Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 147
Văn bản gốc(Tây Tạng)
Trang 17 / 21 (50.000 ký tự/trang)
་འདུས་བྱས་རྣམས་ནི་མི་རྟག་པ་ཉིད་དོ། །ཟག་པ་དང་བཅས་པ་རྣམས་ནི་སྡུག་བསྔལ་བ་ཉིད་དོ། ། ཟད་པར་གྱི་སྤྱི་ནི་སྟོང་པ་དང་བདག་མེད་པ་ཉིད་དེ་ཞེས་བྱ་བ་དེ་ལ། བདག་མེད་པ་ཉིད་ནི་ཆོས་ཐམས་ཅད་བདག་མེད་པའོ། །སྟོང་པ་ཉིད་ནི་མུ་སྟེགས་ཀྱིས་ཡོངས་སུ་བརྟགས་པའི་བདག་གིས་སྟོང་ཞེས་བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་ས་ལ་སོགས་པ་ནས་ཐ་མ་རྣམ་པར་རིག་བྱེད་མ་ཡིན་པ་ལ་ ཐུག་པའི་དངོས་པོ་དེ་དག་གཟུགས་ཞེས་བརྗོད་ཅེ་ན། གཟུགས་སུ་རུང་བའི་ཕྱིར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གཟུགས་པས་གཟུགས་པ་ཡིན་པས་དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཅིས་གཟུགས་པར་འགྱུར་ཞེ་ན། ལག་པའི་ཀུན་དུ་རེག་ པས་རེག་ན་གཟུགས་སོ། །བོང་བའི་ཀུན་དུ་རེག་པ་དང་། དབྱིག་པའི་ཀུན་དུ་རེག་པ་དང་། མཚོན་ཆའི་ཀུན་དུ་རེག་པ་དང་། གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། སྦྲང་བུ་དང་། ཤ་སྦྲང་དང་། རླུང་དང་། ཉི་མ་དང་། གདུག་པའི་ཀུན་དུ་རེག་པ་ རྣམས་ཀྱིས་རེག་ན་གཟུགས་པས་གཟུགས་པར་འགྱུར་རོ། །གནོད་པར་འགྱུར། སྣད་པར་འགྱུར་ཏེ། ལག་པ་ལ་སོགས་པར་རྣམ་པར་འགྱུར་ཞེས་གསུངས་པ་ཡིན་ནོ། །དེའི་གནོད་པ་ནི་གང་། རྣམ་པར་འགྱུར་བ་ནི་གང་ཞེ་ན། གང་རྐྱེན་རྣམས་ཀྱི་དེ་བཞིན་དུ་འགྱུར་བ་དེ་ལྟ་བུ་དེ་ནི་ གནོད་པ་དང་རྣམ་པར་འགྱུར་བ་ཞེས་བྱའོ། །དེ་ལྟར་གཟུགས་མེད་པ་ལ་ནི་སྐྱོན་འདི་འབྱུང་བ་མ་ཡིན་ཏེ། དེ་དག་ལས་རྣམ་པར་འགྱུར་བའི་ཚད་མི་དམིགས་པའི་ཕྱིར་རོ། །དེས་ན་དེའི་རྣམ་པར་འགྱུར་བ་རྗེས་སུ་དཔག་ཏུ་རུང་བའི་ཕྱིར་རོ། །འདས་པ་དང་མ་འོངས་པ་དང་རྡུལ་ཕྲ་རབ་ཙམ་དང་ རྣམ་པར་རིག་བྱེད་མ་ཡིན་པ་ནི་དབྱིག་པ་ལ་སོགས་པས་གཟུགས་སུ་མེད་ན་ཇི་ལྟར་གཟུགས་ཞེས་བྱ། དེ་ཡང་གཟུགས་ཡིན་ཏེ། དེའི་མཚན་ཉིད་ཐོབ་པའི་ཕྱིར་རོ། །འདས་པ་ནི་ད་ལྟར་གཟུགས་སུ་མེད་ཀྱང་དེ་གཟུགས་ཡིན་ནོ། །མ་འོངས་པ་འབྱུང་བའི་ཆོས་ཅན་ནི་གཟུགས་སུ་འགྱུར་བའོ། །མི་ འབྱུང་བའི་ཆོས་ཅན་ཡང་དེའི་རིགས་ཡིན་པས་གཟུགས་ཏེ། བསྲེག་པར་བྱ་བ་བཞིན་ནོ། །དཔེར་ན་མ་ཚིག་པ་ཡང་བསྲེག་པར་བྱ་བ་ཞེས་བྱ་སྟེ། ཤིང་ལ་སོགས་པ་བསྲེག་པར་བྱ་བའི་རིགས་ཡིན་པའི་ཕྱིར་རོ། །རྡུལ་ཕྲ་རབ་ཀྱི་གཟུགས་ནི་གཅིག་པུ་སོ་སོ་ནས་མི་འབྱུང་གི་སྔོན་གྱི་ལས་ཀྱིས་འཕངས་ པ་རྒྱུ་དང་འབྲས་བུར་གྱུར་པའི་འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་རྡུལ་ཕྲ་རབ་རྣམས་ཕན་ཚུན་ལྟོས་ནས་སྐྱེ་བའི་ཕྱིར་ཏེ། དེའི་ཕྱིར་སོ་སོ་ནས་སྐྱེ་བ་མེད་པས་བསགས་པར་གནས་པ་ལ་གཟུགས་པར་འགྱུར། ཐོགས་པར་འགྱུར་བའི་ཕྱིར། རྡུལ་ཕྲ་རབ་བསགས་པར་གནས་པའི་གཟུགས་ ལ་གཟུགས་སོ། །ཐོགས་སོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་ཐོགས་པ་མེད་པའི་ཕྱིར་དབྱིག་པ་ལ་སོགས་པས་གཟུགས་སུ་མེད་དུ་ཟིན་ཀྱང་དེ་སྐྱེད་པའི་གནས་སུ་གྱུར་པ་འབྱུང་བ་ཆེན་པོ་རྣམས་ལ་གཟུགས་སོ། །དེ་ལ་བཙུགས་པས་དེ་ལ་ཡང་བཙུགས་པ་ཡིན་ཏེ། ཤིང་འགུལ་ན་གྲིབ་ མ་འགུལ་བ་བཞིན་ནོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་གནས་མིག་ལ་སོགས་པ་ལ་བཙུགས་པས་བཙུགས་པར་འགྱུར་བའི་སྐྱོན་དུ་མི་འགྱུར་ཏེ། རྣམ་པར་རིག་བྱེད་མ་ཡིན་པའི་གནས་ནི་འབྱུང་བ་རྣམས་ཏེ། དེ་དང་རྟག་ཏུ་ལྷན་ཅིག་སྐྱེས་པ་དང་། རྣམ་པར་རིག་བྱེད་མ་ཡིན་ པ་ལ་གནས་གཞན་མེད་པའི་ཕྱིར་རོ། །མིག་ལ་སོགས་པའི་ཆ་མཚུངས་པ་དང་། དེ་དང་ཆ་མཚུངས་པའི་བྱེ་བྲག་གིས་རྟག་ཏུ་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེ་བ་མ་ཡིན་ལ། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་གནས་མིག་ལ་སོགས་པ་འབའ་ཞིག་མ་ཡིན་གྱི། ལྷན་ ཅིག་སྐྱེས་པ་མིག་ལ་སོགས་པ་དང་འགགས་མ་ཐག་པའི་ཡིད་ཀྱང་དེ་དག་གི་གནས་ཡིན་ཏེ། དེའི་ཕྱིར་གཟུགས་ཅན་དང་གཟུགས་མ་ཡིན་པའི་དབང་པོ་གཉིས་ཀ་གནས་སུ་གྱུར་པས་དེ་དག་གཟུགས་སུ་འགྱུར་བའི་སྐྱོན་དུ་མི་འགྱུར་རོ། །གཟུགས་མདོར་བསྡུས་ཏེ་རྣམ་པར་དབྱེ་བ་བྱས་ པའོ།། །།ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པའི་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ། བམ་པོ་གཉིས་པ། འདོད་པ་དང་མི་འདོད་པ་དང་གཉི་ག་ལས་བཟློག་པ་སྟེ། རེག་པའི་སྐྱེ་གནས་ཅན་ཞེས་བྱ་བ་དེ་ལ། རེག་པ་ནི་སེམས་ཡུལ་ལ་རེག་པའོ། །འདོད་པ་ཞེས་བྱ་བ་ནི་བདེ་བ་མྱོང་བར་ འགྱུར་བའི་རེག་པའོ། །བདེ་བར་ཚོར་བ་དང་མཐུན་པ་ནི་བདེ་བ་མྱོང་བར་འགྱུར་བ་སྟེ། བདེ་བར་ཚོར་བ་སྐྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་མི་འདོད་པ་དང་གཉིས་ཀ་ལས་བཟློག་པ་ཡང་ཤེས་པར་བྱའོ། །སྐྱེ་གནས་དེ་ནི་རྒྱུ་སྟེ། ཚོར་བ་གང་གི་ཡིན་པ་དེ་རེག་པའི་སྐྱེ་གནས་ཅན་ཞེས་བྱའོ། །ལུས་ དང་སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ཅེས་བྱ་བ་ནི་གནས་སྐབས་སྔ་མ་ལས་གཞན་དུ་འགྱུར་བའོ། །དོན་དེ་ནི་སིམ་པ་དང་། གདུང་བ་དང་། གཉི་ག་ལས་བཟློག་པ་སྟེ་ཞེས་བྱ་བས་སྟོན་ཏོ། །སིམ་པ་ནི་བདེ་བའོ། །གདུང་བ་ནི་སྡུག་བསྔལ་བའོ། །གཉི་ག་ལས་བཟློག་པ་ནི་བཏང་སྙོམས་སོ། ། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ནི་ཚོར་བའི་རྒྱུ་ལས་བྱུང་བའི་མངོན་པར་ཆགས་པ་སྟེ། ཆགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་རྣམ་པར་ཤེས་པའི་བྱེ་བྲག་གིས་རྣམ་པ་དྲུག་སྟེ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །རྣམ་པར་ཤེས་པའི་བྱེ་བྲག་ནི་རྣམ་པར་ཤེས་པའི་ རྒྱུད་ཀྱི་མཚན་ཉིད་གཅིག་མོད་ཀྱི་གནས་དང་དམིགས་པའི་བྱེ་བྲག་གིས་རྣམ་པ་དྲུག་ཏུ་འགྱུར་རོ། །མིག་གི་འདུས་ཏེ་རེག་པ་ལས་སྐྱེད་པ་ཞེས་བྱ་བ་ནི་མིག་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་དུ་འདུས་ནས་རེག་པ་གང་ཡིན་པ་དེ་ལས་སྐྱེས་པ་ནི་མིག་གི་འདུས་ཏེ་རེག་པ་ལས་སྐྱེས་ པའོ། །རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་བྱུང་བ་སྟེ། དེ་ནི་ལུས་ཀྱིའོ། །ཚོར་བ་ཐམས་ཅད་ནི་སེམས་ཀྱི་ཡིན་ན་ཅིའི་ཕྱིར་ལུས་ཀྱི་ཞེས་བྱ་ཞེ་ན། སྨྲས་པ་ལུས་ལ་གནས་པའི་ཕྱིར་ལུས་ཀྱིའོ། །ལུས་ནི་བསགས་པ་སྟེ་འདུས་པའོ། །དེས་ མིག་ལ་སོགས་པ་སྤྱིར་ཡོངས་སུ་བསྡུས་སོ། །ཅིག་ཤོས་ནི་སེམས་ཀྱིའོ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པའོ། །དེ་ལ་ལུས་ཀྱི་སིམ་པ་ཞེས་བྱ་བ་དེ་ནི་བདེ་བའོ། །དེ་ཡང་འདོད་པའི་ཁམས་ན་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྷན་ཅིག་སྐྱེས་པ་དང་། བསམ་ གཏན་དང་པོར་མིག་དང་རྣ་བ་དང་ལུས་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པའོ། །བསམ་གཏན་གསུམ་ལ་ནི་ཡིད་ཀྱི་ཉིད་དོ། །ལུས་ཀྱི་སིམ་པ་མ་ཡིན་པ་ནི་འདོད་པའི་ཁམས་ཉིད་ནའོ། །བསམ་གཏན་གསུམ་པ་ལ་མ་གཏོགས་པ་ཞེས་བྱ་བ་འདིས་ནི་བསམ་གཏན་དང་པོ་དང་། གཉིས་པ་དང་། འདོད་པའི་ཁམས་གཟུང་ངོ་། །དེ་ལས་བཟློག་པ་ནི་ཡིད་མི་བདེ་བའི་དབང་པོའོ་ཞེས་བྱ་བ་དེ་ལ། སིམ་པ་ནི་ཡིད་བདེ་བའི་དབང་པོའོ་ཤེས་བཤད་པས། དེ་ལས་བཟློག་པ་སྟེ། གང་ཡིད་ཀྱི་སིམ་པ་མ་ཡིན་པ་དེ་ཡིད་མི་བདེ་བའི་དབང་པོའོ། །དེ་ཡང་འདོད་པའི་ཁམས་ཉིད་ནའོ། ། ལུས་ཀྱི་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔ་ལ་ལུས་ཀྱི་ཞེས་བྱའོ། །སེམས་ཀྱི་ཞེས་བྱ་བ་ནི་ཡིད་ཀྱི་སྟེ། དེ་ནི་བཏང་སྙོམས་ཀྱི་དབང་པོའོ། །དེ་ནི་ཁམས་གསུམ་པའོ། །དེ་ལ་རབ་ཏུ་ཞི་ཞིང་ཡོངས་སུ་མི་སྐྱོ་བའི་ཕྱིར་བསམ་གཏན་གསུམ་པ་ལས་སྐྱེས་པའི་ཡིད་ཀྱི་ནི་བདེ་བ་ཞེས་བསྟན་ཏོ། །གཡེང་བར་བྱེད་ དེ་ཡོངས་སུ་སྐྱོ་བའི་ཕྱིར་ས་གསུམ་ལས་སྐྱེས་པའི་ཡིད་ཀྱི་ནི་བདེ་བའི་དབང་པོའོ། །ལུས་ཀྱི་བདེ་བའི་ཚོར་བ་ནི་དཔྱོད་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཚོར་བ་བཤད་ཟིན་ཏོ། །མཚན་མ་དང་མིང་དང་དོན་གྱི་བརྡ་ཤེས་པ་ཞེས་བྱ་བ་དེ་ལ། མཚན་མ་དང་མངོན་བརྟགས་དང་མཚན་ཉིད་ ནི་རྣམ་གྲངས་སུ་གཏོགས་པའོ། །མིང་ནི་འདུ་ཤེས་སོ། །དོན་ནི་སྐྱེ་མཆེད་བཅུ་གཉིས་སོ། །བརྡའ་ནི་གཅིག་ཏུ་བསྡུས་པའི་གནས་སོ། །ཀུན་དུ་ཤེས་པ་ནི་འདུ་ཤེས་སོ། །འདིའི་ཡུལ་བསྟན་པའི་ཕྱིར། སྔོན་པོ་དང་། སེར་པོ་དང་། རིང་པོ་དང་ཐུང་ངུ་ཞེས་བྱ་བ་སྨྲས་ཏེ། མིག་གི་རྣམ་པར་ཤེས་པ་ དང་ལྡན་པ་ནི་ཁ་དོག་དང་དབྱིབས་ལ་དམིགས་པར་སྟོན་ཏོ། །དུང་ཞེས་བྱ་བ་འདིས་ནི་སྒྲ་ལ་དམིགས་པའོ། །པདྨའི་དྲི་ཞེས་བྱ་བ་ནི་དྲི་ལ་དམིགས་པའོ། །ཁ་བ་དང་ལན་ཚྭ་ཞེས་བྱ་བ་ནི་རོ་ལ་དམིགས་པའོ། །འཇམ་པ་དང་རྩུབ་པ་ཞེས་བྱ་བ་ནི་རེག་བྱ་ལ་དམིགས་པའོ། །བུད་མེད་དང་སྐྱེས་པ་ལ་ སོགས་པ་ཞེས་བྱ་བ་འདིས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་རབ་ཏུ་སྟོན་ཏོ། །རྣམ་པར་རྟོག་པའི་རྒྱུ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བྱེད་རྒྱུའོ། །རྣམ་པར་ཤེས་པ་ཀུན་ལ་ཡང་འདུ་ཤེས་ཡོད་དེ། དེའི་ཡུལ་ནི་སྤྱིའི་མཚན་ཉིད་དོ། །འོ་ན་ཆོས་མངོན་པ་ལས་མིག་གི་རྣམ་པར་ཤེས་པ་དང་ ལྡན་པས་ནི་སྔོན་པོར་ཤེས་ཀྱི་སྔོན་པོའོ་ཞེས་བྱ་བར་ནི་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པས་ནི་སྔོན་པོར་ཤེས་ལ། སྔོན་པོའོ་ཞེས་བྱ་བར་ཡང་ཤེས་སོ་ཞེས་འབྱུང་བ་ཇི་ལྟ་བུ་ཞེ་ན། རྣམ་པར་ཤེས་པ་ལྔ་ནི་རྣམ་པར་རྟོག་པ་གཉིས་མེད་པས་མི་གསལ་བའི་ཕྱིར་དེ་སྐད་ཅེས་བྱའོ། ། རྣམ་པ་གསུམ་སྟེ། ཆུང་ངུ་ནི་རྡུལ་ཕྲ་རབ་ལ་སོགས་པ་ལ་དམིགས་པའོ། །ཆེན་པོར་གྱུར་པ་ནི་རི་རབ་ལ་སོགས་པ་ལ་དམིགས་པའོ། །སོགས་པ་སྨོས་པས་ནི་རྒྱ་མཚོ་ལ་སོགས་པ་བསྟན་ཏོ། །ཚད་མེད་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ལའོ། །སོགས་པ་སྨོས་ པས་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་བསྟན་ཏོ། །འདུ་ཤེས་བཤད་ཟིན་ཏོ། །དེ་ལ་གནས་དང་། དམིགས་པ་དང་རྣམ་པ་དང་། དུས་དང་། རྫས་མཚུངས་པ་ཉིད་དེ། མཚུངས་པ་ལྔ་དག་གིས་སེམས་མཚུངས་པར་ལྡན་པས་ཞེས་བྱ་བ་ལ་སོགས་པ་དེ་ལ་མཚུངས་པ་ཞེས་བྱ་བའི་སྒྲ་ནི་ སོ་སོར་སྦྱར་ཏེ་གནས་མཚུངས་པ་ནས་རྫས་མཚུངས་པའི་བར་དུའོ། །དེ་ལ་གནས་མཚུངས་པ་ནི་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང་། ཚོར་བ་ལ་སོགས་པའི་གནས་ནི་མིག་གོ། །གཟུགས་ནི་དམིགས་པ་སྟེ། འདི་ནི་གནས་དང་དམིགས་པ་མཚུངས་པའོ། །ཡུལ་གྱི་རྣམ་པ་གང་ཡིན་པ་དེའི་ རྣམ་པར་རྣམ་པར་ཤེས་པ་འབྱུང་ངོ་། །འདས་པ་ལ་སོགས་པ་དུས་ཐམས་ཅད་དུ་སེམས་དང་ལྷན་ཅིག་སྟེ། དེ་དང་འགྲོགས་པའི་ཕྱིར་རོ། །རྫས་མཚུངས་པ་ནི་སེམས་གཅིག་ལ་ཚོར་བ་ལ་སོགས་པ་རྫས་གཉིས་ལྷན་ཅིག་མི་འབྱུང་བའི་ཕྱིར་རོ། །རྣམ་པ་ལྔ་པོ་དེ་དག་གིས་མཉམ་ དུ་མཚུངས་པར་ལྡན་པ་སྟེ། ཞུགས་ཞེས་བྱ་བའི་ཐ་ཚིག་གོ། །སེམས་སྨོས་པ་ནི་གནས་མཚུངས་པར་བསྟན་པའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་ནི་གང་གི་ཕྱིར་མཚུངས་པར་ལྡན་པ་དང་མི་ལྡན་པ་མང་པོ་བསྡུས་ཏེ། འདུ་བྱེད་ཀྱི་ཕུང་པོ་ཞེས་བསྟན་པའོ། །འདུ་བྱེད་སྨོས་པ་ནི་འདུས་མ་བྱས་བསལ་ བའི་ཕྱིར་རོ། །དེ་བས་ན་མང་ཞིང་སྙིང་པོ་མེད་པར་བསྟན་པའི་ཕྱིར། ཆུ་ཤིང་གི་ཕུང་པོའི་དཔེས་ཆོས་མང་པོ་དུ་མར་སྟོན་ཏོ། །ཇི་སྐད་སྨོས་པའི་གོ་རིམས་བཞིན་དུ་སེམས་པ་བསྙད་དོ། །སེམས་པ་ཞེས་བྱ་བ་ནི་རང་བཞིན་བསྟན་པའོ། །སེམས་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ནི་བྱེད་པར་བསྟན་ པ་སྟེ། མངོན་དུ་འདུ་བྱེད་པས་མངོན་པར་འདུ་བྱེད་པའོ། །སེམས་བྱེད་པ་མེད་པ་ལས་སེམས་པའི་དབང་གིས་བྱེད་པ་དང་བཅས་པར་འགྱུར་ཏེ། དེའི་ཕྱིར་སེམས་ཀུན་དུ་གཡོའོ་ཞེས་བྱ་བའི་དོན་གང་ཡིན་པའོ་ཞེས་བྱ་བ་སྨོས་སོ། །དེ་ནི་འདི་སྐད་དུ་གང་སེམས་མངོན་པར་འདུ་བྱེད་ཅིང་ ལས་སུ་རུང་བར་བྱེད་པ་དེ་སེམས་པ་སྟེ། སེམས་པའི་དབང་གིས་དམིགས་པ་ལ་སེམས་གཡོ་བར་འགྱུར་བས་ཁབ་ལོང་གི་དབང་གིས་ལྕགས་གཡོ་བ་བཞིན་ནོ་ཞེས་བསྟན་པར་འགྱུར་རོ། །ཡིད་ཀྱི་ལས་ཞེས་བྱ་བ་ནི་སེམས་ཀྱི་འཇུག་པ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་ལུས་ཀྱི་འཇུག་པ་ ལ་ལུས་ཀྱི་ལས་ཞེས་བྱ་བ་དེ་བཞིན་དུ་ཡིད་དང་ལྡན་པའི་ལས་ལ་ཡིད་ཀྱི་ལས་ཞེས་བྱའོ། །དེ་ཡང་དགེ་བ་ཞེས་བྱ་བ་ནི་མ་ཆགས་པ་ལ་སོགས་པ་དང་ལྡན་པ་སྟེ། དེ་ལ་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པའི་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་མཚུངས་པར་ལྡན་པ་དང་། ཡིད་ཀྱི་རྣམ་ པར་ཤེས་པ་དང་ལྷན་ཅིག་སྐྱེས་པའི་མ་ཆགས་པ་དང་ཞེ་སྡང་མེད་པ་དང་མཚུངས་པར་ལྡན་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་ལྡན་པའོ། །འཇིག་རྟེན་གསུམ་ལ་དབང་ བྱེད་པ་ཡིན་མེད་ཀྱི་འདི་དབང་པོ་ཞེས་ནི་མི་བྱ་སྟེ། འབྲས་བུ་མངོན་སུམ་མ་ཡིན་པ་དང་། རྩོད་པའི་གནས་སུ་གྱུར་པའི་ཕྱིར་རོ། །གཉིས་ཡོད་ན་ལྡན་པ་ཞེས་བྱ་ན། ཅིའི་ཕྱིར་མ་ཆགས་པ་ལ་སོགས་པའི་ཆོས་ཅན་ནི་སེམས་ཡིན་ལ། སེམས་ནི་མ་ཆགས་པ་ལ་སོགས་པའི་ཆོས་མ་ཡིན་ཞེ་ ན། དཔེར་ན་ཉེ་བར་གནས་པའི་དབང་གིས་ཤེལ་གཞན་དུ་འགྱུར་གྱི། ཤེལ་གྱི་ཉེ་བར་གནས་པ་བསྒྱུར་བ་ནི་མ་ཡིན་པར་མཐོང་བ་ལྟ་བུའོ། །དེ་གཉིས་ནི་རིགས་ཏེ། ཉེ་བར་གནས་པ་ལོགས་ཤིག་ཏུ་དམིགས་པའི་ཕྱིར་རོ། །སེམས་པ་ལ་སོགས་པའི་ཆོས་བསལ་ན་མ་ཆགས་པ་ལ་སོགས་ པ་ལོགས་ཤིག་ན་མེད་དོ། །དེ་བས་ན་གྲུབ་པའི་མཐའ་ལས། ཚོགས་གཞན་དག་འབྱུང་ངོ་ཞེའོ། །གལ་ཏེ་དེ་ལྟ་ན་དོན་དམ་པ་དང་། རང་བཞིན་དང་ལྡན་པ་དང་། ཀུན་ནས་བསླང་པའི་དགེ་བ་སྟེ། དགེ་བ་རྣམ་པ་བཞི་ལ་སོགས་པ་ཉམས་པར་འགྱུར་རོ། །དེ་ལ་དོན་དམ་ པར་དགེ་བ་ནི་མྱ་ངན་ལས་འདས་པའོ། །དེ་བཞིན་དུ་དོན་དམ་པར་མི་དགེ་བ་ནི་འཁོར་བའོ། །མིག་ལ་སོགས་པ་ལུང་དུ་མ་བསྟན་པ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་མངོན་པར་མི་འགྲུབ་པའི་ཕྱིར་རོ། །རང་བཞིན་གྱིས་དགེ་བ་ནི་མ་ཆགས་པ་ལ་སོགས་པའོ། །དེ་དང་ མི་མཐུན་པ་ནི་མི་དགེ་བའོ། །ལྡན་པ་ནི་ཚོར་བ་ལ་སོགས་པའོ། །ཀུན་ནས་བསླང་བ་ནི་ལུས་དང་ངག་གི་ལས་སོ། །འདིས་ནི་མི་དགེ་བ་ཡང་བཤད་དོ། །དོན་དམ་པར་ལུང་དུ་མ་བསྟན་པ་གཉིས་སྟེ། ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའོ། །དེ་ལྟར་ན་ ཚོར་བ་ལ་སོགས་པ་ནི་གསུམ་དུ་དམིགས་ཀྱི། མ་ཆགས་པ་ལ་སོགས་པ་ནི་དེ་ལྟ་མ་ཡིན་ཏེ། དེས་ན་ལྡན་པ་ཞེས་བསྟན་ཏོ། །སྤྱོད་ལམ་དང་། བཟོའི་གནས་དང་། སྤྲུལ་པ་བྱེད་པའི་རྣམ་པར་སྨིན་པའི་སེམས་དང་མཚུངས་པར་ལྡན་པ་ནི་ལུང་དུ་མ་བསྟན་པ་རྣམས་སོ། །རེག་པ་ ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ལས་བྱུང་བ་ཞེས་བྱ་བ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་དེ་ལས་བྱུང་བ་སྟེ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ལས་བྱུང་བའི་རེག་པའོ། །གང་གིས་སེམས་དེ་ཡུལ་ལ་རེག་པ་དང་འདྲ་བ་སེམས་ལས་འབྱུང་བའི་ཆོས་ཏེ། སེམས་ལས་དོན་ གཞན་དུ་གྱུར་པའོ། །ཚོར་བའི་མཚན་ཉིད་ཅེས་བྱ་བ་ནི་འདིས་ཚོར་བ་ལ་སོགས་པའི་རྒྱུའི་དངོས་པོར་སྟོན་ཏོ། །འདི་ལ་འདུས་པའི་དོན་གང་ཡིན་ཞེ་ན། འབྲས་བུ་གཅིག་པའི་དོན་ནི་འདུས་པའི་དོན་ཏོ། །གསུམ་པོ་དེ་དག་ནི་རེག་པ་ལས་བྱུང་བ་དང་མཐུན་པར་གནས་པའི་ཕྱིར་རོ། ། ཇི་ལྟ་ཞེ་ན། འདི་ལྟར་རེག་པ་ནི་སེམས་ལས་བྱུང་བའི་ཚོར་བ་ཞེས་བཤད་པས་རེག་པའི་རྒྱུ་ལས་བྱུང་བར་ཤེས་སོ། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས། རེག་པའི་རྐྱེན་གྱིས་ཚོར་བའོ། །སེམས་པའོ། །འདུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདེ་བ་ལ་སོགས་པ་མྱོང་བར་འགྱུར་བ་ ཞེས་བྱ་བ་ནི་བདེ་བར་ཚོར་བ་དང་མཚུངས་པར་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །སྡུག་བསྔལ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ཡང་དེ་བཞིན་ནོ། །ཡང་ན་བདེ་བ་ཚོར་བ་དང་མཐུན་པ་ནི་བདེ་བ་མྱོང་བར་འགྱུར་བ་སྟེ། བདེ་བའི་ཚོར་བ་སྐྱེ་བ་དང་ རྗེས་སུ་མཐུན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་ལ་བྱེད་པ་ནི་སེམས་ཀྱིས་འཇུག་པ་ཞེས་བྱ་བ་ལ་འཇུག་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཡུལ་ལ་གཏོད་པ་སྟེ། དོན་དེ་ནི་གང་སེམས་ཡུལ་རྣམས་ལ་གཏོད་པ་ཞེས་བྱ་བས་སྟོན་སྟེ། གང་སེམས་ཡུལ་ལ་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །སྔོན་མྱོང་ བ་ལ་སོགས་པ་ཞེས་བྱ་བ་ལ། སྔོན་མྱོང་བ་ཞེས་བྱ་བ་འདིས་ནི་འདས་པའི་དུས་ཡོངས་སུ་འཛིན་ཏོ། །སོགས་པ་སྨོས་པས་ནི་མྱོང་བ་དང་མྱོང་བར་འགྱུར་བ་ལ་སོགས་པ་བསྡུ་བའོ། །སེམས་པར་བྱེད་པས་སེམས་པ་སྟེ། སྔོན་མྱོང་བ་ལ་སོགས་པའི་ཡུལ་ལ་འཇུག་ཅེས་བྱ་བའི་ཐ་ ཚིག་གོ། །ཡུལ་གཞན་ལ་ཞུགས་པའི་རྣམ་པར་ཤེས་པའི་རྒྱུན་ཡུལ་གཞན་ལ་གཏོད་པ་ནི་ཡིད་ལ་བྱེད་པའི་ལས་སོ། །གཏད་ནས་ཡུལ་འཛིན་པར་གཞོལ་བ་ནི་སེམས་པའི་ལས་སོ། །གཞོལ་ནས་ཉེ་བར་འདྲེ་བར་བྱེད་པ་ནི་རྣམ་པར་རྟོག་པའི་ལས་སོ། །ཉེ་བར་འདྲེས་ནས་མི་ འཕྱར་བར་བྱེད་པ་ནི་ཏིང་ངེ་འཛིན་གྱི་ལས་སོ། །དབང་པོ་ནི་མ་ཡིན་ཏེ། སེམས་གཏོད་པའི་ཕྱིར་རོ། །ཡན་ལག་ཏུ་གྱུར་པ་ཞེས་བྱ་བ་ལ། ཡན་ལག་ཏུ་གྱུར་པ་ནི་རྒྱུར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་འདི་ཞེས་བྱ་བའི་སྙམ་པ་གང་ལས་འབྱུང་ཞེས་བྱ་བའོ། །འདོད་པ་ནི་སེམས་ ཐམས་ཅད་དུ་འཇུག་ཏུ་ཟིན་ཀྱང་དགེ་བ་སྤྱད་པ་ལ་འདི་གཙོ་བོར་གྱུར་པས་དེའི་ཕྱིར་བརྩོན་འགྲུས་ཀྱི་ཡན་ལག་ཏུ་གྱུར་པ་སྟེ་ཞེས་སྨོས་སོ། །ཡུལ་ལ་མ་ཞུམ་པ་ཞེས་བྱ་བ་ནི་གང་ཡུལ་ལ་སེམས་རྒྱས་པར་བྱེད་པའོ། །དེ་ནི་མོས་པ་སྟེ། ལྷག་པར་མོས་ཤིང་ཡུལ་ལ་རྣམ་པར་ཤེས་པ་ཞུགས་པའོ། ། དོན་དེ་ནི་ཡུལ་ལ་མ་ཞུམ་པ་ཞེས་བྱ་བའི་དོན་གང་ཡིན་པའོ་ཞེས་བྱ་བ་བསྟན་ཏོ། །མོས་པ་འདུས་བྱས་ཀྱི་རྣམ་པར་གྲོལ་བར་སྟོན་པ་སྟེ། རྣམ་པར་གྲོལ་བ་ནི་འདུས་བྱས་དང་། འདུས་མ་བྱས་རྣམ་པ་གཉིས་སོ། །དེ་ལ་འདུས་མ་བྱས་ནི་འདོད་ཆགས་དང་བྲལ་བས་མྱ་ངན་ལས་འདས་པའོ། །འདུས་ བྱས་ཀྱི་རྣམ་པར་གྲོལ་བ་ནི་མོས་པ་སྟེ། གང་དང་ལྡན་པས་རྟ་སྲབ་ཕུད་པ་བཞིན་དུ་སེམས་ཡུལ་ལ་མ་ཞུམ་པར་རྒྱུག་པ་དེ་ལྟ་བུ་དེ་མོས་པའོ། །དད་པའི་སེམས་དང་བ་སྟེ་ཞེས་བྱ་བ་དེ་ལ་དད་པ་ནི་ཡོན་ཏན་ལ་ཡིད་ཆེས་པ་དང་། དེ་སྔོན་དུ་སོང་བའི་དགའ་བ་སྟེ། དེ་བས་ན་དོན་གཞན་དུ་གྱུར་ པའོ། །དད་པ་ནི་སེམས་དང་བའོ། །དཀོན་མཆོག་གསུམ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ནོ། །རྒྱུ་དང་འབྲས་བུར་འབྲེལ་པ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་གཉིས་ལ་འབྲེལ་པའོ། །སེམས་ཀྱི་རྙོག་པ་དེ་སེལ་བའི་ངང་ཚུལ་ཅན་ཡིན་པས་དཔེ་དེ་བསྟན་ཏོ། །སངས་རྒྱས་རྣམས་ ཀྱི་བྱང་ཆུབ་ནི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོའོ། །ཆོས་ཀྱི་ལེགས་པར་སྒྲུབ་པ་ཉིད་ཅེས་བྱ་བ་ནི་ཉོན་མོངས་པ་སྤོང་ བར་སླུ་བ་མེད་པ་སྟེ། འགྲོ་བའི་བླ་མས་ཇི་སྐད་དུ། ངས་ཁྱེད་ལ་གང་ཉན་ཐོས་རྣམས་ཀྱི་ལམ་བཤད་པ་དེ་ནི་ངེས་པར་འབྱུང་བ་མ་ཡིན་པ་སྙམ་ཞེས་བྱ་བའི་གནས་མེད་དོ་ཞེས་གསུངས་པ་ལྟ་བུའོ། །ཡང་དག་པར་སྒྲུབ་པ་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཡོད་པའོ། ། འདི་ལས་ཕྱི་རོལ་དུ་གྱུར་པ་ཐམས་ཅད་འཁྲུལ་པར་བྱེད་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ལ་ཞེས་བྱ་བ་དང་། དཀོན་མཆོག་གསུམ་ལ་སོགས་པ་དེ་དག་ཡོད་པ་ཉིད་ལ་དེ་ཡོད་པ་ཉིད་དུ་མངོན་པར་ཡིད་ཆེས་པས་ནི་ངེས་པ་སྟེ། མངོན་པར་ཡིད་ཆེས་པའི་རྣམ་པ་དེ་ལ་མངོན་ པར་དད་ཅིང་ངེས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་རྒྱལ་པོ་མ་སྐྱེས་དགྲ་རྩ་བ་མེད་པའི་དད་པ་དང་ལྡན་ཞེས་གང་ཡང་གསུངས་པ་ལ། རྩ་བ་མེད་པའི་དད་པ་གང་ཞེ་ན། འཕགས་པའི་བདེན་པ་དང་བྲལ་བའོ། །འོ་ན་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ཀྱི་ཡང་རྩ་བ་མེད་པར་ འགྱུར་རོ་ཞེ་ན། དེ་ལ་ཉེས་པ་མེད་དེ། ཁྱད་ཞུགས་པ་དང་ལྡན་པ་ལ་དེ་སྐད་ཅེས་བརྗོད་པའི་ཕྱིར་རོ། །དེ་བས་ན་གང་བདེན་པ་མཐོང་བ་དང་མཐུན་པར་བསྟེན་པ་ཉིད་རྩ་བ་མེད་པའོ། །དད་པ་བཤད་ཟིན་ཏོ། །བརྩོན་འགྲུས་ནི་ཞེས་བྱ་བ་ལ་སོགས་པ་ལ། དགེ་བའི་ཆོས་ལ་མངོན་པར་སྤྲོ་བ་ ནི་དེ་ལ་མངོན་དུ་ཕྱོགས་ཤིང་མཐོར་འགྲོ་བར་རྩོལ་བ་ནི་སྤྲོ་བའོ། །འདིར་དགེ་བ་རྣམས་བསྐྱེད་པ་དང་གནས་པར་བྱེད་པ་དང་། མི་དགེ་བ་རྣམས་མི་སྐྱེད་པ་དང་འགོག་པར་བྱེད་པ་དང་གོ་རིམས་བཞིན་དུ་ལྟའོ། །འཁོར་བའི་འདམ་ཞེས་བྱ་བ་ནི་འཁོར་བར་བྱེད་པས་འཁོར་བ་སྟེ། ཉེ་བར་ ལེན་པའི་ཕུང་པོ་ལྔའི་མཚན་ཉིད་འབྱུང་ཞེས་བྱ་བའི་ཐ་ཚིག་གོ། །འཁོར་བ་ཉིད་འདམ་ཡིན་པས་འཁོར་བའི་འདམ་མོ། །འཁོར་བའི་འདམ་ནི་འཁོར་བ་ལས་འབྱུང་བར་དཀའ་བའི་ཕྱིར་འདམ་མོ། །དེར་བྱིང་བའི་སེམས་མངོན་པར་འབྱུང་བའི་ཞེས་བྱ་བ་ནི་འབྱིན་པའོ། །དེ་ནི་བརྩོན་ འགྲུས་ཏེ་མངོན་པར་འབྱུང་བ་ལ་སོགས་པའི་རྣམ་པར་རྟོག་པའི་རྒྱུད་གནས་པར་བྱེད་པའི་ཕྱིར་རོ། །བརྩོན་འགྲུས་བཤད་ཟིན་ཏོ། །དྲན་པ་ཞེས་བྱ་བ་ནི་དྲན་པར་བྱེད་པས་དྲན་པའོ། །དེ་ནི་སེམས་གསལ་བ་ཉིད་དེ་གསལ་བའི་དངོས་པོ་ནི་གསལ་བ་ཉིད་དོ། །གཟུགས་ལ་སོགས་པ་ ནི་ཤེས་པར་བྱ་བ་ཡིན་པས་དོན་དེ་གསལ་བ་ཉིད་དོ། །དེ་ཡང་བྱས་པ་ལ་སོགས་པ་མ་བརྗེད་པའོ། །ཅིའི་ཕྱིར་མ་བརྗེད་པ་ལ་གསལ་བ་ཉིད་ཅེས་བྱ་ཞེ་ན། འདི་ལྟར་མྱོང་བའི་དོན་དྲན་པས་གསལ་བར་བྱེད་དེ། སལ་སལ་པོར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །མྱོང་བའི་ཡུལ་ དྲན་པ་དྲན་པ་གཞན་གྱི་དབང་གིས་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་ཡུལ་གྱི་དངོས་པོར་འགྱུར་ཞེས་བྱ་བར་དགོངས་པའོ། །བྱས་པ་དང་བྱ་བ་དང་བྱེད་པའི་ཡུལ་དེ་དག་ཀྱང་དྲན་མོད་ཀྱི་ཕལ་ཆེར་འདས་པའི་ཡུལ་ལ་འཇུག་པས་འདས་པ་ཡུལ་ཉིད་དུ་བསྟན་ཏོ། །ཏིང་ངེ་ འཛིན་སེམས་རྩེ་གཅིག་པ་སྟེ་ཞེས་བྱ་བ་ནི་སེམས་སྤྲེའུ་དང་འདྲ་བས་ན་སྤྲེའུ་སྨོས་ཏེ། རྒོད་པར་གྲགས་པའི་ཕྱིར་དཔེར་སྨོས་ཀྱི། འདྲ་བ་ཙམ་གྱི་ཕྱིར་ནི་མ་ཡིན་ནོ། །གཞན་ནས་ཀྱང་དགེ་སློང་དག་འདི་ལྟར་མྱུར་དུ་འགྱུར་བ་ནི་ཆོས་གཅིག་ལས་ངས་མ་མཐོང་སྟེ། དེ་ནི་སེམས་སོ་ཞེས་ གསུངས་སོ། །དམིགས་པ་གཅིག་ཅེས་བྱ་བ་ནི་ཡུལ་གཅིག་ལ་འཛིན་པར་ནུས་པ་སྟེ་དེ་ཉིད་ཡུལ་གཅིག་ལ་འཛིན་པ་ཉིད་དུ་སྟོན་ཏོ། །དཔེར་ན་སྦྲུལ་རང་བཞིན་གྱིས་གྱ་གྱུར་འགྲོ་བ་འོད་མའི་སྦུབས་སུ་བཅུག་པ་དེ་བཞིན་དུ་སེམས་ཀྱང་རང་བཞིན་གྱིས་གྱ་གྱུ་བ་སྟེ། ཏིང་ངེ་འཛིན་གྱི་དབང་གིས་ དེ་དམིགས་པ་གཅིག་ལ་གནས་སོ། །གང་དག་གི་ལྟ་བ་ལས་དགེ་སློང་དག་རྣམ་པར་ཤེས་པ་ནི་རང་བཞིན་གྱིས་དང་བ་ཡིན་ན། དེ་གློ་བུར་གྱི་ཉོན་མོངས་པ་རྣམས་ཀྱིས་ཉེ་བར་ཉོན་མོངས་པར་གྱུར་ཏོ་ཞེས་འབྱུང་བ་དེ་སྐད་དུ་བརྗོད་པ་ནི་ཐོག་མ་ཡོད་པ་ཅན་གྱི་སྐྱོན་དུ་འགྱུར་རོ། །འདིས་སེམས་དང་ སེམས་ལས་བྱུང་བ་རྣམས་སྙོམས་པར་བྱེད་པས་ཏིང་ངེ་འཛིན་ཏེ། དམིགས་པ་གཅིག་ལ་འཇོག་ཅེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་སེམས་སྤྲེའུ་ལྟ་བུ་དམིགས་པ་གཅིག་ལ་འཇུག་ཅེས་བྱ་བ་སྨྲས་སོ། །འདིར་ནི་སེམས་དང་སེམས་ལས་བྱུང་བ་མཐའ་དག་ལ་སེམས་ཞེས་བྱའོ། །སེམས་ རྩེ་གཅིག་པ་ཞེས་བྱ་བ་ནི་སེམས་ཀྱི་རྩེ་གཅིག་པ་ལ་སེམས་རྩེ་གཅིག་པ་ཞེས་བྱའོ། །རྩེ་ཞེས་བྱ་བ་ནི་དམིགས་པ་ལ་བྱ་སྟེ། དམིགས་པ་གཅིག་ལ་འཇུག་པ་ཞེས་གང་སྨྲས་པའོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ་ཞེས་བྱ་བ་ནི་མཆོག་ཏུ་ཤེས་པས་ན་ཤེས་རབ་བོ། ། ཡང་ན་རབ་ཏུ་ཤེས་པས་ཤེས་རབ་སྟེ་ཁོང་དུ་ཆུད་པའོ། །རབ་ཀྱི་སྒྲ་ནི་འདུ་ཤེས་ལས་གཞན་དུ་བསྟན་པའི་ཕྱིར་རོ། །རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་ལ་ཆུང་ངུ་རྟོགས་པ་ནི་འབྱེད་པའོ། །འབྲིང་ནི་རྣམ་པར་འབྱེད་པའོ། །ཆེར་རྟོགས་པ་ནི་རབ་ཏུ་རྣམ་པར་འབྱེད་པའོ། །དེ་བས་ན་ ཐམས་ཅད་ཁོང་དུ་ཆུད་པར་བསྡུ་བའི་ཕྱིར་ཉེ་བར་སྒྱུར་བ་གཉི་ག་སྨོས་སོ། །རབ་ཏུ་རྣམ་པར་འབྱེད་པ་དེ་ཡང་ཤིན་ཏུ་རྣམ་པར་འབྱེད་པས་རབ་ཏུ་རྣམ་པར་འབྱེད་པའོ། །རབ་དེ་ཇི་ལྟ་བུ་ཡིན་པ་བསྟན་པའི་ཕྱིར། ཆོས་རྣམ་པ་བརྒྱད་པོ་དེ་དག་གི་ཞེས་བྱ་བ་སྨོས་ཏེ། གཟུགས་ལ་སོགས་ པའི་ཆོས་རྣམས་ནས་སོ་སོར་བརྟགས་པས་འགོག་པ་ལ་ཐུག་པ་དག་གོ། །ཇི་ལྟར་མཐུན་མཐུན་དུ་ཞེས་བྱ་བ་ནི་གང་ལ་གང་འཐད་པའོ། །དེ་གང་ཞེ་ན་སྡུད་པ་ལ་སོགས་པའོ། །དེ་ལ་སྡུད་པར་བྱེད་པས་སྡུད་པ་སྟེ། རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་ སྟེ་ས་ནི་སྲ་བས་བསྡུས་པ་སྟེ། སྲ་བའི་རང་བཞིན་ཞེས་བྱ་བར་ཤེས་སོ། །འཇིག་རྟེན་ན་དངོས་པོ་གཞན་གྱིས་སར་མཐོང་བ་མེད་དམ། དཔེར་ན་སྐུད་པས་གོས་ཀྱི་གཟུངས་བྱས་པ་དང་གདུང་རྟེན་གྱིས་གདུང་གི་གཟུངས་བྱས་པ་ལྟ་བུའོ། །དེ་ནི་རེས་འགའ་ཙམ་དང་རྒྱུ་ལ་རག་ ལས་ཏེ་འབྱུང་བའི་ཕྱིར་སྡུད་པ་སྟེ་བརྡ་ཅན་ནོ། །གང་རང་བཞིན་གྱིས་སྡུད་པ་དེ་ན་ཇི་སྲིད་དུ་རྫས་མེད་པར་མ་གྱུར་གྱི་བར་དུ་ཡོད་པ་དང་། རྒྱུ་གཞན་ལ་མི་ལྟོས་པའི་ཕྱིར་དོན་དམ་པའི་སྡུད་པ་སྟེ། སློབ་དཔོན་གྱི་ཉེ་གནས་བཞིན་དུ་དངོས་པོས་རང་བཞིན་གྱིས་བཟུང་ནས་འཁྱུད་པ་བཞིན་དུ་གནས་པ་ སྟེ། ས་ནི་རྫས་གཞན་དུ་འགྲོ་བ་བཀག་པའི་ངོ་བོས་སྲ་བ་བཟུང་ནས་གནས་པའོ། །མཚུངས་པར་ལྡན་པ་ནི་མཚུངས་པར་འཇུག་པ་སྟེ། དེ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིའོ། །ལྡན་པ་རྣམས་ཐོབ་པ་ལ་བྱའོ། །རྒྱུ་ནི་དྲུག་སྟེ་མཚུངས་པར་ལྡན་པ་དང་། ལྷན་ཅིག་ འབྱུང་བ་དང་། སྐལ་པ་མཉམ་པ་དང་། ཀུན་དུ་འགྲོ་བ་དང་། རྣམ་པར་སྨིན་པ་དང་། བྱེད་རྒྱུ་ཞེས་བྱའོ། །རྐྱེན་ནི་རྒྱུ་དང་། དེ་མ་ཐག་པ་དང་། དམིགས་པ་དང་། བདག་པོའི་རྐྱེན་གྱི་བྱེ་བྲག་གིས་གཞིའོ། །འབྲས་བུ་ནི་ལྔ་སྟེ། སྐྱེས་བུའི་བྱེད་པ་དང་། རྒྱུ་མཐུན་པ་དང་། རྣམ་ པར་སྨིན་པ་དང་། བདག་པོ་དང་། བྲལ་བ་ཞེས་བྱ་བའོ། །མཚུངས་པར་ལྡན་པ་ལ་སོགས་པ་དེ་དག་ནི་འོག་ཏུ་རྒྱས་པར་བཤད་པར་བྱའོ། །རང་དང་སྤྱི་ནི་རང་དང་སྤྱི་སྟེ། དེ་གཉིས་ཀྱི་མཚན་ཉིད་ནི་རང་དང་སྤྱིའི་མཚན་ཉིད་དོ། །དེ་ལ་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ནི་ཆོས་གཞན་ ཐམས་ཅད་ལས་བཟློག་པའི་ངོ་བོ་སྟེ། དཔེར་ན་མེའི་ཚ་བ་ལྟ་བུའོ། །སྤྱིའི་མཚན་ཉིད་ནི་ཆོས་ཐམས་ཅད་ཀྱི་ཐུན་མོང་གི་ངོ་བོ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ལ་སོགས་པའོ། །འདིས་རྟོག་པར་བྱེད་པས་རྟོག་པ་སྟེ་ཤེས་རབ་བོ། །རྟོག་པ་ཞེས་བྱ་བའི་སྒྲ་ནི་སོ་སོར་སྦྱར་ཏེ། སྡུད་པ་ལ་རྟོག་པ་དང་། མཚུངས་པར་ལྡན་པ་ལ་རྟོག་པ་ལ་སོགས་པ་ཞེས་བྱ་བར་སྦྱར་རོ། །དེ་དག་རང་གི་ངོ་བོ་ཇི་ལྟ་བ་བཞིན་དཔྱོད་དེ་རྟོག་པ་ཞེས་བྱ་བའི་ཐ་ཚིག་གོ། །རྟོག་པ་ནི་སེམས་རྩིང་བའི་མཚན་ཉིད་དོ་ཞེས་བྱ་བ་ལ་སེམས་ཀྱི་རྩིང་བ་ནི་སེམས་རྩིང་བའོ། །དེ་ཉིད་མཚན་ཉིད་དེ། སེམས་རྩིང་བའི་ མཚན་ཉིད་དེ་གང་ཡིན་པའོ། །གང་གི་དབང་གིས་སེམས་རྩིང་བར་གྱུར་པ་ཡིན་གྱི། སེམས་སམ་སེམས་ལས་བྱུང་བ་གཞན་དག་གིས་རྩིང་བ་མ་ཡིན་ཏེ། རང་བཞིན་གཞན་པའི་ཕྱིར་རོ། །དེ་ལ་རྩིང་བ་ནི་གསལ་བར་རྒྱུ་བ་ཉིད་དེ་ལུས་ཀྱི་ཚད་ཙམ་ནི་མ་ཡིན་ནོ། །འདི་ལྟར་ཡང་ འཇིག་རྟེན་ན་ཡང་གཟུགས་མེད་པ་ལ་བློ་རྩིང་ངོ་། །བློ་ཞིབ་པོ་ཞེས་ཐ་སྙད་འདོགས་པ་སྣང་ངོ་། །བསྟན་བཅོས་ལས་ཀྱང་རྣམ་པར་ཤེས་པ་རྩིང་ངོ་། །ཞིབ་པོ་ཞེས་འབྱུང་ངོ་། །གཉིས་སུ་ན་ཀུན་དུ་རྟོག་པ་ཞེས་ཀྱང་བྱ་སྟེ་ཞེས་བྱ་བ་ནི་གཉིས་སུ་ན་ཀུན་དུ་རྟོག་པ་གང་ཡིན་པ་དེའོ། །འདུ་ཤེས་ཉིད་རླུང་ཡིན་པས་འདུ་ཤེས་ཀྱི་ རླུང་སྟེ། འདུ་ཤེས་ཀྱི་རླུང་གིས་བསྐྱོད་ནས་འཇུག་པ་གང་ཡིན་པ་དེ་འདུ་ཤེས་ཀྱི་རླུང་གིས་བསྐྱོད་ནས་འཇུག་པ་སྟེ། འདུ་ཤེས་ཀྱིས་བཏང་ཞེས་བྱ་བའི་ཐ་ཚིག་གོ། །འདུ་ཤེས་ཀྱི་ཡུལ་གྱི་མཚན་མ་ཡོངས་སུ་བཅད་ནས་རྣམ་པར་རྟོག་པ་སེམས་ཡུལ་ལ་གཏོང་བར་ནུས་སོ། །ཚོགས་ ནི་འདུས་པ་སྟེ། རྣམ་པར་ཤེས་པ་ལྔ་པོ་དག་གི་ཚོགས་ནི་རྣམ་པར་ཤེས་པའི་ཚོགས་ལྔ་སྟེ། དེ་དག་ནི་རྩིང་བ་ཡང་ཡིན་ལ་རྣམ་པར་ཤེས་པའི་ཚོགས་ལྔ་ཡང་ཡིན་པས་རྣམ་པར་ཤེས་པ་རྩིང་བའི་ཚོགས་ལྔ་སྟེ། དེ་དག་གི་རྒྱུའོ། །དེ་དང་ལྡན་ན་དེ་དག་རྩིང་ངོ་ཞེས་བྱ་བར་བརྗོད་དོ། ། སེམས་ཞིབ་པ་ཉིད་ཀྱི་མཚན་ཉིད་དེ་ཞེས་བྱ་བ་ལ། ཞིབ་པའི་དངོས་པོ་ནི་ཞིབ་པ་ཉིད་དེ། སེམས་ཀྱི་ཞིབ་པ་ཉིད་ནི་སེམས་ཞིབ་པ་ཉིད་དོ། །དེའི་མཚན་ཉིད་ནི་སེམས་ཞིབ་པ་ཉིད་ཀྱི་མཚན་ཉིད་གང་ཡིན་པ་དེའོ། །དེ་ལ་ཞིབ་པ་ཉིད་ནི་མི་གསལ་བ་མི་རྣོ་བའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ འཇུག་པ་དང་མཐུན་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་འཇུག་པ་མཐུན་པའོ། །མཐུན་པ་ནི་མི་འགལ་བ་སྟེ། གེགས་བྱེད་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །འདིས་རྣམ་པར་དཔྱོད་པའི་ཡུལ་ལ་ཡང་དཔྱོད་དོ། །བག་མེད་པ་ནི་དགེ་བའི་ཆོས་རྣམས་མི་བསྒོམ་པ་སྟེ་ཞེས་བྱ་བ་ནི་བག་ཡོད་ པ་མ་ཡིན་པས་བག་མེད་པ་སྟེ། གང་དང་ལྡན་པས་དགེ་བའི་ཆོས་ལ་ཀུན་དུ་བསྟེན་པ་ཟད་པར་བྱེད་པའོ། །དོན་དེ་ཉིད་མི་འཇུག་པ་ཞེས་བྱ་བའི་དོན་གང་ཡིན་པའོ་ཞེས་བྱ་བས་སྟོན་ཏོ། །དེ་ལ་བདག་ལ་ཕན་པ་ལ་མངོན་པར་མི་བརྩོན་ཞིང་ཡལ་བར་འདོར་བ་ནི་བག་མེད་པ་སྟེ། རང་ལ་ ཕན་པ་ནི་དགེ་བའི་ཆོས་གོམས་པར་བྱེད་པའོ། །དེ་ལ་མངོན་པར་མི་བརྩོན་པ་ནི་དེ་ལ་མི་གཞོལ་བ་སྟེ་ཡལ་བར་འདོར་བའོ། །གང་ཡོད་ན་དེ་འབྱུང་བ་དེ་ནི་བག་མེད་པའོ། །བག་ཡོད་པ་ནི་དགེ་བའི་ཆོས་རྣམས་བསྒོམ་པ་སྟེ་ཞེས་བྱ་བ་དེ་ལ། འདི་ཡོད་ན་བག་མེད་པར་མི་བྱེད་པས་བག་ཡོད་པ་ སྟེ། དགེ་བའི་ནོར་བསྲུང་བའི་ཕྱིར་གང་གིས་འཇུག་པར་འགྱུར་བ་དེ་བག་ཡོད་པའོ། །བག་མེད་པའི་ཕྱིར་འཇིལ་བ་ཞེས་བྱ་བ་ནི་གཉེན་པོའོ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱོ་བ་ནི་འཁོར་བའི་ཉེས་པ་ལ་རྟོགས་པས་ཞེས་བྱ་བ་ལ་སོགས་པ་ལ། འཁོར་བའི་ཉེས་པ་ནི་འདོད་ཆགས་ལ་སོགས་ པ་དང་། རྒ་ཤི་དང་མྱ་ངན་ལ་སོགས་པ་སྟེ། དེ་དག་ལ་རྟོག་པ་ནི་འབྱེད་པའོ། །དེ་བས་ན་གང་སྐྱོ་བ་དེ་འདོད་ཆགས་དང་བྲལ་བ་དང་མཐུན་ཏེ། འདོད་ཆགས་དང་བྲལ་བའི་རྒྱུར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །ཡིད་བྱུང་ན་མི་ཆགས་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་རྣམ་པར་གྲོལ་བའི་ ཕྱིར་སེམས་ལས་བྱུང་བའི་ཆོས་གང་བྱུང་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་དང་ལྡན་པས་ཞེས་བྱ་བ་ནི་གང་དང་འབྲེལ་པས་སོ། །ཡིད་འབྱུང་བ་ཡིད་ལ་བྱེད་པ་ཞེས་བྱའོ་ཞེས་བྱ་བ་ནི་ཡིད་འབྱུང་བ་དང་ལྡན་པའི་ཡིད་ལ་བྱེད་པའོ། །རབ་ཏུ་དགའ་བ་ནི་མགུ་བ་དང་མཆོག་ཏུ་དགའ་བ་སྟེ། དགེ་བའི་ སེམས་ལ་གནོད་པ་ལས་བྱུང་བར་གཉེན་པོ་ཚོལ་བ་ཅན་ནོ། །དེ་རྙེད་ནས་དེ་ལ་ཡིད་ཚིམ་པ་གང་ཡིན་པ་དེ་ནི་མཆོག་ཏུ་དགའ་བའོ་ཞེས་བྱ་བ་དེ་ལ། འདོད་པའི་ཁམས་ནི་སྡུག་བསྔལ་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཕྱིར་གནོད་པ་སྟེ། དེ་ལས་བྱུང་བ་ནི་འདོར་བའོ། །འབྱུང་བའི་གཉེན་པོ་ནི་ གནོད་པར་བྱེད་པའི་ཕྱོགས་ཏེ། འདོར་བའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་ལམ་མོ། །གཉེན་པོ་ཚོལ་བ་ཅན་གྱི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་གཉེན་པོ་ཚོལ་བ་ཅན་ནོ། །གཉེན་པོ་ཚོལ་བ་ཅན་དེས་དེ་རྙེད་ནས་ཞེས་བྱ་བའི་རྙེད་པ་ནི་ཐོབ་པ་སྟེ། ལམ་དེ་རྙེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལ་ལམ་དེ་ རྙེད་ནས་ཡིད་ཡོངས་སུ་ཚིམ་པ་སྐྱེ་བ་གང་ཡིན་པ་དེ་མཆོག་ཏུ་དགའ་བ་སྟེ་དེ་དང་ལྡན་པས་ཡིད་བདེ་བ་དང་བྲལ་བ་མི་ལྕོགས་པ་མེད་པ་ལ་སོགས་པ་ལ་མཆོག་ཏུ་དགའ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་རབ་ཏུ་དགའ་བ་ནི་མགུ་བ་ཞེས་བྱ་བ་ལ་རབ་ཏུ་དགའ་བ་ནི་ཡིད་བདེ་བ་སྟེ། དེ་དང་ལྷན་ཅིག་ སྐྱེས་པ་ནི་མགུ་བ་དང་རངས་པའོ། །ཡང་དེ་ནི་རྣམ་གྲངས་སུ་བརྗོད་པའོ། །ཤིན་ཏུ་སྦྱངས་པ་ནི་སེམས་ལས་སུ་རུང་བ་ཉིད་དོ་ཞེས་བྱ་བ་ལ་ལས་དང་མཐུན་པ་ནི་ལས་སུ་རུང་བའོ། །ལས་སུ་རུང་བའི་དངོས་པོ་ནི་ལས་སུ་རུང་བ་ཉིད་དོ། །སེམས་ཀྱི་ལས་སུ་རུང་བ་ཉིད་ནི་སེམས་ལས་སུ་རུང་བ་ ཉིད་དེ། སེམས་འོས་སུ་གྱུར་ཅེས་བྱ་བའི་ཐ་ཚིག་སྟེ། གསེར་དུལ་མ་བཞིན་ནོ། །དཔེར་ན་གསེར་དུལ་མ་ནི་ཅི་དང་ཅིར་བརྡུང་བ་དེ་དང་དེར་ལས་སུ་རུང་བ་ཡིན་ནོ། །དེ་བཞིན་དུ་ཤིན་ཏུ་སྦྱངས་པའི་དབང་གིས་མཐོ་རིས་དང་ཐར་པ་ལ་སོགས་པ་གང་དང་གང་དུ་སེམས་སྦྱོར་བ་དེ་དང་དེར་ དགོས་པ་སྒྲུབ་པར་ནུས་པའི་ཕྱིར་ལས་སུ་རུང་བ་ཞེས་བྱའོ། །རྣམ་པར་མི་འཚེ་བ་ནི་གཞན་ལ་གནོད་པར་བྱེད་པ་ལ་མངོན་པར་དགའ་བ་དང་མི་མཐུན་པ་སེམས་བཟང་པོ་ཉིད་དེ་ཞེས་བྱ་བ་ལ། གཞན་དག་ལ་གནོད་པར་བྱེད་པ་ནི་གཞན་ལ་གནོད་པར་བྱེད་པའོ། །གཞན་ལ་གནོད་པར་ བྱེད་པ་དག་ལ་མངོན་པར་དགའ་བ་ནི་གཞན་ལ་གནོད་པར་བྱེད་པ་ལ་མངོན་པར་དགའ་བ་སྟེ། དེ་དང་མི་མཐུན་པའོ། །གང་གི་དབང་གིས་གཞན་ལ་རྣམ་པར་ཐོ་མི་འཚམས་པའོ་ཞེས་བྱ་བ་ནི་གནོད་པར་མི་བྱེད་མི་མཐུན་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལས་འབྱུང་བར་གཉེན་པོ་ཚོལ་ བ་ཅན་ནི་དེ་དང་མི་མཐུན་པའི་སེམས་བཟང་པོ་ཉིད་ཅེས་བྱའོ། །རིགས་པ་ལ་གཞོལ་བ་ནི་རིགས་པ་དང་མཐུན་པའོ། །རིགས་པ་ནི་འཕགས་པའི་ལམ་མོ། །དེ་ལ་གཞོལ་བ་ནི་དེར་གཞོལ་བ་སྟེ། དེར་ཕྱོགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་བདག་གི་དབང་དུ་བྱས་པ་དང་། ཆོས་ཀྱི་དབང་དུ་ བྱས་པ་ལས་བྱུང་བས་བདག་དང་ཆོས་ཀྱི་དབང་དུ་བྱས་པ་ལས་བྱུང་བའོ། །དེ་ལ་བདག་ཅེས་བྱ་བ་ནི་རང་གི་རྒྱུད་ཡོངས་སུ་བཟུང་བའོ། །བདག་གི་ཆོས་རྣམས་ནི་བདག་གི་ཡོན་ཏན་རྣམས་ཏེ་ཚུལ་ཁྲིམས་ལ་སོགས་པའོ། །དེ་དག་གི་དབང་དུ་བྱས་པ་ནི་བདག་གི་ཆོས་ཀྱི་དབང་དུ་བྱས་པ་སྟེ། དབང་དུ་བྱས་པ་ནི་ནུས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་བྱུང་བ་ནི་བདག་དང་ཆོས་ཀྱི་དབང་དུ་བྱས་པ་ལས་བྱུང་བ་སྟེ། མདོ་སྡེ་ལས་ཇི་སྐད་དུ་བསྟན་པ་ལྟ་བུ་སྟེ། བདག་ཉིད་ཀྱི་དབང་དུ་བྱས་ནས་མི་དགེ་བ་སྤོང་ཞིང་དགེ་བ་སྒོམ་པའོ་ཞེས་འབྱུང་བའི་ཕྱིར་རོ། །ཡང་ན་བདག་ གི་ཆོས་ནི་རིགས་ཀྱི་བུ་ལ་སོགས་པའོ། །ཇི་ལྟར་བདག་གི་ཆོས་ལས་བྱུང་བ་སྨྲས་པ། གང་གི་ཕྱིར་བདག་ནི་རིགས་ཀྱི་བུར་འགྱུར་ཏེ། འཕགས་པའི་ཆོས་ཀྱིས་དེ་སྒྲུབ་པ་ལ་མི་ཕྱོགས་པ་ནི་བདག་གི་ཆ་མ་ཡིན་ནོ་སྙམ་མོ། །སྲེད་པ་ནི་མངོན་པར་ཆགས་པའོ། །སྲེད་པའི་རྒྱུ་ལས་བྱུང་བ་ནི་ རྒྱུ་མཐུན་པ་སྟེ། སྲེད་པའི་རྒྱུ་མཐུན་པའོ། །སྲེད་པའི་རྒྱུ་མཐུན་པ་དེ་ནི་ངོ་ཚ་མི་ཤེས་པ་ཞེས་བྱ། དེ་དང་མི་མཐུན་པ་ནི་དེ་ཀུན་དུ་འབྱུང་བ་དང་འགལ་བའི་ཕྱིར་རོ། །སེམས་ཀྱི་དབང་སྟེ་ཞེས་བྱ་བ་ནི་སེམས་ལ་དབང་བྱེད་པའོ། །དེའི་བྱེད་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། གང་གི་ དབང་གིས་ཡོན་ཏན་རྣམས་དང་ཡོན་ཏན་ཅན་རྣམས་ལ་གུས་པ་དང་བཅས་པར་གནས་པའོ་ཞེས་བྱ་བ་སྨྲས་ཏེ། ཡོན་ཏན་ཅན་རྣམས་ནི་རང་གི་རྒྱུ་དང་འབྲེལ་པ་ཚུལ་ཁྲིམས་ལ་སོགས་པ་ལའོ། །ཡོན་ཏན་ཅན་རྣམས་ནི་སློབ་དཔོན་དང་མཁན་པོ་ལ་སོགས་པ་ལའོ། །ཁྲེལ་ཡོད་ པ་ནི་ཡོན་ཏན་ལ་གོམས་པར་བྱེད་པ་སྔོན་དུ་གཏོང་བ་ཞེས་བྱ་བ་ལ་སོགས་པ་ལ་གོམས་པར་བྱེད་པས་གོམས་པར་བྱེད་པའོ། །ཡོན་ཏན་ཅན་རྣམས་གོམས་པར་གང་བྱེད་པ་ནི། ཡོན་ཏན་གོམས་པར་བྱེད་པ་སྔོན་དུ་གཏོང་བའོ། །གཏི་མུག་ནི་མི་ཤེས་པའོ། །དེའི་རྒྱུ་མཐུན་པ་ནི་ཁྲེལ་མེད་པ་སྟེ། རྨོངས་པར་གྱུར་ན་སྲོག་གཅོད་པ་ལ་སོགས་པའི་བྱ་བ་དག་ལ་འཇུག་པས་ཁྲེལ་མེད་པར་འགྱུར་རོ། །དེའི་དགྲར་གྱུར་པས་ཆོས་ངན་པ་ལ་སྨོད་དེ། ཆོས་ངན་པ་དག་ནི་སྲོག་གཅོད་པ་ལ་སོགས་པའོ། །དེ་དག་ལ་སྨོད་པ་ནི་བཤུང་བའོ། །གང་ཡོད་ན་ཞེས་བྱ་བ་ནི་ཆོས་གང་སྐྱེས་ན་ཁ་ན་མ་ཐོ་བ་སྟེ་ སྡིག་པ་ལ་འཇིགས་པར་ལྟ་བ་ཡིན་ནོ། །བཏང་སྙོམས་ནི་མི་རིགས་པ་ཡང་མི་སེལ་བས་ཞེས་བྱ་བ་ལ་སོགས་པ་ལ་མི་རིགས་པ་སེལ་བ་དང་རིགས་པ་ལ་འཇུག་པའི་ཕྱིར་དེ་མི་རིགས་པ་སེལ་བ་ནི་བརྩོན་འགྲུས་ཀྱི་བྱེད་པའོ། །རིགས་པ་ལ་འཇུག་པ་ཡང་བརྩོན་འགྲུས་ཀྱི་བྱེད་པ་ཉིད་དོ། །དེ་ལ་ བཏང་སྙོམས་སུ་བྱེད་པ་ནི་བཏང་སྙོམས་སོ། །བཏང་སྙོམས་ཞེས་བྱ་བའི་ཆོས་དེ་ཡོད་པས་སེམས་དེ་བཏང་སྙོམས་དང་ལྡན་པ་ཞེས་བྱའོ། །བཏང་སྙོམས་ནི་རྣམ་པ་གསུམ་སྟེ། ཚད་མེད་པའི་བཏང་སྙོམས་ནི་འདི་ལྟ་སྟེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ། །དེ་ ལ་བྱམས་པ་ནི་བདེ་བ་ཉེ་བར་སྒྲུབ་པའི་མཚན་ཉིད་དོ། །སྙིང་རྗེ་ནི་སྡུག་བསྔལ་བའི་རྣམ་པའོ། །དགའ་བ་ནི་དགའ་བར་གྱུར་ཅིག་པའོ། །བཏང་སྙོམས་ནི་སེམས་ཅན་གྱི་རྣམ་པའོ། །ཚོར་བའི་བཏང་སྙོམས་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའོ། །འདི་ནི་ འདུ་བྱེད་ཀྱི་བཏང་སྙོམས་ཏེ། དེ་ཉིད་འདུ་བྱེད་ཀྱི་བཏང་སྙོམས་ཉིད་དུ་སྟོན་ཏོ། །དེ་ཡོད་པས་མི་རིགས་པ་ཡང་མི་སེལ་རིགས་པ་ལ་ཡང་མི་འཇུག་ཅེས་བྱ་བ་འདིས་ནི་བཏང་སྙོམས་ཀྱི་ལས་སྟོན་ཏོ། །སྲང་འཛིན་པའི་རིགས་པས་མཉམ་པ་ཉིད་དུ་གནས་པའོ་ཞེས་བྱ་བས་སྲང་འཛིན་ པས་སྲང་འཛིན་པའི་སྐྱེས་བུ་སྟེ། སྲང་དྲང་པོར་གྱུར་པ་ནི་རྫས་སྣོན་པ་དང་འབྲི་བ་མི་བྱེད་ཀྱི། བཏང་སྙོམས་འབའ་ཞིག་ཏུ་བྱེད་པ་དེ་བཞིན་དུ་བཏང་སྙོམས་སུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དཔེར་ན་བ་ལང་རྫིས་བ་ལངས་ནར་མི་བདེ་བ་ལས་བླན་ཏེ་ས་ནར་བདེ་བར་རྒྱུ་ཞིང་དོང་བ་ལ་ཡལ་བར་ འཇོག་པ་ལྟར་བཏང་སྙོམས་ཀྱང་དེ་བཞིན་ཏེ། བརྩོན་འགྲུས་ཀྱིས་སྡིག་པ་ལས་སེམས་བླན་ནས་རིགས་པ་ལ་རྒྱུ་བ་ན་བཏང་སྙོམས་སུ་འཇོག་སྟེ། མཐུན་པ་ལ་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བའི་རྩ་བ་གསུམ་སྟེ་ཞེས་བྱ་བ་ལ་ཀུ་ཤ་ཞེས་བྱ་བ་ནི་ཤེས་རབ་བོ། །ལ་ནི་དེ་ འཛིན་པ་སྟེ་ཤེས་རབ་འཛིན་པ་ནི་དགེ་བའོ། །དེ་ལ་མ་ཆགས་པ་ནི་ཡོ་བྱད་དང་ལུས་དང་སྐྱེ་བ་ལ་མངོན་པར་མ་ཆགས་པའོ། །མ་རིག་པ་དང་མི་མཛའ་བ་ལ་སོགས་པ་ལྟ་བུའི་དངོས་པོ་ཡིན་གྱི་ཆགས་པ་མེད་པ་ཙམ་ནི་མ་ཆགས་པ་མ་ཡིན་ནོ། །དགེ་བ་གཞན་རྣམས་ཏེ་དད་པ་ལ་སོགས་ པ་འབྱུང་བའི་རྒྱུའི་དངོས་པོ་ཡིན་པས་རྩ་བར་གྱུར་ཅེས་བྱ་བའོ། །བདེ་བའི་དོན་ནི་དགེ་བའི་དོན་ཏེ། དཔེར་ན་དགེ་བར་འོངས་པ་ལ་བདེ་བར་འོངས་པར་ཤེས་པ་ལྟ་བུའོ། །བདེ་བ་དེ་ཡང་སྲིད་པའི་ཡིད་དུ་འོང་བ་དང་། ཐར་པའི་མྱུ་གུ་མངོན་པར་འགྲུབ་པར་བྱེད་པས་ཞེས་བྱ་བར་སྟོན་ཏོ། ། སྲིད་པ་ཡིད་དུ་འོང་བ་ནི་ལྷ་དང་མིར་སྐྱེ་བའོ། །ཐར་པའི་མྱུ་གུ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་འཕངས་པ་གང་ཡིན་པའོ། །འཕངས་པ་དེའི་རྟགས་བརྗོད་པར་བྱ་སྟེ། གང་དམ་པའི་ཆོས་ཐོས་ནས་མཆི་མ་འབྱུང་བ་དང་སྤུ་ཟིང་ཞེས་བྱེད་པའོ། །ཡང་ན་ བྱང་བ་ལ་དགེ་བ་ཞེས་བྱའོ། །འགྲུབ་པས་ཞེས་བྱ་བ་ལ། གཟུགས་བཟང་པོ་ནི་མཛེས་པ་སྟེ། ཇི་སྐད་དུ་བཟོད་པས་མཛེས་པར་འགྱུར་ཞེས་བྱ་བ་ལྟ་བུའོ། །དེ་ལ་འདོད་པར་གཏོགས་པའི་སྲིད་པ་རྣམ་པ་ལྔ་ནི། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་སོ། །འདོད་པར་གཏོགས་པ་ནི་འདོད་པའི་ཁམས་དང་ལྡན་པའོ། །ཁོང་ཁྲོ་བ་ལྔ་ནི་སྡུག་བསྔལ་ལ་སོགས་པ་མཐོང་བ་དང་བསྒོམ་པས་སྤོང་བར་བྱ་བའི་ཞེ་སྡང་ངོ་། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་སུམ་ཅུ་རྩ་དྲུག་འོག་ནས་ འབྱུང་བ་དེ་དག་དང་ལྡན་པའི་མ་རིག་པ་ལས་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བའི་གཏི་མུག་མ་གཏོགས་པ་གཞན་མ་རིག་པ་སུམ་ཅུ་རྩ་བཞི་པོ་གང་ཡིན་པ་དེ་ནི་གཏི་མུག་གོ། །གཟུགས་དང་གཟུགས་མེད་པར་གཏོགས་པའི་སྲེད་པ་རྣམ་པ་བཅུ་ནི་སྡུག་བསྔལ་ལ་སོགས་པ་ མཐོང་བའི་བྱེ་བྲག་གིས་སོ། །དེ་ན་འབྱུང་བ་ནི་དེ་ན་ཡོད་པ་སྟེ། གཟུགས་དང་གཟུགས་མེད་པར་གཏོགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ནི་འོག་ནས་འཆད་པའོ། །དེར་གཏོགས་པ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པར་གཏོགས་པ་ཉིད་དེ། སྡུག་བསྔལ་ལ་སོགས་པ་ མཐོང་བའི་བྱེ་བྲག་གིས་ང་རྒྱལ་རྣམ་པ་བཅུའོ། །འདིར་འབྱུང་བ་ནི་འདི་ན་ཡོད་པ་སྟེ། འདོད་པར་གཏོགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཁ་ཅིག་ན་རེ་ཁེངས་པའི་མཚན་ཉིད་ཀྱི་ཕྱིར་མཐོ་བར་འགྲོ་བ་ནི་ང་རྒྱལ་ཡིན་ལ། རྩ་བ་ནི་བརྟན་པ་དང་ཐུར་དུ་ཟུག་པ་ཡིན་ན་རྩ་བ་དང་མི་མཐུན་པའི་ཆོས་ ཀྱི་ཕྱིར་ང་རྒྱལ་ནི་ལུང་དུ་མ་བསྟན་པའི་རྩ་བ་ཡིན་ནོ་ཞེས་ཟེར་བ་དེའི་ཕྱིར་ང་རྒྱལ་ཡང་ལུང་དུ་མ་བསྟན་པའི་རྩ་བ་ཉིད་དུ་བསྒྲུབ་པར་འདོད་ནས། བསམ་གཏན་པ་གསུམ་གྱི་ཕྱིར་ཏེ། འདི་ལྟར་བསམ་གཏན་པ་གསུམ་ནི། སྲེད་པ་དང་། ལྟ་བ་དང་། ང་རྒྱལ་གྱི་ཤས་ཆེ་བའི་བསམ་གཏན་པ་ སྟེ་ཞེས་བྱ་བ་སྨོས་སོ། །སྲེད་པའི་ཤས་ཆེ་བའི་བསམ་གཏན་ལ་བསམ་གཏན་དུ་བྱེད་པའི་ངང་ཚུལ་ཅན་དེ་དག་ནི་སྲེད་པ་ཤས་ཆེ་བའི་བསམ་གཏན་པ་སྟེ། སྲེད་པ་ལ་གནས་ཞེས་བྱ་བའི་ཐ་ཚིག་གོ། །ལྟ་བ་དང་ང་རྒྱལ་གྱི་ཤས་ཆེ་བའི་བསམ་གཏན་པ་ཡང་དེ་བཞིན་དུ་བརྗོད་པར་ བྱའོ། །ཀུན་དུ་སྦྱོར་བ་ནི་རྣམ་པ་དགུ་སྟེ་ཞེས་བྱ་བ་ནི་དེ་དག་གིས་སེམས་ཅན་རྣམས་ཁམས་དང་འགྲོ་བ་དང་སྐྱེ་གནས་རྣམས་སུ་ཀུན་དུ་སྦྱོར་བས་ཀུན་དུ་སྦྱོར་བ་རྣམས་སོ། །ཡང་ན་དེ་དག་ཡོད་ན་སྡུག་བསྔལ་གྱི་བྱེ་བྲག་དེ་དང་དེ་དག་དང་ཀུན་དུ་སྦྱོར་བས་ཀུན་དུ་སྦྱོར་བ་རྣམས་ཏེ། དེ་དག་ སྡུག་བསྔལ་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཕྱིར་རོ། །རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ཞེས་བྱ་བ་ནི་འདིས་ཡུལ་དེ་ལ་རྗེས་སུ་ཆགས་པར་བྱེད་པས་རྗེས་སུ་ཆགས་པ་སྟེ། ཀུན་དུ་འབྱར་ཀུན་དུ་ཆགས་ཞེས་བྱ་བའི་ཐ་ཚིག་གོ། །ཁམས་གསུམ་པའི་འདོད་ཆགས་ཏེ། གནས་དང་ དམིགས་པས་སོ། །རྒྱ་སྐྱེགས་ཞུ་བ་འབྱར་བ་ལྟ་བུ་ཞེས་བྱ་བ་ནི་རྒྱ་སྐྱེགས་ཞུ་བ་ལྟར་འབྱར་ཞིང་ཀུན་དུ་སྦྱོར་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་པ། །ཞེས་བྱ་བ་ནི་སེམས་ཅན་རྣམས་དང་མི་མཐུན་པའི་འདུ་ཤེས་ཅན་ཏེ། དེ་དག་དང་བྲལ་བར་འདོད་ པ་དང་ལྡན་པ་སེམས་མི་ཆོག་པ་ནི་ཁོང་ཁྲོ་བའོ། །དེ་ནི་འདོད་པ་ན་སྤྱོད་པ་ཉིད་དེ་རྣམ་པ་ལྔའོ། །འདིས་གནོད་པར་བྱེད་པའམ། །འདི་ཡོད་པས་ན་ཀུན་ནས་མནར་སེམས་པའོ། །ཚ་བའི་ས་བོན་ལྟ་བུ་ཞེས་བྱ་བ་ནི། དེ་ཚ་བ་ཡང་ཡིན་ལ་ས་བོན་ཡང་ཡིན་ པས་ཚ་བའི་ས་བོན་ཏེ། གནོད་པའི་བདག་ཉིད་ཡིན་པས་དེ་དང་འདྲའོ། །བདག་དང་གཞན་ལ་དམིགས་ནས་ཞེས་བྱ་བ་ནི་ཀུན་དུ་གཏི་མུག་པས་ཡོད་པ་དང་མེད་པ་ལ་གནས་པ་སྔོན་ལ་བཏང་ཏེ། བདག་དང་གཞན་གྱི་ཁྱད་པར་ལ་ལྟོས་ནས་སེམས་ཁེངས་པ་ནི་ང་རྒྱལ་ལོ། །སྐྱེས་བུ་རེངས་ པ་ལྟ་བུ་ཞེས་བྱ་བ་ནི་དཔེར་ན་རླུང་ལ་སོགས་པས་རེངས་པར་འགྱུར་བའི་སྐྱེས་བུས་སྒུ་མི་ནུས་པ་དེ་བཞིན་དུ་ང་རྒྱལ་གྱི་དབང་གིས་བླ་མ་རྣམས་ལ་མི་འདུད་པའོ། །དེ་ཡང་ཕྱེ་ན་རྣམ་པ་དུ་ཡོད་ཅེ་ན། དེའི་གྲངས་བསྟན་པའི་ཕྱིར། རྣམ་པ་བདུན་ཏེ་ཞེས་བྱ་བ་སྨོས་སོ། །བདག་ཏུ་ལྟ་བའི་རྗེས་ལས་ འབྱུང་བ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་སྔོན་དུ་བཏང་བ་སྟེ། བདག་ཡོད་པ་ཉིད་དུ་སྡུག་པ་ལ་སོགས་པའི་རྣམ་པར་སེམས་ཁེངས་པའོ། །ངའོ་སྙམ་པའི་ང་རྒྱལ་དེ་ཡང་འཇིག་ཚོགས་ལ་ལྟ་བ་དང་ཡུལ་གཅིག་སྟེ། གཉི་གའི་ཡུལ་ཡང་བདག་ཡིན་ནོ་ཞེས་བྱ་བའི་ཐ་ ཚིག་གོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པ་དང་། འཕགས་པའི་ལམ་དང་། མྱ་ངན་ལས་འདས་ པ་བསྡུ་བའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་དེ་ཉིད་གོང་མའི་བྱེ་བྲག་སྟེ། དེ་འཐོབ་པ་ནི་རྙེད་པའོ། །རིགས་ལ་སོགས་པ་ནི་ཞེས་བྱ་བ་ལ། རིགས་ནི་ཁྱིམ་པ་དང་རབ་ཏུ་བྱུང་བའོ། །སོགས་པ་སྨོས་པས་ནི་འདིར་བཟོ་དང་ཁྲིམས་ལ་སོགས་པ་བསྡུ་བའོ། །ཁྱད་ པར་ཆེས་འཕགས་པ་བས་བདག་ཅུང་ཟད་ཅིག་གིས་ཆུང་བར་ཞེས་བྱ་བར་ཡང་རིགས་ལ་སོགས་པ་དེ་བཞིན་དུ་བསྟན་ཏོ། །བྱེ་བྲག་ཆེར་ཞུགས་ཀྱང་བྱེ་བྲག་ཅུང་ཟད་ཅིག་གིས་ཆུང་བར་ལྟའི་ཇི་ལྟར་ཆུང་བ་དེ་ལྟར་བདག་ལ་མི་ལྟ་སྟེ་དེ་བས་ཅུང་ཟད་ཅིག་གིས་ཆུང་བར་ལྟའོ། །ཆུང་ བ་ཞེས་བྱ་བ་འདིར་ཇི་ལྟར་ཁེངས་པའི་གནས་ཡིན་ཞེ་ན། སེམས་ཅན་གྱི་ཕུང་པོ་འདོད་པ་མཆོག་རྣམས་པས་རྣམ་པར་ཆུང་ཡང་ཆེས་མང་དུ་རློམ་སེམས་བྱེད་པ་སྟེ། འདི་ནི་ཅུང་ཟད་སྙམ་པའི་ང་རྒྱལ་ལོ། །ཡོན་ཏན་མ་ཡིན་པ་དང་ལྡན་ཡང་ཞེས་བྱ་བ་དེ་ལ། ཡོན་ཏན་གྱི་དགྲར་གྱུར་པ་ནི་ལུས་དང་ངག་དང་ཡིད་ཀྱི་ཉེས་ པར་སྤྱོད་པ་རྣམས་ཏེ། ཡོན་ཏན་མ་ཡིན་པའོ། །དེ་དག་སུ་ལ་ཡོད་པ་དེ་ནི་ཡོན་ཏན་མ་ཡིན་པ་དང་ལྡན་པ་སྟེ། དེ་ལྟར་གྱུར་ཀྱང་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་རློམ་སེམས་སུ་བྱེད་པའོ། །ཉེས་པར་སྤྱོད་པ་དེས་ཁེངས་པ་ནི་ལོག་པའི་ང་རྒྱལ་ལོ། །བདག་ལ་ཡོན་ཏན་མེད་བཞིན་དུ་ཡོད་དོ་སྙམ་དུ་སེམས་ཁེངས་པ་ནི་ མངོན་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཡོན་ཏན་འདྲ་བའི་བག་གིས་ཁེངས་པ་ནི་མངོན་པའི་ང་རྒྱལ་ལོ། །ཡོན་ཏན་མེད་པར་ཡོན་ཏན་དུ་ཡོངས་སུ་བརྟགས་ནས་དེས་ཁེངས་པ་ནི་ལོག་པའི་ང་རྒྱལ་ལོ། །ཁམས་གསུམ་པའི་མི་ཤེས་པ་ཞེས་བྱ་བ་ནི་ཁམས་ གསུམ་ལ་གནས་པ་ཡིན་གྱི། ཁམས་གསུམ་ལ་དམིགས་པ་ནི་མ་ཡིན་ནོ། །གཞན་དུ་ན་ཟག་པ་མེད་པའི་འགོག་པ་དང་། ལམ་ལ་སོགས་པ་ཁམས་སུ་མ་ལྷུང་བ་ཡིན་ན། ཡུལ་དེ་མི་ཤེས་པ་ནི་འདིར་གཟུང་བར་མི་འགྱུར་བའི་སྐྱོན་དུ་འགྱུར་རོ། །མི་རྟོགས་པའི་མཚན་ཉིད་ཅེས་བྱ་བ་ནི་ དངོས་པོའི་རང་གི་ངོ་བོ་མི་རྟོགས་པའི་མཚན་ཉིད་དེ། དེ་ཁོ་ནའི་མཚན་ཉིད་ཁོང་དུ་ཆུད་པ་ལ་མ་ཕྱོགས་པ་ཡང་དག་པའི་དོན་མཐོང་བའི་གགས་བྱེད་པའི་ཆོས་སོ། །ལོང་བ་ལྟ་བུ་སྟེ་ཞེས་བྱ་བ་ལ་ལྟ་བུ་ཞེས་བྱ་བ་ནི་འདྲ་བ་ལ་བྱ་སྟེ། དཔེར་ན་ལོང་བ་ལ་ས་ནར་བདེ་བ་དང་མི་བདེ་བ་ལ་སོགས་ པ་མཐོང་བའི་མཐུ་མེད་པ་ལྟར་མ་རིག་པ་ཡང་དེ་བཞིན་ནོ། །དགག་པའི་གཉེན་པོ་ལ་གཞག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། རིག་པ་མེད་པ་ལ་མ་རིག་ཅེས་བྱ་ན་ནི་རྫས་མེད་པར་འགྱུར་རོ། །སྨད་པའི་རིག་པ་ལ་མ་རིག་ཅེས་བྱ་ན་ནི་ལྟ་བའི་ངོ་བོ་ཉིད་དུ་འགྱུར་ཏེ། དེ་བས་ན་ལྟ་བ་ དང་མཚུངས་པར་ལྡན་པར་མི་འགྱུར་རོ། །རིག་པ་མ་ཡིན་པ་ལ་བྱ་ན་ནི་མིག་ལ་སོགས་པ་ཡང་ཐལ་བར་འགྱུར་རོ། །དེ་བས་ན་མི་མཐུན་པ་ཉིད་དུ་སྟོན་ཏེ། རིག་པ་ལ་ཕྱིར་འཇིལ་བ་སྟེ། ཆོས་མ་ཡིན་པ་དང་དོན་མ་ཡིན་པ་དང་། མི་མཛའ་བ་དང་དགོས་པ་མ་ཡིན་པ་ལྟ་བུའོ། །དེ་བས་ན་ དགག་པ་འདི་ནི་མི་མཐུན་པ་ལ་སྙེགས་སོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཞེས་བྱ་བ་དེ་ལ། ཉེ་བར་ལེན་པ་ནི་ཉོན་མོངས་པ་རྣམས་སོ། །དེ་ལས་བྱུང་བའི་ཕུང་པོ་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ཏེ་དེ་དག་ཀྱང་གཟུགས་ལ་སོགས་པའོ། །འདིས་ནི་ཟག་པ་མེད་པའི་ཕུང་པོ་སེལ་ཏོ། །བདག་ མེད་པ་ཞེས་བྱ་བ་ནི་བདག་གི་རང་བཞིན་མ་ཡིན་པའོ། །བདག་གི་མེད་པ་ཞེས་བྱ་བ་ནི་བདག་གཞན་གྱི་ཡོ་བྱད་དུ་མ་གྱུར་པའོ། །འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་ནི་འཇིག་པའི་ཚོགས་ལ་ལྟ་བ་སྟེ་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡུལ་ཡིན་པའི་ཐ་ཚིག་གོ། །བདག་ཡོད་པ་ཉིད་དུ་ཞུགས་སུ་ཟིན་ ཀྱང་དེ་མེད་པའི་ཕྱིར་བདག་ཏུ་ལྟ་བ་ཞེས་ནི་མི་བྱའོ། །ཡུལ་མེད་པ་མ་ཡིན་པར་བསྟན་པའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་སྨྲས་སོ། །དེ་ནི་འཇིག་པ་ཡང་ཡིན་ལ་ཚོགས་ཀྱང་ཡིན་པས་འཇིག་ཚོགས་ཏེ། འཇིག་པ་ནི་འགྱུར་བའི་བདག་ཉིད་དོ། །ཚོགས་ནི་འདུས་པ་ཞེས་བྱ་བའི་ཐ་ ཚིག་གོ། །ཡང་ན་ཡོད་པ་སྟེ་དུ་མ་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ནི་བདག་ཡོད་པ་ཉིད་དུ་ཞུགས་ལ་དེ་ནི་མེད་པས་དེའི་དམིགས་པ་མེད་པར་འགྱུར་དུ་འོང་ཞེས་ཏེ་དེའི་དོན་དུ་ཡོད་པ་སྨོས་སོ། །དེ་ཡུལ་ཡོད་པར་གྱུར་ན་བདག་ཡོད་པར་གྲུབ་པོ་སྙམ་པ་དེ་བསལ་བའི་ ཕྱིར་ཚོགས་ཞེས་བྱ་བ་སྨོས་སོ། །བདག་ཏུ་སྨྲ་བ་རྣམས་ཀྱིས་ལུས་སོ་སོ་ལ་བདག་རེ་རེ་ཡོད་པར་བརྟགས་པ་དང་། ལུས་ཐམས་ཅད་ལ་གཅིག་ཡོད་པར་རྟོགས་པས་དེ་ནི་ཚོགས་མ་ཡིན་ནོ། །ཆད་པ་མ་ཡིན་ཞེས་བྱ་བ་ནི་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་དུ་རྒྱུད་ཀྱི་རྒྱུན་རྣམ་པར་ འཇིག་པས་ཆད་པ་མ་ཡིན་ནོ་ཞེས་བཤད་དོ། །རྟག་པ་མ་ཡིན་པ་ཞེས་བྱ་བ་ནི་ཐེར་ཟུག་མ་ཡིན་པ་སྟེ། སྐད་ཅིག་སོ་སོ་ལ་རྣམ་པར་འཇིག་པའི་ཕྱིར་རོ། །དེ་དག་ཉིད་ལ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་བདག་ཅེས་བྱ་བར་འདོད་པ་རྣམས་སོ། །ཆད་པ་ཞེས་བྱ་བ་ནི་ཤི་ཕན་ཆད་བདག་འབྱུང་བར་ མི་འགྱུར་རོ་ཞེས་མངོན་པར་ཞེན་པ་དེ་ཆད་པའི་མཐའོ། །རྟག་པ་ཞེས་བྱ་བ་ནི་ཐེར་ཟུག་སྟེ། བདག་དེ་འཆི་བ་མེད་ཀྱི་དེའི་ཕུང་པོ་རྣམས་ནི་སྦྲུལ་གྱི་པགས་པ་དང་འདྲ་བས་དེས་ཡོངས་སུ་འདོར་རོ་སྙམ་དུ་སེམས་པས་མཐར་འཛིན་པའོ། །དེ་ལྟར་གྱུར་པ་ལ་ཆད་པ་དང་རྟག་པའི་རྣམ་པའི་བློའི་ཁྱད་པར་གང་ ཡིན་པ་ནི་ཤེས་རབ་ཀྱི་ཁྱད་པར་རོ། །འདི་ནི་ཐར་པ་དང་མཐུན་པའི་ཕྱིར་ལུང་དུ་མ་བསྟན་པ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་ལྟ་སྟེ། འབྱུང་བར་མ་གྱུར་ཅིག །འབྱུང་བར་མི་འགྱུར་རོ་སྙམ་པ་འདི་ནི། ཕྱི་རོལ་པའི་ལྟ་བར་གྱུར་པ་རྣམས་ཀྱི་ནང་ན་མཆོག་གོ་ཞེས་གསུངས་སོ། །མཐའ་གཉིས་ ནི་ཆད་པ་དང་རྟག་པའི་མཐའོ། །ལས་མེད་དོ་ཞེས་བྱ་བ་ནི་ཀུན་འབྱུང་བའི་བདེན་པ་ལ་སྐུར་པ་འདེབས་པའོ། །ལས་ཀྱི་འབྲས་བུ་མེད་དོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་ལ་སྐུར་པ་འདེབས་པའོ། །ཐར་པ་མེད་དོ་ཞེས་བྱ་བ་ནི་འགོག་པའི་བདེན་པ་ལ་སྐུར་པ་འདེབས་པའོ། །དེ་ཐོབ་པར་བྱེད་པའི་ ལམ་ཡང་མེད་དོ་ཞེས་བྱ་བ་ནི་ལམ་གྱི་བདེན་པ་ལ་སྐུར་པ་འདེབས་པའོ། །དངོས་པོ་ཡོད་པ་ཡང་དག་པ་ཆུད་གཟོན་པ་ཞེས་བྱ་བ་ནི་དོན་དམ་པར་ཡོད་པའི་བདེན་པ་བཞི་པོ་ཡོད་ཡང་དག་པའི་དངོས་པོ་ཞེས་བརྗོད་པ་དེ་ལ་སྐུར་པ་འདེབས་པ་ཡོད་ཡང་དག་པར་ཆུད་གཟོན་པའོ། །ལྟ་བ་ལྔ་པོ་དེ་དག་ ཐམས་ཅད་ཀྱང་ལོག་པ་ཉིད་ཡིན་མོད་ཀྱི་འདི་ནི་ཡོད་པ་ཡང་དག་པའི་དངོས་པོ་ལ་སྐུར་པ་འདེབས་པའོ། །གཞན་ནི་སྒྲོ་འདོགས་པའོ། །དེ་བས་ན་འདི་ཉིད་ལ་ལོག་པར་ལྟ་བ་ཞེས་བརྗོད་དེ་ཤིན་ཏུ་ལོག་པར་ཞུགས་པས་གདོལ་པ་སྡིག་ཅན་བཞིན་ནོ། །དེ་ལ་འཇིག་ཚོགས་ལ་སོགས་པ་ལ་ལྟ་བ་དེ་ དག་ནི་དོན་དམ་པར་ནི་མཆོག་མ་ཡིན་ཏེ། ཟག་པ་དང་བཅས་པའི་ཕྱིར་རོ། །ཟག་པ་དང་བཅས་པ་ནི་དངོས་པོ་ངན་པ་སྟེ། སྤང་བར་བྱ་བའི་ཕྱིར་རོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ལྟ་བའི་གནས་སོ། །ལྟ་བ་མཆོག་ཏུ་འཛིན་པ་ཞེས་བྱ་བ་ནི་སོགས་པ་ཞེས་བྱ་བའི་སྒྲ་ཞིག་མི་མངོན་པར་བྱས་ པའི་ཕྱིར་ཏེ། ལྟ་བ་ལ་སོགས་པ་མཆོག་ཏུ་འཛིན་པ་བསྡུ་བར་བལྟའོ། །དེ་བས་ན་ལྟ་བ་མཆོག་མ་ཡིན་པ་དེ་དག་དང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་མཆོག་མ་ཡིན་པ་དེ་དག་ལ་མཆོག་ཏུ་འཛིན་པ་ཞེས་བྱ་བ་སྨོས་སོ། །འདི་རྣམས་ཇི་ལྟར་མཆོག་མ་ཡིན་ཞེ་ན། འཕགས་པ་རྣམས་ཀྱིས་སྤང་ བར་བྱ་བའི་ཕྱིར་རོ། །ཅིའི་ཕྱིར་སྤང་བར་བྱ་ཞེ་ན། སྡུག་བསྔལ་གསུམ་ཡོད་པའི་ཕྱིར་རོ། །བློའི་བྱེ་བྲག་གང་ཡིན་པ་ནི། ཤེས་རབ་ཀྱི་བྱེ་བྲག་གང་ཡིན་པ་སྟེ། དེ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །རྟོག་པ་ཞེས་བྱ་བ་ནི་དཔྱོད་པའོ། །ཚུལ་ཁྲིམས་ནི་རྒྱུའོ། །བརྟུལ་ཞུགས་ནི་ལམ་མོ། །དེས་ན་རྒྱུ་མ་ཡིན་ པ་ལ་རྒྱུར་ལྟ། ལམ་མ་ཡིན་པ་ལ་ལམ་དུ་ལྟ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །འདི་ལྟ་སྟེ་དཔེར་ན་དབང་ཕྱུག་དང་སྐྱེས་བུ་དང་། གཙོ་བོ་དང་དུས་ལ་སོགས་པ་འགྲོ་བའི་རྒྱུ་མ་ཡིན་པ་དེ་དག་ལ་ཡང་རྒྱུ་ཉིད་དུ་མཐོང་བས་རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བའོ། །ལམ་ནི་རྣམ་པ་གཉིས་ཏེ། མངོན་པར་མཐོ་བའི་དང་། ངེས་པར་ལེགས་པའོ། །དེ་ལ་མེ་དང་ཆུའི་ནང་དུ་འཇུག་པ་ལ་སོགས་པ་མཐོ་རིས་ཀྱི་ལམ་མ་ཡིན་པ་དེ་དག་ལ་ཡང་ལམ་དུ་མཐོང་བ་སྟེ། ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་དུ་ཟད་དོ། །རང་བཞིན་དང་སྐྱེས་བུའི་བྱེ་བྲག་གིས་ཤེས་པ་ལ་སོགས་པའི་ཐར་པའི་རྒྱུ་མ་ཡིན་པ་དེ་དག་ ལ་ཡང་ལམ་དུ་མཐོང་བས་ལམ་མ་ཡིན་པ་ལ་ལམ་དུ་ལྟའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་བྲམ་ཟེ་ཆོ་ག་ཅན་གཙང་སྦྲ་འདོད་པ་ལྟ་བུ་ཞེས་བྱ་བ་ནི་དཔེར་ན་བྲམ་ཟེ་ཆོ་ག་ཅན་གཙང་སྦྲ་འདོད་པ་ལ་སོགས་པས་གཙང་སྦྲ་བྱེད་པ་དག་མ་ཡིན་པའི་བདག་ཉིད་ཀྱིས་དག་པར་སེམས་པ་ ལྟར་ཆོས་དེ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །གཟུང་བ་དང་འཛིན་པའི་བྱེ་བྲག་གིས་ལྟ་བ་གསུམ་གཅིག་ཏུ་བསྡུས་ཏེ་ལྟ་བའི་ཀུན་དུ་སྦྱོར་བ་ཞེས་བཤད་དོ། །གཞན་མཆོག་ཏུ་འཛིན་པ་གཉིས་ནི་མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་ཞེས་བཤད་དོ། །དེ་ལ་གཟུང་བ་ནི་ལྟ་བ་ གསུམ་མོ། །འཛིན་པ་ནི་མཆོག་ཏུ་འཛིན་པ་གཉིས་ཏེ། གཅིག་ནི་མཆོག་ཏུ་འཛིན་པའོ། །ཅིག་ཤོས་ནི་དག་པར་འཛིན་པའོ། །འབྲས་བུ་རྣམ་པ་དེ་གསུམ་སྤངས་ན་ངེས་པར་ལེགས་པར་རྟོགས་པར་འགྱུར་གྱི། ཤེས་རབ་མེད་པར་ནི་ཐར་པ་མེད་དེ། དེ་ནི་མདོ་ལས་ཀྱང་། དགེ་སློང་དག་དེ་ལྟར་ན་ སེམས་ནི་གློག་ལྟ་བུའོ། །ཏིང་ངེ་འཛིན་ནི་རྡོ་རྗེ་ལྟ་བུའོ། །ཡེ་ཤེས་ནི་ཉོན་མོངས་པ་རྣམས་འཇིག་པའོ་ཞེས་གསུངས་སོ། །སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཞེས་བྱ་བ་བདེན་པ་རྣམས་ལ་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་རོ། །ཡིད་གཉིས་ཟ་བ་ནི་བློ་གྲོས་རྣམ་པ་གཉིས་ འབྱུང་བས་ཡིད་གཉིས་ཟ་བའོ། །བདེན་པ་རྣམས་ལ་ཞེས་བྱ་བ་ནི་འདི་བདེན་པའི་ཡུལ་ལ་ནི་ཡིན་གྱི་ཡུལ་གཞན་ལ་ནི་མ་ཡིན་ནོ། །དེ་བས་ན་སྡོང་དུམ་ལ་མི་ལ་སོགས་པར་སོམ་ཉི་ཟ་བས་ཐེ་ཚོམ་ཞེས་བྱའོ། །ཉོན་མོངས་པའི་ནད་གསོ་བ་ནི་ཤེས་རབ་ཉིད་དེ། གསོ་བ་ཞེས་བྱ་བ་ནི་དེའི་མི་མཐུན་ པའི་ཕྱོགས་ཆོས་ནི་ཐེ་ཚོམ་མོ། །ལམ་ཁ་བྲག་དང་རྩྭ་མི་འདྲ་བ་ཞེས་བྱ་བ་ནི་དཔེར་ན་ལམ་ཁ་བྲག་ཏུ་ཕྱིན་པའི་མི་ལམ་འདིར་འགྲོའམ། འོན་ཏེ་ལམ་འདིར་འགྲོ་སྙམ་དུ་སོམ་ཉི་ཟ་བ་ལྟར་ཐེ་ཚོམ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རྩྭ་མི་རྒྱང་རིང་བ་དང་མུན་པའི་ནང་ན་མཐོང་བ་ལ་གཞག་སྟེ། འདི་ནི་ཐེ་ ཚོམ་མོ། །ཁོང་ནས་འཁྲུགས་པ་ཞེས་བྱ་བའི་ཁྲོ་བ་ལས་ཆོས་གཞན་དུ་སྟོན་ཏོ། །གཞན་ལ་མི་གཏོང་ངོ་སྙམ་དུ་ཞེས་བྱ་བ་ནི་ངེས་པའི་ཚིག་གི་རིགས་པའོ། །སེམས་ཀྱི་ཀུན་དུ་འཛིན་པ་ཞེས་བྱ་བ་ནི་ཀུན་དུ་འཛིན་པས་ཀུན་དུ་འཛིན་པ་སྟེ། ཆོས་དང་ཟང་ཟིང་དང་མཁས་པ་ལ་མངོན་པར་ཆགས་པས་ སྔོན་དུ་འགྲོ་བ་ཆོས་ལ་སོགས་པ་དང་མི་འབྲལ་བར་འདོད་ལ། སྦྱིན་པ་དང་མི་མཐུན་པ་སྲེད་པའི་རྒྱུ་མཐུན་པའི་ཆོས་ནི་སེར་སྣའོ། །ཀུན་དུ་སྦྱོར་བའི་དོན་ནི་འཆིང་བའི་དོན་ཏེ་ཞེས་བྱ་བ་ནི་ཀུན་དུ་འདྲེ་བར་བྱེད་པས་ཀུན་དུ་སྦྱོར་བ་རྣམས་སོ། །མིག་གཟུགས་རྣམས་ལ་ཀུན་དུ་མི་སྦྱོར་ལ་ཞེས་བྱ་བ་ནི་འཆིང་ཞེས་བྱ་ བའི་ཐ་ཚིག་གོ། །འདུན་པའི་འདོད་ཆགས་ཞེས་བྱ་བ་ལ་འདུན་པ་ནི་མངོན་པར་འདོད་པའོ། །འདོད་ཆགས་ནི་མངོན་པར་ཆགས་པའོ། །མངོན་པར་འདོད་པ་སྔོན་དུ་སོང་བའི་མངོན་པར་ཆགས་པ་ནི་འདུན་པའི་འདོད་ཆགས་སོ། །དཀར་པོ་ཡང་ནག་པོ་ལ་མ་ཡིན་མོད་ཀྱི་གང་དེ་ན་འབྲེང་བ་ལ་སོགས་པ་ཡོད་པ་ དེ་ཀུན་དུ་སྦྱོར་བ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་བའི་དབང་གི་ཕྱིར་མདོ་ལས་འཆིང་བ་རྣམ་པ་གསུམ་གསུངས་སོ། །དེ་ལ་འདི་དག་གིས་སྲིད་པའི་བཙོན་རར་བཅིངས་པས་འཆིང་བ་རྣམས་ཏེ། འདོད་ཆགས་དང་བྲལ་བའི་རྒྱུད་ཀྱི་གེགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་འཆིང་བ་ གསུམ་བསྟན་པས་ནི་དགའ་བ་དང་དམའ་བའི་རྣམ་པ་དང་། གཉི་ག་ལས་བཟློག་པར་ཞུགས་པ་ཉོན་མོངས་པ་ཐམས་ཅད་རབ་ཏུ་བསྟན་ཏོ། །དེ་ལ་དགའ་བའི་རྣམ་པར་ཞུགས་པ་ནི་ང་རྒྱལ་ལ་སོགས་པ་སྟེ། འདོད་ཆགས་ཀྱིས་སྟོན་ཏོ། །དམའ་བའི་རྣམ་པར་ཞུགས་པ་ནི་ཐེ་ཚོམ་ལ་སོགས་པ་ སྟེ། ཞེ་སྡང་གིས་སྟོན་ཏོ། །གཉི་ག་ལས་བཟློག་པ་ནི་རྨུགས་པ་ལ་སོགས་པ་སྟེ། གཏི་མུག་གིས་སྟོན་ཏོ། །འདོད་པ་རྣམས་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་འདོད་ཆགས་པས་འདོད་ཆགས་པའོ། །སྡུག་བསྔལ་མཐོང་བ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཡུལ་ལམ་སྡུག་བསྔལ་གྱི་རྣམ་ པར་མཐོང་བས་སྡུག་བསྔལ་མཐོང་བའོ། །དེ་དག་ནི་སྡུག་བསྔལ་ལ་ཆོས་ཤེས་པ་དང་། རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པའོ། །དེ་གཉིས་ཀྱིས་སྤོང་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱའོ། །སྤོང་བ་ཞེས་བྱ་བ་ནི་དེའི་རྒྱུད་ལས་སེལ་བ་སྟེ། རྙེད་པའི་རྒྱུན་གཅོད་པ་དང་། དེ་ལ་བྲལ་ བའི་རྙེད་པ་བསྐྱེད་པའོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཇི་ལྟ་བར་ལམ་མཐོང་བས་སྤང་བར་བྱ་བའི་བར་ཡང་དེ་བཞིན་ནོ། །བསྒོམ་པ་ནི་དམིགས་པ་མ་ངེས་ཤིང་འབྲས་བུ་ཁྱད་པར་ཅན་ལ་ལྟོས་ནས་ཤེས་པ་གོམས་པར་བྱེད་པ་སྟེ། དེས་སྤང་བར་བྱ་བའི་འདོད་ཆགས་ནི་བསྒོམ་པས་སྤང་བར་བྱའོ། ། ནང་དུ་བལྟས་པར་གྱུར་པ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་འདོད་ཆགས་ནི་ཕལ་ཆེར་ཡུལ་ལ་མངོན་དུ་ཕྱོགས་པར་གྱུར་པས་ཕྱིར་བལྟས་པར་གྱུར་པའོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྙོམས་པར་འཇུག་པ་ཡུལ་ཡིན་པས་ནང་དུ་བལྟས་པ་ཞེས་བྱའོ། །འཇིག་ཚོགས་ལ་ལྟ་བ་དང་ མཐར་འཛིན་པར་ལྟ་བ་གཉིས་ལ་སྡུག་བསྔལ་མཐོང་བ་མ་སྨོས་པ་ནི་བདེན་པ་གཞན་མཐོང་བས་སྤང་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཐར་པར་འདུ་ཤེས་པ་བཟློག་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་ཐར་པར་འདུ་ཤེས་པ་དོར་བའི་ཕྱིར་ཁམས་གཉིས་ནས་སྐྱེས་པའི་འདོད་ཆགས་ནི་སྲིད་པའི་ འདོད་ཆགས་ཞེས་བྱའོ། །རྣམ་པས་ཐ་དད་པ་ཉིད་དེ་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བའི་ཕྱིར་རྣམ་པས་སོ། །ཁམས་དང་རྣམ་པ་སྟེ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཐ་དད་པའི་ཕྱིར་རོ། །ཚུལ་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ལ་འདོད་ཆགས་ ནི་ཆགས་པར་ཚུལ་གཅིག་པའི་ཕྱིར་རོ། །ཕྲ་རྒྱས་ཀྱི་དོན་གང་ཞེ་ན། ཕྲ་བའི་དོན་ཡིན་ན་ཚོར་བ་ལ་སོགས་པ་ལ་ཡང་ཐར་བར་འགྱུར་རོ། །དེ་ལ་ཉེས་པ་མེད་དེ། ཡོད་པ་དང་། འཁྲུལ་པ་ཡོད་པས་བྱེ་བྲག་དང་བྱེ་བྲག་གི་གཞིའི་དངོས་པོ་ཡིན་ནོ། །དེ་དག་ནི་འབྲས་བུས་ཆེ་བར་མངོན་པར་ ཡང་ཡོད་དེ། དཔེར་ན་མི་ཞིག་ཆགས་པར་གྱུར་ན་མིག་རྒོད་པ་དང་། སྐད་ཀྱི་གདངས་ཤྭ་ཤྭ་པོར་འགྱུར་བ་དང་། མི་ཞིག་ཁྲོས་པར་གྱུར་ན། མིག་ཚུགས་མེད་པ་དང་། སྒྲ་གྲག་པ་ལྟ་བུའོ། །དེ་སྐད་དུ་འཕགས་པ་ཀུན་དགའ་བོས་ཀྱང་། ཚེ་དང་ལྡན་པ་དག་བདག་གིས་ནི་རབ་ཏུ་བྱུང་ནས་ ལོ་ཉི་ཤུ་ལྷག་ཅིག་ལོན་གྱི་བར་དུ་སྔོན་འདོད་པའི་འདུ་ཤེས་བྱུང་བར་མ་དྲན་ནོ་ཞེས་གསུངས་སོ། །དེ་ལྟར་སེམས་ཅན་འདོད་ཆགས་ཀྱི་བསམ་པ་ཅན་ལ་ཞེ་སྡང་ལ་སྦྱོར་བ་དག་ཀྱང་ཡོད་དོ། །དེ་བཞིན་དུ་གཅིག་ལ་སྦྱར་བས་ཉོན་མོངས་པ་དྲུག་ཅར་ལ་སྦྱར་བར་བྱའོ། །འདོད་ཆགས་བཅོས་མ་ ཅན་ལ་ཚར་གཅད་པ་ཞེ་སྡང་ཡིན་པ་དག་ཀྱང་དེ་བཞིན་ནོ། །རྣམ་པ་འདིས་ཉོན་མོངས་པ་དྲུག་ཅར་ལ་སྦྱར་བར་བྱའོ། །དེས་ན་ཕྲ་བའི་དོན་ཞེས་བཤད་དོ། །ཡང་ན་ལུས་དང་སེམས་ཀྱི་རྒྱུན་རྗེས་སུ་སྙེགས་པ་སྟེ་ཞེས་བྱ་བ་ལུས་ཀྱི་རྒྱུན་དུ་འབྱུང་བ་ནི་དབང་པོ་གཞན་རྣམ་པར་བཟློག་པའོ། །སེམས་ཀྱི་རྒྱུན་ གྱི་རྗེས་སུ་སྙེགས་པ་ནི། འདི་ལྟ་སྟེ་འདོད་ཆགས་ཤས་ཆེ་བའོ། །ཞེ་སྡང་གིས་ནི་ལུས་རྣམ་པར་སྒྱུར་རོ། །སེམས་ཀྱི་རྒྱུད་ནི་འདི་ལྟ་སྟེ། ཞེ་སྡང་ཤས་ཆེ་བའོ། །དེ་ནི་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པའི་སྒྲིབ་པར་གསུངས་སོ། །ཆུ་ན་རྒྱུ་བས་ནམ་མཁའ་ལ་རྒྱུ་བའི་གྲིབ་མ་ལ་སྙེགས་པ་ ལྟ་བུའི་ཕྱིར་བག་ལ་ཉལ་ལོ་ཞེས་བྱ་བས་ནི་དོན་དེ་ཉིད་དཔེས་སྟོན་ཏོ། །མཁའ་ལ་རྒྱུ་བས་ན་མཁའ་ལ་རྒྱུ་བ་སྟེ་འདབ་ཆགས་སོ། །ཇི་ལྟར་དེ་དག་ཟས་ལ་ཆགས་པས་ཆུ་ན་རྒྱུ་ཞིང་གྲིབ་མ་ལ་སྙེགས་ཏེ། འདི་ལྷུང་མ་ཐག་ཏུ་བཟའོ་སྙམ་ནས་རྟག་ཏུ་རྗེས་སུ་འབྲང་བ་ལྟར་བག་ལ་ཉལ་བ་འདི་རྣམས་ ཀྱང་དེ་བཞིན་ཏེ། ཐོག་མ་མེད་པའི་འཁོར་བ་ན་རྙེད་པའི་རྒྱུན་མི་འཆད་པར་རྗེས་སྙེགས་པ་སྟེ་མི་གཏོང་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་གྱི་རྒྱུད་ལ་ཁྱབ་པའི་ཕྱིར་ཏིལ་རྣམས་ལ་ཏིལ་མར་ལྟ་བུར་གནས་ཏེ་དེའི་ཕྱིར་བག་ལ་ཉལ་ལོ། །དམིགས་པ་དང་ལྡན་པ་གཉིས་ཀྱིས་ཞེས་བྱ་བ་དེ་ ལ། བག་ལ་ཉལ་རྣམས་ཀྱི་དམིགས་པ་ནི་ཡུལ་བུད་མེད་ལ་སོགས་པའོ། །ལྡན་པ་ནི་སེམས་གང་དང་ལྷན་ཅིག་སྐྱེ་བའོ། །འདོད་པ་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་སྟེ་ཞེས་བྱ་བ་དེ་ལ་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཉིད་དེ། སྡུག་བསྔལ་ཉིད་ལ་བདག་ཏུ་ལོག་པར་རྟོགས་པའི་ཕྱིར་རོ། །སྡུག་བསྔལ་ལ་གཞན་དག་གིས་བདག་ཏུ་བརྟགས་པ་དེ་ཉིད་ལ་ཆད་པ་དང་རྟག་པའི་རྣམ་པར་འཛིན་པའི་ཕྱིར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང་། ལམ་ མཐོང་བས་སྤང་བར་བྱའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བར་བཤད་པ་སྙམ་ན། ཅིའི་ཕྱིར་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་མ་ཡིན། འདིར་སྨྲས་པ། གང་རྒྱུར་མངོན་པར་ཞེན་པ་དེ་ནི་རང་བཞིན་དང་སྐྱེས་བུ་ལ་སོགས་པ་ལ་རྟག་ པ་དང་བདག་ཏུ་འཛིན་པ་ལས་འབྱུང་ངོ་། །རང་བཞིན་ལ་སོགས་པ་དེ་དག་ལ་རྟག་པ་དང་བདག་ཏུ་འཛིན་པ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཉིད་དོ། །དེ་བས་ན་དེས་བྱས་པར་རྒྱུར་མངོན་པར་ཞེན་པ་ཡང་དེ་ཉིད་ཀྱིས་སྤོང་བར་འགྱུར་རོ། །དེའི་ཕྱིར་བདེན་པ་གཞན་མཐོང་བས་སྤང་བར་བྱ་བ་མ་ཡིན་ ནོ། །ལམ་ལ་ལོག་པར་རྟོགས་པའི་ཕྱིར་ལམ་མཐོང་བས་སྤང་བར་བྱའོ། །བསྒོམ་པས་སྤང་བར་བྱ་བ་བཞི་སྟེ་ཞེས་བྱ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་བསྟན་པ་དག་ལས་ལྟ་བ་རྣམས་དང་ཐེ་ཚོམ་སྟོན་ན་བཞིར་འགྱུར་རོ། །བརྒྱད་ཅུ་རྩ་བརྒྱད་ནི་མཐོང་བས་སྤང་བར་བྱའོ་ཞེས་བྱ་བ་ནི་མཐོང་བའི་ ལམ་གྱིས་སྤང་བར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། །བཅུ་ནི་བསྒོམ་པས་སྤང་བར་བྱ་བའོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་སྤང་བར་བྱའོ། །ཁམས་ཁམས་ཀྱི་ཞེས་བྱ་བ་ནི་སོ་སོའི་འོ། །སྡུག་བསྔལ་དང་རྒྱུ་མཐོང་བས་སྤང་བར་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་ སྤང་བར་བྱ་བའོ། །དེ་ལ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནི་ལྟ་བ་ལྔ་དང་ཐེ་ཚོམ་མོ། །ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ནི་ལྟ་བ་གཉིས་དང་ཐེ་ཚོམ་མོ། །དེ་དག་ཉིད་དང་ལྡན་པའི་མ་རིག་པ་གང་ཡིན་པ་དང་མ་འདྲེས་པ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའོ། །མ་ འདྲེས་པ་ཞེས་བྱ་བ་ནི་འབའ་ཞིག་སྟེ། ཉོན་མོངས་པ་གཞན་དང་མི་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་དུ་འགྲོ་བ་ཞེས་བྱ་བ་ནི་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་དངོས་པོ་རྣམ་པ་ལྔ་ལ་དམིགས་ནས་འགྲོ་ཞིང་འབྱུང་བ་ཀུན་དུ་འགྲོ་ བའོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཁམས་ཁམས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་གང་དག་ཟག་པ་དང་བཅས་པ་ལ་དམིགས་པ་ཞེས་བྱ་བ་ལ་ཟག་པ་ནི་ཉོན་མོངས་པ་རྣམས་སོ། །དེ་འབྱུང་བ་དང་མཐུན་པའི་དངོས་པོ་ནི་ཟག་པ་དང་བཅས་པའོ། །དེ་ལ་དམིགས་པ་ནི་འདོད་ཆགས་ལ་སོགས་པའོ། །དམིགས་ པ་དང་ལྡན་པ་གཉིས་ཀྱིས་ཞེས་བྱ་བ་དེ་ལ་དམིགས་པ་ནི་ཡུལ་གཟུགས་ལ་སོགས་པའོ། །ཚོར་བ་ལ་སོགས་པ་གང་དག་དང་ལྷན་ཅིག་འབྱུང་བ་དེ་ལྡན་པས་འཕེལ་བར་བྱེད་དོ། །དེ་དག་ནི་ལྡན་པ་སྟེ་ཞེས་བྱ་བ་ནི་དམིགས་པས་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན་འདོད་ཆགས་ལ་སོགས་པའི་གཉེན་པོ་ ཡིན་པའི་ཕྱིར་རོ། །ཟག་པ་མེད་པའི་དངོས་པོ་ལ་ནི་ཉོན་མོངས་པ་པ་དག་གནས་པར་མི་འགྱུར་ཏེ། རྡོ་བསྲེགས་པ་ལ་རྐང་མཐིལ་བཞག་པ་བཞིན་ནོ། །དེ་རྣམས་སྡུག་བསྔལ་ནས་ལམ་གྱི་བར་དག་མི་འདོད་དོ་ཞེས་བྱ་བ་ནི་དཔེར་ན་མི་ཁ་ཟས་ངན་པས་སྦོས་ནས་ཁ་ཟས་ཞིམ་པོ་ལ་ཡང་མི་འདོད་ པ་དེ་བཞིན་བྱིས་པ་མ་རིག་པས་སྦོས་པ་ཡང་བདེན་པ་བཞི་པོ་དག་ཡོད་བཞིན་དུ་མི་རྟག་པ་ལ་སོགས་པའི་རྣམ་པ་མི་འདོད་དེ། སྡུག་བསྔལ་ལ་སོགས་པའི་རྣམ་པར་མི་འཛིན་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་བག་ལ་ཉལ་མ་སྤངས་པ་དང་ཞེས་བྱ་བ་ནི་དེའི་རྙེད་པ་དང་མ་བྲལ་བའི་ཕྱིར་རོ། ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་ཡིད་ལ་བྱེད་པ་ཉོན་མོངས་པ་ཅན་མངོན་དུ་བྱེད་པའོ། །རྒྱུ་དང་ཡུལ་དང་སྦྱོར་བའི་སྟོབས་ཞེས་བྱ་བ་ལ། རྒྱུའི་སྟོབས་ནི་བག་ལ་ཉལ་མ་སྤངས་པའི་ཕྱིར་རོ། །ཡུལ་གྱི་སྟོབས་ནི་ཡུལ་མངོན་དུ་གྱུར་པའོ། །སྦྱོར་བའི་སྟོབས་ནི་ཚུལ་བཞིན་མ་ཡིན་པ་ཡིད་ ལ་བྱེད་པའོ། །དེ་ལ་ཚོར་བ་གང་ཉོན་མོངས་པ་གང་ལྡན་པ་དེ་དཔྱད་པར་བྱ་སྟེ། དེ་ལ་འདོད་པ་ལ་འདོད་ཆགས་ནི་བདེ་བ་དང་ཡིད་བདེ་བ་གཉིས་དང་ལྡན་ནོ། །ཞེ་སྡང་ནི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་གཉིས་དང་ལྡན་ནོ། །ང་རྒྱལ་ནི་འདོད་པའི་ཁམས་དང་བསམ་གཏན་གཉིས་དང་ས་གསུམ་པོ་ དག་ན་ནི་ཡིད་མི་བདེ་བའི་དབང་པོ་དང་ལྡན་ནོ། །བསམ་གཏན་གསུམ་པར་ནི་བདེ་བའི་དབང་པོ་དང་ལྡན་ནོ། །གོང་མ་རྣམས་སུ་ནི་བཏང་སྙོམས་ཀྱི་དབང་པོ་དང་ལྡན་ནོ། །འཇིག་ཚོགས་ལ་ལྟ་བའི་ས་གསུམ་པོ་དག་ན་ནི་ཡིད་མི་བདེ་བའི་དབང་པོ་དང་ལྡན་ནོ། །བསམ་གཏན་གསུམ་པར་ནི་བདེ་ བའི་དབང་པོ་དང་ལྡན་ནོ། །གོང་མ་རྣམས་སུ་ནི་བཏང་སྙོམས་ཀྱི་དབང་པོ་དང་ལྡན་ནོ། །ལོག་པར་ལྟ་བ་ནི་ཡིད་བདེ་བ་དང་། ཡིད་མི་བདེ་བ་གཉིས་དང་ལྡན་ནོ། །བསོད་ནམས་བྱེད་པ་རྣམས་ཀྱི་ནི་ཡིད་མི་བདེ་བའི་དབང་པོ་དང་ལྡན་ནོ། །བསོད་ནམས་མ་ཡིན་པ་བྱེད་པ་རྣམས་ཀྱི་ནི་ཡིད་བདེ་བའི་ དབང་པོ་དང་ལྡན་ནོ། །མཐར་འཛིན་པར་ལྟ་བའི་ནི་ཡིད་བདེ་བའི་དབང་པོ་དང་ལྡན་ནོ། །ས་ལྷག་མ་རྣམས་ན་ནི་ཚོར་བའི་རྫས་གང་ཡོད་པ་དང་ལྡན་པར་ཁོང་དུ་ཆུད་པར་བྱའོ། །ཐམས་ཅད་ཀྱང་རྒྱུན་ཆད་པའི་ཚེ་བཏང་སྙོམས་དང་ལྡན་ཏེ། རྒྱུན་ཆད་པ་ན་བཏང་སྙོམས་ཡོད་པའི་ཕྱིར་རོ། ། ཉོན་མོངས་པ་གང་རྣམས་ཡིན་པ་ཞེས་བྱ་བ་ནི་བག་ལ་ཉལ་ཞེས་བྱ་བ་རྣམས་སོ། །ཉེ་བའི་ཉོན་མོངས་པ་རྣམས་ཀྱང་དེ་རྣམས་ཡིན་མོད་ཀྱི་ཞེས་བྱ་བ་ནི་ཉེ་བའི་ཉོན་མོངས་པ་ཞེས་ཀྱང་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གང་དག་དེ་རྣམས་ལས་གཞན་པ་ཞེས་བྱ་བ་ནི་བག་ལ་ཉལ་བ་རྣམས་ ལས་སོ། །ཉོན་མོངས་པ་ཅན་ཀུན་ནས་ཉོན་མོངས་པའི་བདག་ཉིད་དུ་གྱུར་པའི་ཕྱིར་རོ། །འདུ་བྱེད་རྣམས་ཀྱི་ཕུང་པོར་བསྡུས་པ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོའི་བདག་ཉིད་དོ། །ཉེ་བའི་ཉོན་མོངས་པ་ཉིད་དོ་ཞེས་བྱ་བ་ནི་ཉོན་མོངས་པ་འབྱུང་བ་དང་མཐུན་པར་འཇུག་པའོ། །ཉེ་བའི་ཉོན་མོངས་པ་རྣམས་ནི་ ཉོན་མོངས་པའི་མཚན་ཉིད་མ་རྫོགས་པའི་ཕྱིར་རོ། །ཕ་རོལ་ལ་སླུ་བའོ་ཞེས་བྱ་བ་ནི་འཐོབ་པ་དང་བཀུར་སྟི་ལ་ཆགས་པས་གཞན་ལ་འདྲིད་པ་སྟེ་སྒྱུའོ། །གཞན་ལ་མི་ལྟོས་པ་ཞེས་བྱ་བ་འདིས་ནི་ང་རྒྱལ་ལས་ཁྱད་པར་དུ་སྟོན་ཏོ། །སེམས་ཡོངས་སུ་མི་འཛིན་པའོ་ཞེས་བྱ་བ་ནི་སེམས་ཁེངས་ པར་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། དེའི་དབང་གིས་སེམས་ཁེངས་པ་བཞིན་དུ་དགེ་བའི་བྱ་བ་ཐམས་ཅད་དང་མི་མཐུན་པ་ཡིན་ནོ། །ཕ་རོལ་ལ་རྣམ་པར་ཐོ་འཚམས་པའོ་ཞེས་བྱ་བ་ནི་ཕ་རོལ་ལ་གནོད་པ་སྟེ་ཡོངས་སུ་བཏང་བའི་བསམ་པ་མེད་པ་ནི་རྣམ་པར་འཚེ་བའོ། །ཁ་ན་མ་ཐོ་བ་དང་བཅས་པ་ནི་ལོག་པར་ལྟ་བ་ལ་ སོགས་པས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་བྱ་བར་རྣམ་པར་དམ་དུ་འཛིན་པའོ། །བསྒོ་བ་ནི་བསྙད་པ་སྟེ་རིགས་པ་བརྗོད་ཅེས་བྱ་བའི་ཐ་ཚིག་གོ། །ཁོན་དུ་འཛིན་པ་ནི་ཀུན་ནས་མནར་སེམས་ཀྱི་དངོས་པོ་མང་དུ་བྱེད་པའོ་ཞེས་བྱ་བ་དེ་ལ། ཀུན་ནས་མནར་སེམས་ནི་ཁོང་ཁྲོ་བ་སྟེ། དེའི་དངོས་ པོ་ནི་མི་མཛའ་བ་ལ་སོགས་པའོ། །འདི་བདག་ལ་གནོད་པ་བྱེད་པའོ་ཞེས་རྐྱེན་གྱིས་གནོད་པ་བྱེད་པའི་བསམ་པ་མི་འདོར་བ་ནི་མང་དུ་བྱེད་པ་སྟེ། འདིས་འདུད་པར་འཛིན་པས་ཁོན་དུ་འཛིན་པ་སྟེ། དེས་དེ་དཀྲིས་པ་ལྟ་བུར་སྣང་ངོ་། །སེམས་གྱ་གྱུ་བ་ཞེས་བྱ་བ་ནི་སེམས་མི་དྲང་བ་སྟེ། རང་གི་རྒྱུད་སྦས་ ཞེས་བྱ་བའི་ཐ་ཚིག་གོ། །དེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་བརྗོད་དོ། །གྱ་གྱུ་བ་ཇི་ལྟ་བུ་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི། རྟག་པ་གང་ཡིན་པ་མྱ་ངན་འདས་པའོ། །མི་རྟག་གང་ཡིན་འདུས་བྱས་ཆོས་ཀུན་ནོ། །དྲང་པོ་གང་ཡིན་འཕགས་པའི་ལམ་ཡིན་ནོ། །གྱ་གྱུ་གང་ཡིན་སྡིག་ ཅན་ལྟ་བའོ། །ཞེས་ཚིགས་སུ་བཅད་པ་ལས་འབྱུང་བའོ།། །།ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པ་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ། བམ་པོ་གསུམ་པ། ཀུན་ནས་དཀྲིས་ཏེ་འདུག་པ་ཞེས་བྱ་བ་ནི་འདི་དག་གིས་ཀུན་ནས་དཀྲིས་ཏེ། སེམས་ཅན་རྣམས་སྲིད་པའི་བཙོན་ར་ ན་འདུག་པས་ཀུན་ནས་དཀྲིས་ཏེ་འདུག་པ་རྣམས་སོ། །རྨུགས་པ་ཞེས་བྱ་བ་འདིས་དགེ་བའི་བྱ་བ་རྣམས་ལ་རྨུགས་པར་བྱེད་པས་རྨུགས་པ་སྟེ། ཞུམ་ཞེས་བྱ་བའི་ཐ་ཚིག་གོ། །ཡུར་བ་དང་མི་དགའ་བ་ལ་སོགས་པ་ལས་བྱུང་བ་ལུས་དང་སེམས་ལྕི་བར་གྱུར་པ་ནི་རྨུགས་པ་སྟེ། དེས་ནོན་ན་ལུས་དང་སེམས་ ཞུམ་ཞིང་བླུན་པོའི་དངོས་པོའི་ཚུལ་གྱིས་ལས་སུ་མི་རུང་བར་འགྱུར་རོ། །གཉིད་ནི་ལུས་དང་སེམས་འཛིན་པར་མི་ནུས་པ་དང་སྡུད་པ་སྟེ་ཞེས་བྱ་བ་ལ། ལུས་འཛིན་མི་ནུས་པ་ནི་རང་བཞིན་དུ་མི་གནས་པའི་ཕྱིར་རོ། །སེམས་འཛིན་མི་ནུས་པ་ནི་བརྩོན་འགྲུས་ཉམས་པར་བྱེད་པའི་ཕྱིར་རོ། །སེམས་སྡུད་པ་ནི་རྣམ་ པར་ཤེས་པའི་ཚོགས་ལྔ་སྡུད་པའོ། །དེ་ནི་དགེ་བ་དང་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །དེ་ལ་ཉོན་མོངས་པ་ཅན་གང་ཡིན་པ་དེ་ནི་ཀུན་ནས་དཀྲིས་ཏེ་འདུག་པའོ། །སེམས་མ་ཞི་བའོ་ཞེས་བྱ་བ་ནི་གཟུགས་དང་སྟོབས་དང་རིགས་དང་ལང་ཚོ་དང་ཕྱུག་པ་ལ་ སོགས་པའི་རྒྱགས་པས་བསྐྱེད་པ་ནི་སེམས་མ་ཞི་བའི་རྒྱུ་སྟེ། གང་དང་ལྡན་ན་སེམས་ཞི་བ་དང་མི་མཐུན་པར་གྱུར་པའི་ཆོས་དེ་ནི་རྒོད་པའོ། །ངན་པ་བྱས་པའི་དངོས་པོ་ནི་འགྱོད་པའོ་ཞེས་བྱ་བ་ལ། སྨད་པ་བྱས་པ་ནི་ངན་པ་བྱས་པ་སྟེ་བྱ་བ་ངན་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ནི་དེ་ལ་དམིགས་ པ་སེམས་ལས་བྱུང་བའི་ཆོས་ལ་འགྱོད་པ་ཞེས་བྱ་སྟེ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ཉེས་པར་སྤྱོད་པ་བྱས་ལ། སྦྱིན་པ་ལ་སོགས་པ་ལེགས་པར་སྤྱོད་པ་མ་བྱས་པས་གང་ཡིད་ལ་གཅགས་པ་དེ་ནི་འགྱོད་པ་དགེ་བའོ། །གང་སྦྱིན་པ་ལ་སོགས་པ་ལེགས་པར་སྤྱོད་པ་བྱས་ལ། དགྲ་གསད་ པ་ལ་སོགས་པ་ལེགས་པ་སྤྱོད་པ་མ་བྱས་པས་ཡིད་ལ་གཅགས་པ་གང་ཡིན་པ་དེ་ནི་འགྱོད་པ་ཉོན་མོངས་པ་ཅན་ཞེས་བྱའོ། །ཇི་ལྟར་ན་འགྱོད་པ་ཡིད་ལ་གཅགས་པའི་སྒྲར་བརྗོད་པ་ནི་དེའི་ཕྱིར་རྒྱུ་ལ་འབྲས་བུ་བཏགས་ཏེ་ཞེས་བྱ་བ་སྨྲས་ཏེ། འབྲས་བུ་ནི་ཡིད་ལ་གཅགས་པའོ། །རྒྱུ་ནི་འགྱོད་ པའོ། །འཇིག་རྟེན་ན་ཡང་གནས་ཀྱིས་གནས་པ་སྟོན་ཏེ་ཞེས་བྱ་བ་ཡིད་ལ་གཅགས་པའི་གནས་ལྟ་བུ་ནི་འགྱོད་པའོ། །ཁ་ན་མ་ཐོ་བ་ལ་འཇིགས་པར་མི་ལྟ་བའོ་ཞེས་བྱ་བ་ནི་ཉེས་པར་སྤྱོད་པ་ཀུན་དུ་འབྱུང་བ་ལ་ཡིད་འཕྲིག་མེད་ཅེས་བྱ་བའི་ཐ་ཚིག་གོ། །ཞེ་སྡང་དང་རྣམ་པར་འཚེ་བ་མ་གཏོགས་ཏེ་ཞེས་བྱ་བ་ དེ་ལ། ཞེ་སྡང་ནི་ཁོང་ཁྲོ་བའོ། །རྣམ་པར་འཚེ་བ་ནི་ཕ་རོལ་ལ་གནོད་པར་བྱེད་པའོ། །དེ་དག་ལ་གཞན་དུ་གྱུར་པ་སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཡུལ་ལ་ཀུན་ནས་མནར་སེམས་པ་སྟེ། འདིས་བདག་ལ་འདི་བྱས་སོ། །མི་ཕན་པ་བྱས་སོ་ཞེས་རྟོག་ཅིང་ཡོངས་སུ་གཏོང་བ་དང་ལྡན་པ་ཅན་མ་ ཡིན་པའི་སེམས་འཁྲུགས་པ་དེ་ནི་ཁྲོ་བའོ། །ཁ་ན་མ་ཐོ་བ་མཁྱུད་པའོ་ཞེས་བྱ་བ་ལ་ཁ་ན་མ་ཐོ་བ་བརྗོད་པར་བྱ་བ་དགེ་བ་སྟེ། བར