Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 147

Văn bản gốc(Tây Tạng)

Trang 4 / 21 (50.000 ký tự/trang)
ྤྱོད་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བ་ཆོས་སྟོན་པར་ཡང་མི་བྱེད་ལ། ཇི་ལྟར་ཐོས་པ་དང་། ཇི་ལྟར་ཉེ་བར་བསྟན་པ་དང་། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་
རྒྱས་པར་ཁ་ཏོན་དུ་ཡང་མི་བྱེད་ཀྱི། འོན་ཀྱང་ཇི་ལྟར་ཐོས་པ་དང་། ཇི་ལྟར་ཉེ་བར་བསྟན་པ་དང་། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་རྒྱས་པར་གཞན་དག་ལ་ཡང་དག་པར་གསལ་བར་བྱེད་དེ། ཇི་ལྟ་ཇི་ལྟར་ཐོས་པ་དང་། ཇི་ལྟར་ཉེ་བར་བསྟན་པ་དང་། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་
རྣམས་རྒྱས་པར་གཞན་དག་ལ་རབ་ཏུ་གསལ་བར་བྱེད་པ་དེ་ལྟ་དེ་ལྟར་ཆོས་རྣམས་ལྷག་པར་རིག་ཅིང་ལྷག་པར་རིག་པ་དང་། ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཆོས་རྣམས་ལྷག་པར་རིག་ཅིང་ལྷག་པར་རིག་པ་དང་། ཡང་དག་པའི་ཤེས་རབ་

ཀྱིས་ཇི་ལྟ་བ་བཞིན་མཐོང་བ་དེ་ལྟ་དེ་ལྟར་ཆོས་རྣམས་ལ་དོན་གྱི་ཤུགས་རྙེད་པ་དང་། ཆོས་ཀྱི་ཤུགས་རྙེད་པ་དང་། སྟོན་པ་ལ་རབ་ཏུ་དད་པར་འགྱུར་རོ། །གཞན་ཡང་འདི་ན་འཕགས་པ་ཉན་ཐོས་སྟོན་པའམ་ཚངས་པར་སྤྱོད་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བ་དག་ཆོས་སྟོན་
པར་ཡང་མི་བྱེད་ལ། ཇི་ལྟར་ཐོས་པ་དང་། ཇི་ལྟར་ཉེ་བར་བསྟན་པ་དང་། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་རྒྱས་པར་ཁ་ཏོན་དུ་ཡང་མི་བྱེད་ལ། ཇི་ལྟར་ཐོས་པ་དང་། ཇི་ལྟར་ཉེ་བར་བསྟན་པ་དང་། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་ལ་རྒྱས་པར་གཞན་དག་ལ་རབ་ཏུ་གསལ་བར་ཡང་མི་
བྱེད་ཀྱི། འོན་ཀྱང་ཇི་ལྟར་ཐོས་པ་དང་། ཇི་ལྟར་ཉེ་བར་བསྟན་པ་དང་། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་གཅིག་པུ་དབེན་པར་སོང་སྟེ། དོན་སེམས་ཤིང་འཇལ་བ་དང་ཉེ་བར་རྟོག་པར་བྱེད་དོ། །ཇི་ལྟ་ཇི་ལྟར་ཐོས་པ་དང་། ཇི་ལྟར་ཉེ་བར་བསྟན་པ་དང་། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་
གཅིག་པུ་དབེན་པར་སོང་སྟེ། དོན་སེམས་ཤིང་འཇལ་བ་དང་ཉེ་བར་རྟོག་པར་བྱེད་པ་དེ་ལྟ་དེ་ལྟར་ཆོས་རྣམས་ལྷག་པར་རིག་ཅིང་ལྷག་པར་རིག་པ་དང་། ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཆོས་རྣམས་ལྷག་པར་རིག་ཅིང་ལྷག་པར་རིག་པ་དང་། ཡང་
དག་པའི་ཤེས་རབ་ཀྱིས་མཐོང་བ་དེ་ལྟ་དེ་ལྟར་ཆོས་རྣམས་ལ་དོན་གྱི་ཤུགས་རྙེད་པ་དང་། ཆོས་ཀྱི་ཤུགས་རྙེད་པ་དང་། ཆོས་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་པར་འགྱུར་ཏེ། གཞན་གྱི་སྒྲ་དང་ནང་གི་བདག་ཉིད་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཡང་དག་པའི་ལྟ་བ་མ་སྐྱེས་པ་སྐྱེ་བར་འགྱུར་ཞིང་།
སྐྱེས་པ་འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་ཞིང་། ལྟ་བའི་ཕུང་པོ་ཡོངས་སུ་མ་རྫོགས་པ་ཡོངས་སུ་རྫོགས་པར་བྱ་བ་དང་། ཡོངས་སུ་རྫོགས་པ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་འདུན་པ་སྐྱེད་ཅིང་རྩོལ་བ་དང་། བརྩོན་འགྲུས་དང་། སྤྲོ་བ་དང་། རྩོམ་པ་དང་། མི་གཏོང་བ་དང་།
སེམས་ཡོངས་སུ་འཛིན་ཏེ། འདི་ནི་ལྟ་བ་ཡོངས་སུ་དག་པའི་གཙོ་བོ་ཞེས་བྱའོ། །སྟག་གི་བྱང་ཆུབ་ཀྱི་བུ་དག་རྣམ་པར་གྲོལ་བ་ཡོངས་སུ་དག་པའི་གཙོ་བོ་གང་ཞེ་ན། འདི་ན་འཕགས་པ་ཉན་ཐོས་འདོད་ཆགས་ལས་སེམས་འདོད་ཆགས་དང་རྣམ་པར་བྲལ་ཞིང་རྣམ་པར་གྲོལ་བ་ཡིན། ཞེ་

སྡང་ལས་སེམས་འདོད་ཆགས་དང་རྣམ་པར་བྲལ་ཞིང་རྣམ་པར་གྲོལ་བ་ཡིན། གཏི་མུག་ལས་སེམས་འདོད་ཆགས་དང་རྣམ་པར་བྲལ་ཞིང་རྣམ་པར་གྲོལ་བ་ཡིན། འདི་ནི་རྣམ་པར་གྲོལ་བ་ཡོངས་སུ་དག་པའི་གཙོ་བོ་ཞེས་བྱའོ། །དེ་ནས་རོ་ཅན་པ་ཀྲོན་དྷི་པ་དག་ཚེ་དང་ལྡན་པ་ཀུན་དགའ་བོས་བཤད་
པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོའི་རྐང་པ་ལ་མགོ་བོས་ཕྱག་བྱས་ནས་སོང་ངོ་ཞེས་གསུངས་སོ། །ཆོས་མངོན་པ་མཛོད་ཀྱི་རྣམ་པར་བཤད་པ་ཉེ་བར་མཁོ་བ་ལས་གནས་དྲུག་པ་ཕལ་ཆེར་མདོ་དང་སྦྱར་བ་རྫོགས་སྷོ།། །།འོ་ན་བཅོམ་ལྡན་འདས་
ཀྱིས་འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཞེས་བྱ་བ་ལ། གནས་མང་པོ་ལས་བཤད་དེ། ཇི་ལྟར་རེ་ཞིག་དྲན་པ་ཉེ་བར་གཞག་པ་ལ་བསྒོམ་པ་ལས་འདི་ན་དགེ་སློང་འདོད་ཆགས་དང་བཅས་པའི་སེམས་ལ་འདོད་
ཆགས་དང་བཅས་པའི་སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་
དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། རྣམ་པར་གཡེངས་པ་དང་། ཀུན་དུ་བསྡུས་པ་དང་། ཞུམ་པ་དང་། རབ་ཏུ་བཟུང་བ་དང་། རྒོད་པ་དང་། རྒོད་པ་མ་ཡིན་པ་དང་། རྣམ་པར་མ་ཞི་བ་དང་། རྣམ་པར་ཞི་བ་དང་། མཉམ་པར་མ་བཞག་པ་དང་། མཉམ་པར་བཞག་པ་དང་།
མ་བསྒོམས་པ་དང་། བསྒོམས་པ་དང་། རྣམ་པར་མ་གྲོལ་བ་དང་། རྣམ་པར་གྲོལ་བའི་སེམས་ལ་རྣམ་པར་གྲོལ་བའི་སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ཤིན་ཏུ་རྣམ་པར་གྲོལ་བའི་སེམས་ལ་ཤིན་ཏུ་རྣམ་པར་གྲོལ་བའི་སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་
རབ་ཏུ་ཤེས་སོ་ཞེས་གསུངས་སོ། །མདོ་ལས་ཇི་ལྟར་སེམས་ནང་དུ་བསྡུས་པ་ཡིན་ཞེ་ན་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་བཤད་པར་བྱ་སྟེ། དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །དགེ་སློང་དག་ཇི་

