Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 157

Văn bản gốc(Tây Tạng)

Trang 2 / 14 (50.000 ký tự/trang)
བྱུང་ངོ་། །གཞུག་པ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ནང་དུ་གཞུག་པའོ། །གཞག་པ་ཞེས་བྱ་བ་ནི་ཕྱི་རོལ་དུ་གཞག་པའོ། །ཉེ་བར་ཞུགས་ནས་ཞེས་བྱ་བ་ནི་བསླབ་པའི་ཕྱིར་
ངེས་པར་སྦྱར་ནས་སོ། །འབྱེད་པ་ཞེས་བྱ་བ་ནི་ཡི་གེ་འདྲི་བ་འམ་བསྟན་བཅོས་ཀྱི་གནས་ལ་མཁས་པའོ། །མཁས་པ་ཞེས་བྱ་བ་ནི་དོན་ཤེས་པའོ། །སྤྱོད་པ་གསལ་བ་ཞེས་བྱ་བ་ནི་གྲིམས་པའོ། །བརྟག་པ་ཞེས་བྱ་བ་ནི་རིན་པོ་ཆེ་ལ་སོགས་པའི་ཡོན་ཏན་དང་སྐྱོན་དཔྱད་པའོ། །གཞི་

ཞེས་བྱ་བ་ནི་ས་གཞིའོ། །མཁས་པར་གྱུར་ཏོ་ཞེས་བྱ་བ་ནི་བྱང་བར་གྱུར་པའོ། །ཕ་ལས་བྱུང་བ་ཞེས་བྱ་བ་ནི་ཕ་ལས་ཐོབ་པའོ། །གཅིག་པུ་ཞེས་བྱ་བ་ནི་གྲོགས་མེད་པ་སྟེ་ལུས་ཀྱིས་དབེན་པའོ། །དབེན་ཞེས་བྱ་བ་ནི་སེམས་ཀྱིས་ཐག་རིང་དུ་གྱུར་པའོ། །བག་ཡོད་པ་ཞེས་བྱ་བ་
ནི་ནན་ཏན་ལྷུར་ལེན་པའོ། །བརྟུན་པ་དང་ལྡན་པ་ཞེས་བྱ་བ་ནི་བརྩོན་འགྲུས་དང་ལྡན་པའོ། །བདག་ཉིད་བཏང་བ་ཞེས་བྱ་བ་ནི་ཡིད་བཏང་བ་སྟེ། རྟག་ཏུ་དགེ་བའི་ཕྱོགས་འདོད་ཅེས་བྱ་བའི་ཐ་ཚིག་གོ། །གནས་སོ་ཞེས་བྱ་བ་ནི་འདུག་པར་གྱུར་པའོ། །རིགས་ཀྱི་བུ་དག་ཅེས་བྱ་བ་ནི་
རིགས་སུ་སྐྱེས་པའི་མི་དག་གོ། །གང་ཕྱིར་ཞེས་བྱ་བ་ནི་གང་གི་དོན་དུའོ། །ཚངས་པར་སྤྱོད་པའི་མཐའ་ཞེས་བྱ་བ་ནི་ལམ་གྱི་འབྲས་བུ་མྱ་ངན་ལས་འདས་པའོ། །བླ་ན་མེད་པ་ཞེས་བྱ་བ་ནི་མཆོག་གོ། །ཚེ་འདི་ཉིད་ལ་ཞེས་བྱ་བ་ནི་མངོན་སུམ་གྱིས་ཚང་བའོ། །རང་གི་མངོན་པར་ཤེས་
པ་ཞེས་བྱ་བ་ནི་རང་གི་ཤེས་པས་སོ། །མངོན་སུམ་དུ་བྱས་ཏེ་ཞེས་བྱ་བ་ནི་ཤེས་པར་བྱས་ཏེའོ། །བསྒྲུབས་ནས་ཞེས་བྱ་བ་ནི་འཐོབ་པ་མངོན་སུམ་དུ་བྱ་བ་ཐོབ་ནས་སོ། །ཟད་དོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །སྤྱད་དོ་ཞེས་བྱ་བ་ནི་སྤྱད་ཟིན་པའོ། །བྱ་བ་བྱས་སོ་ཞེས་བྱ་བ་ནི་ཉོན་མོངས་
པ་སྤངས་པའོ། །སྲིད་པ་འདི་ལས་གཞན་ཞེས་བྱ་བ་ནི་བར་མ་དོའི་སྲིད་པ་ཡང་ངོ་། །གོ་བར་བྱེད་ཅིང་ཞེས་བྱ་བ་ནི་ཤེས་པར་བྱེད་ཅིང་ངོ་། །ཅི་ཞིག་ཤེས་པར་བྱེད་ཅིང་ཞེ་ན། བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པ་དག་གོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་འདོད་
ཆགས་དང་བཅས་པ་ཐམས་ཅད་ཀྱི་མཆོད་པར་འོས་པ་ཞེས་བྱའོ། །འོས་པ་དེ་ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་དང་གཟུགས་དང་གཟུགས་མེད་ཅེས་བྱ་བ་ནི་ཁམས་གསུམ་པོ་དག་ཏུ་སྤྱོད་པ་དང་
བསྡུས་པ་དང་འགྲོ་བའི་ཕྱིར་ཁམས་གསུམ་པ་སྟེ་འགྲོ་བ་མཐའ་དག་གོ། །དེ་ལས་འདོད་ཆགས་དང་བྲལ་བ་ནི་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བའོ། །བོང་བ་དང་གསེར་དུ་མཉམ་པ་ཞེས་བྱ་བ་ནི་གང་ལ་བོང་བ་དང་གསེར་དག་མཉམ་པའི་བློ་ཡོད་པའོ། །ནམ་

མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ་ཞེས་བྱ་བ་ནི་གང་ལ་ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་ཡོད་པ་ན་བདག་དང་བདག་གི་ལ་ཆགས་པ་མེད་པས་དེ་ནི་ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ་ཡིན་ནོ། །
ཙན་དན་བཞག་པ་ལྟ་བུ་ཞེས་བྱ་བ་ནི་གང་ཙན་དན་བདར་བ་ཞག་ལོན་པར་བཞག་པ་བསིལ་བར་གྱུར་པ་དང་འདྲ་བ་ཉོན་མོངས་པ་མེད་པ་ཉིད་ཀྱིས་བསིལ་བར་གྱུར་པ་དེ་ནི་ཙན་དན་བཞག་པ་ལྟ་བུ་ཞེས་བྱའོ། །རིག་པས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་པས་སོ། །སྒོ་ངའི་སྦུབས་ཞེས་བྱ་བ་ནི་
འཁོར་བ་སྒོ་ང་ལྟ་བུའི་སྦུབས་ཀྱིས་དཀྲིས་པ་མ་རིག་པའི་མཚན་ཉིད་དོ། །དྲལ་བར་གྱུར་ཅིང་ཞེས་བྱ་བ་ནི་བཅོམ་པར་གྱུར་པ་སྟེ། གང་གིས་ཟག་པ་མེད་པའི་ཤེས་པས་འཁོར་བ་སྒོ་ངའི་སྦུབས་གཡོགས་བཅོམ་པར་གྱུར་པ་དེ་ནི་རིག་པས་སྒོ་ངའི་སྦུབས་འདྲལ་བ་ཞེས་བྱའོ། །རིམ་པ་ཞེས་བྱ་
བ་ནི་གསུམ་མོ། །མངོན་པར་ཤེས་པ་ཞེས་བྱ་བ་ནི་དྲུག་གོ། །སོ་སོ་ཡང་དག་པ་རིག་པ་ཞེས་བྱ་བ་ནི་གང་གི་རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང་། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་དེ་ནི་རིག་པ་དང་མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པའོ། །སྲིད་
པ་དང་འདོད་པའི་རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ་ཞེས་བྱ་བ་ནི་སྲིད་པ་དག་དང་འདོད་པའི་རྒྱུར་གྱུར་པའི་རྙེད་པ་དག་དང་བཀུར་སྟི་དག་ལ་མི་ཕྱོགས་པར་གྱུར་པའོ། །མཆོད་པར་བྱ་བ་ཞེས་བྱ་བ་ནི་ཆོས་གོས་ལ་སོགས་པ་དག་གིས་ཏེ་མཆོད་པར་འོས་པ་ཡིན་པའི་ཕྱིར་རོ། །རྗེད་པར་
བྱ་བ་ཞེས་བྱ་བ་ནི་ཕྱག་ལ་སོགས་པ་དག་གིས་སོ། །མངོན་དུ་སྨ་བར་བྱའོ་ཞེས་བྱ་བ་ནི་གུས་པར་སྨྲ་བ་ལ་སོགས་པ་དག་གིས་སོ། །རྣམ་པར་གྲོལ་བའི་ཞེས་བྱ་བ་ནི་རྣམ་པར་གྲོལ་བར་གྱུར་པ་ན་ཐོབ་པའོ། །དགའ་བ་ཞེས་བྱ་བ་ནི་བདེ་བ་གང་ཡིན་པའོ། །བདེ་བ་ཞེས་བྱ་བ་ནི་ལུས་
ཀྱི་གང་ཡིན་པའམ་ཤིན་ཏུ་སྦྱངས་པའོ། །སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བར་གྱུར་པ་ན་ཐོབ་པའི་དགའ་བ་དང་བདེ་བ་དེ་ཉིད་ཉམས་སུ་མྱོང་བར་གྱུར་པ་ནའོ། །ཚིགས་སུ་བཅད་པ་ཞེས་བྱ་བ་ནི་གཞུང་གི་བྱེ་བྲག་སྟེ་རྩ་བར་སྦྱར་བའོ། །ཆོས་རྣམས་ལས་ནི་སྐལ་

བ་ཐོབ། །ཅེས་བྱ་བ་ལ་ཆོས་རྣམས་ཞེས་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་སོ། །དེ་རྣམས་ལས་སྐལ་བ་ཐོབ་ཅེས་བྱ་བ་ནི་ཆོས་དེ་རྣམས་ཀྱང་ཉན་ཐོས་རྣམས་དང་རང་སངས་རྒྱས་དང་བླ་ན་མེད་པའི་བྱང་ཆུབ་ཀྱི་རིགས་གསུམ་དུ་གཏོགས་པ་དེ་རྣམས་ལས་
ཉན་ཐོས་ཀྱི་རིགས་སུ་གཏོགས་པའི་སྐལ་བ་ཆ་གང་ཡིན་པ་དེ་བདག་གིས་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡབ་ཀྱི་དཀོར་གྱིས་བདག་མི་སྟོང་། །ཞེས་བྱ་བ་ནི་ཡབ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་དཀོར་གྱིས་བདག་སྟོང་པ་དང་བྲལ་བ་དང་མེད་པར་མ་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །
བདག་གིས་ཧ་ཅང་ཕྱི་ནས་ཞེས་བྱ་བ་ནི་བདག་གིས་ཧ་ཅང་འཕྱི་བ་ཁོ་ནར་ཐར་པའི་ལམ་འདི་ཤེས་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །བདག་ནི་ཆུང་ངུས་ཤིན་ཏུ་འདས། །ཞེས་བྱ་བ་ནི་དེ་ལྟར་བདག་གིས་ཧ་ཅང་ཕྱི་ནས་ཤེས་པ་དེས་ན་བདག་ཉན་ཐོས་ཀྱི་རིགས་ཀྱི་ཆོས་ཀྱི་བགོ་སྐལ་ཆུང་ངུས་ཡབ་ཀྱི་ཆོས་
ཀྱི་དཀོར་གྱི་འབྱོར་པ་རྒྱ་ཆེན་པོ་དག་ལས་གོ་འཕང་གོང་མ་དག་བསྒྲུབས་པར་ཤིན་ཏུ་འདས་ཤིང་སྐལ་བ་ཐོབ་པ་ཁོ་ནར་གྱུར་ཏེ། སངས་རྒྱས་ཉིད་ལས་མ་ཐོབ་པར་ཉམས་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ཤིན་ཏུ་འདས་ཞེས་བྱ་བ་ནི་འཁོར་བ་ལས་དང་ཉོན་མོངས་པ་དག་གིས་དུས་ཤིན་ཏུ་
ཡུན་རིང་པོར་མཚམས་སྦྱོར་ཅིང་ཉོན་མོངས་པར་གྱུར་པ་སྟེ། དེས་ན་བདག་གིས་ཐར་པའི་ལམ་འདི་ཧ་ཅང་ཕྱི་ན་ཤེས་པས་ཡབ་ཀྱི་ཆོས་ཀྱི་བགོ་སྐལ་ཆུང་ངུས་དག་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །བརྒྱ་ཕྲག་དུ་མ་ཞེས་བྱ་བ་ནི་བརྒྱའི་ཚད་དུ་མའོ། །འདོད་ཆགས་འདོད་ཆགས་དང་བྲལ་བའི་
ཕྱིར་ཞེས་བྱ་བ་ནི་འདོད་ཆགས་སྤང་བའི་ཕྱིར་རོ། །སེམས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་སེམས་ཀྱི་སྒྲིབ་པ་འདོད་ཆགས་ལ་སོགས་པ་སྤང་བའོ། །ཤེས་རབ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་སྒྲིབ་པ་མ་རིག་པ་སྤངས་པའོ། །དེའི་ཆོས་སྟོན་ཏོ་ཞེས་བྱ་བ་ནི་སེམས་རྣམ་པར་གྲོལ་བ་དང་།
ཤེས་རབ་རྣམ་པར་གྲོལ་བ་དེའི་ཆོས་ཞེས་བྱ་བ་ཐབས་ཀྱི་ལམ་གང་ཡིན་པ་དེ་འདོད་ཆགས་ལ་སོགས་པ་སྤང་བའི་ཕྱིར་སྟོན་ཅིང་འཆད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདུག་ཅིང་ཞེས་བྱ་བ་ནི་ཉེ་བར་ཞུགས་པའོ། །མཐུན་པར་གྱུར་ཏོ་ཞེས་བྱ་བ་ནི་བྱ་བ་མཐུན་པ་ཉིད་དུ་གྱུར་པའོ། །ཇི་ལྟ་ཇི་ལྟར་

ཞེས་བྱ་བ་ནི་ཇི་ཙམ་ཇི་ཙམ་དུའོ། །དེ་ལྟ་དེ་ལྟར་ཞེས་བྱ་བ་ནི་དེ་ཙམ་དེ་ཙམ་དུའོ། །ཅུང་ཟད་འགྱོད་པར་གྱུར་པ་རྣམ་པར་འགྱོད་པར་གྱུར་ཅེས་བྱ་བ་གསུམ་ནི་འགྱོད་པའི་གནས་སྐབས་ཆུང་ངུ་དང་འབྲིང་དང་ཆེན་པོར་གྱུར་པའོ། །འགྱོད་པ་དང་ལྡན་པ་ཞེས་བྱ་བ་ནི་ངན་
པ་བྱས་པའི་ལས་ཡང་དང་ཡང་དུ་དྲན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །འགྱོད་པ་ཐོབ་ཅེས་བྱ་བ་ནི་འགྱོད་པས་ཟིལ་གྱིས་ནོན་པའོ། །ཅང་མི་སྨྲ་བར་གྱུར་ཅེས་བྱ་བ་ནི་ཁ་རོག་ཅིང་འདུག་པའོ། །ཡུལ་ཡུལ་པོར་གྱུར་ཅེས་བྱ་བ་ནི་ངོ་ཚ་བར་གྱུར་པའོ། །ཕྲག་པ་གློད་ཅེས་བྱ་བ་ནི་བརྩོན་
པ་མེད་པའི་ཕྱིར་ཕྲག་པ་ལྟག་པར་གཏོང་བའོ། །གདོང་སྨད་ཅེས་བྱ་བ་ནི་ཐུར་དུ་ལྟ་བའོ། །སྤོབས་པ་མེད་ཅེས་བྱ་བ་ནི་བློ་ཉམས་པའོ། །སེམས་ཁོང་དུ་ཆུད་ཅེས་བྱ་བ་ནི་སེམས་ལ་གཞོལ་བའོ། །གནས་ཉུལ་ཞིང་ཞེས་བྱ་བ་ནི་གནས་ལྟ་ཞིང་ངོ་། །རྒྱུ་བ་ན་ཞེས་བྱ་བ་ནི་རྗེས་སུ་བསྒྲུབ་པ་
ཞེས་བྱ་བའི་ཐ་ཚིག་གོ། །མངོན་དུ་ཞེས་བྱ་བ་ནི་མངོན་སུམ་དུའོ། །ཡང་དག་པར་དགའ་བར་འགྱུར་བ་ཞེས་བྱ་བ་ནི་ཡང་དག་པར་རངས་པར་འགྱུར་བ་སྟེ། དེའི་ཡོན་ཏན་ཡང་དག་པར་བརྗོད་པའི་ཕྱིར་རོ། །ཡང་དག་པར་མགུ་བར་གྱུར་པ་ཞེས་བྱ་བ་ནི་གཅུགས་པ་སྐྱེད་པའོ། །སྣ་ཚོགས་
ཞེས་བྱ་བ་ནི་རྣམ་པ་དུ་མའོ། །བྱས་ཏེ་ཞེས་བྱ་བ་ནི་ཕན་ཚུན་བྱས་ཏེའོ། །མཐའ་གཅིག་ཏུ་ཞེས་བྱ་བ་ནི་ཕྱོགས་གཅིག་ཏུའོ། །སྔན་ཆད་ཅེས་བྱ་བ་ནི་སྔོན་གྱི་དུས་ནའོ། །གློ་བུར་དུ་ལྷགས་པ་དག་ཅེས་བྱ་བ་ནི་མངོན་དུ་འོངས་པ་དག་གོ། །བཤེས་པ་དང་བཅས་པ་ཉིད་ཀྱི་ཚིག་གིས་ཞེས་
བྱ་བ་ལ་མི་བཤེས་པ་ནི་འཁོན་ནོ། །འཁོན་མེད་པ་ནི་བཤེས་པ་སྟེ་གཅུགས་པའོ། །བཤེས་པ་དང་ལྷན་ཅིག་འདུག་པ་ནི་བཤེས་པ་དང་བཅས་པའོ། །དེའི་དངོས་པོ་ནི་བཤེས་པ་དང་བཅས་པ་ཉིད་དོ། །དེའི་ཚིག་གིས་ཞེས་བྱ་བ་ནི་བཤེས་དང་བཅས་པ་ཉིད་ཀྱི་ཚིག་སྟེ། ཚིག་གིས་
དགའ་བར་བྱེད་པས་ཞེས་བྱ་བའི་ཐ་ཚིག་གོ། །བསུ་ནས་ཞེས་བྱ་བ་ནི་མདུན་དུ་ཉེ་བར་སོང་ནས་སོ། །གཏུར་བུར་ཞེས་བྱ་བ་ནི་ཆོས་གོས་ཀྱི་སྣོད་དོ། །འབྲུ་མར་སྣོད་ཅེས་བྱ་བ་ནི་འབྲུ་མར་གྱི་སྣོད་དོ། །གནོད་པ་ཞེས་བྱ་བ་ནི་ནད་དོ། །སེམས་ཀྱི་ཡོངས་སུ་གདུང་བ་ཞེས་བྱ་བ་ནི་མྱ་ངན་ནོ། །སྐབས་

