར་མཛད་པའི་ཕྱིར་རོ། །བདག་ལ་ལེགས་འདོད་ཅེས་བྱ་བ་ནི་བདག་ཉིད་ལ་ཕན་པར་འདོད་པའོ། །བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་མི་སློབ་པ་ཉིད་དོ། །སངས་རྒྱས་བསྟན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཆོས་གུས་པར་བསྟན་པའོ། །རབ་ཏུ་དང་སེམས་མེད་པ་ཞེས་བྱ་བ་ནི་ མ་དད་པས་ཀུན་ནས་དཀྲིས་པའོ། །ཞེ་སྡང་ཅན་ཞེས་བྱ་བ་ནི་ཁོང་ཁྲོ་བ་དང་བཅས་པའོ། །འཁྲུགས་པ་ཞེས་བྱ་བ་ནི་ཁྲོ་བ་དང་བཅས་པའོ། །དམ་ཆོས་ཞེས་བྱ་བ་ནི་ལམ་དང་བསྟན་པའོ། །ཉེས་རྩོམ་ཞེས་བྱ་བ་ནི་ཁྲོ་བ་དང་ཞེ་སྡང་གི་རྗེས་སུ་འཇུག་པའོ། །བཏུལ་བྱས་ཤིང་ཞེས་བྱ་ བ་ནི་སོ་སོར་གསལ་བར་བྱས་ཤིང་ངོ་། །རབ་དང་མེད་པ་ཞེས་བྱ་བ་ནི་མ་དད་པའོ། །ཀུན་ནས་མནར་སེམས་ཞེས་བྱ་བ་ནི་ཁྲོ་བ་དང་ཞེ་སྡང་གི་བདག་ཉིད་དོ། །སྤོང་བ་ཞེས་བྱ་བ་ནི་མི་ཕྱོགས་པའོ། །ངམ་གྲོག་ཆུང་ངུ་དག་ཅེས་བྱ་བ་ནི་གཡང་ས་ཆུང་ངུ་དག་གོ། །ངམ་གྲོག་ཆེན་པོ་དག་ ཅེས་བྱ་བ་ནི་གཡང་ས་ཆེན་པོ་དག་གོ། །ཉམས་པ་ཞེས་བྱ་བ་ནི་ཀླུའི་སྐྱེས་གནས་དང་བྲལ་བའོ། །ཤི་བ་ཞེས་བྱ་བ་ནི་ལུས་དང་བྲལ་བའོ། །བྲོས་པ་ཞེས་བྱ་བ་ནི་རང་དག་སོང་བའོ། །གཟུང་བ་ཞེས་བྱ་བ་ནི་མི་འདོད་བཞིན་དུ་ཁྲིད་པའོ། །མ་རུང་བས་སོ་ཞེས་བྱ་བ་ལ། བས་སོ་ཞེས་བྱ་བའི་ སྒྲ་ནི་དེ་ལྟར་འགྱུར་སྲིད་པར་བསྟན་པའི་ཕྱིར་རོ། །མི་གཙོ་བོ་དག་ཅེས་བྱ་བ་ནི་རྒྱལ་པོ་ལ་སོགས་པའོ། །འཆོས་ཞེས་བྱ་བ་ནི་གཟུགས་བརྙན་བྱེད་པའོ། །འདོད་པ་ན་སྤྱོད་པའི་ལྷ་དྲུག་པོ་དག་ཅེས་བྱ་བ་ནི་རྒྱལ་ཆེན་བཞི་པ་དང་། སུམ་ཅུ་རྩ་གསུམ་དང་། མཐུན་འབྱུང་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཅེས་བྱ་བ་འདོད་པ་ན་སྤྱོད་པ་དྲུག་པོ་དག་གོ། །ལན་གསུམ་ཡོངས་སུ་སྦྱང་བ་བྱེད་དུ་བཅུག་སྟེ་ཞེས་བྱ་བ་ནི་མིའི་འཇིག་རྟེན་དུ་སྐྱེ་བར་བྱ་བའི་ཕྱིར་ལན་གསུམ་གྱི་བར་དུ་ཁས་ལེན་དུ་བཅུག་སྟེའོ། །དེ་ཡང་འདུལ་བའི་གཞི་ལས་བཟོད་ལྡན་ དག་ཁོ་བོ་ནི་དགའ་ལྡན་གྱི་ལྷའི་རིས་འདི་ནས་འཕོས་ནས་མི་རྣམས་ཀྱི་ནང་དུ་རྒྱལ་པོ་ཟས་གཙང་གི་བཙུན་མོ་དམ་པའི་མངལ་དུ་ཉིང་མཚམས་སྦྱོར་བ་ལེན་པར་འགྱུར་གྱི་ཁྱེད་ཅག་ལས་གང་བདུད་རྩི་དོན་དུ་གཉེར་བ་དེས་ཀྱང་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་ཏུ་ཉིང་མཚམས་སྦྱོར་བ་ལོང་ ཤིག་ཅེས་ལན་གསུམ་ཁས་ལེན་དུ་བཅུག་གོ་ཞེས་གསུངས་པ་ཡིན་ནོ། །བླ་རེ་ཞེས་བྱ་བ་ནི་སྟེང་དུ་བྲེ་བའི་བླ་རེའོ། །ཨེ་མའོ་གར་བྱས་སོ་ཞེས་བྱ་བ་ནི་ངོ་མཚར་ཆེ་བར་བསྟན་པའོ། །གད་མོའི་སྒྲ་ཆེན་པོ་ཞེས་བྱ་བ་ནི་གད་རྒྱངས་ཆེན་པོའོ། །བཅོས་སོ་ཞེས་གྲག་ཅེས་བྱ་བ་ལ་གྲག་ཅེས་སྨོད་པ་ནི་ལྐོག་ཏུ་ གྱུར་པའི་དོན་བསྟན་པའི་ཕྱིར་རོ། །སྒྲ་མི་སྙན་ཞེས་བྱ་བ་ནི་རྒྱལ་པོ་སྒྲ་མི་སྙན་གྱི་བྱུང་བའི་མཐའ་དེས་བརྗོད་པའི་ཕྱིར་ཏེ། ཐ་དད་པ་མ་ཡིན་པར་གདགས་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །ཆ་ལུགས་ཞེས་བྱ་བ་ནི་ཆ་ལུགས་ཀྱི་ཆེད་ཀྱི་གོས་སོ། །གསར་པར་གསར་པ་ཡིན་པར་དགོངས་སོ་ཞེས་བྱ་བ་ནི་ དེ་དགའ་བ་ཡིན་པའི་ཕྱིར་དང་། གཙོ་བོ་ཡིན་པའི་ཕྱིར་རོ། །བཙག་ཅེས་བྱ་བ་ནི་སའི་ཁམས་ཏེ། དེ་ནི་གྲགས་པའི་ཕྱིར་དཔེ་ཡིན་ནོ། །ཤིང་ཤུན་ཞེས་བྱ་བ་ནི་བསྐུ་བའི་ཚོན་ཏེ་དེ་ནི་མེ་ཏོག་ལ་སོགས་པའི་དཔེ་ཡིན་ནོ། །གྱོན་ནའོ་ཞེས་བྱ་བ་ནི་གོས་ཀྱི་ལོངས་སྤྱོད་ནི་ལུས་དཀྲི་བ་ཡིན་པས་དེ་བསྟན་པ་ ཡིན་པས་དེ་བསྟེན་པའི་ཕྱིར་རོ། །ཐ་ན་ལྷུང་བཟེད་ཀྱི་ཁ་ཡོགས་ཀྱང་རུང་སྟེ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་ལྷུང་བཟེད་ཀྱི་ཁ་ཡོགས་ཞེས་བྱ་བ་རས་ཁྲུ་གང་གི་ཚད་ཙམ་ཡོད་པ་དེ་དང་མཉམ་པར་གོས་སར་པ་ཞིག་རྙེད་ན་ཡང་ཁ་བསྒྱུར་བར་བྱ་བའི་དོན་ཡིན་གྱི་ལྷུང་བཟེད་ཀྱི་ཁ་ཡོགས་དངོས་ནི་གོས་སུ་བགོ་ བ་མ་ཡིན་པས་ཁ་བསྒྱུར་མི་དགོས་སོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ལྷུང་བཟེད་ཀྱི་ཁ་ཡོགས་ཀྱང་ཁ་བསྒྱུར་བ་ཉིད་ཡིན་ནོ་ཞེས་ཀྱང་ཟེར་རོ། །ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་དེ་ལྔ་བཅུ་བརྒྱད་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།བསྐལ་པ་དང་པོའི་མི་ཞེས་བྱ་བ་ནི་བསྐལ་པ་ ཐོག་མའི་མིའོ། །ལམ་ལམ་ལམ་ཞིང་འདུག་པ་ཞེས་བྱ་བ་ནི་འབར་ཞིང་འདུག་པའོ། །སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་དང་སྦྲུལ་དུག་དྲག་པ་ཞེས་སྨོས་པ་ནི་ནོར་ནི་འཇིག་རྟེན་གཉི་གར་གནོད་པ་བྱེད་པ་ཡིན་པའི་ཕྱིར་སྤང་བར་བྱ་བ་ཉིད་དུ་བསྟན་པའི་ཕྱིར་རོ། །སྡིག་པའི་གྲོགས་པོ་ལྷས་བྱིན་གྱིས་ཉེ་བར་ བསྐོར་བས་ཞེས་བྱ་བ་ནི་སྡིག་པའི་གྲོགས་པོས་ཟིན་པའོ། །ཁྱིམ་གྱི་འབྱོར་པ་དག་ཅེས་བྱ་བ་ནི་ཁྱིམ་གྱི་ལོངས་སྤྱོད་བཟའ་བ་དང་། བཏུང་བ་ལ་སོགས་པ་དག་གོ། །གཉའ་ཟུངས་བརྒྱུད་མོ་ཞེས་བྱ་བ་ནི་གཉའ་བ་ནས་དབུལ་བ་བརྒྱུད་པ་སྟེ་དང་པོས་གཉའ་བ་ནས་ཕུལ་ཏེ་གཉིས་པའི་ལག་ཏུ་བཏང་བ་ ལ། གཉིས་པས་གཉའ་བ་ནས་བཟུང་སྟེ་གསུམ་པའི་ལག་ཏུ་བཏང་བ་ལ་སོགས་པའི་རིམ་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །མི་གོས་སྔོན་པོ་གྱོན་པ་ཞེས་བྱ་བ་ནི་གཤེད་མ་རྣམས་ཀྱི་རྟགས་ཡིན་ནོ། །ཀ་ར་བཱི་རའི་མེ་ཏོག་དམར་པོ་དག་མགྲིན་པར་བཅིངས་པ་ཞེས་བྱ་བ་ནི་གསད་པ་དག་གི་རྟགས་ ཡིན་ནོ། །བྱུང་རྒྱལ་དུ་སྨྲས་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་གློང་བོས་སུ་སྨྲ་བའོ། །འདི་ནི་རེ་ཞིག་འབྱུང་བ་ཡིན་ཏེ་ཞེས་བྱ་བ་ནི་རིན་པོ་ཆེ་ལ་རེག་པའི་ཉེས་དམིགས་སྣང་བའི་ཕྱིར་རོ། །བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ་ཞེས་བྱ་བ་ནི་དགེ་སློང་རྣམས་ཀྱིས་མ་རེག་པའི་ཕྱིར་རོ། །འཕོང་གི་ དཔོང་ས་ཞེས་བྱ་བ་ནི་མཚོན་གྱི་སྒྱུ་རྩལ་ལ་བསླབ་པའི་གནས་སོ། །གཡོན་འཕངས་པ་ཞེས་བྱ་བ་ནི་ལག་པ་གཡོན་པས་མདའ་འཕངས་པ་སྟེ་ཉམ་ང་ལག་ཏུ་འཕེན་དུ་ཞེས་བྱ་བའི་ཐ་ཚིག་གོ། །གཡས་འཕངས་ལ་སོགས་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གོམ་སྟངས་ཞེས་བྱ་བ་ནི་གཡས་ བརྐྱང་ལ་སོགས་པར་རྐང་པ་གཞག་པར་བྱས་པའོ། །རྐེད་ཆིངས་ཀྱིས་བཅིངས་ཏེ་ཞེས་བྱ་བ་ནི་རྐེད་ཆིངས་ཀྱིས་བདག་ཉིད་ཀྱི་ལྟོ་ཕྱོགས་བཅིངས་པའོ། །བཅད་པ་བྱས་པས་ཞེས་བྱ་བ་ནི་དབྱུག་པ་ལ་སོགས་པའི་འབེན་བཙུགས་པ་བཅད་ཅེས་བྱ་བའི་ཐ་ཚིག་གོ། །རེ་ཞིག་འདུལ་བ་ལ་ཉན་ཐོས་ རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ་ཞེས་བྱ་བ་ནི་རིན་པོ་ཆེ་ལ་མ་རེག་པའི་ཕྱིར་རོ། །རོལ་མོའི་དཔོང་ས་ཞེས་བྱ་བ་ལ། རོལ་མོ་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་གཡོག་འཁོར་བ་དྲི་ཟ་ཞེས་བྱ་བ་གླུ་དང་རོལ་མོའི་སྒྲ་ལ་མཁས་པ་དེ་དག་གི་སྒྱུ་རྩལ་གླུ་དབྱངས་གང་ཡིན་པ་དེ་རོལ་མོ་ཞེས་བྱའོ། ། དེ་སྟོན་པའི་གནས་ནི་རོལ་མོའི་དཔོང་ས་ཡིན་ནོ། །དྲུག་ལྡན་ཞེས་བྱ་བ་ལ་སོགས་པ་ནི་སྒྲའི་བྱེ་བྲག་གོ། །དེ་དག་འབྱིན་པ་ནི་བྱེད་པའོ། །བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ་ཞེས་བྱ་བ་ནི་རིན་པོ་ཆེ་ལ་རེག་པ་མེད་པའི་ཕྱིར་རོ། །གནོད་སྦྱིན་གྱི་ནོར་ཞེས་བྱ་བ་ནི་གནོད་སྦྱིན་གྱི་ཕྱིར་ བྱིན་པའི་ནོར་རོ། །རྡུལ་གྱི་ཚོགས་ཞེས་བྱ་བ་ནི་ས་རྡུལ་གྱི་གནས་སོ། །བསླབ་པའི་གཞི་འཆའ་བར་མི་མཛད་དོ་ཞེས་བྱ་བ་ཡང་རིན་པོ་ཆེ་ལ་སོགས་པ་ལ་རེག་པ་འཇིག་རྟེན་གྱིས་སྨད་པར་མ་གྱུར་པའི་ཕྱིར་རོ། །ཡོ་བྱད་རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་བུམ་པ་དང་། རིལ་བ་ལ་སོགས་པ་ཁྲུས་ཀྱི་སྣོད་ དག་གོ། །སོ་ཕག་ཅེས་བྱ་བ་ནི་དྲུད་པར་བྱ་བའོ། །བསྐ་བ་ཞེས་བྱ་བ་ནི་སྤུ་དབྱི་བ་ལ་སོགས་པའི་སྨན་ནོ། །སྐྱེད་མོས་ཚལ་དུ་སྤྱད་པ་ཞེས་བྱ་བ་ནི་སྐྱེད་མོས་ཚལ་དུ་དགོས་པའོ། །གཡུལ་ངོར་སྤྱད་པའོ་ཞེས་བྱ་བ་ནི་གཡུལ་ངོར་དགོས་པའོ། །རིན་པོ་ཆེ་ཞེས་བྱ་བ་ནི་དཀོན་ཞིང་རིན་ཆེ་བ་གསེར་ལ་ སོགས་པའོ། །རིན་པོ་ཆེར་སྨོས་པ་ཞེས་བྱ་བ་ནི་རིན་པོ་ཆེ་དང་འདྲ་བ་མཚོན་ཆ་དང་རོལ་མོའི་ཆ་སྤྱད་དོ། །རིན་པོ་ཆེ་དང་འདྲ་བར་བདེ་བ་བསྒྲུབ་པའི་ཕྱིར་རོ། །སྣ་མའི་ཡལ་ག་ཞེས་བྱ་བ་ནི་སྣ་མའི་ལྕུག་ཕྲན་གྱི་ཚོགས་སོ། །ཀུན་དགའི་ར་བར་གཏོགས་པ་ན་འདུག་པ་ཞེས་བྱ་བ་ནི་གཙུག་ལག་ཁང་ གི་ས་གཞིར་གཙུག་ལག་ཁང་གི་ཕྱི་རོལ་དུ་ལྟུང་བའོ། །གནས་ཁང་དུ་གཏོགས་པ་ན་འདུག་པ་ཞེས་བྱ་བ་ནི་གནས་ཁང་གི་ནང་དུ་འདུག་པའོ། །རྒྱན་ལ་ཉེ་བར་སྤྱོད་པ་ཞེས་བྱ་བ་ནི་རྒྱན་འདོད་ཅིང་རྒྱན་དོན་དུ་གཉེར་བ་སྟེ། ཡང་དང་ཡང་དུ་རྒྱན་ཚོལ་ཞེས་བྱ་བའི་ཐ་ཚིག་གོ། །ནོར་ཆུད་མི་ཟ་ བ་ཞེས་བྱ་བ་ནི་ཇི་སྲིད་འཚོའི་བར་དུ་ནོར་ཉམས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྲེ་མོ་ལྟ་བུའི་རྐྱལ་བུ་ཞེས་བྱ་བ་ནི་སྲེ་མོའི་རྣམ་པ་འདྲ་བ་ཁ་རུབ་པའི་སྣོད་དོ། །འདི་ནི་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཡིན་སྲེ་མོ་ལྟ་བུའི་རྐྱལ་བུ་ནི་དེ་ན་ར་དག་གིས་གང་བ་མ་ཡིན་གྱི་མི་ལེན་ཏོ་ཞེས་བྱ་བ་ནི་ ལས་ཀྱི་དབང་གིས་དེ་ལྟར་མི་འཁྲུལ་པ་ཡིན་གྱི་དངོས་པོ་ཉིད་དེ་ལྟར་གྱུར་བ་ནི་མ་ཡིན་ནོ། །སུའི་ཡིན་པ་དེ་ལེན་པར་འགྱུར་གྲང་སྙམ་པ་ཞེས་བྱ་བ་ནི་སུས་ཐོབ་པར་འགྱུར་བ་དེས་ཕྱིས་ལེན་པར་འགྱུར་གྲང་སྙམ་པའོ། །ཆོ་ག་ཞེས་བྱ་བ་ནི་གྲུབ་པའི་མཐའི་གཞུང་ལགས་སོ། །མ་བདར་བ་ལེན་ན་ཉེས་ བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་ནོར་བུར་མ་གྲུབ་པས་ཆེས་ན་སྨད་པའི་ཕྱིར་རོ། །ནོར་བུ་མཆིང་བུ་ལེན་ན་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་ནོར་བུ་དང་འདྲ་བའི་ཕྱིར་རོ། །སོག་མའི་ཕྲེང་བ་ལེན་ན་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་རིན་པོ་ཆེའི་ཕྲེང་བ་དང་འདྲ་བའི་ཕྱིར་རོ། །འོད་མ་ཞེས་བྱ་བ་ནི་ཀུ་བ་ འོད་མ་ཅན་ལ་འདིར་འོད་ཅེས་བྱ་བའི་གླིང་བུ་ནི་མ་ཡིན་ཏེ། དེ་ལ་རྒྱུད་ཀྱི་སྦྱོར་བ་མེད་པའི་ཕྱིར་རོ། །བ་ལ་རི་དང་མ་ཧ་ཏི་དང་སུ་ཀོ་ཤ་ཀ་ཞེས་བྱ་བ་དག་ཀྱང་རྒྱུད་ཅན་གྱི་བྱེ་བྲག་ཡིན་ནོ། །མཆུ་སྦྲང་ཞེས་བྱ་བ་ནི་ཤིང་བུ་ལས་བྱས་པ་རྒྱུད་གཅིག་པར་འདུག་པ་བྱིས་པ་དག་རྩེ་བའི་ཆ་སྤྱད་ཡིན་ནོ། །སྒྲ་འབྱིན་པ་ ཞེས་བྱ་བ་ནི་བུད་དུ་རུང་བའོ། །རྫ་རྔ་ཁ་གཅིག་པ་ལེན་ན་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་སྒྲ་ཆུང་བའི་ཕྱིར་རོ། །གཞུའུ་ཞེས་བྱ་བ་ནི་རས་བལ་རྨལ་བ་ལ་དགོས་པའི་གཞུའོ། །མདའ་ལྟར་བཅོས་པ་ཞེས་བྱ་བ་ནི་ཤིང་བུ་ལ་སོགས་པ་དག་ལས་ལྟོང་ཙམ་གཏོད་ཅིང་འོལ་བྱི་ཙམ་མདའ་འདྲ་བ་ བྱིས་པ་དག་འཕེན་པ་ཡང་ཡིན་ནོ། །སྐུ་གདུང་དང་བཅས་པ་ལེན་ན་ལྟུང་བྱེད་དུ་འགྱུར་ལ། སྐུ་གདུང་མེད་པ་ལེན་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་སྐུ་གཟུགས་རིན་པོ་ཆེ་ལས་བྱས་པ་ཉིད་ཡིན་ཡང་སྐུ་གདུང་མེད་ན་མཐར་ཐུག་པ་མ་ཡིན་པས་ན་སྨད་དོ། །སྟོན་པའི་འདུ་ཤེས་ཉེ་བར་གཞག་སྟེ་ ལེན་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་སྟོན་པའི་བློས་རིན་པོ་ཆེའི་བློ་ལྡོག་པའི་ཕྱིར་ལྟུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲ་འབྱིན་པའི་ཚལ་གསེབ་དག་ཏུ་ཞེས་བྱ་བ་ནི་སྒྲ་འབྱིན་པས་མཛེས་པ་བྱས་པའི་ཚལ་གསེབ་དག་ཏུའོ། །བྱ་དགའ་ཞེས་བྱ་བ་ནི་དགའ་བའི་སྦྱིན་པའོ། །ལོངས་པའི་གཞིར་གཏོགས་ པའི་ལྟུང་བྱེད་དེ་ལྔ་བཅུ་དགུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཆུ་དྲོན་གསུམ་ཞེས་བྱ་བ་ནི་ཁྲུས་ཀྱི་འབབ་ཆུ་གསུམ་མོ། །དེའི་ཚེ་ན་བདག་སྟོད་པར་བགྱིད་ལ་ཞེས་བྱ་བ་ནི་བསྡད་པར་བྱ་བའོ། །དྲི་མའི་རྫས་ཀྱིས་གོས་པའི་ལུས་ཞེས་བྱ་བ་ནི་དྲི་མའི་རྫས་ཀྱིས་འབགས་པའི་ལུས་ སོ། །དྲི་མའི་རྫས་འཆང་བས་འདག་པར་འགྱུར་རམ་ཞེས་བྱ་བ་ནི་དེ་ལ་ཉོན་མོངས་པ་སྤོང་བར་འགྱུར་རམ་ཞེས་བྱ་བའོ། །སྐྱ་བོ་བསེང་བསེང་པོ་ཞེས་བྱ་བ་ནི་སྐྱ་བོའི་རྣམ་པའོ། །མངོན་པར་ལྟར་ཞེས་བྱ་བ་ནི་ཤིན་ཏུ་གཤེར་བའོ། །ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱ་བར་གསུངས་པ་ཞེས་བྱ་བ་ནི་གང་གི་ ཉིན་མོ་ཁྲུས་བྱས་པར་གྱུར་པ་དེ་ཉིད་ཀྱི་ཉིན་མོ་ཡང་ཁྲུས་གཞན་མི་བྱ་སྟེ་ཉི་མ་དེ་ཉིད་ཀྱང་ཉི་མ་གཅིག་ཏུ་བརྩི་ཞིང་དེ་ནས་བརྩམས་ཏེ། ཞག་བཅོ་ལྔའི་མདུན་རོལ་ཞག་བཅུ་བཞི་པ་ཚུན་ཆད་ཀྱི་བར་དུ་ནི་ཁྲུས་བྱར་མི་རུང་གི་ཞག་བཅོ་ལྔ་ལ་ཁྲུས་བྱར་རུང་བར་གསུངས་པ་ཡིན་ནོ། །དེ་ ལས་འདུམས་པར་བྱེད་ན་ཞེས་བྱ་བ་ནི་གང་གི་ཉིན་མོ་ཁྲུས་བྱས་པར་གྱུར་པ་དེ་ཉིད་ཀྱི་ཉིན་མོ་ཡང་ཉི་མ་གཅིག་ཏུ་བརྩི་ཞིང་དེ་ནས་བརྩམས་ཏེ་ཞག་བཅོ་ལྔ་པ་ལ་ཁྲུས་བྱ་བར་གསུངས་པ་དེ་ལས་འདུམས་པར་བྱེད་པ་སྟེ། ཞག་བཞི་བཅུ་པ་ཚུན་ཆད་དུ་ཁྲུས་བྱེད་ན་ལྟུང་བྱེད་དུ་འགྱུར་བར་གསུངས་པ་ ཡིན་ནོ། །སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་ཞེས་བྱ་བ་ནི་སོ་གའི་དུས་རྣམས་ལ་ཟླ་བ་གཉིས་ཡོད་དེ་དཔྱིད་ཟླ་ཐ་ཆུངས་ཚེས་བཅུ་དྲུག་ནས། དབྱར་ཟླ་ར་བ་ཉའི་བར་གྱི་ཟླ་བ་གཅིག་དང་། དབྱར་ཟླ་ར་བ་ཚེས་བཅུ་དྲུག་ནས། དབྱར་ཟླ་འབྲིང་པོའི་ཉའི་བར་གྱི་ཟླ་བ་གཅིག་ནི་སོ་གའི་དུས་ རྣམས་ཀྱི་ཟླ་བ་གཉིས་ཡིན་ནོ། །དེ་ལ་དཔྱིད་ཟླ་ཐ་ཆུངས་ཚེས་བཅུ་དྲུག་ནས། དཔྱིད་ཟླ་ཐ་ཆུངས་གནམ་སྟོང་གི་བར་གྱི་ཟླ་བ་ཕྱེད་བཞག་སྟེ་དེའི་ལྷག་མ་དབྱར་ཟླ་ར་བ་ཚེས་ནས། དབྱར་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་ཕྱེད་དང་གཉིས་སོ། །དབྱར་རྣམས་ཀྱི་དང་པོ་ཞེས་བྱ་བ་ནི་སྐབས་འདིར་དབྱར་གནས་ པར་ཁས་བླངས་པ་སྔ་མའི་དུས་རྣམས་ཀྱི་དང་པོ་ཟླ་བ་གཅིག་སྟེ། དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནས། དབྱར་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཅིག་གོ། །དཔག་ཚད་གཅིག་ཏུ་སོང་ངམ་ཞེས་བྱ་བ་ནི་རང་གི་གནས་ནས་ཕར་སོང་ཡང་རུང་། གཞན་གྱི་གནས་ནས་ཚུར་འོངས་ཀྱང་རུང་སྟེ་ སྤྱིར་དཔག་ཚད་གཅིག་པ་རྐྱང་པར་སོང་བའོ། །དཔག་ཚད་ཕྱེད་དུ་སོང་སྟེ་ཕྱིར་འོངས་ཞེས་བྱ་བ་ནི་རང་གི་གནས་ནས་ཕར་སོང་སྟེ་ཕྱིར་འོངས་ཀྱང་རུང་གཞན་གྱི་གནས་ནས་ཚུར་འོངས་ཤིང་ཕྱིར་ལོག་ཀྱང་རུང་སྟེ་སྤྱིར་དཔག་ཚད་ཕྱེད་དུ་སོང་སྟེ་ཕྱིར་འོངས་པ་ལ་དཔག་ཚད་གཅིག་རངས་པར་སོང་བའི་ ཚད་དང་མཉམ་པར་ཤེས་པར་བྱའོ། །གོས་ཀྱི་གྲྭ་ཞེས་བྱ་བ་ནི་གོས་ཀྱི་མཐའ་མའོ། །བསྒུལ་བ་ཞེས་བྱ་བ་ནི་བསྐྱོད་པའོ། །རྫི་ཆར་ཞེས་བྱ་བ་ནི་རླུང་དང་ཆར་འདྲེས་པ་སྟེ། དེའི་ཕྱིར་རླུང་དང་ཆར་གྱི་དུས་གཉིས་ལས་ཐ་དད་པར་གཞག་གོ། །དབང་བསྐུར་བའི་ཁྲུས་དང་འཇུག་པའི་ཁྲུས་ཞེས་བྱ་བ་ གཉིས་ནི་རྒྱུའི་བྱེ་བྲག་གིས་ཐ་དད་པར་ཤེས་པར་བྱ་སྟེ། དབང་བསྐུར་བའི་ཁྲུས་ཞེས་བྱ་བ་ནི་བུམ་པ་ལ་སོགས་པས་ལུས་ཀྱི་སྟེང་ནས་དབང་བསྐུར་བའི་ཚུལ་དུ་ཆུ་བླུགས་ཤིང་དེས་བཀྲུའོ། །འཇུག་པའི་ཞེས་བྱ་བ་ནི་ཆུའི་ནང་དུ་འཇུག་ཅིང་ལུས་བཀྲུ་བའོ། །ཆུས་ལྟེ་བར་སོན་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་ བྱ་བ་ནི་ལུས་ཀྱི་ཕྱེད་གཤེར་ན་ཁྲུས་རྫོགས་པ་ཡིན་པས་ལྟུང་བྱེད་དུ་བསྟན་ཏེ། དེ་ཡང་དབང་བསྐུར་བས་སྤྱི་བོ་ནས་བརྩམས་ཏེ་ཆུས་ལྟེ་བར་སོན་པ་དང་། འཇུག་པས་རྐང་མཐིལ་ནས་བརྩམས་ཏེ་ཆུས་ལྟེ་བར་སོན་པ་རྣམ་པ་གཉིས་ཀ་ལ་ཁ་ན་མ་ཐོ་བ་རེ་རེ་རྫོགས་པར་འགྱུར་རོ། །དབང་བསྐུར་བའི་ ཁྲུས་ཀྱིས་ཁྲུས་བྱས་ནས་འཇུག་པ་ཁྲུས་ཀྱིས་ཁྲུས་བྱེད་ན་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་དབང་བསྐུར་བ་དང་འཇུག་པ་གཉིས་ཀ་དུས་གཅིག་ཏུ་ཁྲུས་རྩོམ་པ་ན། དེ་གཉིས་ལྟེ་བའི་ཕྱོགས་གཅིག་ཏུ་ཕྲད་པར་འགྱུར་བ་ལ་ནི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་གཅིག་ཏུ་འགྱུར་བར་སྟོན་ཏོ། །འདི་ལ་ འགྱོད་པར་མི་བྱ་བར་ཞེས་བྱ་བ་ནི་ཁྲུས་ཀྱི་དོན་ཉིད་མ་ཡིན་པའི་ཕྱིར་རོ། །ཁྲུས་བྱེད་པའི་ལྟུང་བྱེད་དེ་དྲུག་ཅུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།མདའ་ལྔ་འཕངས་པ་ཞེས་བྱ་བ་ནི་བྱ་བ་གང་ལ་མདའ་ལྔ་འཕེན་པར་བྱེད་པ་དེ་ནི་མདའ་ལྔ་འཕངས་པ་ཞེས་བྱ་བའོ། །ཚོད་ཡོད་པ་ཞིག་ གོ་ཞེས་བྱ་བ་ནི་ཅུང་ཟད་རུང་ངོ་ཞེས་བྱ་བར་བསམས་པའོ། །རས་བལ་གྱི་གཞུའུ་བཞིན་དུ་བདུངས་ཏེ་ཞེས་བྱ་བ་ནི་ལག་པ་གཉིས་ཁོ་ནས་བདུངས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུད་སྒྲ་བསྒྲེངས་ཞེས་བྱ་བ་ནི་གཞུ་རྒྱུད་ཀྱི་སྒྲ་བསྒྲེངས་པའོ། །འདིར་ནི་གཙོ་ཆེར་དུད་འགྲོ་གསོད་པ་ཉིད་དུ་དགོངས་པ་ ཡིན་གྱི། སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་སྐབས་མ་ཡིན་པར་བསྟན་པའི་ཕྱིར་དུད་འགྲོ་གསོད་པའི་ལྟུང་བྱེད་ལོགས་ཤིག་ཏུ་བཅའ་བ་མཛད་དོ། །དུད་འགྲོ་གསོད་པའི་ལྟུང་བྱེད་དེ་དྲུག་ཅུ་གཅིག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།དབང་པོ་ཡོངས་སུ་སྨིན་པར་ཞེས་ བྱ་བ་ནི་དད་པ་ལ་སོགས་པའི་དབང་པོ་རྣམས་ཡོངས་སུ་སྨིན་ཅིང་འབྲས་བུ་ཐོབ་པ་དང་མཐུན་པའོ། །ངེས་པར་འཇུག་པ་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་འཇུག་པའོ། །ཟག་པ་ཟད་པ་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་ཐོབ་པའོ། །དགེ་བའི་རྩ་བ་ཆད་པ་ཞེས་བྱ་བ་ནི་ལྟ་བ་ལོག་པའོ། །ཁྱེད་ཅག་ལོ་ ཉི་ཤུ་མ་ལོན་