ལྟར་ན་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་ཡིན་ཞེ་ན། འདི་ན་དགེ་སློང་བདག་གི་འདུན་པ་ཞུམ་པ་དང་། རབ་ཏུ་བཟུང་བ་དང་། ནང་དུ་བསྡུས་པ་དང་། ཕྱི་རོལ་དུ་རྣམ་པར་གཡེངས་པར་མ་གྱུར་ཅིག །སྔ་མ་དང་ཕྱི་མའི་འདུ་ཤེས་དང་། འོག་མས་སྟེང་འོག་གི་འདུ་ཤེས་
སུ་གྱུར་ཅིག །འདུན་པ་མ་བསྒྲིབས་ཤིང་མ་གཡོགས་ལ་འདུན་པ་སྣང་བ་དང་བཅས་ཤིང་ལྷན་ཅིག་པར་གྱུར་པ་དང་། འདི་ལྟར་བདག་གི་འདུན་པ་མུན་པའི་རང་བཞིན་དུ་མ་གྱུར་ཅིག་ཅེས་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་
ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤངས་པས་ཡོངས་སུ་བསྒྱུར་བ་སྒོམ་པར་བྱེད་དོ། །ཇི་ལྟར་ན་འདུན་པ་ཞུམ་པ་ཡིན་ཞེ་ན། ལེ་ལོ་དང་ལྷན་ཅིག་པར་གྱུར་པ་སྟེ། དེ་ལྟར་ན་འདུན་པ་ཞུམ་པ་ཡིན་ནོ། །ཇི་ལྟར་ན་འདུན་པ་རབ་ཏུ་བཟུང་བ་ཡིན་ཞེ་ན།
འདུན་པ་གང་རྒོད་པ་དང་ལྷན་ཅིག་པར་གྱུར་པ་སྟེ། དེ་ལྟར་ན་འདུན་པ་རབ་ཏུ་བཟུང་བ་ཡིན་ནོ། །ཇི་ལྟར་ན་འདུན་པ་ནང་དུ་བསྡུས་པ་ཡིན་ཞེ་ན། འདུན་པ་གང་རྨུགས་པ་དང་། གཉིད་དང་ལྷན་ཅིག་པར་གྱུར་ཅིང་ནང་དུ་ཀུན་འགོག་པ་དང་ལྷན་ཅིག་པར་གྱུར་ལ་ལྷག་མཐོང་དང་མཚུངས་པར་མི་
ལྡན་པ་ཡིན་ནོ། །ཇི་ལྟར་ན་ཕྱི་རོལ་དུ་རྣམ་པར་གཡེངས་པ་ཡིན་ཞེ་ན། འདུན་པ་གང་འདོད་པའི་ཡོན་ཏན་ལྔ་རྣམས་ལ་གཡེངས་ཤིང་རྣམ་པར་འཕྲོས་པ་ཡིན་ནོ། །དེ་ལྟར་ན་འདུན་པ་ཕྱི་རོལ་དུ་རྣམ་པར་གཡེངས་པ་ཡིན་ནོ། །ཇི་ལྟར་ན་སྔ་མ་དང་ཕྱི་མའི་འདུ་ཤེས་སུ་འགྱུར་ཞེ་ན། འདི་
ན་དགེ་སློང་སོ་སོར་རྟོག་པའི་རྒྱུ་མཚན་ཉིད་ལེགས་པར་རབ་ཏུ་བཟུང་ཞིང་ཡིད་ལ་བྱེད་པ་བསྟེན་ཅིང་སོ་སོར་རིག་པ་སྟེ། འདི་ལྟ་སྟེ། འདུག་ཅིང་གནས་པ་ལ་ཉེ་བར་རྟོག་པ་དང་། འདུག་ཅིང་གཉིད་ལོག་པ་དང་། མདུན་དུ་འགྲོ་བ་དང་། ཕྱི་ནས་འགྲོ་བ་ལ་ཉེ་བར་རྟོག་པ་དེ་བཞིན་དུ་དགེ་
སློང་སོ་སོར་རྟོག་པའི་རྒྱུ་མཚན་ཉིད་ལེགས་པར་རབ་ཏུ་བཟུང་སྟེ། ཡིད་ལ་བྱེད་པ་བསྟེན་ཅིང་སོ་སོར་རིག་པ་སྟེ། འདི་ལྟར་ན་སྔོན་དང་ཕྱི་མའི་འདུ་ཤེས་སུ་འགྱུར་རོ། །འདི་ན་དགེ་སློང་ལུས་འདི་ལ་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་སྐྲ་དང་། ཀླད་པ་དང་། པགས་པའི་མཐར་ཐུག་པར་ཇི་