དེ་ཞེས་བྱ་བ་ནི་བྱུང་བའི་མཐའ་དེའོ། །མངོན་པར་སྟོད་པར་ཡང་མི་བྱེད་ཅེས་བྱ་བ་ནི་བསྔགས་པ་རྗོད་པར་ཡང་མི་བྱེད་པ་སྟེ། རྐྱེན་ཆགས་པའི་ཕྱིར་རོ། །ཕྱིར་ཟློག་པར་མི་བྱེད་ཅེས་བྱ་བ་ནི་ཕྱིར་འགོག་པར་ཡང་མི་བྱེད་པ་སྟེ་དེ་བྱ་བ་མ་ཡིན་པ་ངེས་པར་མེད་པའི་ཕྱིར་རོ། །ཟག་པའི་གནས་ལྟ་བུ་
ཞེས་བྱ་བ་ནི་ཉོན་མོངས་པའི་རྒྱུ་སྟེ། ཕམ་པར་གྱུར་པ་ལ་སོགས་པའི་ཉེས་པ་དག་གོ། །དང་པོ་ཞེས་བྱ་བ་ནི་རྩོལ་བའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་མཚོན་པའི་ཕྱིར་རོ། །མི་ཚངས་པར་སྤྱོད་པའི་རྐྱེན་གྱིས་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པའི་རྒྱུར་བྱས་ཏེའོ། །བྱས་པར་གྱུར་ཏོ་ཞེས་བྱ་བ་ནི་བྱས་པ་
དང་ལྡན་པའོ། །འབྱུང་བ་འདི་ཞེས་བྱ་བ་ནི་ཉེས་པ་སློང་བ་འདིའོ། །གླེང་གཞི་འདི་ཞེས་བྱ་བ་ནི་བསླབ་པ་བཅས་པའི་རྒྱུ་འདིའོ། །སྐབས་འདི་ཞེས་བྱ་བ་ནི་ས་བོན་གྱི་རྒྱུ་ཉིད་ལ་སོགས་པ་བྱུང་བའི་མཐའ་འདི་ལའོ། །བསྡུ་བ་མཛད་དེ་ཞེས་བྱ་བ་ནི་བོད་པ་མཛད་པའོ། །གཅིག་གིས་ཉེས་
པ་བྱས་པ་ལ་ཅིའི་ཕྱིར་དགེ་འདུན་བསྡུ་བ་མཛད་པའི་ཕྱིར་དེ་བཞིན་གཤེགས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་དུ་ཉེ་བར་སྟོན་པ་སྟེ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཐ་ཚིག་གོ། །དོན་གྱི་དབང་ཞེས་བྱ་བ་ནི་དགོས་པའི་སྟོབས་སོ། །
གཟིགས་པ་ན་ཞེས་བྱ་བ་ནི་དགོས་པ་ནའོ། །ཀུན་ཤེས་པ་ཉིད་དུ་བྱ་བའི་ཕྱིར་ཞེས་བྱ་བ་ནི་རིག་པ་ཉིད་དུ་བྱ་བའི་ཕྱིར་ཏེ་མངོན་སུམ་དུ་ཐོབ་པའི་ཕྱིར་རོ། །བསླབ་པའི་གཞི་ཞེས་བྱ་བ་ནི་རྗེས་སུ་བསྒྲུབས་པའི་གནས་སམ་སྤོང་བའི་རྒྱུའོ། །ལེགས་པར་བཅས་པར་ཞེས་བྱ་བ་ནི་མི་གཡོ་བར་ཏེ་མང་པོ་དག་
གིས་ཐོབ་པའི་ཕྱིར་རོ། །ཅིའི་ཕྱིར་རྨེད་པར་མཛད་ཅེ་ན། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར་མཁྱེན་པ་ཁོ་ན་ཡིན་མོད་ཀྱི་དོན་དང་
བཅས་པ་གང་ཞིག་གི་ཕྱིར་རྨེད་པར་མཛད་དེ། འཇིག་རྟེན་པའི་ཐ་སྙད་བསྒྲུབ་པའི་ཕྱིར་རྨེད་པར་མཛད་ཀྱི་མི་མཁྱེན་པའི་ཕྱིར་རྨེད་པར་མཛད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མཁྱེན་བཞིན་དུ་རྨེད་པ་ཞེས་བྱ་བ་ལ་གལ་ཏེ་མཁྱེན་ན་ཅིའི་ཕྱིར་རྨེད་པར་མཛད་ཅེ་ན་སྐུར་པ་འདེབས་པ་དགག་པའི་

ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་ཉེས་པ་མི་ཤེས་པ་དེ་དག་ལ་མ་རྨེད་པར་བསླབ་པའི་གཞི་བཅས་པར་གྱུར་ན། དགེ་སློང་དེ་དག་བཅོམ་ལྡན་འདས་ལ་སུས་ཉེས་པ་ཅི་བྱས་ན་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅས་པར་མཛད་ཅེས་སྐུར་པ་འདེབས་པར་གྱུར་པས་
དེའི་ཕྱིར་མཁྱེན་བཞིན་དུ་རྨེད་པར་མཛད་དོ། མཁྱེན་བཞིན་དུ་རྨེད་པ་ཞེས་བྱ་བ་ནི་གང་གི་ཕྱིར་གཞན་གྱི་དོན་མ་གཟིགས་ན་མཁྱེན་ཀྱང་མི་རྨེད་པ་སྟེ། གདུལ་བ་ཉིད་མེད་པའི་ཕྱིར་རོ། །དུས་སུ་རྨེད་པ་ཞེས་བྱ་བས་དབྱེ་ན་སྤྱོ་བ་མེད་པ་དང་གཞན་དག་དང་མ་འདྲེས་པའི་དུས་སུ་རྨེད་པར་མཛད་པའོ། །
དུས་ལས་ཡོལ་བར་མི་རྨེད་པ་ཞེས་བྱ་བ་ནི་སྔ་མ་ལ་ཟློག་པའི་དུས་སུ་མི་རྨེད་པ་སྟེ། དགོས་པ་མེད་པའི་ཕྱིར་རོ། །དོན་དང་ལྡན་པར་རྨེད་པ་ཞེས་བྱ་བ་ནི་བདེན་པ་མཐོང་བར་བྱ་བ་ལ་སོགས་པའི་དགོས་པ་དང་ལྡན་པ་རྨེད་པར་མཛད་པའོ། །དོན་དང་མི་ལྡན་པ་མི་རྨེད་པས་ཞེས་བྱ་བ་ནི་དགོངས་པ་
མེད་པའི་ཕྱིར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤེས་བྱ་ཆུ་ཤིང་གི་རིམ་པ་སྙེད་ཐུགས་སུ་ཆུད་ཀྱང་རིམ་པ་གཅིག་ཙམ་ཞིག་ལས་བཀའ་མ་སྩལ་ཏོ་ཞེས་གསུངས་པའི་ཕྱིར་རོ། །ཆུ་ལོན་གྱིས་བཟློག་པར་མཛད་ཅེས་བྱ་བ་ནི་ཆུ་ལོན་ལྟ་བུས་མི་མཛད་པར་ངེས་པ་ཉིད་དུ་བཟློག་པར་མཛད་པ་སྟེ་
ཐུགས་རྗེ་དང་མཁྱེན་པ་ཉིད་ཀྱིས་རྟག་ཏུ་ཉེ་བར་གནས་པའི་ཕྱིར་རོ། །དུས་མཁྱེན་པ་ཡིན་པའི་ཞེས་བྱ་བ་ལ། གལ་ཏེ་དུས་མཁྱེན་པ་ཉིད་ཀྱིས་ཅི་ཞིག་སྟོན་པར་བྱེད་ཅེ་ན། སངས་རྒྱས་མཛད་པ་སྐྲའི་རྩེ་མོ་བརྒྱར་གཤེགས་པ་ཙམ་ཡང་ཉམས་པ་མི་མཛད་དེ། བཅོམ་ལྡན་འདས་ནི་གདུལ་
བ་ལ་བརྟེན་ཏེ། ཉིན་མཚན་ལན་དྲུག་རྣམ་པར་གཟིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་འདི་ལྟར་བསྟན་པ་གནས་པར་བྱ་བའི་ཕྱིར། ཡང་འདི་ལས་རྗེས་སུ་གནས་པར་བྱ་བ་གང་ཡིན་པ་དེ་ནི་རྗེས་སུ་གནས་པར་བྱ་ལ། ཕྱིར་དགག་པར་བྱ་བ་གང་ཡིན་པ་དེ་ནི་ཕྱིར་དགག་པར་བྱའོ་སྙམ་དུ་བསྟན་
པ་ལ་ཡང་རྣམ་པར་གཟིགས་པ་སྟོན་ཏོ། །བཙུན་པ་ཞེས་བྱ་བ་ནི་མཆོད་པའི་ཚིག་ཡིན་ཏེ། ཤིན་ཏུ་དགེ་བ་ཡིན་པའི་ཕྱིར་དང་། བདེ་བ་སྐྱེད་པར་མཛད་པ་ཡིན་པའི་ཕྱིར་རོ། །མད་དོ་ཞེས་བྱ་བ་ལ་གལ་ཏེ་ཉེས་པ་འཆབ་པར་བྱེད་ཅིང་ཁས་ལེན་པར་མི་བྱེད་པ་ནི་འཇིག་རྟེན་གྱི་ལུགས་ཡིན་

པས་ཅིའི་ཕྱིར་ཁས་ལེན་པར་བྱེད་ཅེ་ན། དེས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཡིན་པར་ཡིད་ཆེས་པའི་ཕྱིར་ཏེ། བཅོམ་ལྡན་འདས་འདི་ནི་རང་བྱུང་དང་། ཐམས་ཅད་མཁྱེན་པ་ཉིད་ཡིན་པས་དེའི་ཕྱིར་གལ་ཏེ་བདག་གིས་བཅབས་ན་ཡང་དེས་མཁྱེན་པར་འགྱུར་ལ།
མ་བཅབས་ན་ཡང་དེས་མཁྱེན་པར་འགྱུར་བས་དེའི་ཕྱིར་འཇིག་རྟེན་གྱི་ལུགས་ལ་མི་བརྟེན་པར་སྟོན་པའི་ཆེ་བ་ཉིད་ལ་བརྟེན་ཏེ། ཁས་བླང་བར་བྱའོ་སྙམ་དུ་སེམས་པའི་ཕྱིར་རོ། །ཡང་ན་དེའི་དུས་ན་དག་དགེ་>སློང་<དགེ་ཉོན་མོངས་པ་ཤས་ཆེ་བར་གྱུར་པ་ཡིན་ལ། བསམ་པ་དགེ་བ་དང་ལྡན་
པ་ཡིན་པའི་ཡང་ཕྱིར་ཏེ། དེ་ལ་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་ནི་ཉེས་པ་བྱས་པར་ཡང་འགྱུར་ལ། བསམ་པ་དགེ་བ་དང་ལྡན་པའི་ཕྱིར་ནི་ཁས་ལེན་པར་ཡང་བྱེད་དོ། །དགེ་སྦྱོང་གི་ཚུལ་མ་ཡིན་པ་ཞེས་བྱ་བ་ནི་ཁྱིམ་པའི་ལས་ཡིན་པའི་ཕྱིར་རོ། །རྗེས་སུ་མཐུན་པ་མ་ཡིན་པ་ཞེས་བྱ་བ་ནི་
འཕགས་པའི་ལམ་དང་མི་མཐུན་པའོ། །རུང་བ་མ་ཡིན་པ་ཞེས་བྱ་བ་ནི་མི་རིགས་པ་སྟེ། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར་རོ། །ཚུལ་དང་མཐུན་པ་མ་ཡིན་པ་ཞེས་བྱ་བ་ནི་འདྲ་བ་མ་ཡིན་པ་སྟེ། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར་རོ། །ཅིའི་ཕྱིར་རུང་བ་མ་
ཡིན་ཞིང་ཚུལ་དང་མཐུན་པ་མ་ཡིན་ཞེ་ན། དེའི་ཕྱིར་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། གཉི་ག་ཡང་སྐྱོན་ཆགས་པ་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེས་བྱ་བ་ནི་མི་མཐུན་པ་ཉིད་ཡིན་པའི་ཕྱིར་ཇི་སྟེ་ཞེས་བྱ་བའི་ཐ་ཚིག་གོ། །མི་གཏི་མུག་ཅན་ཞེས་བྱ་བ་
ནི་མི་ཤེས་པའོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པ་ཡིན་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་མི་གཏི་མུག་ཅན་ཞེས་སྨད་པའི་ཚིག་གིས་སྨད་པ་མཛད་ཅེ་ན། བཅོམ་ལྡན་འདས་ནི་གདུལ་བའི་རྒྱུད་དག་ལ་དགོངས་པས་ལོག་པར་སྒྲུབ་པ་མི་
མངའ་མོད་ཀྱི། འོན་ཀྱང་བྱ་བ་རྣམ་པར་བཟློག་པའི་ཕྱིར་སྨད་པ་མཛད་དེ། མཁན་པོ་དང་སློབ་དཔོན་དག་སློབ་མ་དང་ཉེ་གནས་དག་ལ་བསམ་པས་ལོག་པར་སྒྲུབ་པ་མེད་ཀྱང་ཚིག་དྲག་པ་དག་གིས་སྨོད་པར་བྱེད་པ་དང་འདྲའོ། །སྦྲུལ་ནག་པོ་ཞེས་བྱ་བ་ནི་སྦྲུལ་གྱི་རིགས་སོ། །དེའི་ངོ་

བོ་ཉིད་བསྟན་པའི་ཕྱིར། དུག་མྱུར་དུ་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གསུངས་ཏེ། དུག་མྱུར་དུ་ཁྱབ་པ་ཞེས་བྱ་བ་ནི་དེས་ཟིན་མ་ཐག་ཏུ་དུག་མྱུར་དུ་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པའོ། །དུག་དྲག་པོ་ཞེས་བྱ་བ་ནི་དུག་དབྱུང་དཀའ་བའོ། །
དུག་རྣོ་བ་ཞེས་བྱ་བ་ནི་དུག་གདུག་པའོ། །ཁར་རང་གི་ཡན་ལག་གི་རྣམ་པ་བཅུག་པར་གྱུར་པ་ནི་བླའི་ཞེས་བྱ་བ་ལ། གལ་ཏེ་གང་གི་ཚེ་ཁ་ཡང་མི་ཚངས་པར་སྤྱོད་པའི་ལམ་ཡིན་པས་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་ལས་ཀྱང་མི་ཚངས་པར་སྤྱོད་པའི་བསླབ་པའི་གཞི་འཆའ་བར་འགྱུར་ན་
ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་རུང་བ་མ་ཡིན་པའི་གཞི་དེ་བླའི་ཞེས་གསུངས་ཤེ་ན། བཅོམ་ལྡན་འདས་ཀྱིས་མི་ཚངས་པར་སྤྱད་པར་བྱ་བ་ལ་བརྟེན་ཏེ་དཔེར་མཛད་པ་ནི་མ་ཡིན་གྱི་འདི་ལྟར་གནོད་པར་འགྱུར་བ་ལ་བརྟེན་ཏེ་དཔེར་མཛད་པ་ཡིན་ཏེ། འདི་ལྟར་དེའི་ཁར་བཅུག་སྟེ་ཤི་བར་གྱུར་ཅིང་
ལུས་གཅིག་གི་སྲོག་གི་དབང་པོ་དང་བྲལ་བ་ནི་བླའི་བུད་མེད་ཀྱི་ཡུལ་དུ་བཅུག་ཅིང་ཚེ་རབས་བརྒྱ་དག་ཏུ་ཤེས་རབ་ཀྱི་སྲོག་གི་དབང་པོ་དང་བྲལ་བར་འགྱུར་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །བླའི་ཞེས་བྱ་བ་ནི་མཛེས་ཀྱི་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་གྱུར་པས་ཞེས་བྱ་བ་ལ།
གལ་ཏེ་ཇི་ལྟར་གྱུར་པ་ཤེས་ནས་ཆགས་པར་གྱུར་པས་སོ། །ཡང་ན་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་དང་། ཡུལ་སྤངས་པ་དང་། ཁྱིམ་བཏང་བ་དང་། ཆུང་མ་ལས་གྲོལ་བ་དང་། བསླབ་པ་ཡང་དག་པར་བླངས་པ་དང་། སྡོམ་པ་ལ་གནས་པ་དང་། ཚངས་པར་སྤྱོད་པ་དང་།
བཅོམ་ལྡན་འདས་ཀྱི་སྲས་ཉིད་དུ་ཁས་བླངས་པར་གྱུར་པས་སོ། །བུད་མེད་ཀྱི་ཡུལ་ལ་ཞེས་བྱ་བ་ནི་བུད་མེད་ཀྱི་ལུས་ལའོ་ཞེས་འདུལ་བ་བྱེ་བྲག་ཏུ་བཤད་པ་ལས་གསུངས་སོ། །མ་ཡིན་ནོ་ཞེས་བྱ་བ་ནི་མི་བླའི་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་གང་གི་ཚེ་སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པ་ལ་སོགས་
པ་དང་ལྡན་པ་ནི་སྲོག་དང་བྲལ་བར་བྱེད་ལ། བུད་མེད་ཀྱི་ཡུལ་གྱིས་ནི་སྲོག་དང་བྲལ་བར་ལྟ་ག་ལ་བྱེད་ཀྱི་ཡིད་བདེ་བར་ཡང་སྐྱེད་པར་བྱེད་པ་ཡིན་ན། བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་དཔེ་དེ་ལྟར་དང་པོ་རྩོམ་པ་མཛད་ཅེ་ན། བུད་མེད་ཀྱི་ཡུལ་གྱིས་ཀྱང་ཚེ་རབས་སྟོང་ཕྲག་དུ་མར་སྲོག་དང་བྲལ་བར་བྱེད་པའི་

ཕྱིར་ཏེ། སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པ་ལ་སོགས་པ་དང་ལྡན་པས་ཟིན་པ་ནི་ལན་འགའ་གསོར་ཡང་རུང་གི །བུད་མེད་ཀྱི་ཡུལ་གྱིས་ཟིན་པ་ནི་ནམ་ཡང་གསོར་མི་རུང་བ་དང་། སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པ་ལ་སོགས་པ་དང་ལྡན་པས་ཟིན་པ་ནི་ལན་འགའ་ནི་ཚངས་པ་མཚུངས་པར་སྤྱོད་
པས་ཡོངས་སུ་མི་སྤང་དུ་ཡང་རུང་གི །བུད་མེད་ཀྱི་ཡུལ་གྱིས་ཟིན་པ་ནི་ཚངས་པ་མཚུངས་པར་སྤྱོད་པས་དུས་ཐམས་ཅད་དུ་ཡོངས་སུ་སྤང་བར་བྱ་བ་ཡིན་པ་དང་། སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པ་ལ་སོགས་པ་དང་ལྡན་པས་ཟིན་པ་ནི་འཕགས་པའི་ལམ་བསྒྲུབ་པ་དང་། ངེས་པར་འཇུག་པ་
དང་། འབྲས་བུ་ཐོབ་པ་དང་། འདོད་ཆགས་དང་བྲལ་བ་དང་། ཟག་པ་ཟད་པ་ལ་རབ་ཏུ་གནས་པར་རུང་གི་བུད་མེད་ཀྱི་ཡུལ་གྱིས་ཟིན་པས་ནི་དེ་དག་ཐམས་ཅད་མི་རུང་བའི་ཕྱིར་རོ། །འདི་སྐད་ཅེས་ཡོངས་སུ་བརྟག་པ་ཉེ་བར་བཟུང་བ་དེའི་རྒྱུ་ལས་ཆུ་ཀླུང་གི་རྒྱུན་ནི་གྱེན་ལ་འབབ་ཀྱང་སྲིད་ཀྱི།
འཕགས་པའི་ལམ་ནི་གནས་མེད་དེ། འདི་ལྟར་སྣོད་ཉམས་པའི་ཕྱིར་རོ་ཞེས་ཀྱང་གསུངས་སོ། །རྣམ་པར་སྨད་དོ་ཞེས་བྱ་བ་ནི་རྣམ་གྲངས་ཀྱིས་སྨད་པར་མཛད་པ་སྟེ། གལ་ཏེ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་གཞི་འདི་ལས་ཉེས་པ་བྱས་ན་ཆད་པའི་ལས་འདི་ཡིན་ནོ་ཞེས་བཅའ་བ་མ་མཛད་ན།
ཅིའི་ཕྱིར་སྔར་བཅའ་བ་མ་མཛད་པར་རྣམ་པར་སྨད་པར་མཛད་ཅེ་ན། ཟླ་གྲོགས་བསྟན་པའི་ཕྱིར་ཏེ། འདི་ལྟར་འདི་ལ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལ་སོགས་པ་དག་རང་བཞིན་དང་བཅའ་བའི་ཁ་ན་མ་ཐོ་བ་དང་བཅས་པ་སྤོང་བ་ཡང་དག་པར་ལེན་པ་བྱེད་ན་ཁྱོད་ཀྱིས་ཀྱང་དེ་བཞིན་དུ་ཅིའི་ཕྱིར་དེ་དག་
སྤོང་བ་དག་ཡང་དག་པར་མི་བླང་ཞེས་ཡང་དག་པར་སྨད་པར་མཛད་དོ། །ཡང་ན་བཅོམ་ལྡན་འདས་ཀྱིས་སྔར། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པས་ཉེས་པར་སྤྱད་པ་ཐམས་ཅད་སྨད་པ་དང་ལེགས་པར་སྤྱད་པ་ཐམས་
ཅད་བསྔགས་པར་མཛད་ཟིན་པས་དེའི་ཕྱིར་རྣམ་པར་སྨད་པ་མཛད་དོ། །རྣམ་གྲངས་དུ་མས་ཞེས་བྱ་བ་ནི་རྣམ་པ་དུ་མས་སོ། །བཀའ་སྩལ་པ་ཞེས་བྱ་བ་ནི་མངོན་དུ་མཛད་པའོ། །དེ་ལྟ་བས་ན་ཞེས་བྱ་བ་ནི་མཇུག་བསྡུ་བའི་ཕྱིར་རོ། །ཕན་ཡོན་ཞེས་བྱ་བ་ནི་ཡོན་ཏན་ནོ། །དགེ་འདུན་བསྡུ་བ་

ཞེས་བྱ་བ་ནི་དགེ་འདུན་བསྲུང་བ་སྟེ། བསླབ་པ་ཡང་དག་པར་མ་བླངས་པ་རྣམས་ཕྱི་རོལ་དུ་བྱེད་པའི་ཕྱིར་རོ། །ལེགས་པར་བྱ་བ་ཞེས་བྱ་བ་ནི་མཛེས་པར་བྱ་བ་སྟེ། ངེས་པར་གནས་པ་རྣམས་བསྔགས་པའི་ཕྱིར་རོ། །བདེ་བར་གནས་པ་ཞེས་བྱ་བ་ནི་བདེ་བར་
འདུག་པའོ། །གནོང་མི་བསྐུར་བའི་གང་ཟག་རྣམས་ཚར་བཅད་པའི་ཕྱིར་ཞེས་བྱ་བ་ནི་ངོ་ཚ་མི་ཤེས་པའི་སེམས་ཅན་རྣམས་ཆད་པས་བཅད་པའི་ཕྱིར་ཏེ་བསྙིལ་བ་དང་། སྦྱང་བ་ལ་སོགས་པ་གཉེན་པོ་བསྟན་པའི་ཕྱིར་རོ། །ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཡོན་ཏན་
དང་ལྡན་པ་རྣམས་བདེ་བར་བྱ་བའི་ཕྱིར་རོ། །མངོན་པར་མི་དད་པ་རྣམས་ཞེས་བྱ་བ་ནི་དད་པ་དང་མི་ལྡན་པ་རྣམས་སོ། །ཕྱིར་ཞིང་འབྱུང་བ་ཞེས་བྱ་བ་ནི་འཕེལ་བའོ། །ཚེ་འདིའི་ཞེས་བྱ་བ་ནི་ད་ལྟར་བྱུང་བའིའོ། །བསྡམ་པ་ཞེས་བྱ་བ་ནི་ཟློག་པའོ། །ཚེ་རབས་ཕྱི་མའི་ཞེས་བྱ་བ་ནི་མ་འོངས་
པའིའོ། །བཟློག་པ་ཞེས་བྱ་བ་ནི་རྣམ་པར་གནོན་པའོ། །ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་ལམ་གྱི་བསྟན་པའོ། །སྐྱེ་བོ་མང་པོ་ལ་ཕན་པ་ཞེས་བྱ་བ་ནི་སྐྱེ་བོ་མང་པོ་ལ་མཁོ་བ་སྟེ། མ་འོངས་པའི་སྐྱེ་བོ་དག་ལ་ཕན་པའི་ཕྱིར་རོ། །ཡངས་པར་གྱུར་པ་ཞེས་བྱ་བ་ནི་རྒྱ་ཆེ་བའོ། །བར་དག་ལ་
ཞེས་བྱ་བ་ནི་མཐའ་བསྟན་པའོ། །ཡང་དག་པར་ཞེས་བྱ་བ་ནི་མ་ལོག་པར་རོ། །རབ་ཏུ་བསྟན་པ་ཞེས་བྱ་བ་ནི་རྒྱ་ཆེར་བསྟན་པའོ། །ཡུན་རིང་དུ་གནས་པ་ཞེས་བྱ་བ་ནི་དུས་ཡུན་རིང་དུ་གནས་པའོ། །གདོན་པར་བྱ་སྟེ་ཞེས་བྱ་བ་ནི་ཀླག་པར་བྱ་བའམ་གཞན་དག་ལ་ལུང་དཔོག་པར་བྱ་བའོ། །
རྒྱལ་པོའི་ཁབ་ཅེས་བྱ་བ་ནི་གྲོང་ཁྱེར་གྱི་མིང་ངོ་། །འོད་མའི་ཚལ་ཞེས་བྱ་བ་ནི་སྨྱིག་མའི་ཚལ་ལོ། །བྱ་ཀ་ལན་ད་ཀའི་གནས་ཞེས་བྱ་བ་ནི་བྱ་བོང་ཆུང་ངུ་དག་གི་གནས་སོ། །བརྔོད་བརྔོད་ནས་ཞེས་བྱ་བ་ནི་ཡང་དང་ཡང་དབང་དུ་བྱས་ནས་སོ། །སྡིག་པ་ཅན་ཞེས་བྱ་བ་ནི་སྐྱོན་ཆགས་པའོ། །དམ་པ་མ་ཡིན་
པའི་ཆོས་ཞེས་བྱ་བ་ནི་ཆོ་ག་མ་ཡིན་པའོ། །རྣམ་པར་ལྟ་བར་བྱེད་པ་ཞེས་བྱ་བ་ནི་རྟོག་པར་བྱེད་པའོ། །རོ་སྨད་ཅེས་བྱ་བ་ནི་རྒྱབ་ཀྱི་ཆའོ། །སྟོབས་པར་བྱེད་ཅེས་བྱ་བ་ནི་འབུལ་བར་བྱེད་ཅེས་བྱ་བའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་འདི་ལྟར་རོ། །ངོ་ཚ་བས་ཞེས་བྱ་བ་ནི་ཤིན་ཏུ་ངོ་ཚ་བས་སོ། །ཁྲོས་

ཞེས་བྱ་བ་ནི་དང་པོ་འཁྲུག་པ་ཆུང་ངུས་རེག་པའོ། །འཁྲུགས་ཞེས་བྱ་བ་ནི་འབྲིང་གིས་སོ། །རྔམ་པར་གྱུར་ཅེས་བྱ་བ་ནི་འཁྲུག་པ་ཆེན་པོས་དྲག་ཤུལ་ཉིད་དུ་གྱུར་པའོ། །ཡིད་མི་དགའ་ནས་ཞེས་བྱ་བ་ནི་ཡིད་མི་བདེ་ཞིང་མི་དགའ་ནས་སོ། །མངོན་པར་བྲེད་དེ་ཞེས་བྱ་བ་ནི་རྣམ་པར་གྲོལ་
ཏེའོ། ངུ་རུ་རུ་ཟེར་ཞིང་ཞེས་བྱ་བ་ནི་ཁྲོ་བ་ལས་བྱུང་བའི་སྒྲ་ངུ་རུ་རུ་ཟེར་ཞིང་ངོ་། །འོན་ཀྱང་ཞེས་བྱ་བ་ནི་ཁྱད་པར་དུའོ། །འོ་ན་ཞེས་བྱ་བ་ནི་དྲི་བའོ། །བཀག་ཅེས་བྱ་བ་ནི་དགག་པར་མཛད་པའོ། །མི་ཉིད་ལ་ཞེས་བྱ་བ་ནི་མིའི་འགྲོ་བར་སྐྱེས་པ་སྟེ། དེ་ལ་ཞུགས་པའི་ཕྱིར་དེ་ཉིད་ལ་དགག་
པ་མཛད་པར་བསམས་པའོ། །སྔ་མ་ནི་བཅས་པའོ་ཞེས་བྱ་བ་ནི་གཞིའི་མཚམས་སོ། །འདི་ནི་རྗེས་སུ་བཅས་པའོ་ཞེས་བྱ་བ་ནི་དེའི་རྗེས་སུ་སོང་བའི་མཚམས་ཏེ་དེའི་རྗེས་སུ་སོང་བའི་བསམ་པ་བཟློག་པའི་ཕྱིར་རོ། །ཡང་དགེ་སློང་གང་ཞེས་གསུངས་པ་ལ་སོགས་པ་ནི་འདུལ་བའི་
དོན་ཡོངས་སུ་ཤེས་པ་མེད་ན་སློབ་མ་རྣམས་ཀྱི་བྱ་བ་བསྒྲུབ་པ་ཡོངས་སུ་ཉམས་པར་འགྱུར་བ་དང་། བསླབ་པ་རལ་བར་འགྱུར་བ་དང་། འཇིག་རྟེན་པ་རྣམས་མ་དད་པ་སྐྱེ་བ་དང་། ལམ་སྐྱེ་བ་ཐག་རིང་བར་འགྱུར་བས་དེའི་ཕྱིར་བསླབ་པ་བཅས་མ་ཐག་ཁོ་ནར་བཅོམ་ལྡན་འདས་ཉིད་ཀྱིས་བསླབ་
བའི་དོན་བཀའ་སྩལ་པ་ཡིན་ནོ། །དེ་ལ་ཡང་ཞེས་བྱ་བ་ནི་སྤྱིར་བཏང་བའི་དོན་ཏོ། །ཡང་ན་ཕྱི་མའི་དོན་ཏེ། དེས་ན་ལས་དང་པོ་པ་མ་གཏོགས་པ་དེ་ལས་གཞན་པ་གང་ཕྱིས་བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་ཞེས་བྱ་བ་ནི་འོག་ནས་དགེ་སློང་གཞི་འབྱུང་བ་མ་གཏོགས་པ་གསོལ་
བ་དང་བཞིའི་ལས་མི་གཡོ་བར་བཞག་པར་མི་འོང་བས་རྫོགས་པར་བསྙེན་པ་ཞེས་འབྱུང་བ་དེ་བཟུང་ངོ་། །གང་ཞེས་བྱ་བ་ནི་ལ་ལ་ཞེས་བྱ་བའི་ཐ་ཚིག་གོ། །མིང་གི་དགེ་སློང་ཞེས་བྱ་བ་ནི་མིང་ཙམ་གྱིས་དགེ་སློང་ཡིན་ལ་དོན་གྱིས་སྟོང་པའོ། །ཁས་འཆེ་བའི་དགེ་སློང་ཞེས་བྱ་བ་ནི་ཁས་ལེན་པའི་
ཁས་འཆེ་བ་ཙམ་གྱིས་དགེ་སློང་ཡིན་པ་དོན་གྱིས་སྟོང་པའོ། །སློང་བའི་ཕྱིར་དགེ་སློང་ཞེས་བྱ་བ་ནི་སློང་བ་ཙམ་གྱི་རྒྱུས་དགེ་སློང་ཡིན་ལ་དོན་གྱིས་སྟོང་པའོ། །ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་ཞེས་བྱ་བ་ནི་ཉོན་མོངས་པ་རབ་ཏུ་བཅོམ་ཞིང་ཟག་པ་ཟད་པའི་ཕྱིར་དགེ་སློང་ཞེས་བྱ་བ་

ནི་གསོལ་བ་དང་བཞིའི་ལས་མི་གཡོ་བར་གཞག་པར་མི་འོས་པས་རྫོགས་པར་བསྙེན་པ་མ་ཡིན་པའོ། །མིང་དང་མིང་དུ་བརྗོད་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་བརྒྱད་པོ་དག་ནི་ཡུལ་ཐ་དད་པར་གྲགས་པའི་མིང་སྟེ། མིང་གི་རྣམ་གྲངས་སོ། །དགེ་སློང་གི་
རིགས་ཤེ་འམ་ཞེས་བྱ་བ་ནི། དགེ་སློང་གི་རིགས་བརྒྱུད་དོ། །དགེ་སློང་དང་འདྲ་བར་གྱུར་པ་ཞེས་བྱ་བ་ནི་དགེ་སློང་དང་མཚུངས་པར་གྱུར་པའོ། །ཁས་འཆེ་བར་བྱེད་པ་ཞེས་བྱ་བ་ནི་ཚིག་གིས་ཁས་ལེན་པར་བྱེད་པའོ། །རྐུ་ཐབས་སུ་གནས་ཤིང་ཞེས་བྱ་བ་ནི་རྐུན་པོ་ལྟ་བུར་ཆོས་ཀྱི་ལོངས་
སྤྱོད་བྱེད་པའོ། །དགེ་སློང་དུ་དམ་འཆའ་བར་བྱེད་པ་ཞེས་བྱ་བ་ནི་ལུས་ཀྱི་བྱ་བས་སྨོས་པར་བྱེད་པའོ། །ཆོས་དང་ལྡན་པ་ཞེས་བྱ་བ་ནི་ཆོས་དང་རྗེས་སུ་འབྲེལ་པའི་རིགས་པ་དང་ལྡན་པས་སོ། །སློང་མོ་སྤྱོད་པ་ཞེས་བྱ་བ་ནི་སློང་ཞེས་སྤྱོད་པས་སོ། །འཚོ་བ་བྱེད་པ་ཞེས་བྱ་བ་ནི་འཚོ་བ་སྦྱོར་
བར་བྱེད་པའོ། །ཀུན་ནས་ཉོན་མོངས་པར་བྱེད་པ་ཞེས་བྱ་བ་ནི་ལས་ཀྱིས་ཀུན་ནས་ཉོན་མོངས་པར་བྱེད་པའོ། །ཡང་སྲིད་པར་བྱེད་པ་ཞེས་བྱ་བ་ནི་ཡང་བར་མ་དོའི་སྲིད་པ་འབྱུང་བའི་རྒྱུ་སྟེ། སྐྱེ་བའི་ཀུན་ནས་ཉོན་མོངས་པར་བྱེད་པའོ། །རིམས་ནད་དང་བཅས་པ་ཞེས་བྱ་བ་ནི་ཀུན་དུ་སྤྱོད་པའི་ཚེ་ན་
སྟེ། ཡོངས་སུ་གདུང་བར་བྱེད་པ་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པ་སྡུག་བསྔལ་བ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ལ་སོགས་པའི་རྒྱུ་ཡིན་པའོ། །ཕྱི་མ་ལ་ཞེས་བྱ་བ་ནི་དུས་ཕྱི་མ་ལའོ། །སྐྱེ་བ་དང་རྒ་བ་དང་འཆི་བར་འགྱུར་བ་ཞེས་བྱ་བ་ལ་སྐྱེ་བ་ཞེས་བྱ་བ་ནི། སྐྱེ་བ་གཞན་ནོ། །
དགའ་བ་ཞེས་བྱ་བ་ནི་ལུས་ཡོངས་སུ་སྨིན་པའོ། །འཆི་བ་ཞེས་བྱ་བ་ནི་ཚེ་ཟད་པ་སྟེ་དེ་དག་གི་རྒྱུ་ཡིན་པའོ། །སྤངས་པ་ཞེས་བྱ་བ་ནི་ཟད་པ་སྟེ་འཐོབ་པ་ཆད་པའི་ཕྱིར་རོ། །ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་། དམིགས་པ་ཡོངས་སུ་ཆད་པའི་ཕྱིར་རོ། །རྩ་བ་ནས་བཅད་པ་ཞེས་
བྱ་བ་ནི་ཉེས་པའི་རྣམ་པ་ཆུང་ངུ་ཡང་སྤངས་པའི་ཕྱིར་རོ། །ཤིང་ཏ་ལའི་མགོ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་ཤིང་ཏ་ལའི་མགོ་བཅད་ན་གཞི་མི་སྣང་ཞིང་ཕྱོགས་གཅིག་ཀྱང་མི་སྐྱེ་བ་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །གཞི་མི་སྣང་བ་ཞེས་བྱ་བ་ནི་གང་དག་གི་གཞི་ཞེས་བྱ་བ་གནས་མི་སྣང་ཞེས་