ལྟར་གནས་པ་དང་། ཇི་ལྟར་སྨོན་པ་མི་གཙང་བའི་རྫས་རྣམ་པ་དུ་མས་ཡོངས་སུ་གང་བར་སོ་སོར་རྟོག་པར་བྱེད་དེ། ལུས་འདི་ལ་སྐྲ་ཡང་ཡོད། བ་སྤུ་དང་། ཁ་དང་། སོ་དང་། རྡུལ་དང་། དྲི་མ་དང་། པགས་པ་དང་། ཤ་དང་། རུས་པ་དང་། ཆུ་བ་དང་། རྩ་དང་། མཆིན་
པ་དང་། གློ་བ་དང་། རྒྱུ་མ་དང་། གཉེ་མ་དང་། ཕོ་བ་དང་། ལོང་ཀ་དང་། ལྟོ་བ་དང་། མཆེར་པ་དང་། རྔུལ་དང་། མཆི་མ་དང་། མཆིལ་མ་དང་། སྣབས་དང་། མཁྲིས་པ་དང་། བད་ཀན་དང་། རྣག་དང་། ཁུ་བ་དང་། ཀླད་པ་དང་། ཀླད་རྒྱས་དག་འཛག་པའོ། །
ཞེས་དེ་ལྟར་ན་སྟེང་དང་འོག་གི་འདུ་ཤེས་སུ་འགྱུར་རོ། །ཇི་ལྟར་ན་བདག་གི་སེམས་མ་བསྒྲིབས་ཤིང་མ་གཡོགས་ལ་སེམས་སྣང་བ་དང་བཅས་ཤིང་ལྷན་ཅིག་པར་གྱུར་པ་དང་། ཇི་ལྟར་བདག་གི་སེམས་མུན་པའི་རང་བཞིན་དུ་མ་གྱུར་ཅིག་ཅེས་བྱ་བར་འགྱུར་ཞེ་ན། འདི་ན་དགེ་སློང་སྣང་བའི་
འདུ་ཤེས་ལེགས་པར་རབ་ཏུ་བཟུང་སྟེ། ཡིད་ལ་བྱེད་དེ་སྟོན་ཅིང་སོ་སོར་རིག་པ་སྟེ། ཉིན་མོ་ཇི་ལྟ་བར་མཚན་མོ་དེ་བཞིན། མཚན་མོ་ཇི་ལྟ་བར་ཉིན་མོ་དེ་བཞིན། སྔོན་ཇི་ལྟ་བར་ཕྱིས་དེ་བཞིན། ཕྱིས་ཇི་ལྟ་བར་སྔོན་དེ་བཞིན། སྟེང་དུ་ཇི་ལྟ་བར་འོག་ཏུ་དེ་བཞིན། འོག་ཏུ་ཇི་ལྟ་བར་སྟེང་དུ་
དེ་བཞིན་ནོ་ཞེས་བདག་གི་སེམས་མ་བསྒྲིབས་ཤིང་མ་གཡོགས་ལ་སེམས་སྣང་བ་དང་བཅས་ཤིང་ལྷན་ཅིག་པར་གྱུར་པ་དང་། འདི་ལྟར་བདག་གི་སེམས་མུན་པའི་རང་བཞིན་དུ་མ་གྱུར་ཅིག་ཅེས་བྱ་སྟེ། འདི་ལྟར་ན་བདག་གི་སེམས་མ་བསྒྲིབས་ཤིང་མ་གཡོགས་ལ་སེམས་སྣང་བ་དང་བཅས་ཤིང་
ལྷན་ཅིག་པར་གྱུར་པ་དང་། འདི་ལྟར་བདག་གི་སེམས་མུན་པའི་རང་བཞིན་དུ་མ་གྱུར་ཅིག་ཅེས་བྱ་བར་འགྱུར་རོ། །འདི་ན་དགེ་སློང་བདག་གི་དཔྱོད་པ་ཞུམ་པ་དང་། རབ་ཏུ་བཟུང་བ་དང་། ནང་དུ་བསྡུས་པ་དང་། ཕྱི་རོལ་དུ་རྣམ་པར་གཡེངས་པར་མ་གྱུར་ཅིག །སྔ་མ་དང་ཕྱི་མའི་འདུ་ཤེས་
དང་། སྟེང་དང་འོག་གི་འདུ་ཤེས་སུ་གྱུར་ཅིང་། བདག་གི་སེམས་མ་བསྒྲིབས་ཤིང་མ་གཡོགས་ལ་སེམས་སྣང་བ་དང་བཅས་ཤིང་ལྷན་ཅིག་པར་གྱུར་པ་དང་། འདི་ལྟར་བདག་གི་སེམས་མུན་པའི་རང་བཞིན་དུ་མ་གྱུར་ཅིག་ཅེས་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་

དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བ་ཡོངས་སུ་བསྒྱུར་བ་དག་སྒོམ་པར་བྱེད་དོ། །ཇི་ལྟར་དཔྱོད་པ་
ཞུམ་པ་ཡིན་ཞེ་ན། དཔྱོད་པ་གང་ལེ་ལོ་དང་ལྷན་ཅིག་པར་གྱུར་པ་སྟེ། དེ་ལྟར་ན་དཔྱོད་པ་ཞུམ་པ་ཡིན་ནོ། །ཇི་ལྟར་ན་དཔྱོད་པ་རབ་ཏུ་བཟུང་བ་ཡིན་ཞེ་ན། དཔྱོད་པ་གང་རྒོད་པ་དང་ལྷན་ཅིག་པར་གྱུར་པའོ། །ཇི་ལྟར་ན་དཔྱོད་པ་ནང་དུ་བསྡུས་པ་ཡིན་ཞེ་ན། དཔྱོད་པ་གང་རྨུགས་པ་དང་། གཉིད་
དང་ལྷན་ཅིག་པར་གྱུར་ཅིང་ནང་དུ་ཀུན་དུ་འགོག་པ་དང་ལྷན་ཅིག་པར་གྱུར་ལ་ལྷག་མཐོང་དང་མཚུངས་པར་མི་ལྡན་པ་ཡིན་ཏེ། འདི་ལྟར་ན་དཔྱོད་པ་ནང་དུ་བསྡུས་པ་ཡིན་ནོ། །ཇི་ལྟར་དཔྱོད་པ་ཕྱི་རོལ་དུ་རྣམ་པར་གཡེངས་པ་ཡིན་ཞེ་ན། དཔྱོད་པ་གང་འདོད་པའི་ཡོན་ཏན་ལྔ་རྣམས་ལ་རྗེས་སུ་
གཡེངས་ཤིང་རྣམ་པར་འཕྲོས་པ་ཡིན་ཏེ། འདི་ལྟར་ན་དཔྱོད་པ་ཕྱི་རོལ་དུ་རྣམ་པར་གཡེངས་པ་ཡིན་ནོ། །ཇི་ལྟར་ན་སྔོན་དང་ཕྱི་མའི་འདུ་ཤེས་ཞེས་བྱ་བ་ནས། སྔ་མ་བཞིན་དུ་འདི་ལྟར་བདག་སེམས་མུན་པའི་རང་བཞིན་དུ་མ་གྱུར་ཅིག་ཅེས་བྱ་བའི་བར་དུའོ། །དགེ་སློང་དག་དེ་ལྟར་རྫུ་འཕྲུལ་
གྱི་རྐང་པ་བཞི་བསྒོམ་པར་འགྱུར་རོ། །དགེ་སློང་དག་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་དག་བསྟན་པར་བྱའོ་ཞེས་ངས་ཇི་སྐད་བཤད་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་གསུངས་སོ། །ཞུམ་པ་དང་། རབ་ཏུ་བཟུང་བ་དང་། ནང་དུ་བསྡུས་པ་དང་། ཕྱི་རོལ་དུ་རྣམ་པར་གཡེངས་པ་ལ་སོགས་
པ་ཇི་ལྟར་འདུན་པའི་ཏིང་ངེ་འཛིན་ལ་རྒྱས་པར་བཤད་པ་དེ་བཞིན་དུ་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་ལ་ཡང་ཐམས་ཅད་རྒྱས་པར་གོ་བར་བྱ་སྟེ། དེ་ལྟར་ན་ཤེས་པར་བྱེད་པར་འགྱུར་རོ། །མདོ་ལས་ཇི་ལྟར་ན་སེམས་ནང་དུ་བསྡུས་པ་ཡིན་ཞེ་ན། གང་གི་ཚེ་སེམས་ཞུམ་པར་
གྱུར་པའོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། བསོད་སྙོམས་ཀྱི་ཕྱིར་མཉན་ཡོད་དུ་ཞུགས་སོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དེ་དག་འདི་སྙམ་དུ་བདག་ཅག་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་རེ་