བྱ་བའི་གྲིབ་མ་མེད་པ་དེ་དག་ནི་གཞི་མི་སྣང་བ་ཞེས་བྱ་བ་སྟེ་ལྷག་མ་མ་ལུས་པའོ། །ཕྱི་མ་ལ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པ་ཞེས་བྱ་བ་ནི་ཡང་ཚེ་གཞན་དུ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའོ། །དོན་འདིར་ནི་ཞེས་བྱ་བ་ནི་ཡུལ་འདིར་ནིའོ། །གསོལ་བ་དང་བཞིའི་ཞེས་བྱ་བ་ནི་ལས་བརྗོད་
པ་གང་ལ་གསོལ་བ་དང་ལས་བརྗོད་པ་གསུམ་དང་བཞི་བྱེད་པའོ། །མི་གཡོ་བ་ཞེས་བྱ་བ་ནི་ཡང་བྱ་མི་དགོས་པའོ། །གཞག་པར་མི་འོས་པས་ཞེས་བྱ་བ་ནི་བགེགས་བྱ་བར་མི་འོས་པས་སོ། །ཆོས་མཐུན་པ་ཞེས་བྱ་བ་ནི་ལམ་མཐུན་པའོ། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་
དང་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་དགེ་སློང་རྣམས་དང་ངོ་། །བསླབ་པ་མཚུངས་པར་ཞེས་བྱ་བ་ནི་བསླབ་པས་འདྲ་བར་རོ། །གྱུར་པ་ཞེས་བྱ་བ་ནི་ཞུགས་པས་སོ། །བསླབ་པ་ཞེས་བྱ་བ་ནི་ངེས་པའོ། །དེ་རྫོགས་པར་བསྙེན་པས་ཞེས་བྱ་བ་ནི་ཉི་མ་དེ་ལ་རྫོགས་པར་བསྙེན་པས་སོ། །ཚུལ་
ཁྲིམས་ཉིད་ཀྱིས་མཉམ་པ་ཞེས་བྱ་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་སྤངས་པས་མཉམ་པའི་ཕྱིར་རོ། །བསླབ་པ་ཉིད་ཀྱིས་མཉམ་པ་ཞེས་བྱ་བ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པས་སྤངས་པས་མཉམ་པའི་ཕྱིར་རོ། །སོ་སོར་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་ཞེས་
བྱ་བ་ནི་ཆོས་ཀྱི་ལོངས་སྤྱོད་ཀྱིས་མཉམ་པའི་ཕྱིར་རོ། །སོ་སོར་ཐར་པ་ཞེས་བྱ་བ་ནི་དེས་དང་པོར་སྡིག་པ་ལས་ཐར་པ་སྟེ། དང་པོའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ནི་སོ་སོར་ཐར་པའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་མདོ་ཡིན་ཏེ་འདུལ་བའི་རྣམ་པའི་དོན་མཐའ་དག་སྨོས་
པའི་ཕྱིར་རོ། །དེ་འདོན་པ་ནི་དགེ་འདུན་གྱི་དབུས་སུ་བརྗོད་པའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །ཁྲོས་ཤིང་ཞེས་འདིར་སྨོས་པ་ནི། གཞུང་གཞན་ཡིན་ཏེ། དེ་ནི་མི་རིགས་ཏེ། གཏོང་བར་འདོད་ཆགས་པར་གྱུར་པ་ལ་སོགས་པ་བཞིན་དུ་བསླབ་པ་བཏང་བར་གྱུར་པའི་ཕྱིར་རོ། །གལ་
ཏེ་ཁྲོས་པ་ནི་གཏོང་བའི་སེམས་མེད་པར་ཁྲོ་བའི་ཟིལ་གྱིས་ནོན་པས་བསླབ་པ་འབུལ་ན་ནི་དེའི་ཚེ་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །འབུལ་ན་ཞེས་བྱ་བ་ནི་ཡོངས་སུ་གཏོང་ནའོ། །སྨྱོས་པ་ཞེས་བྱ་བ་ནི་སྨྱོ་བྱེད་ཀྱིས་ཐ་སྙད་ཀྱི་བློ་ཉམས་པའོ། །སེམས་འཁྲུགས་པ་ཞེས་བྱ་བ་ནི་རླུང་ལ་སོགས་

པས་གང་གི་རང་བཞིན་གྱིས་སེམས་ཉམས་པའོ། །ཚོར་བ་དག་གིས་ཉེན་པ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོར་བ་དག་གི་ས་དགེ་སློང་གི་དངོས་པོའི་སེམས་ཉམས་པ་སྟེ་དེ་ནི་ཐ་སྙད་ཀྱི་སེམས་པ་མེད་པས་དེས་ཕུལ་ཡང་མ་ཕུལ་བར་བརྗོད་པར་བྱའོ། །གླེན་པ་
ཞེས་བྱ་བ་ནི་བརྡ་ཕྲད་པར་མི་ནུས་སོ། །ལྐུགས་པ་ཞེས་འདིར་སྨོས་པ་ནི་གཞུང་གཞན་ཡིན་ཏེ། དེ་ཡང་མི་རིགས་ཏེ། བརྡ་ཕྲད་ན་གོ་བར་བྱེད་པ་མེད་དུ་ཟིན་ཀྱང་ཕུལ་བར་འགྱུར་བའི་ཕྱིར་ཏེ། འཆི་བར་ངེས་པ་ལ་སོགས་པ་ལྟ་བུ་དང་ལྕེ་ཐོབ་ན་གོ་བར་བྱེད་པ་ཡང་སྲིད་པའི་ཕྱིར་རོ། །འོན་པ་ཞེས་
བྱ་བ་ནི་རྣ་བ་ཉམས་པའོ། །དབེན་པར་ཞེས་བྱ་བ་ནི་གནས་སྟོང་པར་ཏེ། དབེན་པར་ནི་ཉན་པ་པོ་མེད་པའི་ཕྱིར་ཡུལ་མ་ཡིན་ནོ། །དབེན་པར་འདུ་ཤེས་པས་ཞེས་བྱ་བ་ནི་ཉན་དུ་གཞུག་པའི་བློ་མེད་པས་ཡོངས་སུ་བཏང་པའི་བློ་ཡང་མེད་པའི་ཕྱིར་རོ། །དབུས་པ་ཞེས་བྱ་བ་ནི་ཡུལ་དབུས་ན་སྐྱེས་
པའོ། །མཐའ་འཁོབ་པ་ཞེས་བྱ་བ་ནི་ཡུལ་མཐའ་འཁོབ་ནས་སྐྱེས་པའོ། །སྙོམས་པར་ཞུགས་པ་ཞེས་བྱ་བ་ནི་སེམས་མཉམ་པར་གཞག་པའམ། །སེམས་མེད་པའོ། །སྤྲུལ་པ་ཞེས་བྱ་བ་ནི་གསང་སྔགས་ལ་སོགས་པས་བསླང་བའོ། །ཀླག་ཅོར་ཅན་གྱིས་ཞེས་བྱ་བ་ནི་དབུལ་
བར་བྱེད་པ་གཏམ་གཞན་གྱིས་ཀླག་ཅོར་ཟེར་བ་སྟེ། དེས་ཉན་པ་པོ་ཀླག་ཅོར་ཅན་ལ་འབུལ་བར་བྱེད་ན་ཕུལ་བ་མ་ཡིན་ཏེ། དེ་དག་ཐམས་ཅད་ནི་གོ་བ་མེད་པའི་ཕྱིར་ཕུལ་བར་མི་འགྱུར་རོ། །གཏོང་བའི་སེམས་མེད་པ་ཞེས་བྱ་བ་ནི་འབུལ་བའི་སེམས་མེད་པ་སྟེ། དེས་ན་གཏོང་བའི་སེམས་མེད་
ན་འབུལ་བར་བྱེད་དུ་ཟིན་ཀྱང་ཕུལ་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སྦྱོང་གི་ཚུལ་འདོད་པ་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་ཉིད་འདོད་པའོ། །ཁྱིམ་ནི་གནས་པ་མི་འདོད་པ་ཞེས་བྱ་བ་ནི་ཁྱིམ་པའི་དངོས་པོ་ཉིད་མི་འདོད་པའོ། །མི་རང་བཞིན་དུ་གནས་པ་ཞེས་བྱ་བ་ནི་འཇིག་རྟེན་
གྱི་ཐ་སྙད་ལས་མ་ཉམས་པའོ། །ཤེས་པ་ཞེས་བྱ་བ་ནི་སྐད་ཤེས་པའོ། །དེས་ན་གང་གི་ཚེ་གཏོང་བའི་སེམས་མེད་པ་དང་། དགེ་སློང་གི་ཚུལ་འདོད་པས། ཁྱིམ་ན་གནས་པ་མི་འདོད་པ་དེའི་ཚེ་འབུལ་བར་བྱེད་ཀྱང་ཕུལ་བར་མི་འགྱུར་ལ། གང་གི་ཚེ་གཏོང་བའི་སེམས་ཡོད་པ་

དང་། དགེ་སྦྱོང་གི་ཚུལ་མི་འདོད་པ་དང་། ཁྱིམ་ན་གནས་པ་འདོད་ཀྱང་མི་རང་བཞིན་དུ་གནས་པ་ཤེས་པ་འགའ་ཡང་ཚིག་གིས་རྣམ་པར་རིག་པར་མི་བྱེད་ན་དེའི་ཚེ་ཡང་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བསླབ་པ་ཉམས་པར་ཞེས་བྱ་བ་ནི་བསླབ་པའི་ཡུལ་
མཐུ་མེད་པ་ཉིད་དུའོ། །མ་བྱས་པར་ཞེས་བྱ་བ་ནི་མ་བརྗོད་པར་རོ། །བསླབ་པ་ཕུལ་ལ་བསླབ་པ་ཉམས་པར་མ་བྱས་པ་ཞེས་བྱ་བ་ནི་བསླབ་པ་དབུལ་བ་ལ་བསླབ་པ་ཉམས་པར་བྱ་བ་མེད་པར་བྱེད་པ་སྟེ། དེ་ནི་རྒྱུ་མ་བསྟན་པའི་ཕྱིར་ཡོངས་སུ་རྫོགས་པ་མ་ཡིན་པས་བསླབ་པ་ཕུལ་ལ་བསླབ་
པ་ཉམས་པར་མ་བྱས་པ་ཞེས་མུ་དང་པོར་གཞག་པར་ཟད་ཀྱི། བསླབ་པ་ཕུལ་ན་བསླབ་པ་ཉམས་པར་མ་བྱས་སུ་ཟིན་ཀྱང་དེ་ལ་དགེ་སློང་གི་དངོས་པོ་ཉིད་མེད་དོ། །བསླབ་པ་ཉམས་པར་བྱས་ལ་བསླབ་པ་མ་ཕུལ་ཞེས་བྱ་བ་ནི་བསླབ་པ་ཉམས་པར་བྱས་པ་བསླབ་པ་འབུལ་བ་མེད་པར་བྱེད་པ་
སྟེ། དེའི་འབྲས་བུ་མ་བསྟན་པའི་ཕྱིར་ཡོངས་སུ་རྫོགས་པ་མ་ཡིན་པས་བསླབ་པ་ཉམས་པར་བྱས་ལ་བསླབ་པ་མ་ཕུལ་བ་ཞེས་མུ་གཉིས་པར་གཞག་པར་ཟད་ཀྱི་བསླབ་པ་ཉམས་པར་བྱས་ན་བསླབ་པ་མ་ཕུལ་དུ་ཟིན་ཀྱང་དེ་ལ་དགེ་སློང་གི་དངོས་པོ་ཉིད་མེད་དོ། །བསླབ་པ་ཉམས་པར་ཡང་
བྱས་ལ་ཕུལ་བ་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་མེད་པ་ཉིད་གང་ཡིན་པ་དེ་ནི་རྒྱུ་ཡང་བསྟན་ལ་འབྲས་བུ་ཡང་བསྟན་པའི་ཕྱིར་ཡོངས་སུ་རྫོགས་པ་ཡིན་པས་བསླབ་པ་ཉམས་པར་ཡང་བྱས་ལ་བསླབ་པ་ཕུལ་བ་ཞེས་མུ་གསུམ་པར་གཞག་སྟེ། དེ་ཡང་དགེ་སློང་གི་དངོས་པོ་ཉིད་མེད་དོ། །དེ་ལ་
གང་གི་ཚེ་དབུལ་བར་བརྗོད་ནས་ཉམས་པ་རྗོད་པར་བྱེད་པ་དེའི་ཚེ་ནི་དབུལ་བ་གཙོ་བོ་ཉིད་ཡིན་པའི་ཕྱིར་ཕུལ་ཞེས་བྱའི་ཉམས་པ་ཞེས་མི་བྱའོ། །གང་གི་ཚེ་ཉམས་པར་བརྗོད་ནས་འབུལ་བ་བྱེད་པ་དེའི་ཚེ་ནི་ཉམས་པ་གཙོ་བོ་ཉིད་ཡིན་པའི་ཕྱིར་ཉམས་པ་ཞེས་བྱའི་ཕུལ་བ་ཞེས་མི་བྱ་སྟེ། དེའི་ཚེ་
ཕུལ་བ་དང་ཉམས་པར་བྱས་པ་གཉིས་ནི་དོན་གཅིག་པ་ཉིད་ཡིན་ནོ། །མུ་དང་པོ་གཉིས་ནི་དབུལ་བ་དང་ཉམས་པར་བྱས་པ་ཡོངས་སུ་མ་རྫོགས་པས་བསྡུས་པ་ཡིན་ནོ། །བསླབ་པ་མ་ཕུལ་ཞིང་བསླབ་པ་ཉམས་པར་མ་བྱས་པ་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་ཉིད་མེད་པར་འགྱུར་བའི་

རྒྱུ་དེ་གཉིས་གང་ཡང་མ་བྱས་པས་དེ་ལ་ནི་དགེ་སློང་གི་དངོས་པོ་ཉིད་ཡོད་པ་ཡིན་པས་མུ་བཞི་པར་རྣམ་པར་གཞག་གོ། །མུ་བཞི་པོ་དེ་དག་ལས་དང་པོ་གསུམ་ལ་ནི་དགེ་སློང་གི་དངོས་པོ་ཉིད་མེད་ལ་མུ་ཐ་མ་ལ་ནི་དགེ་སློང་གི་དངོས་པོ་ཡོད་དེ་ཞེས་བྱ་བའི་ཐ་ཚིག་གོ། །
སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་འབུལ་བ་ནི་སྡོམ་པའི་རྩ་བ་གཏང་བའི་ཕྱིར་བསླབ་པ་ཕུལ་བ་ཡིན་ནོ། །མདོ་སྡེ་དང་འདུལ་བ་དང་མ་མོའི་སྡེ་སྣོད་དང་། མཁན་པོ་དང་སློབ་དཔོན་སྐྱེ་བོའི་བླ་མ་འབུལ་བ་ནི་སྡོམ་པ་ལ་ཉེ་བར་སྦྱོར་བ་ཡོངས་སུ་བཏང་བས་བསླབ་པ་ཕུལ་བ་ཡིན་ནོ། །
ཁྱིམ་པ་ལ་སོགས་པར་ཁས་ལེན་པ་ནི་བསླབ་པའི་ས་བཏང་བས་བསླབ་པ་ཕུལ་བ་ཡིན་ནོ། །ཆོས་མཐུན་པ་དག་སྤོང་བ་ནི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པར་ཁས་བླངས་པས་རབ་ཏུ་བྱུང་བའི་ས་གཏང་བའི་ཕྱིར་བསླབ་པ་ཕུལ་བ་ཡིན་ནོ། །མདོ་སྡེ་ཞེས་བྱ་བ་ནི་དབེན་པའི་ཆོས་ཉིད་སྨོས་པའི་
ཚིག་ཡིན་ནོ། །མ་མོ་ཞེས་བྱ་བ་ནི་མདོ་སྡེ་དང་འདུལ་བ་གཉིས་ཀྱི་དོན་དང་དོན་མ་ཡིན་པ་སྟོན་པས་མ་དང་འདྲ་བའི་རྣམ་པར་བཤད་པར་གྱུར་པར་བསྟན་བཅོས་ཆོས་མངོན་པ་ཡིན་ནོ། །དགེ་ཚུལ་ཞེས་བྱ་བ་ནི་དགེ་ཚུལ་ཉིད་ཡིན་ནོ། །ཟ་མ་ཞེས་བྱ་བ་ནི་དབང་པོ་ལས་སུ་མི་རུང་བའོ། །
མ་ནིང་ཞེས་བྱ་བ་ནི་མཚན་ཉམས་པ་དང་ས་བོན་མེད་པའོ། །དགེ་སློང་མ་སུན་ཕྱུང་བ་ཞེས་བྱ་བ་ནི་གང་གིས་དགེ་སློང་མ་ཕམ་པ་མ་ཕྱུང་བ་སྤྲོད་པ་ལས་བྱུང་བས་སུན་ཕྱུང་བའོ། །ངན་སེམས་ཀྱིས་ཞེས་བྱ་བ་ནི་བསད་པའི་སེམས་ཀྱིས་སོ། །མུ་སྟེགས་ཅན་ཞུགས་པ་ཞེས་བྱ་བ་ནི་མུ་
སྟེགས་ཅན་གྱི་ལྟ་བ་དང་ལྡན་བཞིན་དུ་བསྟན་པ་འདི་ལ་ལས་ལན་གསུམ་ཉམས་སུ་མྱོང་བར་གྱུར་པ་གང་ཡིན་པ་དང་། དགེ་སློང་གི་རྟགས་བཏང་སྟེ། མུ་སྟེགས་ཅན་གྱི་རྟགས་འཛིན་ཅིང་མུ་སྟེགས་ཅན་གྱི་གནས་སུ་ནམ་ནངས་པར་བྱེད་པ་གང་ཡིན་པའོ། །རྐུ་ཐབས་སུ་གནས་པ་ཞེས་བྱ་
བ་ནི་ཡང་དག་པའི་ལྟ་བ་དང་ལྡན་དུ་ཟིན་ཀྱང་རྫོགས་པར་མ་བསྙེན་པའམ། རྫོགས་པར་བསྙེན་པ་ཉམས་པ་རྫོགས་པར་བསྙེན་པ་མ་ཡིན་པར་འདུ་ཤེས་བཞིན་དུ་ལས་ལན་གསུམ་ཉམས་སུ་མྱོང་བ་གང་ཡིན་པའོ། །ཐ་དད་པར་གནས་པ་ཞེས་བྱ་བ་ནི་ལྟ་བ་གཞན་དང་ལྡན་པའོ། །

གནས་པར་མི་བྱ་བ་ཞེས་བྱ་བ་ནི་ཉམས་པའོ། །ཁྱེད་ལྟ་བུ་ཞེས་བྱ་བ་ནི་ཁྱེད་ཅག་འདྲ་བའོ། །ཆོག་གོ་ཞེས་བྱ་བ་ནི་དགག་པའོ། །སྤྱད་དཀའ་བ་ཞེས་བྱ་བ་ནི་བསྒྲུབ་པ་དཀའ་བའོ། །རབ་ཏུ་དབེན་པ་ཞེས་བྱ་བ་ནི་སེམས་རབ་ཏུ་དབེན་པའོ། །གཅིག་པུ་ཉིད་ལ་ཞེས་བྱ་བ་ནི་གཅིག་པ་ཉིད་ལའོ། །
མངོན་པར་དགའ་བ་དཀའ་བ་ཞེས་བྱ་བ་ནི་གང་ལ་མངོན་པར་དགའ་བ་སྐྱེ་བར་དཀའ་བའོ། །གནས་མལ་ཞེས་བྱ་བ་ནི་འདུག་པའི་གནས་ཏེ། སྐབས་འདིར་ནི་དགོན་པ་ཞེས་བྱ་བ་དང་སྦྱར་ཏེ། གནས་མལ་དགོན་པ་དེ་ཡང་གང་ཞེ་ན། འོག་ནས་ནགས་ཁྲོད་དང་། རི་དྲུང་དང་རབ་མཐའ་
དག་ཅེས་འབྱུང་བ་དང་སྦྱར་རོ། །ནགས་ཁྲོད་ཅེས་བྱ་བ་ནི་ཤིང་ལྗོན་པའི་ཐིབས་པོའོ། །རི་དྲུང་ཞེས་བྱ་བ་ནི་རི་དང་ཐག་ཉེ་བའོ། །རབ་མཐའ་དག་ཅེས་བྱ་བ་ནི་རབ་ཏུ་ཐག་རིང་བའོ། །གནས་པ་ཞེས་བྱ་བ་ནི་ཉེ་བར་ཕན་པ་སྟེ། འདུག་པ་ཞེས་བྱ་བའི་ཐ་ཚིག་གོ། །ཁོང་དུ་ཆུད་པར་
དཀའ་བ་ཞེས་བྱ་བ་ནི་ཤེས་པར་དཀའ་བའོ། །བཟོ་དག་ཅེས་བྱ་བ་ནི་འཚོ་བའི་ཐབས་ཏེ། རི་མོ་ལ་སོགས་པས་སོ། །ལས་ཀྱི་མཐའ་དག་ཅེས་བྱ་བ་ནི་བུ་རམ་གྱི་ཤིང་གི་ལས་ལ་སོགས་པའོ། །བཟང་པོ་དག་ཏུ་ཞེས་བྱ་བ་ནི་མཛེས་པ་དག་ཏུའོ། །གཏོད་ཅིག་ཅེས་བྱ་བ་ནི་བསྲུང་བའི་
ཕྱིར་ཕུལ་ཅིག་ཅེས་བྱ་བའོ། །ངག་དང་ཚིག་ཅེས་བྱ་བ་ལ་སོགས་པ་ཚིག་བཅུ་ནི་ངག་གི་རྣམ་པར་རིག་བྱེད་ཀྱི་རྣམ་གྲངས་ཏེ་ཡུལ་དང་བསྟན་བཅོས་ལས་གྲགས་པ་དག་བསྟན་པའི་ཕྱིར་རོ། །རྣམ་པ་དེ་དག་མ་གཏོགས་པ་ཞེས་བྱ་བ་ནི་དབུལ་བ་དང་ཉམས་པར་བྱ་བའི་རྣམ་པ་སྔར་བསྟན་པ་དེ་དག་
མ་གཏོགས་པའོ།། །།བམ་པོ་གསུམ་པ། གཉིས་ཀྱིས་གཉིས་སྤྲོད་པ་ཞེས་བྱ་བ་ནི་ཕོ་དང་མོ་ཞེས་བྱ་བ་གཉིས་ཀྱིས་ཕོ་དང་མོའི་དབང་པོ་ཞེས་བྱ་བ་གཉིས་སྦྱོར་བའོ། །ཆོས་མ་ཡིན་པ་དེ་ཞེས་བྱ་བ་ནི་བསོད་ནམས་མ་ཡིན་པ་དེའོ། །ཆོས་ཀྱི་སྒྲར་ཞེས་བྱ་བ་ནི་དངོས་པོའི་
ཚིག་ཏུ་ཞེས་བྱ་བའི་ཐ་ཚིག་གོ། །ཐ་ན་ཞེས་བྱ་བ་ནི་མཐར་ནའོ། །སྤྲ་མོ་དང་འདྲ་བར་གཏོགས་པ་ཞེས་བྱ་བ་ནི་སྤྲ་མོ་དང་རིགས་མཐུན་པ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་སྟེ། དུད་འགྲོའི་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་དགེ་སློང་གི་དངོས་པོ་ཡོད་པ་གང་ཡིན་པའོ་ཞེས་

བྱ་བ་ལ་སོགས་པ་ལ། དགེ་སློང་གི་དངོས་པོ་ཞེས་བྱ་བ་ནི་དགེ་སློང་གི་སྡོམ་པ་རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉིད་བདུན་པོ་སྦྱོར་བ་དང་མཇུག་དང་། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་སྤོང་བ་དག་དང་བཅས་པའོ། །དེ་ཉིད་རྫོགས་པར་
བསྙེན་པ་ཡིན་ཏེ། མྱ་ངན་ལས་འདས་པའི་མཚན་ཉིད་དགོངས་པ་ཐམས་ཅད་རྫོགས་པ་དང་འདྲ་བའི་ཕྱིར་རོ། །འདིར་དགེ་སློང་གི་དངོས་པོ་དེ་གཙོ་བོ་ཡིན་པའི་ཕྱིར་དང་། ལྟུང་བའི་གནས་པ་ཡིན་པའི་ཕྱིར་ཏེ། རྟེན་དང་བཅས་པ་ནི་དགེ་སློང་གི་སྒྲར་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བྱེད་
པ་ཉིད་ཅེས་བྱ་བ་ལ་སོགས་པ་ལྔ་ནི་བྱ་བ་རྣམ་གྲངས་ཡིན་ནོ། །རྟེག་པ་ཉིད་དང་ཡང་དག་པར་རྟོག་པ་ཉིད་ཅེས་བྱ་བ་གཉིས་ནི་བློ་སྔོན་དུ་བཏང་སྟེ་བྱེད་པ་ཡིན་ནོ། །ཁས་ལེན་པ་དང་མངོན་པར་ཁས་ལེན་པ་ཞེས་བྱ་བ་གཉིས་ནི་དང་དུ་ལེན་པའི་རྣམ་གྲངས་ཡིན་ནོ། །ཕྱིར་མི་ལྡོག་པ་ཞེས་བྱ་
བ་ལ་སོགས་པའི་སྒྲ་གསུམ་གྱིས་ནི་ཕྱིར་མི་ལྡོག་པ་བསྟན་ཏོ། །ངག་དང་ཚིག་ཅེས་བྱ་བ་ལ་སོགས་པ་བཅུས་ནི་གསོལ་བ་བསྟན་ཏོ། །ཉེ་བར་བསྟན་པ་ཞེས་བྱ་བ་ནི་རྭ་ནས་བཟུང་བའི་ཚུལ་གྱིས་བསྟན་པའོ། །ཀུན་དུ་བསྟན་པ་ཞེས་བྱ་བ་ནི་ཚིག་གིས་བསྟན་པའོ། །ཉེ་བར་བསྟན་
པ་དང་ཀུན་དུ་བསྟན་པའི་མི་དེ་གཉིས་ཚིག་བླ་དགས་དེ་ཉིད་ནི་དེ་ཞེས་བྱ་བའི་སྒྲར་བརྗོད་དོ། །ཕམ་པར་གྱུར་པ་ཞེས་བྱ་བ་ལ། ཕམ་པར་སྐྱེས་པ་ནི་ཕམ་པར་གྱུར་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་ཕམ་པར་གྱུར་པ་ཡིན་ཏེ། ཉམས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཕམ་པར་གྱུར་པ་ཡིན་
ཞེས་བྱ་ཞེ་ན། དེའི་ཕྱིར་དེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཐར་གྱུར་པ་ཞེས་བྱ་བ་ལ། མཐར་སྐྱེས་པ་ནི་མཐར་གྱུར་པ་སྟེ། ཡང་སྦྱར་བར་བྱ་བ་མེད་པའི་ཕྱིར་རོ། །ལྟུང་བ་ཞེས་བྱ་བ་ནི་ཉེས་པའོ། །དམན་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །མཇུག་ན་
འདུག་པ་ཞེས་བྱ་བ་ལ། མཇུག་ཅེས་བྱ་བ་ནི་མཇུག་དོ་སྟེ། དེ་ནི་འདུག་པ་དང་འདྲ་བའི་ཕྱིར་མཇུག་ན་འདུག་པའོ། །ཐ་ཆད་ཅེས་བྱ་བ་ནི་ཤིན་ཏུ་སྨད་པ་ཡིན་པའི་ཕྱིར་རོ། །ཡིད་དང་མི་མཐུན་པ་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་ཡིད་དང་མཐུན་པ་མ་ཡིན་པའི་ཕྱིར་རོ། །རྒྱུ་གཞན་བསྟན་

པའི་ཕྱིར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་ཞེས་བྱ་བ་ནི་གཞན་ཡང་ཞེས་བྱ་བའི་ཐ་ཚིག་གོ། །བྱས་པ་ཞེས་བྱ་བ་ནི་ཐོབ་ནའོ། །བྱས་མ་ཐག་ཏུ་ཞེས་བྱ་བ་ནི་བྱས་པའི་མོད་ལའོ། །དགེ་སློང་དུ་མི་རུང་བར་གྱུར་པ་ཞེས་བྱ་བ་ནི་དགེ་སློང་དག་པ་ཉིད་མེད་པའི་ཕྱིར་རོ། །དགེ་
སྦྱོང་དུ་མི་རུང་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་དག་པ་ཉིད་མེད་པའི་ཕྱིར་རོ། །ཤཱཀྱའི་སྲས་ཀྱིར་མི་རུང་ཞེས་བྱ་བ་ནི་ཤཱ་ཀྱའི་སྲས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སློབ་མ་ཡོངས་སུ་དག་པར་མི་རུང་ཞེས་བྱ་བའི་ཐ་ཚིག་གོ། །ཉམས་པར་འགྱུར་ཞེས་བྱ་བ་ནི་རབ་ཏུ་ཉམས་པར་འགྱུར་བ་
སྟེ། རྣམ་པར་དག་པ་དང་བྲལ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་སྦྱོང་གི་ཚུལ་ཞེས་བྱ་བ་ནི་དགེ་སློང་གི་སྡོམ་པའོ། །ཞིག་པ་ཞེས་བྱ་བ་ནི་སྨས་པའོ། །ཉམས་པ་ཞེས་བྱ་བ་ནི་ཉམས་པར་གྱུར་
པའོ། །བཅོམ་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཉམས་པ་བཅོམ་པའོ། །ལྟུང་བ་ཞེས་བྱ་བ་ནི་དག་པའི་གནས་ལས་རྣམ་པར་ཉམས་པའོ། །ཕམ་པར་གྱུར་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་རྣམས་ཀྱིས་མཐུ་མེད་པ་ཉིད་དུ་བྱས་པའོ། །ཅིའི་ཕྱིར་དགེ་སྦྱོང་གི་ཚུལ་དེ་ལྟར་འགྱུར་ཞེ་ན། དེའི་དགེ་སྦྱོང་
གི་དེ་ལ་ཕྱིར་བསླང་དུ་མེད་པར་འགྱུར་རོ་ཞེས་བྱ་བ་གསུངས་ཏེ། ཕྱིར་ཞེས་བྱ་བའི་སྒྲ་ནི་ཡང་ཞེས་བྱ་བའི་སྒྲའི་དོན་ཏོ། །བསླང་དུ་ཞེས་བྱ་བ་ནི་བསླང་བར་ཏེ། རྣམ་པར་དག་པར་བྱ་བའོ། །ཡང་ན་བསླང་བ་ནི་ཕྱིར་བསླང་བའོ། །ཡང་བསླང་དུ་མེད་པ་ནི་ཕྱིར་བསླང་དུ་མེད་པ་སྟེ། བཤགས་པ་
ལ་སོགས་པ་སོ་སོའི་སྐྱེ་བོའི་སར་གཏོགས་པ་ཐུན་མོང་བར་གྲགས་པའི་གཉེན་པོ་མེད་པའི་ཕྱིར་རོ། །དཔེ་བསྟན་པའི་ཕྱིར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མགོ་ཞེས་བྱ་བ་ནི་མགོ་བོའོ། །སྔོན་པོ་ཞེས་བྱ་བ་ནི་སྡོང་པོ་ལ་སོགས་པ་སྔོ་བ་ཉིད་དུའོ། །མི་རུང་ཞེས་བྱ་བ་
ནི་སྣོད་མ་ཡིན་པའོ། །འཕེལ་བ་ཞེས་བྱ་བ་ནི་རྩ་བ་འཕེལ་བའོ། །རྒྱས་པ་ཞེས་བྱ་བ་ནི་སྲིད་དུའོ། །ཡངས་པར་ཞེས་བྱ་བ་ནི་སྦོམས་སུ་སྐྱེ་བའོ། །གནས་དེ་ལྟ་བུ་ཞེས་བྱ་བ་ནི་གཞི་དེ་ལྟ་བུའོ། །དེ་དང་ཞེས་བྱ་བ་ནི་གང་ཟག་དེ་དང་ངོ་། །གསོལ་བ་ཞེས་བྱ་བ་ནི་གསང་སྟེ་སྟོན་པ་བསྐོ་བ་