ཞིག་ནམ་མ་ནངས་ཀྱི། བདག་ཅག་གཞན་མུ་སྟེགས་ཅན་གྱི་ཀུན་དུ་རྒྱུ་དེ་དག་གི་ཀུན་དགའ་ར་བར་འགྲོ་བར་བྱའོ་སྙམ་མོ། །དེ་ནས་གཞན་མུ་སྟེགས་ཅན་གྱི་ཀུན་དུ་རྒྱུ་དེ་དག་གིས་དགེ་སློང་རབ་ཏུ་མང་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཅག་གི་དགེ་སྦྱོང་གཽ་ཏ་མ་ཉན་ཐོས་རྣམས་ལ་
འདི་ལྟར་དགེ་སློང་དག་ཚུར་ཤོག །སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ། གནོད་པའི་ཕྱོགས་མྱ་ངན་ལས་འདས་པར་མི་འཇུག་པ་དག་སྤོངས་ལ། དྲན་པ་ཉེ་བར་གཞག་པ་བཞི་པ་རྣམས་ལ་སེམས་ལེགས་པར་གཞག་ཅིང་གནས་ཏེ། བྱང་ཆུབ་
ཀྱི་ཡན་ལག་བདུན་བསྒོམ་པར་གྱིས་ཤིག་ཅེས་ཉན་ཐོས་རྣམས་ལ་ཆོས་སྟོན་པ་ཐོས་ནས་བདག་ཅག་འདི་ལྟར་ཁྱེད་ཅག་ཚུར་ཤོག །སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ། གནོད་པའི་ཕྱོགས་མྱ་ངན་ལས་འདས་པར་མི་འཇུག་པ་དག་སྤོངས་
ལ། དྲན་པ་ཉེ་བར་གཞག་པ་བཞི་པོ་རྣམས་ལ་སེམས་ལེགས་པར་གཞག་ཅིང་གནས་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམས་ཤིག་ཅེས་ཉན་ཐོས་རྣམས་ལ་ཆོས་སྟོན་ན། འདི་ལྟར་ན་དགེ་སྦྱོང་གཽ་ཏ་མས་ཆོས་བསྟན་པ་དང་བདག་ཅག་གིས་ཆོས་བསྟན་པ་ལ་ཁྱད་པར་དང་། བསམ་པ་
དང་། ཐ་དད་དུ་བྱ་བ་ཅི་ཞིག་ཡོད། དེ་སྐད་ཅེས་སྨྲས་པ་དང་། དགེ་སློང་རབ་ཏུ་མང་པོ་དེ་དག་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དེ་དག་གཞན་མུ་སྟེགས་ཅན་གྱི་ཀུན་དུ་རྒྱུ་དེ་དག་གིས་བཤད་པ་ལ་མངོན་པར་དགའ་བར་ཡང་མི་བྱེད་ཁྲོ་བར་ཡང་མི་བྱེད་པར་སྟན་ལས་ལངས་
ཏེ་སོང་ངོ་། །དེ་ནས་དགེ་སློང་རབ་ཏུ་མང་པོ་དེ་དག་མཉན་ཡོད་དུ་བསོད་སྙོམས་སྤྱད་ཅིང་ཟས་ཀྱི་བྱ་བ་བྱས་ནས་ཟོས་པའི་འོག་ཏུ་ལྷུང་བཟེད་བཀྲུས་ཏེ། ཆོས་གོས་དང་ལྷུང་བཟེད་མཐའ་ཅིག་ཏུ་བཞག་སྟེ། རྐང་པ་བཀྲུས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་
བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་རབ་ཏུ་མང་པོ་དེ་དག་གིས་གཞན་མུ་སྟེགས་ཅན་གྱི་ཀུན་དུ་རྒྱུ་དེ་དག་དང་ལྷན་ཅིག་ཇི་སྲིད་དུ་གཏམ་གཞན་བརྗོད་པ་དེ་ཐམས་ཅད་རྒྱས་པར་བཅོམ་ལྡན་འདས་ལ་གསོལ་

ཏོ། །དེ་སྐད་ཅེས་གསོལ་པ་དང་། དགེ་སློང་རབ་ཏུ་མང་པོ་དེ་དག་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་གཞན་མུ་སྟེགས་ཅན་གྱི་ཀུན་དུ་རྒྱུ་དེ་སྐད་སྨྲ་བ་དེ་དག་ལ་འདི་སྐད་བརྗོད་པར་བྱ་སྟེ། གང་གི་ཚེ་སེམས་བྱིང་བ་དང་། བྱིང་བར་དོགས་པ་
དེའི་ཚེ་བྱང་ཆུབ་ཀྱི་ཡན་ལག་གང་ཞིག་བསྒོམ་པའི་དུས་ཡིན། གང་ཞིག་བསྒོམ་པའི་དུས་མ་ཡིན། གང་གི་ཚེ་རྒོད་པ་དང་། རྒོད་པར་དོགས་པ་དེའི་ཚེ་བྱང་ཆུབ་ཀྱི་ཡན་ལག་གང་ཞིག་བསྒོམ་པའི་དུས་ཡིན། གང་ཞིག་བསྒོམ་པའི་དུས་མ་ཡིན་ཞེས་དགེ་སློང་དག་གཞན་མུ་སྟེགས་ཅན་གྱི་ཀུན་དུ་རྒྱུ་
དེ་དག་ལ་འདི་སྐད་དུ་དྲིས་པ་ན། ཕན་ཚུན་འདྲི་བར་འགྱུར། གཏམ་གཞན་ཉེ་བར་འགོད་པར་འགྱུར། ཁྲོ་བ་དང་། ཞེ་སྡང་དང་། ང་རྒྱལ་དང་། འཚིག་པ་དང་། གནོད་པ་དང་། མི་བཟོད་པ་བྱེད་པར་འགྱུར། ཁ་རོག་པར་གནས་པར་འགྱུར། ཡི་མུག་པར་འགྱུར། ཕྲག་པ་བཅུམ་པ་དང་།
ཁ་འོག་ཏུ་བལྟས་པ་དང་། སྤོབས་པ་མེད་པར་འགྱུར་རོ། །སེམས་ཤིང་གནས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ངས་ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། ཚངས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ལྷ་དང་མིར་བཅས་པའི་འཇིག་རྟེན་
ན་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་རྣམས་མ་གཏོགས་པ་དྲིས་པ་ལུང་སྟོན་པར་སེམས་པ་ཡང་དག་པར་རྗེས་སུ་མ་གཟིགས་སོ། །དགེ་སློང་དག་ཉོན་ཅིག་གང་གི་ཚེ་སེམས་ཞུམ་པ་དང་། ཞུམ་པར་དོགས་པ་དེའི་ཚེ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་
ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པའི་དུས་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སེམས་ཞུམ་པ་དང་ཞུམ་པར་དོགས་པ་ན་ཆོས་འདི་དག་གིས་ཞུམ་པ་ཉིད་མངོན་པར་སྒྲུབ་པར་བྱེད་དོ། །དགེ་སློང་དག་དཔེར་ན་མེ་ཆུང་
ངུ་ཆེར་འབར་ཞིང་འབར་བར་འདོད་པ་འགའ་ཞིག་ཤིང་རློན་པ་དང་། རྩྭ་རློན་པ་དང་། ལྕི་བ་རློན་པ་དག་བཅུག་ན་དགེ་སློང་དག་དེ་ཇི་སྙམ་དུ་སེམས། དེ་དག་གིས་མི་དེ་ཕལ་ཆེར་གསོད་པར་འགྱུར་རམ། བཙུན་པ་དེ་བཞིན་ནོ། །དེ་བཞིན་དུ་གང་གི་ཚེ་སེམས་ཞུམ་པ་དང་ཞུམ་པར་དོགས་པ་དེའི་ཚེ་ཤིན་ཏུ་སྦྱངས་

པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དག་བསྒོམ་པའི་དུས་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གང་གི་ཚེ་ཞུམ་པ་དང་ཞུམ་པར་དོགས་པ་དེའི་ཚེ་ཆོས་འདི་དག་གིས་ཞུམ་པ་ཉིད་མངོན་པར་འགྲུབ་
པར་བྱེད་པའི་ཕྱིར་རོ། །གང་གི་ཚེ་རྒོད་པ་དང་རྒོད་པར་དོགས་པ་དེའི་ཚེ་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་དུས་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་
དག་རྒོད་པ་དང་རྒོད་པར་དོགས་པ་ན་ཆོས་འདི་དག་གིས་ཕལ་ཆེར་རྒོད་པ་ཉིད་མངོན་པར་འགྲུབ་པར་བྱེད་པའི་ཕྱིར་ཏེ། དགེ་སློང་དག་དཔེར་ན་དགའ་ཞིག་མེ་འབར་བར་གྱུར་པ་དག་གསད་པར་འདོད་ནས་ཤིང་སྐམ་པོ་དང་། རྩྭ་སྐམ་པོ་དང་། ལྕི་བ་སྐམ་པོ་དག་འཇུག་པར་བྱེད་ན། དགེ་སློང་དག་ཇི་སྙམ་
དུ་སེམས། དེའི་རྒྱུས་མེ་དེ་ཆེར་འབར་བར་འགྱུར་རམ། བཙུན་པ་དེ་བཞིན་ནོ། །དེ་བཞིན་དུ་གང་གི་ཚེ་རྒོད་པ་དང་རྒོད་པར་དོགས་པ་དེའི་ཚེ་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་
ལག་བསྒོམ་པའི་དུས་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སེམས་རྒོད་པ་དང་རྒོད་པར་དོགས་པ་ན་ཆོས་འདི་དག་གིས་རྒོད་པ་ཉིད་མང་དུ་མངོན་པར་འགྲུབ་པར་བྱེད་པའི་ཕྱིར་རོ། །དགེ་སློང་དག་གང་གི་ཚེ་སེམས་ཞུམ་པ་དང་ཞུམ་པར་དོགས་པ་དེའི་ཚེ། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་
དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་དུས་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སེམས་ཞུམ་པ་དང་ཞུམ་པར་དོགས་པ་ན་ཆོས་འདི་དག་གིས་མཐོང་བ་དང་། ཡང་དག་པར་བསྐུལ་བ་དང་།
སྣང་བ་དང་། ཡང་དག་པར་དགའ་བར་བྱེད་པའི་ཕྱིར་རོ། །དགེ་སློང་དག་དཔེར་ན་འགའ་ཞིག་མེ་ཆུང་ངུ་ཆེར་འཕེལ་ཞིང་འབར་བར་འདོད་ནས་ཤིང་སྐམ་པོ་དང་། རྩྭ་སྐམ་པོ་དང་། ལྕི་བ་སྐམ་པོ་དག་འཇུག་པར་བྱེད་ན། དགེ་སློང་དག་དེ་ཇི་སྙམ་དུ་སེམས། རྒྱུ་དེས་མེ་འབར་བར་འགྱུར་རམ། བཙུན་

པ་དེ་བཞིན་ནོ། །དེ་བཞིན་དུ་གང་གི་ཚེ་ཞུམ་པ་དང་ཞུམ་པར་དོགས་པ་དེའི་ཚེ་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་དུས་ཡིན་ཏེ།
དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ཞུམ་པ་དང་ཞུམ་པར་དོགས་པ་ན་ཆོས་འདི་དག་གིས་མཐོང་བ་དང་། ཡང་དག་པར་བསྐུལ་བ་དང་། སྣང་བ་དང་། ཡང་དག་པར་དགའ་བར་བྱེད་པའི་ཕྱིར་རོ། །གང་གི་ཚེ་རྒོད་པ་དང་རྒོད་པར་དོགས་པ་དེའི་ཚེ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་།
ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་དུས་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རྒོད་པ་དང་རྒོད་པར་དོགས་པ་ན་ཆོས་འདི་དག་གིས་ནང་དུ་འཇོག་པར་བྱེད་ཅིང་ཉེ་བར་གནས་པ་དང་། གཅིག་ཏུ་བྱེད་ཅིང་ཏིང་ངེ་
འཛིན་དུ་སྒྲུབ་པར་བྱེད་པའི་ཕྱིར་ཏེ། དགེ་སློང་དག་དཔེར་ན་མེ་འབར་བ་གསད་པར་འདོད་པ་འགའ་ཞིག་གིས་ཤིང་རློན་པ་དང་། རྩྭ་རློན་པ་དང་། ལྕི་བ་རློན་པ་དག་འཇུག་པར་བྱེད་ན། དགེ་སློང་དག་འདི་ཇི་སྙམ་དུ་སེམས། རྒྱུ་དེ་ལས་མེ་དེ་འཆི་བར་འགྱུར་རམ། བཙུན་པ་དེ་བཞིན་ནོ། །དེ་བཞིན་
དུ་གང་གི་ཚེ་རྒོད་པ་དང་རྒོད་པར་དོགས་པ་ན་དེའི་ཚེ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་དུས་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རྒོད་པ་དང་རྒོད་པར་
དོགས་པ་ན་ཆོས་འདི་དག་གིས་ནང་དུ་འཇོག་པར་བྱེད་ཅིང་། ཉེ་བར་གནས་པ་དང་། རྩེ་གཅིག་ཏུ་བྱེད་ཅིང་ཏིང་ངེ་འཛིན་སྒྲུབ་པར་བྱེད་དོ། །དགེ་སློང་དག་དྲན་པ་ནི་ཐམས་ཅད་དུ་འགྲོ་བའོ་ཞེས་ང་སྨྲའོ་ཞེས་གསུངས་སོ། །གང་ལས་འདིའི་སེམས་འདོད་ཆགས་དང་བྲལ་བ་ཡིན་ཞེས་བྱ་བ་ལ། བཅོམ་
ལྡན་འདས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། དེ་ནས་ལྷ་སྦྱིན་གྱི་ཕྱོགས་པའི་དགེ་སློང་ཟླ་བ་མའི་བུ་ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ན་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ལྷན་ཅིག་ཅེས་བྱ་བ་ནས། ཕྱོགས་གཅིག་ཏུ་འདུག་ནས་ཞེས་བྱ་