ལ་སོགས་པ་གསོལ་བ་འབའ་ཞིག་གི་ལས་དག་གོ། །གསོལ་བ་དང་གཉིས་ཞེས་བྱ་བ་ནི་གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱ་བ་ལ་སོགས་པ་གསོལ་བ་དང་གཉིས་ཀྱི་ལས་དག་གོ། །གསོལ་བ་དང་བཞིའི་ལས་ཞེས་བྱ་བ་ནི་རྫོགས་པར་བསྙེན་པར་བྱ་བ་
ལ་སོགས་པ་གསོལ་བ་དང་བཞིའི་ལས་དག་ལའོ། །གནས་པར་མི་བྱའོ་ཞེས་བྱ་བ་ནི་འཇུག་པར་མི་བྱ་བའོ། །གང་ཟག་བཅུ་གཉིས་ཞེས་བྱ་བ་ནི་གནས་ཁང་བསྐོ་བ་དང་། ཟས་ལ་བསྐོ་བ་དང་། ཐུག་པ་འབྲིམ་པ་དང་། བག་ཆོས་འབྲིམ་པ་དང་། སྣོད་སྤྱད་འབྲུབ་པ་དང་། སྣོད་
སྤྱད་འགེད་པ་དང་། གོས་སྦེད་པ་དང་། དབྱར་གྱི་རས་ཆེན་འགེད་པ་དང་མངག་གཞུག་པ་དང་། མཛེས་ཆོས་ཤེས་པ་དག་གོ། །བསྐོ་བར་མི་བྱ་སྟེ་ཞེས་བྱ་བ་ནི་བཅོལ་བར་མི་བྱའོ། །རྣམ་པ་གང་གིས་ཕམ་པར་གྱུར་པའི་ལྟུང་བ་འབྱུང་བར་འགྱུར་བ་དེ་ཉེ་བར་བསྟན་པའི་ཕྱིར་དེ་ལ་
ལྟུང་བ་ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཞེས་བྱ་བ་ནི་སྔར་བསྟན་པའི་མཚན་ཉིད་ལའོ། །ཡང་དག་པར་སྡུད་པར་བྱེད་པ་དག་གིས་འོག་ནས་འབྱུང་བའི་རྣམ་པར་བསྡུ་བའི་ཕྱིར་སྡོམ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡོམ་ཞེས་བྱ་བ་ནི་བསྡུ་བ་ལའོ། །
གནས་གསུམ་གྱིས་ཞེས་བྱ་བ་ནི་རང་གིས་སྟེན་པར་བྱེད་པ་ཟག་བྱེད་དང་བསྟེན་པར་བྱ་བ་ཁ་དང་། བཤང་བའི་ལམ་གྱིས་སོ། ཟག་བྱེད་དམ་ཁའམ་བཤང་བའི་ལམ་དུ་ཞེས་བྱ་བ་བསྟེན་པར་བྱ་བ་བུད་མེད་ཀྱིའོ། །བསྟེན་པ་ལ་ཞེས་བྱ་བ་ནི་སྤྲོད་པ་ལས་བྱུང་བ་སྤྱོད་པ་ལའོ། །གཞོལ་བ་
ཞེས་བྱ་བ་ནི་འདོད་ཆགས་ཀྱི་སེམས་ཆུང་ངུ་ལའོ། །འབབ་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་སེམས་འབྲིང་ངོ་། །བབ་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་སེམས་ཆེན་པོའོ། །དེ་དག་ཆུང་ངུ་དང་། འབྲིང་དང་ཆེན་པོ་ཉིད་ཡིན་པས་དུས་གཅིག་ཏུ་མི་འབྱུང་བའི་ཕྱིར་འདིར་རྣམ་གྲངས་ཀྱིས་
འབྱུང་བར་ཤེས་པར་བྱའོ། །རྒྱུ་གང་གིས་འཇུག་ཅེ་ན། དེའི་ཕྱིར་དེ་སེམས་བསྟེན་པའམ་གཞོལ་བ་དང་བསྟེན་པ་ལ་འབབ་པ་དང་། བསྟེན་པ་ལ་བབ་པས་ཞེས་བྱ་བ་གསུངས་ཏེ། འདོད་ཆགས་ཀྱི་སེམས་ཆུང་ངུ་དང་འབྲིང་དང་། ཆེན་པོ་དེ་གསུམ་གང་ཡང་རུང་བས་སོ། །ཡུལ་

གང་ལ་འཇུག་ཅེ་ན། དེའི་ཕྱིར་མིའི་བུད་མེད་གསོན་པོ་མ་ཉམས་པ་ལ་ཞེས་གསུངས་སོ། །མ་ཉམས་པ་ཞེས་བྱ་བ་ནི་ཟག་བྱེད་དང་ཁ་དང་བཤང་བའི་ལམ་གསུམ་ལས་གང་ཡང་རུང་བ་མ་ཉམས་པ་ལ་སྟེ། ཉམས་ན་རེག་པའི་བདེ་བ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །ཇི་ཞིག་
འཇུད་ན་ཞེ་ན། དེ་ཕྱིར་ཟག་བྱེད་ཅེས་བྱ་བ་གསུངས་ཏེ། དགེ་སློང་གིའོ། །དེ་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་བར་དང་བཅས་པས་བར་ཆད་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་མུ་བཞི་གསུངས་ཏེ། བར་དང་བཅས་པས་ཞེས་བྱ་བ་ནི་བར་སྐབས་དང་བཅས་པ་བུ་གུ་དང་བཅས་
པའི་རྫས་ཀྱིས་སོ། །བར་ཆད་དང་བཅས་པ་ཞེས་བྱ་བ་ནི་བར་དུ་གཅོད་པ་དང་བཅས་པ་སྟེ། རྫས་བར་སྐབས་དང་བཅས་པ་དེས་དགེ་སློང་གི་ཟག་བྱེད་བར་ཆད་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ། །བར་ཆད་དང་བཅས་པས་བར་ཆད་མེད་པ་ཞེས་བྱ་བ་ནི་དེ་ལྟ་བུའི་རྫས་བར་སྐབས་དང་
བཅས་བུ་གུ་དང་བཅས་པས་དགེ་སློང་གི་ཟག་བྱེད་བར་དུ་མ་ཆོད་པ་སྟེ། ཟག་བྱེད་བརླིང་བ་ཁོ་ནའོ། །བར་མེད་པས་བར་ཆད་དང་བཅས་པ་ཞེས་བྱ་བ་ནི་བར་སྐབས་མེད་པ་བུ་གུ་མེད་པའི་རྫས་ཀྱིས་ཟག་བྱེད་ཀྱི་བར་དུ་ཆོད་པ་དང་བཅས་པ་སྟེ། རྫས་བར་སྐབས་མེད་པ་བུ་གུ་མེད་པས་
དགེ་སློང་གི་ཟག་བྱེད་བར་ཆད་དང་བཅས་པའོ། །དེ་ཡང་དར་ལྟ་བུ་སྲབ་མོས་བར་དུ་ཆོད་པས་རེག་པའི་བདེ་བ་ཉམས་སུ་མྱོང་བར་འགྱུར་བ་ལ་བྱའོ། །རྫས་སྟུག་པོ་རེག་པའི་བདེ་བ་ཉམས་སུ་མྱོང་བར་མི་འགྱུར་བ་ནི་མ་ཡིན་ཏེ། དེ་ལ་ནི་ན་སྨད་པའི་ཕྱིར་བར་མེད་པས་བར་ཆད་མེད་པ་ཞེས་
བྱ་བ་ནི་དེ་ལྟ་བུའི་རྫས་བར་སྐབས་མེད་པ་བུ་གུ་མེད་པ་དགེ་སློང་གི་ཟག་བྱེད་བར་དུ་མ་ཆོད་པ་སྟེ། དེ་ཡང་ཟག་བྱེད་བརླིང་བ་ཁོ་ནའོ། །གང་དུ་འཇུད་ཅེ་ན་དེའི་ཕྱིར་ཟག་བྱེད་དམ་ཁའམ་བཤང་བའི་ལམ་དུ་ཞེས་བྱ་བ་གསུངས་ཏེ། བསྟེན་པར་བྱ་བ་བུད་མེད་ཀྱིའོ། །ཉམས་པ་ལ་ཞེས་བྱ་བ་ནི་
རྨའི་སྒོ་གསུམ་པོ་དག་ཉམས་པ་ལའོ། །ཉེས་པ་སྦོམ་པོ་ཞེས་བྱ་བ་ནི་ཉེས་པ་ལྕི་བ་སྟེ་ཕམ་པར་གྱུར་པ་དང་། དགེ་འདུན་ལྷག་མ་དང་ཉེ་བར་འཇུག་པའི་ལྟུང་བའོ། །སྐབས་འདིར་ནི་ཕམ་པར་འགྱུར་བའི་སྦོམ་པོའོ། །མིའི་བུད་མེད་ཤི་བ་མ་ཉམས་པ་ལ་ཞེས་བྱ་བ་ནི་ཤི་བ་ཉིད་ཡིན་

ཡང་རེག་བྱའི་སྒོ་གསུམ་མ་ཉམས་པས་ལོངས་སྤྱད་དུ་རུང་བའི་ཕྱིར་ཉེས་པ་འདྲ་བར་གསུངས་སོ། །མིའི་བུད་མེད་ཤི་བ་ཉམས་པ་ལ་ཞེས་བྱ་བ་ནི་རེག་བྱའི་སྒོ་གསུམ་ཉམས་པས་ལོངས་སྤྱད་དུ་མི་རུང་བའི་ཕྱིར་ན་སྨད་དོ། །མིའི་བུད་མེད་གསོན་པོ་དང་
ཤི་བ་ལ་ཇི་ལྟ་བ་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་མིའི་འགྲོ་བར་གཏོགས་པའི་བུད་མེད་ལ་ཉེ་བ་ཇི་ལྟ་བ་དེ་བཞིན་དུ་མི་མིན་པའི་འགྲོ་བར་གཏོགས་པ་མོ་དང་། དུད་འགྲོའི་འགྲོ་བར་གཏོགས་པ་མོ་དང་། ཕོ་དང་མ་ནིང་ལ་ཡང་ཉེས་པ་དེ་བཞིན་པར་ཤེས་པ་གཞུང་རྒྱ་ཆེན་པོས་འཇིགས་པ་ཁ་
ཅིག་གིས་འདྲ་བར་བསྟན་ཅིང་མདོར་བསྡུས་པའི་ཕྱིར་དེ་སྐད་དྲིས་པ་ཡིན་གྱི། བཅོམ་ལྡན་འདས་དང་ཡང་དག་པར་སྡུད་པར་བྱེད་པ་དག་གིས་ནི་འདྲས་སྔ་མ་བཞིན་དུ་རྒྱས་པར་མཛད་དོ། །མདོར་བསྡུས་པ་འདི་ལ་དོན་ཉམས་པ་ནི་མེད་དོ། །ཡི་གེའི་གཞུང་ནི་ཉམས་སོ། །རྩོལ་བར་བྱེད་ཅེས་
བྱ་བ་ནི་སྔོན་དུ་འགྲོ་བར་བྱེད། གནོད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དང་པོར་ཞེས་བྱ་བ་ནི་འཛིན་པའི་དུས་ནའོ། །བར་དུ་ཞེས་བྱ་བ་ནི་རྨ་ལ་སྦྱོར་བའི་དུས་སུའོ། །ཐ་མར་ཞེས་བྱ་བ་ནི་མཚམས་ལས་འདས་པར་འཇུག་པའི་དུས་ནའོ། །བསྙིལ་བར་བྱའོ་ཞེས་བྱ་བ་ནི་དངོས་གཞི་མེད་དུ་ཟིན་
ཀྱང་སྡིག་པ་དྲག་པོ་ཡིན་པས་བཟློག་པར་བྱ་སྤང་བར་བྱ་བའི་ཐ་ཚིག་གོ། །འབྲུའི་ཆང་གིས་མྱོས་པར་བྱེད་དུ་བཅུག་སྟེ་ཞེས་བྱ་བ་ནི་ར་རོ་བར་བྱེད་དུ་བཅུག་སྟེ་ཞེས་བྱ་བའི་ཐ་ཚིག་གོ། །བདག་གིར་མི་བྱེད་ན་ཞེས་བྱ་བ་ནི་དང་དུ་ལེན་པར་མི་བྱེད་ན་སྟེ། ལུས་དང་ངག་དག་གིས་ཁས་མི་ལེན་ནའོ། །འབྲུའི་
ཆང་དང་། བཅོས་པའི་ཆང་ཞེས་བྱ་བ་ནི་གཉིས་ཀ་འདྲེས་པའོ། །རྩ་བའི་བཏུང་བ་ཞེས་བྱ་བ་ལ་སོགས་པ་ནི་བཅོས་པའི་ཆང་གི་བྱེ་བྲག་གོ། །བཏུང་བ་ཞེས་བྱ་བ་ནི་སྐོམ་དུ་བཏུང་བའོ། །གསང་སྔགས་དག་ཅེས་བྱ་བ་ནི་ཚོལ་བའི་གསང་སྔགས་དག་གོ། །རིག་སྔགས་ཞེས་བྱ་བ་ནི་གྲུབ་པ་
ཐམས་ཅད་བྱེད་པའི་རིག་སྔགས་སོ། །སྨན་ཞེས་བྱ་བ་ནི་རྩིའོ། །སེམས་འཁྲུག་པར་བྱས་པ་ཞེས་བྱ་བ་ནི་དབང་དུ་བྱས་པའོ། །གཉིད་ལོག་པར་བྱས་ཏེ་ཞེས་བྱ་བ་ནི་གཉིད་ལོག་ཏུ་བཅུག་སྟེའོ། །གྱ་ཚོམ་དུ་ཞེས་བྱ་བ་ནི་མ་ཚོར་བར་རོ། །མཐུས་ཞེས་བྱ་བ་ནི་ལུས་ཀྱི་སྦབས་ཀྱིས་སོ། །

འཇུག་པ་ན་ཞེས་བྱ་བ་ནི་མཚམས་སུ་ཡན་ལག་གི་རྣམ་པ་འདའ་བར་བྱེད་པ་ནའོ། །སྐབས་འདི་དག་ཏུ་ཇི་ལྟ་བ་བཞིན་དུ་ཞེས་པའི་དཔེའི་སྤྲོས་པ་དག་བསྟན་པས་ནི་མི་ཉིད་དང་མི་མ་ཡིན་པ་ཉིད་དང་། བུད་མེད་ཉིད་དང་། བུད་མེད་མ་ཡིན་པ་ཉིད་དང་ཤི་བ་ཉིད་དང་། མ་ཤི་བ་ཉིད་ལ་སོགས་
པ་དག་གིས་ནི་ན་སྨད་པ་མེད་ལ། ཉམས་པ་ཉིད་དང་། བདག་གིར་མི་བྱེད་པ་ཉིད་གཉིས་ཀྱིས་ནི་ན་སྨད་པ་ཉིད་དུ་བསྟན་པར་ཤེས་པར་བྱའོ། །ད་ནི་དོགས་པ་བཟློག་པའི་དོན་དུ་བྱུང་བའི་མཐའ་གང་དག་གསུངས་པ་དེ་དག་བསྡུ་བའི་ཕྱིར་སྡོམ་ལ། རྒྱབ་མཉེན་དང་ནི་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །མཉན་ཡོད་ཅེས་བྱ་བ་ནི་གྲོང་ཁྱེར་རོ། །རྒྱལ་བྱེད་ཀྱི་ཚལ་ཞེས་བྱ་བ་ནི་གཞོན་ནུ་རྒྱལ་བྱེད་ཀྱི་ཉེ་བར་སྤྱོད་པའི་ཚལ་ལོ། །ཀུན་དགའ་ར་བ་ཞེས་བྱ་བ་ནི་གཙུག་ལག་ཁང་ངོ་། །རྒྱབ་ཅེས་བྱ་བ་ནི་སྒལ་ཚིགས་ལ་སོགས་པ་ལུས་ཀྱི་ཆའོ། །མཉེན་པ་ཞེས་བྱ་བ་ནི་དགུག་ཏུ་བཟོད་
པའོ། །ཤིན་ཏུ་མཉེན་པ་ཞེས་བྱ་བ་ནི་དགྱེད་དུ་བཟོད་པའོ། །གྲོང་ཞེས་བྱ་བ་ནི་གང་ན་ཚོང་ཁང་ལ་སོགས་པ་ཉོ་བ་དང་བཙོང་བའི་གནས་མེད་པའོ། །གྲོང་རྡལ་ཞེས་བྱ་བ་ནི་གྲོང་ཁྱེར་ཏེ་གང་ན་དེ་ཡོད་པའོ། །ལུས་མ་བསྲུངས་པ་ཞེས་བྱ་བ་ནི་མ་སྦས་པ་སྟེ། གཅེར་བུ་ལ་སོགས་པ་བུད་མེད་ལ་
རེག་པ་ལ་སོགས་པ་མ་སྤངས་པའི་ཕྱིར་རོ། །མ་བསྡམས་ཞེས་བྱ་བ་ནི་མཉམ་པར་མ་བཞག་པ་སྟེ་གཡེ་བག་དག་གིས་གར་ཡང་རུང་བར་གཏོང་བའི་ཕྱིར་རོ། །ཉེ་བར་མ་བཞག་པ་ཞེས་བྱ་བ་ནི་མ་སྐྱེས་པ་སྟེ། བྱ་བ་དང་བྱ་བ་མ་ཡིན་པ་དག་ཀྱང་མི་དྲན་པའི་ཕྱིར་རོ། །བརྒྱུས་ནས་ཞེས་བྱ་བ་ནི་
སོང་ནས་སོ། །ཟས་ཀྱི་བྱ་བ་བྱས་ཏེ་ཞེས་བྱ་བ་ནི་ཟས་ཀྱི་བྱ་བ་བསྒྲུབས་ནས་སོ། །ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས་ཞེས་བྱ་བ་ནི་གུང་ཚིགས་སམ་ཕྱིས་བཟའ་བར་བྱ་བ་ཡིན་པས་ཕྱི་མའི་ཟས་ཏེ། ཕྱི་དྲོ་ཞེས་བྱ་བའི་དུས་སོ། །ཡང་ན་དེར་ཟས་ཕྱི་མ་ཟ་བས་ཕྱི་མའི་ཟས་ཏེ།
དེ་ཡང་ཕྱི་དྲོའི་དུས་ཁོ་ནའོ། །དེ་བསོད་སྙོམས་ལས་ཕྱིར་བཟློག་པ་ཞེས་བྱ་བ་ནི་ཕྱིར་བཟློག་པར་གྱུར་པ་སྟེ། ཕྱི་དྲོའི་ཟས་ཀྱི་དུས་སུ་བསོད་སྙོམས་མི་བྱེད་པར་ཤེས་པའི་ཐ་ཚིག་གོ། །མཁོས་སུ་ཕབ་ནས་ཞེས་བྱ་བ་ནི་རང་རང་གི་གནས་སུ་བཞག་ནས་སོ། །ནང་དུ་ཡང་དག་འཇོག་ཅེས་

བྱ་བ་ནི་དབེན་པར་བྱེད་པའོ། །གནས་སུ་ཞེས་བྱ་བ་ནི་གནས་ཁང་དུའོ། །འདོད་པ་ལ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པར་གྱུར་ཅེས་བྱ་བ་ནི་སྤྲོད་པ་བྱུང་བའི་སྲིད་པས་ངེས་པར་སྟོན་པར་གྱུར་པའོ། །ལས་སུ་རུང་བ་ཞེས་བྱ་བ་ནི་ལས་སུ་རུང་བའོ། །ཡིད་
མི་དགའ་ཞིང་ཞེས་བྱ་བ་ནི་མ་རངས་ཤིང་ངོ་། །མངོན་པར་མ་མགུ་ནས་ཞེས་བྱ་བ་ནི་མ་ཕྱོགས་ནས་སོ། །རང་གི་ལྟ་ལ་སྨོས་ཀྱང་ཅི་དགོས་ཏེ་ཞེས་བྱ་བ་ནི་ཧ་ཅང་མ་གྲགས་པ་ཉིད་ཀྱིས་ཤིན་ཏུ་ཉེས་པར་འགྱུར་བའི་ཕྱིར་རོ། །འཕྱང་བ་ཅན་ཞེས་བྱ་བ་ནི་དེ་འཕྱང་བ་ཡིན་པས་འཕྱང་བའོ། །དེ་གང་
ལ་ཡོད་པ་དེ་ནི་འཕྱང་བ་ཅན་ནོ། །འཕགས་རྒྱལ་ཞེས་བྱ་བ་ནི་གྲོང་ཁྱེར་རོ། །དེད་དཔོན་ཞེས་བྱ་བ་ནི་འདྲོན་པའི་གཙོ་བོའོ། །བུ་མངོན་པར་འདོད་པ་ཞེས་བྱ་བ་ནི་བུ་ཡོད་པར་འདོད་པས་སོ། །ཞི་བ་ཞེས་བྱ་བ་ནི་ལྷ་ཆེན་པོའོ། །ཆུ་ལྷ་ཞེས་བྱ་བ་ནི་ཆུའི་ལྷའོ། །ལུས་ངན་ཞེས་བྱ་བ་ནི་
རྣམ་ཐོས་ཀྱི་བུའོ། །སོགས་པ་ཞེས་སྨོས་པས་ནི་ཡུལ་འཁོར་སྲུང་ལ་སོགས་པ་དག་བསྡུའོ། །གསོལ་བ་འདེབས་ཞེས་བྱ་བ་ནི་འཆོལ་བའོ། །ལྷའི་བྱེ་བྲག་ཅེས་བྱ་བ་ནི་ལྷའི་རྣམ་པའོ། །ཀུན་དགའི་ར་བ་ཞེས་བྱ་བ་ནི་འབྲས་བུ་དང་ལྡན་པའི་ཤིང་ལྗོན་པའི་གནས་སོ། །ཚལ་
ཞེས་བྱ་བ་ནི་འབྲས་བུ་མེད་པའི་ཤིང་ལྗོན་པའི་གནས་སོ། །ལྷན་ཅིག་སྐྱེས་པ་དག་ཅེས་བྱ་བ་ནི་དུས་གཅིག་ཏུ་བྱུང་བ་སྲུང་བར་བྱེད་པ་གནོད་སྦྱིན་ལ་སོགས་པ་དག་གོ། །ཆོས་མཐུན་པ་དག་ཅེས་བྱ་བ་ནི་བསྟན་བཅོས་མཐུན་པ་དག་གོ། །རྟག་ཏུ་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་རྟག་ཏུ་ཕྱི་བཞིན་འོང་
བའོ། །གཏམ་ཞེས་བྱ་བ་ནི་གྲགས་པའོ། །གནས་གསུམ་པོ་དག་ཅེས་བྱ་བ་ནི་རྒྱུ་གསུམ་པོ་དག་གོ། །མངོན་དུ་གྱུར་པ་ལས་ཞེས་བྱ་བ་ནི་ཉེ་བར་གྱུར་པ་ལས་སོ། །འདུས་པ་ཞེས་བྱ་བ་ནི་བྱ་བ་གཅིག་རྩོམ་ཞིང་སྦྱོར་བའོ། །དྲི་ཟ་ཞེས་བྱ་བ་ནི་སྲིད་པ་བར་མ་པའི་སེམས་ཅན་ཏེ། ཟས་སུ་དྲི་ཟ་
བའོ། །ཉེ་བར་གནས་ཤིང་ཞེས་བྱ་བ་ནི་འཇུག་པའི་ཕྱིར་ཉེ་བར་འོངས་ཤིང་ངོ་། །འཇུག་འདོད་པ་ཞེས་བྱ་བ་ནི་མངལ་དུ་འཇུག་འདོད་པའོ། །དགྱེས་པ་ཞེས་བྱ་བ་ནི་རིགས་པའམ་ཤེས་པ་བརྗོད་པའོ། །རོ་སྟོད་བསྲང་སྟེ་ཞེས་བྱ་བ་ནི་སྤྱི་བོ་ལ་སོགས་པ་བསྟོད་དེའོ། །ཀུན་དུ་སྤྱོད་

པ་ཞེས་བྱ་བ་ནི་གྲགས་པས་སོ། །རབ་ཅེས་བྱ་བ་ནི་རིགས་དང་གཟུགས་དང་རེག་དང་རྒྱན་ལ་སོགས་པ་དག་གིས་མཆོག་ཏུ་གྱུར་པའོ། །འབྲིང་དང་ཐ་མ་དག་ཀྱང་དེ་བཞིན་འདོད་པ་ཅན་གྱི་ཐ་མ་དང་འབྲིང་དང་རབ་དག་འདོད་པའི་ཕྱིར་རྣམ་པ་གསུམ་མོ། །དགུན་གྱི་ཞེས་བྱ་བ་ནི་དྲོ་བའི་ཕྱིར་རོ། །
དཔྱིད་ཀྱི་ཞེས་བྱ་བ་ནི་བསིལ་བའི་ཕྱིར་རོ། །དབྱར་གྱི་ཞེས་བྱ་བ་ནི་གཉི་ག་དང་རྗེས་སུ་མཐུན་པའི་ཕྱིར་རོ། །སྐྱེད་མོས་ཚལ་ཞེས་བྱ་བ་ནི་མེ་ཏོག་དང་འབྲས་བུའི་ཤིང་ལྗོན་པ་ལ་སོགས་པ་དང་ལྡན་པའི་གནས་སོ། །སྐྱེས་པ་མེད་པ་ཞེས་བྱ་བ་ནི་སྐྱེས་པ་དང་བྲལ་བ་བུད་མེད་འབའ་ཞིག་དང་ངོ་། །
སིལ་སྙན་གྱིས་ཞེས་བྱ་བ་ནི་རོལ་མོའི་སྒྲས་སོ། །དོན་གྱིས་ཤེས་ཞེས་བྱ་བ་ནི་ཟུར་གྱིས་སོ། །བསྐུལ་ཏོ་ཞེས་བྱ་བ་ནི་གོ་བར་བྱས་སོ། །འདོད་པ་ལ་བབ་པར་བྱའོ་ཞེས་བྱ་བ་ནི་འཛིན་དུ་གཞུག་པར་བྱ་བའོ། །སྦྱོར་བར་འགྱུར་བས་ཞེས་བྱ་བ་ནི་སེམས་པར་འགྱུར་བས་སོ། །ཟོང་ཞེས་བྱ་བ་ནི་བཙོང་
བར་བྱ་བའི་དངོས་པོའོ། །ཡུལ་གཞན་དུ་ཞེས་བྱ་བ་ནི་འགྲོ་བའོ། །མངོན་དུ་གྱུར་པ་ཞེས་བྱ་བ་ནི་ད་ལྟར་རོ། །བདག་འདས་ནས་ཞེས་བྱ་བ་ནི་ཤི་ནས་སོ། །མུན་པ་མེད་ཅེས་བྱ་བ་ནི་སྣང་བར་རོ། །བཟང་མོ་ཞེས་བྱ་བ་ནི་དགའ་བའི་ཚིག་གིས་བོད་པའོ། །དྲིལ་བསྒྲགས་པ་ཞེས་བྱ་བ་ནི་
ཉན་དུ་གཞུག་པའོ། །ཤོ་གམ་ཞེས་བྱ་བ་ནི་ལམ་གྱི་དཔྱའོ། །ལ་གཅན་ཞེས་བྱ་བ་ནི་འཇིགས་པ་དང་བཅས་པའི་ཕྱོགས་བསྲུང་བའི་དཔྱའོ། །གྲུ་བཙས་ཞེས་བྱ་བ་ནི་ཆུ་ཀླུང་རྒལ་བའི་དཔྱའོ། །ཡུལ་གཞན་དུ་འགྲོ་བ་དང་མཐུན་པའི་ཞེས་བྱ་བ་ནི་ཡུལ་གཞན་དུ་འགྲོ་བས་བསྐྱེད་
བར་བྱ་བ་གང་ཡིན་པའོ། །ཚོང་པ་ཞེས་བྱ་བ་ནི་ཟོང་ཐོགས་པའི་མིའོ། །མགྲོན་དུ་བོས་ཏེ་ཞེས་བྱ་བ་ནི་གཡར་དྲངས་ཏེའོ། །ཤེས་ལྡན་དག་ཅེས་བྱ་བ་ནི་བོད་པའི་ཕྱིར་མཆོད་པའི་ཚིག་སྟེ་ཤེས་པ་ཞེས་བྱ་བ་དེ་དག་ལ་སོགས་པའི་ཕྱིར་རོ། །དེ་ཁོ་ན་བཞིན་དུ་ཁྱེད་ཀྱི་ཡང་ཡིན་གྱི་ཞེས་བྱ་བ་ནི་
བསྲུང་བར་བྱ་བ་ཡིན་པའི་ཕྱིར་དང་སྟེན་གྲོགས་ཀྱི་བུ་ཡིན་པའི་ཕྱིར་དང་། བཅོལ་བའི་ཕྱིར་རོ། །བར་ཆད་ཅེས་བྱ་བ་ནི་ཉེས་པའོ། །གནོད་པ་ལས་ཞེས་བྱ་བ་ནི་དོན་མེད་པའི་རྒྱུ་ལས་སོ། །ཕན་པ་ལ་ཞེས་བྱ་བ་ནི་དོན་གྱི་རྒྱུ་ལའོ། །རབ་ཏུ་གནས་པར་གྱུར་ནའོ། །ལེགས་ཞེས་བྱ་

བ་ནི་མ་ནོངས་ཞེས་བྱ་བའོ། །ཟོང་རྣམ་པར་སྤངས་ཤིང་ཞེས་བྱ་བ་ནི་བཙོང་ཞིང་ངོ་། །དེ་ཁོ་ན་བཞིན་དུ་ཚོང་པ་འདི་དག་ཡང་ཡིན་ཞེས་བྱ་བ་ནི་ཕའི་གྲོགས་ཡིན་པའི་ཕྱིར་དང་། ཕན་པ་དང་གནོད་པ་སྟོན་པའི་ཕྱིར་རོ། །མཉན་ཅིང་ཞེས་བྱ་བ་ནི་ཉན་པའི་དུས་
ནའོ། །བྱ་བར་ཞེས་བྱ་བ་ནི་རྗེས་སུ་སྒྲུབ་པའི་དུས་ནའོ། །དགེ་མཚན་ཞེས་བྱ་བ་ནི་གིའུ་ཝང་དང་ཚོན་སྣ་ལྔ་པ་དང་ཡུངས་ཀར་དཀར་པོ་གསང་སྔགས་ཀྱིས་བཏབ་པ་ལ་སོགས་པ་བཀྲ་ཤིས་ཀྱི་རྟགས་སོ། །བཀྲ་ཤིས་ཀྱི་ཞེས་བྱ་བ་ནི་ཤ་རློན་པ་དང་མེ་ཏོག་དཀར་པོ་དང་། བ་བཞོན་དང་
རྫ་རྔའི་སྒྲ་དང་། གླང་པོ་ཆེའི་སྐད་ལ་སོགས་ཕྱི་རོལ་གྱིའོ། །བདེ་ལེགས་སུ་གྱུར་པ་ཞེས་བྱ་བ་ནི་མེའི་སྦྱིན་སྲེག་དང་བྲམ་ཟེའི་འདོན་པ་ལ་སོགས་པ་སྲིན་པོ་འཇོམས་པའོ། །ཡང་ན་དགེ་མཚན་ཞེས་བྱ་བ་ནི་ཡིད་དུ་འོང་བའི་རྒྱུའོ། །བཀྲ་ཤིས་ཞེས་བྱ་བ་ནི་ཡིད་དུ་མི་འོང་བ་བཟློག་པའོ། །
བདེ་ལེགས་སུ་གྱུར་པ་ཞེས་བྱ་བ་ནི་བགེགས་བསྲུང་བའོ། །ཁུར་དག་ཅེས་བྱ་བ་ནི་ཕྲག་རྡང་གི་ཁུར་དག་གོ། །རྫང་དག་ཅེས་བྱ་བ་ནི་འདམ་བུ་དང་སྨྱིག་ཚལ་ལ་སོགས་པ་ལས་ལྷས་པ་འབྲུའི་སྣོད་དག་གོ། །གླེ་བ་དག་ཅེས་བྱ་བ་ནི་སོག་མ་ལ་སོགས་པ་ལས་བྱས་པའི་འབྲུའི་སྣོད་དག་
གོ། །འཕགས་སམ་ཞེས་བྱ་བ་ནི་སོང་བའོ། །ཡུལ་འཁོར་ཞེས་བྱ་བ་ནི་རྒྱལ་སྲིད་གཞན་ནོ། །རྒྱལ་པོའི་ཕོ་བྲང་ཞེས་བྱ་བ་ནི་རྒྱལ་པོ་བཞུགས་པའོ། །ཁད་ཀྱིས་རྒྱུ་བ་ན་ཞེས་བྱ་བ་ནི་མཐར་གྱིས་འགྲོ་བའོ། །གཟུགས་འཚོང་མ་ཞེས་བྱ་བ་ནི་སྨད་འཚོང་མ་སྟེ། བདག་ཉིད་ཀྱི་
གཟུགས་གནས་པར་བྱ་བའི་ཕྱིར་འཚོང་བར་བྱེད་པའི་ཕྱིར་རོ། །སྐྱེས་དགའ་ཞེས་བྱ་བ་ནི་དོན་དུ་གཉེར་བར་འོས་པའི་ཕྱིར་རོ། །མངག་གཞུག་མ་ཞེས་བྱ་བ་ནི་བྲན་མོའོ། །བཙུད་ཀྱི་ཞེས་བྱ་བ་ནི་བཅུག་གི་ཞེས་བྱ་བའོ། །དྲི་ཞེས་བྱ་བ་ནི་ལུས་བྱུག་པ་ལ་སོགས་པའི་རྫས་སོ། །ཕྲེང་
བརྒྱུད་ཅེས་བྱ་བ་ནི་མེ་ཏོག་གོ། །མི་ཕལ་པ་ཞེས་བྱ་བ་ནི་སྐྱེ་བོ་ཐ་མལ་པའོ། །སྐབས་ཀྱི་གཏམ་ཞེས་བྱ་བ་ནི་འགྲོ་བ་དང་འོང་བའི་བར་སྐབས་ཀྱི་གཏམ་མོ། །ཇི་སྙེད་ཅེས་བྱ་བ་ནི་ཇི་ཙམ་མོ། །བྱས་པར་གྱུར་པ་ཞེས་བྱ་བ་ནི་བརྗོད་པར་གྱུར་པའོ། །ཐོས་ནས་ཞེས་བྱ་བ་ནི་མཉན་ནས་

སོ། །དགའ་བ་ཞེས་བྱ་བ་ནི་ཡིད་ཀྱི་བདེ་བའོ། །ཡིད་བདེ་བ་ཞེས་བྱ་བ་ནི་མཆོག་ཏུ་དགའ་བའོ། །ཁ་ཅིག་ན་རེ་ཡིད་བདེ་བ་ཞེས་བྱ་བ་ནི་ཡིད་ཀྱི་བདེ་བའོ། །དགའ་བ་ཞེས་བྱ་བ་ནི་དོན་གཞན་ཡིན་ཞེས་ཟེར་རོ། །ཞིམ་པོ་ཞེས་བྱ་བ་ནི་དྲི་མ་ཞིམ་པོས་སོ། །བླ་རེ་བྲེས་པ་དང་བཅས་པའི་མལ་
བཤམས་ནས་ཞེས་བྱ་བ་ནི་བླ་རེ་ཞེས་བྱ་བ་སྟེང་དུ་བྲེ་བའི་རས་བྲེས་པ་ཞེས་བྱ་བའོ། །བརྐྱང་བ་དང་བཅས་པའི་མལ་ཞེས་བྱ་བ་ནི་ཉལ་སྟན་ནང་ཚངས་ཅན་ལ་སོགས་པའོ། །བཤམས་ནས་ཞེས་བྱ་བ་ནི་བཏིང་ནས་སོ། །གཙོ་ཆེར་ཞེས་བྱ་བ་ནི་ཤས་ཆེར་ཏེ། བར་སྐབས་སུ་དོན་གཞན་ཡང་
བྱེད་པ་གཙོ་ཆེར་སྨོས་སོ། །སྡོད་ཅིང་ཞེས་བྱ་བ་ནི་སྟ་གོན་བྱེད་ཅིང་ངོ་། །རྣམ་པར་མཛེས་ཤིང་ཞེས་བྱ་བ་ནི་སྡུག་ཅིང་ངོ་། །རིགས་སྐྱེས་ཞེས་བྱ་བ་ནི་རིགས་མཐོན་པོའོ། །རིགས་མིན་སྐྱེས་ཞེས་བྱ་བ་ནི་རིགས་དམའ་བའོ། །ནོར་ཉམས་ཞེས་བྱ་བ་ནི་དབུལ་པོའོ། །ནོར་གྱིས་འབྱོར་
བ་ཞེས་བྱ་བ་ནི་ཕྱུག་པོའོ། །གཟུགས་ཀྱིས་ཕྱུག་པ་ཞེས་བྱ་བ་ནི་གཟུགས་ཀྱིས་འབྱོར་བ་སྟེ། གཟུགས་བཟང་པོ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་འཕྲོག་བྱེད་ཅེས་བྱ་བ་ནི་དབང་དུ་བྱེད་པའོ། །ཁང་ཐོག་ནས་ཞེས་བྱ་བ་ནི་ཁང་བཟངས་ཀྱི་ས་ནས་སམ་ཁྱིམ་གྱི་ས་ནས་སོ། །
འཁྱུད་དེ་ཞེས་བྱ་བ་ནི་ཕང་གིས་འཁྱུད་དེའོ། །ཁྱིམ་གྱི་ནང་དུ་ཞེས་བྱ་བ་ནི་ཁང་པའི་ནང་དུའོ། །བུད་མེད་ཀྱི་ཁྲི་ལ་ཞེས་བྱ་བ་ནི་ཁྲིམས་ཡངས་པ་ལའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་ཏེ་ཞེས་བྱ་བའོ། །དགུང་གཅིག་གི་གླ་ཞེས་བྱ་བ་ནི་ཉིན་མཚན་གཅིག་གི་གླའོ། །མི་གཤའ་བ་
ཞེས་བྱ་བ་ནི་བརྗེད་པར་བྱ་བ་མ་ཡིན་པའོ། །འདོད་པ་དག་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་དག་གོ། །བསྟེན་པ་ན་ཞེས་བྱ་བ་ནི་ཉེ་བར་སྤྱོད་པ་ནའོ། །ལྡོག་པ་ན་ཞེས་བྱ་བ་ནི་ཕྱིར་ལྡོག་པའོ། །ངོམས་པ་ཞེས་བྱ་བ་ནི་མཐར་ཐུག་པ་ཞེས་བྱ་བ་དོན་མེད་པ་ཉིད་
དེ། དེ་གསུམ་ནི་མི་ཕྱོགས་པའི་རྣམ་གྲངས་སོ། །གཏད་པར་ཞེས་བྱ་བ་ནི་བཅོལ་བས་སོ། །ཀུན་དུ་བཙལ་བར་བྱའོ་ཞེས་བྱ་བ་ནི་ཡོངས་སུ་བལྟ་བར་བྱ་བའོ། །འཇུད་མཐུན་མ་ཞེས་བྱ་བ་ནི་སྨད་འཚོང་མ་སྟེ། འཇུད་པ་ཞེས་བྱ་བ་ནི་ཕོའི་དབང་པོ་སྟེ། གཞུག་པར་བྱ་བ་མོའི་