བའི་བར་དུ་སྟེ། དེ་ནས་ལྷ་སྦྱིན་གྱི་ཕྱོགས་པ་དགེ་སློང་ཟླ་བ་མའི་བུ་ལ། ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་སྨྲས་སོ། །ཟླ་བ་མའི་བུ་ལྷ་སྦྱིན་དགེ་སློང་རྣམས་ལ་ཆོས་ཀྱི་གཏམ་དག་སྟོན་པར་བྱེད་དམ། སྟོན་པར་བྱེད་དོ། །ཟླ་བ་མའི་བུ་ལྷ་སྦྱིན་ཇི་ལྟ་ཇི་ལྟར་དགེ་སློང་རྣམས་ལ་ཆོས་ཀྱི་གཏམ་སྟོན་
པར་བྱེད། དགེ་སློང་དག་གཏམ་གང་གི་ཕྱིར་དགེ་སློང་སེམས་ཀྱིས་སེམས་རྣམ་པར་གྱུར་ན། འདི་ལྟ་སྟེ། ལྔ་པོ་དག་ལས་བདག་གི་སེམས་འདོད་ཆགས་དང་བྲལ་ལོ་ཞེས་ལུང་བསྟན་པར་བྱའོ་ཞེས་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་ལྟར་ལྷ་སྦྱིན་དགེ་སློང་རྣམས་ལ་ཆོས་ཀྱི་གཏམ་སྟོན་པར་བྱེད་དོ། །
ཟླ་བ་མའི་བུ་གང་གི་ཕྱིར་དགེ་སློང་སེམས་ཀྱིས་སེམས་རྣམ་པར་རྒྱལ་བར་གྱུར་ཏེ། སེམས་འདོད་ཆགས་དང་བྲལ་བར་གྱུར་ཅིང་ཞེ་སྡང་དང་བྲལ་བ་དང་། རྨོངས་པ་དང་བྲལ་ཞིང་མ་ཆགས་པའི་ཆོས་ཅན་དང་། མི་སྡང་བའི་ཆོས་ཅན་དང་། མ་རྨོངས་པའི་ཆོས་ཅན་དང་། འདོད་པའི་སྲིད་པ་དང་།
གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པར་ཕྱིར་མི་ལྡོག་པའི་ཆོས་ཅན་གྱི་དགེ་སློང་དེས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །བྱེད་པ་བྱས་སོ། །སྲིད་པ་འདི་ལ་གཞན་མི་ཤེས་སོ་ཞེས་ལུང་སྟོན་ན་མཛེས་པར་འགྱུར་རོ་ཞེས་ལྷ་སྦྱིན་འདི་ལྟར་དགེ་སློང་
རྣམས་ལ་ཆོས་ཀྱི་གཏམ་སྟོན་པར་མི་བྱེད་དམ། ཚེ་དང་ལྡན་པ་ཤཱ་རིའི་བུ་མ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་བོས་ཏེ། ཚེ་དང་ལྡན་པ་དག་གང་གི་ཕྱིར་དགེ་སློང་སེམས་ཀྱིས་སེམས་རྣམ་པར་རྒྱལ་ཞིང་སེམས་འདོད་ཆགས་དང་བྲལ་བ་ཡིན། ཞེ་སྡང་དང་བྲལ་བ་དང་། རྨོངས་
པ་དང་བྲལ་ཞིང་མ་ཆགས་པའི་ཆོས་ཅན་དང་། མི་སྡང་བའི་ཆོས་ཅན་དང་། མ་རྨོངས་པའི་ཆོས་ཅན་དང་། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པར་ཕྱིར་མི་ལྡོག་པའི་ཆོས་ཅན་དགེ་སློང་དེས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་
སོ། །བྱེད་པ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་ལུང་སྟོན་ན་མཛེས་པར་འགྱུར་རོ་ཞེས་གསུངས་སོ། །གཞན་ཡོད་ཅེས་པ་བསྟན་བཅོས་ལས་ཞེས་བྱ་བ་ལ། རྣམ་པར་ཤེས་པའི་ཚོགས་ཀྱི་བསྟན་བཅོས་ལས་ཏེ། དེ་ལས་མི་ལྡན་པའི་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་དང་།

མཐོང་བས་སྤང་བར་བྱ་བའི་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གཉིས་དམིགས་པ་ཞེས་བྱ་བའི་དབུགས་འབྱུང་བ་དྲུག་པ་ལས་རབ་ཏུ་དབྱེ་བ་རྒྱས་པར་འདོན་ཏོ། །མདོ་ལས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ནི་བདུན་པའི་རྩ་བ་ཅན་ཞེས་བྱ་བ་ལ། བཅོམ་ལྡན་འདས་མཉན་ཡོད་ཀྱི་ཤར་
གྱི་ཀུན་དགའ་ར་བ་ན་རི་དགས་ཀྱི་མའི་གནས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ། བསིལ་ཁོང་ནས་བབས་ཏེ། བསིལ་ཁང་གི་གྲིབ་མ་ལ་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བྱས་ཏེ། གདན་བཤམས་པ་ལ་བཞུགས་སོ། །བཞུགས་ནས་
བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དགེ་སློང་དག་ཉེ་བར་ལེན་པའི་ཕུང་པོ་ནི་ལྔ་སྟེ། ལྔ་གང་ཞེ་ན། གཟུགས་ཉེ་བར་ལེན་པའི་ཕུང་པོ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོའོ། །དེ་ནས་དགེ་སློང་གཞན་ཞིག་སྟན་ལས་
ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། བཅོམ་ལྡན་འདས་གང་བ་དེར་ཐལ་མོ་སྦྱར་ཞིང་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བཙུན་པ་ཉེ་བར་ལེན་པའི་ཕུང་པོ་ནི་ལྔ་སྟེ། ལྔ་གང་ཞེ་ན། གཟུགས་
ཉེ་བར་ལེན་པའི་ཕུང་པོ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོའོ། །དེས་ན་དགེ་སློང་འདུག་ཤིག་དང་། འདུག་ནས་ཇི་ལྟར་འདོད་པ་བཞིན་དུ་ཡོངས་སུ་དྲིས་ཤིག །དེ་ནས་དགེ་སློང་དེ་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་
ནས་ཕྱོགས་གཅིག་ཏུ་འདུག་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཉེ་བར་ལེན་པའི་ཕུང་པོ་ནི་ལྔ་སྟེ། ལྔ་གང་ཞེ་ན། གཟུགས་ཉེ་བར་ལེན་པའི་ཕུང་པོ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོའོ། །དགེ་སློང་
དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དགེ་སློང་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། གཟུགས་ཉེ་བར་ལེན་པའི་ཕུང་པོ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོའོ། །བཙུན་པ་ལེགས་སོ་ཞེས་དགེ་སློང་དེ་བཅོམ་ལྡན་འདས་ཀྱིས་གསུངས་

པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ཏེ། སླར་ཡང་བཅོམ་ལྡན་འདས་ལ་དྲི་བ་དྲིས་པ། བཙུན་པ་ཉེ་བར་ལེན་པའི་ཕུང་པོ་འདི་དག་གི་རྩ་བ་ནི་གང་། ཀུན་འབྱུང་བ་ནི་གང་། རབ་ཏུ་སྐྱེ་བ་ནི་གང་། རྐྱེན་གྱི་རྣམ་པ་ནི་གང་ཞིག་ལགས། དགེ་སློང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ནི་འདུན་པའི་རྩ་
བ་ཅན། འདུན་པ་ལས་ཀུན་འབྱུང་བ། འདུན་པ་དང་འདྲ་བ། འདུན་པ་ལས་རབ་ཏུ་སྐྱེ་བ་དག་ཡིན་ནོ། །བཙུན་པ་ལེགས་སོ་ཞེས་དགེ་སློང་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ཏེ། སླར་ཡང་བཅོམ་ལྡན་འདས་ལ་ཡོངས་སུ་དྲི་བ་དྲིས་པ། བཙུན་
པ་ཕུང་པོ་གང་ཡིན་པ་དེ་ཉིད་ཉེ་བར་ལེན་པའི་ཕུང་པོ་ཡིན་ནམ། འོན་ཏེ་ཕུང་པོ་དག་ལས་གཞན་ཞིག་ཉེ་བར་ལེན་པ་ཡིན་ཞེ་ན། དགེ་སློང་ཕུང་པོ་གང་ཡིན་པ་དེ་ཉིད་ཀྱི་ཉེ་བར་ལེན་པ་མ་ཡིན་ལ། ཕུང་པོ་དག་དང་ཕུང་པོ་ལས་གཞན་ཡང་ཉེ་བར་ལེན་པ་མ་ཡིན་མོད་ཀྱི། འོན་
ཀྱང་འདུན་པའི་འདོད་ཆགས་ཏེ། འདི་ཙམ་ནི་ཉེ་བར་ལེན་པ་ཞེས་བྱའོ། །བཙུན་པ་ལེགས་སོ་ཞེས་དགེ་སློང་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ཏེ། སླར་ཡང་བཅོམ་ལྡན་འདས་ལ་ཡོངས་སུ་དྲི་བ་དྲིས་པ། བཙུན་པ་ཕུང་པོ་དག་ལས་ཕུང་པོ་རབ་ཏུ་དབྱེ་བར་
གདགས་པ་རྙེད་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྙེད་དེ། ཇི་ལྟར་ཁ་ཅིག་མ་འོངས་པའི་དུས་ན་བདག་གཟུགས་འདི་ལྟ་བུ་དང་ལྡན་པར་གྱུར་ཀྱང་ཅི་མ་རུང་། བདག་མ་འོངས་པའི་དུས་ན་ཚོར་བ་འདི་ལྟ་བུ་དང་ལྡན་པ་དང་། འདུ་ཤེས་འདི་ལྟ་བུ་དང་ལྡན་པ་དང་། འདུ་
བྱེད་འདི་ལྟ་བུ་དང་ལྡན་པ་དང་། རྣམ་པར་ཤེས་པ་འདི་ལྟ་བུ་དང་ལྡན་པར་གྱུར་ཀྱང་ཅི་མ་རུང་སྙམ་པ་སྟེ། དགེ་སློང་འདི་ལྟར་ན་ཕུང་པོ་རབ་ཏུ་དབྱེ་བར་གདགས་པར་འགྱུར་རོ། །བཙུན་པ་ལེགས་སོ་ཞེས་དགེ་སློང་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ནས། སླར་ཡང་
བཅོམ་ལྡན་འདས་ལ་ཡོངས་སུ་དྲི་བ་དྲིས་པ། བཙུན་པ་ཇི་ཙམ་གྱིས་ན་ཕུང་པོ་ཕུང་པོ་ཞེས་ཚིགས་བླ་དགས་སུ་གྱུར་ཅེ་ན། དགེ་སློང་འདི་ན་གཟུགས་གང་ཅི་ཡང་རུང་བ་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། དམན་

པའམ། གྱ་ནོམ་པའམ། གང་ཐག་རིང་བའམ། ཐག་ཉེ་བ་དེ་དག་གཅིག་ཏུ་བསྡུས་ནས་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ཅི་ཡང་རུང་བ་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བ་
འམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། དམན་པའམ། གྱ་ནོམ་པའམ། ཐག་རིང་བའམ། ཐག་ཉེ་བ་དེ་ཐམས་ཅད་གཅིག་ཏུ་བསྡུས་ནས་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དགེ་སློང་འདི་ཙམ་གྱིས་ན་ཕུང་པོ་ཞེས་བྱ་བའི་ཚིགས་བླ་དགས་
སུ་འགྱུར་རོ། །བཙུན་པ་ལེགས་སོ་ཞེས་དགེ་སློང་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ཏེ། སླར་ཡང་བཅོམ་ལྡན་འདས་ལ་ཡོངས་སུ་དྲི་བ་དྲིས་པ། བཙུན་པ་རྒྱུ་གང་དག་དང་རྐྱེན་གང་དག་གིས་གཟུགས་ཀྱི་ཕུང་པོ་ཞེས་གདགས། བཙུན་པ་རྒྱུ་གང་
དག་དང་རྐྱེན་གང་དག་གིས་ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་ཞེས་གདགས། དགེ་སློང་འབྱུང་བ་ཆེན་པོ་བཞིའི་རྒྱུ་དག་དང་། འབྱུང་བ་ཆེན་པོ་བཞིའི་རྐྱེན་གྱིས་གཟུགས་ཀྱི་ཕུང་པོ་ཞེས་གདགས་ཏེ། དེ་ཅིའི་ཕྱིར་ཞེ་
ན། གཟུགས་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་འབྱུང་བ་ཆེན་པོ་བཞིའི་རྐྱེན་ཅན་ཡིན་ནོ། །རེག་པའི་རྒྱུ་དང་རེག་པའི་རྐྱེན་གྱིས་ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་ཞེས་གདགས། དེ་ཅིའི་ཕྱིར་ཞེ་ན། ཚོར་བའི་ཕུང་པོ་གང་ཅི་ཡང་རུང་བ་དང་། འདུ་ཤེས་
ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་རེག་པའི་རྐྱེན་ཅན་ནོ། །དགེ་སློང་མིང་དང་གཟུགས་ཀྱི་རྒྱུ་དང་རྐྱེན་གྱིས་རྣམ་པར་ཤེས་པའི་ཕུང་པོ་ཞེས་གདགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པའི་ཕུང་པོ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་མིང་དང་གཟུགས་
ཀྱི་རྐྱེན་ཅན་ནོ། །བཙུན་པ་ལེགས་སོ་ཞེས་སྔ་མ་བཞིན་དུའོ། །བཙུན་པ་གཟུགས་ཀྱི་རོ་མྱང་བ་ནི་གང་། ཉེས་དམིགས་ནི་གང་། ངེས་པར་འབྱུང་བ་ནི་གང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རོ་མྱང་བ་ནི་གང་། ཉེས་དམིགས་ནི་གང་། ངེས་པར་འབྱུང་བ་