དབང་པོར་དེ་འཇུད་པར་བྱེད་པ་ཡིན་པས་འཇུད་པ་ཞེས་བྱ་བའོ། །བུད་མེད་གང་འཇུག་པ་དེ་དང་རྗེས་སུ་མཐུན་པར་བྱེད་པ་དེ་དང་འཇུད་མཐུན་མ་ཞེས་བྱའོ། །ཡལ་བར་བོར་བ་ཞེས་བྱ་བ་ནི་རིང་དུ་སྤངས་པའོ། །འདིའི་ཕས་ཞེས་བྱ་བ་ནི་མཛེས་དགའི་ཕས་
སོ། །ཀླན་ཀར་འགྱུར་རོ་ཞེས་བྱ་བ་ནི་བརྗོད་པར་བྱ་བར་འགྱུར་ཏེ། ཉེས་པ་དང་བཅས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དོན་མཐུན་རྣམས་ཞེས་བྱ་བ་ནི་དོན་མཐུན་པའི་སྐྱེ་བོའི་ཚོགས་ཏེ་འདྲོན་པའོ། །བང་ཆེན་ཞེས་བྱ་བ་ནི་ཕྲིན་སྐྱེལ་བའོ། །ཐོགས་ནས་ཞེས་བྱ་བ་ནི་ཡུན་
རིང་དུ་ཐོགས་ནས་སོ། །འདུས་ཏེ་ཞེས་བྱ་བ་ནི་ཚོགས་ཏེའོ། །ཀུན་དུ་སྦྱོར་བ་དག་ཅེས་བྱ་བ་ནི་ཉོན་མོངས་པ་དག་སྟེ། དེ་དག་གིས་སྡུག་བསྔལ་དག་དང་ཀུན་དུ་སྦྱོར་བའི་ཕྱིར་རོ། །འཕེལ་བར་བྱེད་པ་ཡིན་པས་ཞེས་བྱ་བ་ནི་སྐྱེ་བར་བྱེད་པ་ཡིན་པས་སོ། །བྲལ་བར་གྱུར་པ་ཞེས་བྱ་
བ་ནི་ཞི་བར་གྱུར་པའོ། །ཀྱེ་མ་ཞེས་བྱ་བའི་སྒྲ་ནི་ཡི་ཆད་པའི་ཚིག་གོ། །བྱ་བ་མ་ཡིན་པ་ལ་ཞེས་བྱ་བ་ནི་མི་སྙན་པ་ལའོ། །འཕགས་སོ་ཞེས་བྱ་བ་ནི་སོང་བའོ། །ཕྱིན་ཆད་ཅེས་བྱ་བ་ནི་སྤང་ངོ་། །གཉིས་སམ་གསུམ་ཞེས་བྱ་བ་ལ་ཡོངས་སུ་རྫོགས་པ་བགྲངས་ན་ནི་གཉིས་
སོ། །ཆ་བགྲངས་ན་ནི་གསུམ་མོ། །ཞིང་ཞེས་བྱ་བ་ནི་ཞིང་དུ་རྨོ་བའོ། །ལས་ཀྱི་མཐའ་ཞེས་བྱ་བ་ནི་ལན་ཚྭའི་ལས་ལ་སོགས་པའོ། །གྲོང་མི་ཞེས་བྱ་བ་ནི་གཡོག་བྲན་དག་གོ། །ཁོ་ནར་ཞེས་བྱ་བ་ནི་འབའ་ཞིག་ཏུའོ། །སྐབས་ཞེས་བྱ་བ་ནི་བྱ་བའི་དུས་སོ། །རྨེད་དམ་ཞེས་བྱ་
བ་ནི་དྲི་བའོ། །ཚོགས་ཅན་མ་ཞེས་བྱ་བ་ནི་སྨད་འཚོང་མ་སྟེ། ཚོགས་ཅན་ཞེས་བྱ་བ་ནི་སྐྱེ་བོའི་ཚོགས་ཐམས་ཅད་དོ། །བུད་མེད་གང་ལ་སྐྱེ་བོའི་ཚོགས་ཐམས་ཅད་བདག་པོར་ཡོད་པ་དེ་ནི་ཚོགས་ཅན་མ་ཞེས་བྱ་བའོ། །རང་བཞིན་ཞེས་བྱ་བ་ནི་རང་བཞིན་གྱིས་ཏེ་བཅོས་མ་མ་ཡིན་པའི་སྡུག་
པས་སོ། །བྱ་རྣམས་ཞེས་བྱ་བ་ནི་འདབ་ཆགས་དག་གོ། །འབྲས་བུ་མེད་ཅེས་བྱ་བ་ནི་འབྲས་བུ་ཤིང་ཐོག་ཟད་པའོ། །ལྗོན་པ་ཞེས་བྱ་བ་ནི་ཤིང་ལྗོན་པའོ། །བཞིན་ཞེས་བྱ་བ་ནི་དཔེའོ། །རྙིང་པ་ཞེས་བྱ་བ་ནི་འཕྱོན་མ་པའོ། །རྣམ་པར་སྤོང་ཞེས་བྱ་བ་ནི་གཏོང་བའོ། །ཇི་སྲིད་དུ་

ཞེས་བྱ་བ་དང་། དེ་སྲིད་དུ་ཞེས་བྱ་བ་ནི་མ་ཟད་པའོ། །དབང་ཞེས་བྱ་བ་ནི་རག་ལས་པའོ། །བརྒྱ་བྱིན་ཞེས་བྱ་བ་ནི་རྡོ་རྗེ་ཅན་ཏེ་དབང་བའོ། །རི་ཀླུང་ཞེས་བྱ་བ་ནི་རིའི་ཆུ་ཀླུང་ངོ་། །ཡིད་འབེབས་པར་ཞེས་བྱ་བ་ནི་ཡིད་གཅུགས་པར་རོ། །དགོངས་ཀར་ཞེས་བྱ་བ་ནི་མཚན་མོའི་ཆ་དང་
པོར་རོ། །རང་ཞེས་བྱ་བ་ནི་འཕྱོན་མ་པ་རང་གིའོ། །གཅུགས་པ་དང་ཞེས་བྱ་བ་ནི་ཡིད་གཅུགས་པ་དང་ངོ་། །གཏམ་གྱིས་ཞེས་བྱ་བ་ནི་དགའ་བའི་གཏམ་གྱིས་སོ། །དགའ་བར་བྱེད་ཅེས་བྱ་བ་ནི་ཡིད་གཅུགས་པ་དགའ་བའི་གཏམ་དེ་གཉིས་ཀྱིས་འཕྱོན་མ་དགའ་བར་བྱེད་པའོ། །
དབུས་གནས་ཤིང་ཞེས་བྱ་བ་ནི་དགོངས་ཀ་ལྟར་དགའ་བར་ཡང་མི་བྱེད་ལ་ནམ་ནངས་ཀ་ལྟར་སྤོང་བར་ཡང་མི་བྱེད་པའོ། །སྤྱོད་པར་བྱེད་དམ་ཞེས་བྱ་བ་ནི་རྗེས་སུ་འཇུག་པར་བྱེད་དམ་ཞེས་བྱ་བའོ། །ནོར་མ་སྤྱད་པ་ཞེས་བྱ་བ་ནི་སྔར་ནོར་སྤྱད་མ་ཟིན་པའོ། །ཤིན་ཏུ་ཐག་རིང་བར་ཞེས་བྱ་བ་ལ་
ཤིན་ཏུ་ཞེས་བྱ་བ་ནི་རབ་ཏུའོ། །ཐག་རིང་བར་ཞེས་བྱ་བ་ནི་ཁད་རིང་བར་རོ། །བཞད་གད་དག་ཅེས་བྱ་བ་ནི་དགའ་བ་དང་བཅས་པའི་ཚིག་གོ། །འདོད་ཆགས་ཤས་ཆེས་ཆེན་པོས་ཞེས་བྱ་བ་ནི་འདོད་ཆགས་དམ་པས་སོ། །ཡོལ་བས་ཞེས་བྱ་བ་ནི་བསྐྱབ་པའི་རས་ཀྱིས་སོ། །ལམ་པོ་ཆེ་ལ་
མི་མཁས་པས་ཞེས་བྱ་བ་ནི་ལམ་རྒྱུས་མི་ཤེས་པས་སོ། །ཇི་ཙམ་ན་ཞེས་བྱ་བ་ནི་དེའི་མོད་ནའོ། །ཕྱི་ཐོག་ཐག་ཅེས་བྱ་བ་ནི་ཕྱི་བཞིན་ཐོག་ཐག་གོ། །རྗེས་སུ་སོང་ངོ་ཞེས་བྱ་བ་ནི་རྗེས་སུ་འབྲང་བའོ། །ལོ་མ་ལྷགས་པ་དག་ཅེས་བྱ་བ་ནི་འདབ་མ་འབྲུལ་བ་དག་གོ། །བླངས་ཏེ་ཞེས་བྱ་བ་
ནི་གདིང་བའི་ཕྱིར་བླངས་ཏེའོ། །ཚུལ་མ་ལགས་པ་ཞེས་བྱ་བ་ནི་སྒྱུ་ཐབས་ཀྱིས་སོ། །གནོད་པ་བསྒྲུབས་པར་གྱུར་ཏོ་ཞེས་བྱ་བ་ནི་སྡུག་བསྔལ་ཐོབ་པར་བྱས་པའོ། །ཉི་མ་གཉིས་སམ་གསུམ་དུ་ཞེས་བྱ་བ་ནི་ཉི་མ་རངས་པར་བགྲངས་པས་ནི་གཉིས་སོ། །ཉི་མ་དུམ་བུར་བགྲངས་པས་
ནི་གསུམ་མོ། །ཀུན་དུ་སྤྱད་པའི་ཞེས་བྱ་བ་ནི་ཀུན་དུ་ཐ་སྙད་བྱ་བའོ། །ཆོས་དག་ཅེས་བྱ་བ་ནི་ཆོས་གང་དག་གོ། །རི་དགས་ཀྱི་རི་དགས་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་རྣམས་ནི་རི་དགས་དང་འདྲ་བའི་ཕྱིར་རོ། །རྒྱ་ཆེ་ལ་ཞེས་བྱ་བ་ནི་གོ་སྐབས་ཡངས་པ་བསྟན་ཏོ། །རང་གི་སྤྱོད་ཡུལ་ཞེས་བྱ་

བ་ནི་འགག་པ་མེད་པར་བསྟན་ཏེ། སྤྱོད་ཡུལ་ནི་ཡུལ་ལོ། །ཡབ་ཀྱི་ཡུལ་ཡིན་གྱི་ཞེས་བྱ་བ་ནི་སྟོན་པས་རྗེས་སུ་གནང་བ་ཉིད་བསྟན་ཏོ། །བསོད་སྙོམས་བསྒྲུབས་ལ་ཞེས་བྱ་བ་ནི་སློང་མོའི་ཟས་བསྒྲུབས་ལ་ཞེས་བྱ་བའོ། །འཚོ་བར་གྱིས་ཤིག་ཅེས་
བྱ་བ་ནི་སྲོག་གཟུང་བར་གྱིས་ཤིག་ཅེས་བྱ་བའོ། །འགྱོད་པ་སྐྱེས་ཏེ་ཞེས་བྱ་བ་ནི་ཕྱིར་ལོག་སྟེའོ། །འདོད་པའི་རྒྱུས་ཞེས་བྱ་བ་ནི་སྲིད་པའི་རྒྱུས་སོ། །དེ་ཙམ་དུ་མཛེས་ཤིང་ཞེས་བྱ་བ་ནི་དེ་ལྟར་བཟང་ཞིང་ངོ་། །བསྐྲད་པ་ཞེས་བྱ་བ་ནི་གནས་མེད་པར་བྱས་པས་སོ། །སྤངས་ཏེ་
ཞེས་བྱ་བ་ནི་བོར་ཏེའོ། །སྐལ་ཆད་མ་ཞེས་བྱ་བ་ནི་བསོད་ནམས་ཆུང་བའོ། །རྟག་ཏུ་ནོངས་པ་མཆིས་པས་ཞེས་བྱ་བ་ནི་རྒྱུན་དུ་འཁྲུལ་བའོ། །ཡོངས་སུ་ཉམས་པར་ཞེས་བྱ་བ་ནི་རྣམ་པར་བྲལ་བའོ། །དྲུད་ཅིང་ཞེས་བྱ་བ་ནི་བརྩལ་ཅིང་ངོ་། །ནང་དུ་ཞེས་བྱ་བ་ནི་མོ་མཚན་གྱིའོ། །གོར་མ་
ཆག་པར་ཞེས་བྱ་བ་ནི་དོགས་པར་རོ། །དེ་ལྟར་རྩོལ་པ་དེ་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་མ་བཟློག་ཅེ་ན། འདོད་ཆགས་བདོ་བས་གདོན་མི་ཟ་བར་བྱེད་པས་འགྱུར་བར་ངེས་པའི་ཕྱིར་དང་། །དེ་བཞིན་གཤེགས་པ་ལ་མ་གུས་པ་སྐྱེ་བའི་ཕྱིར་རོ། །ཡ་མཚན་ཞེས་བྱ་བ་ནི་འདོད་པའོ། །
གཙང་མ་ཞེས་བྱ་བ་ནི་མ་འདྲེས་པའོ། །བསོད་པས་ཞེས་བྱ་བ་ནི་ཡིད་དུ་འོང་བས་སོ། །བཅའ་བ་ཞེས་བྱ་བ་ནི་རྩ་བ་ལ་སོགས་པའོ། །བཟའ་བ་ཞེས་བྱ་བ་ནི་འབྲས་ཆན་ལ་སོགས་པའོ། །བཞེད་པར་གྱུར་ཏེ་ཞེས་བྱ་བ་ནི་འདོད་པ་དང་བཅས་ནའོ། །ཇི་ཙམ་ན་ཞེས་བྱ་བ་ནི་དེ་མ་ཐག་
ཏུའོ། །སྔོན་པོར་བརྔས་པ་ཞེས་བྱ་བ་ནི་རློན་པར་བརྔས་པའོ། །རྙིང་བར་འགྱུར་བ་ཞེས་བྱ་བ་ནི་ཤུན་པ་སྐམས་པར་གྱུར་པའོ། །བསྐམ་པར་འགྱུར་ཞེས་བྱ་བ་ནི་ཤ་དང་སྲ་བ་ཉམས་པར་འགྱུར་བའོ། །དབང་པོ་ཞེས་བྱ་བ་ནི་མིག་ལ་སོགས་པ་བྱེད་པ་དག་གོ། །བསྙེན་བཀུར་ཞེས་བྱ་བ་ནི་
ཕྱིར་བཅོས་པའོ། །ཇི་ལྟར་གྱུར་པ་ཞེས་བྱ་བ་ནི་བདེན་པའོ། །སྨྲོས་ཤིག་ཅེས་བྱ་བ་ནི་བརྗོད་ཅིག་པའོ། །འབྲས་ཁུ་ཞེས་བྱ་བ་ནི་འབྲས་ཚོས་པའི་ཁུ་བའོ། །ཚར་གྱུར་ཏེ་ཞེས་བྱ་བ་ནི་སྐྱུར་བ་ཉིད་དུ་གྱུར་ཏེའོ། །ཕྱིར་བཟློག་པར་ཡང་མི་བྱེད་ཅིང་ཞེས་བྱ་བ་ནི་དེ་དག་རང་ཡང་ཡིད་མི་བདེ་

བར་གྱུར་བའི་ཕྱིར་རོ། །དེས་ཀྱང་ཞེས་བྱ་བ་ནི་ཕྱི་རོལ་དུ་དྲུད་ཅིང་ནང་དུ་འབོ་བར་བྱེད་པ་ལ་སོགས་པའི་རྣམ་པས་ཀྱང་ངོ་། །རང་གི་ལས་དག་གིས་ཞེས་བྱ་བ་ནི་བར་མ་དོར་འཆི་བར་འགྱུར་བ་དག་གིས་སོ། །སྐུར་པ་གདབ་པར་འགྱུར་བའི་ལས་དག་གིས་ཞེས་བྱ་བ་ནི་སྐུར་པའི་རྒྱུར་འགྱུར་
བ་དག་གིས་སོ། །ཡུགས་ས་མོ་དག་ཅེས་བྱ་བ་ནི་ཁྱོ་ཤི་བའོ། །བདག་ཅེས་བྱ་བ་ནི་བདག་ཉིད་དོ། །ཡི་ཆད་ནས་ཞེས་བྱ་བ་ནི་ཡི་བསད་ནས་སོ། །ཁྱིམ་གྱི་སོ་ཚིས་དག་ཅེས་བྱ་བ་ནི་ཁྱིམ་གྱི་སོ་ནམ་དག་སྟེ་བསམ་པ་ཞེས་བྱ་བའི་ཐ་ཚིག་གོ། །ཆུང་པོ་གྲོགས་ཞེས་བྱ་བ་ནི་ཆུང་ངུའི་དུས་ནས་
འདྲིས་