ནི་གང་། དགེ་སློང་གང་གཟུགས་ལ་བརྟེན་ནས་བདེ་བ་དང་ཡིད་བདེ་བ་སྐྱེ་བ་འདི་ནི་གཟུགས་ཀྱི་རོ་མྱང་བ་ཞེས་བྱའོ། །གང་ཡང་གཟུགས་ནི་མི་རྟག་པ། སྡུག་བསྔལ་བ། ཡོངས་སུ་འགྱུར་བའི་ཆོས་ཅན་ཏེ། འདི་ནི་གཟུགས་ཀྱི་ཉེས་དམིགས་སོ། །གང་ཡང་གཟུགས་ལ་འདུན་
པའི་འདོད་ཆགས་འདུལ་ཞིང་འདུན་པའི་འདོད་ཆགས་སྤངས་པ་དང་། འདུན་པའི་འདོད་ཆགས་ལས་ཡང་དག་པར་འདས་པ་སྟེ། འདི་ནི་གཟུགས་ཀྱི་ངེས་པར་འབྱུང་བའོ། །གང་ཡང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། གང་ཡང་རྣམ་པར་ཤེས་པ་ལ་བརྟེན་ཏེ། བདེ་བ་དང་
ཡིད་བདེ་བ་སྐྱེ་བ་འདི་ནི་རྣམ་པར་ཤེས་པའི་རོ་མྱང་བ་ཞེས་བྱའོ། །གང་ཡང་རྣམ་པར་ཤེས་པ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། ཡོངས་སུ་འགྱུར་བའི་ཆོས་ཅན་ཏེ། འདི་ནི་རྣམ་པར་ཤེས་པའི་ཉེས་དམིགས་སོ། །གང་ཡང་རྣམ་པར་ཤེས་པ་ལ་འདུན་པའི་འདོད་ཆགས་འདུལ་ཞིང་
འདུན་པའི་འདོད་ཆགས་སྤངས་པ་དང་། འདུན་པའི་འདོད་ཆགས་ལས་ཡང་དག་པར་འདས་པ་སྟེ། འདི་ནི་རྣམ་པར་ཤེས་པའི་ངེས་པར་འབྱུང་བའོ། །བཙུན་པ་ལེགས་སོ་ཞེས་དགེ་སློང་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །བཙུན་པ་ཅི་ཙམ་གྱིས་ན་
བདག་ཅེས་བྱ་བར་འགྱུར། དགེ་སློང་བྱིས་པ་སོ་སོ་སྐྱེ་བོ་ཐོས་པ་དང་མི་ལྡན་པ་གཟུགས་ལ་བདག་གོ་ཞེས་ཡང་དག་པར་རྗེས་སུ་མཐོང་ཞིང་བདག་གཟུགས་དང་ལྡན་པ་དང་། བདག་ལ་གཟུགས་ཡོད་གཟུགས་ལ་བདག་ཡོད་དེ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །ཚོར་བ་དང་། འདུ་
ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བདག་ཡིན་ནོ། །བདག་རྣམ་པར་ཤེས་པ་དང་ལྡན་པ་དང་། བདག་ལ་རྣམ་པར་ཤེས་པ་ཡོད། རྣམ་པར་ཤེས་པ་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་སྟེ། དགེ་སློང་འདི་ཙམ་གྱིས་ན་བདག་ཅེས་བྱ་བར་འགྱུར་རོ། །བཙུན་པ་
ལེགས་སོ་ཞེས་བྱ་བ་སྔ་མ་བཞིན་ནོ། །བཙུན་པ་ཇི་ཙམ་གྱིས་ན་བདག་ཅེས་བྱ་བར་མི་འགྱུར་ཞེ་ན། དགེ་སློང་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་གཟུགས་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་ཞིང་བདག་གཟུགས་དང་ལྡན་པ་དང་། བདག་ལ་གཟུགས་ཡོད་གཟུགས་ལ་བདག་ཡོད་དོ་ཞེས་

ཡང་དག་པར་རྗེས་སུ་མི་མཐོང་ཞིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བདག་ཡིན་ནོ། །བདག་རྣམ་པར་ཤེས་པ་དང་ལྡན་པ་དང་། བདག་ལ་རྣམ་པར་ཤེས་པ་ཡོད། རྣམ་པར་ཤེས་པ་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། དགེ་སློང་འདི་ཙམ་གྱིས་ན་བདག་ཅེས་བྱ་
བར་མི་འགྱུར་རོ། །བཙུན་པ་ལེགས་སོ་ཞེས་སྔ་མ་བཞིན་ནོ། །བཙུན་པ་ཇི་ལྟར་ཤེས་ཤིང་ཇི་ལྟར་མཐོང་ན་དེ་མ་ཐག་ཏུ་ཟག་པ་ཟད་པར་འགྱུར། དགེ་སློང་འདི་ན་གཟུགས་གང་ཅི་ཡང་རུང་བ་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། དམན་པའམ།
གྱ་ནོམ་པའམ། གང་ཐག་རིང་བའམ། ཐག་ཉེ་བ་དེ་ཐམས་ཅད་བདག་གི་མ་ཡིན་ལ། བདག་ཀྱང་དེ་དག་གི་མ་ཡིན་ལ་དེ་དག་ཀྱང་བདག་གི་མ་ཡིན་ནོ། །ཞེས་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་མཐོང་ཞིང་རབ་ཏུ་ཤེས་པ་དང་། དགེ་སློང་འདི་ན་ཚོར་བ་གང་ཅི་ཡང་རུང་བ་དང་། འདུ་ཤེས་
དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ཡང་རུང་བ་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། དམན་པའམ། གྱ་ནོམ་པའམ། གང་ཐག་ཉེ་བའམ་ཐག་རིང་བ་དེ་དག་ཐམས་ཅད་བདག་གི་མ་ཡིན་ལ། བདག་ཀྱང་དེ་དག་གི་མ་ཡིན་ལ། དེ་
དག་ཀྱང་བདག་གི་མ་ཡིན་ནོ་ཞེས་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་མཐོང་ཞིང་རབ་ཏུ་ཤེས་པ་སྟེ། དགེ་སློང་འདི་ལྟར་ཤེས་ཤིང་འདི་ལྟར་མཐོང་ན་དེ་མ་ཐག་ཏུ་ཟག་པ་ཟད་པར་འགྱུར་རོ། །དེ་ནས་དགེ་སློང་གཞན་མི་མཁས་པ་མ་རིག་པའི་སྒོ་ངའི་སྦུབས་སུ་ནུབ་པ། མིག་ཉམས་པ་སྟོན་པའི་བསྟན་པ་སྤངས་པ་ཞིག་
འཁོར་དེ་ན་འདུས་པར་གྱུར་ཅིང་ཚོགས་ཏེ་འདུག་པ་དེ་ལ་འདི་ལྟ་བུའི་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་སྐྱེས་ཏེ། གཟུགས་བདག་མ་ཡིན། ཚོར་བ་བདག་མ་ཡིན། འདུ་ཤེས་བདག་མ་ཡིན། འདུ་བྱེད་བདག་མ་ཡིན། རྣམ་པར་ཤེས་པ་བདག་མ་ཡིན་ན། བདག་མེད་པས་བྱས་པ་བདག་གིས་ཇི་ལྟར་མྱོང་བར་
འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེའི་སེམས་ཐུགས་ཀྱིས་མཁྱེན་ནས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་གལ་ཏེ་སྐྱེས་བུ་རྨོངས་པ་མ་རིག་པའི་སྒོ་ངའི་སྦུབས་སུ་ནུབ་ཅིང་མིག་ཉམས་པ་སྟོན་པའི་བསྟན་པ་སྤངས་པས་འཁོར་འདིར་འདུས་ཤིང་ཚོགས་ཏེ་འདུག་པ་འགའ་ཞིག་ལ་གཟུགས་

བདག་མ་ཡིན། ཚོར་བ་བདག་མ་ཡིན། འདུ་ཤེས་བདག་མ་ཡིན། འདུ་བྱེད་བདག་མ་ཡིན། རྣམ་པར་ཤེས་པ་བདག་མ་ཡིན་ན། བདག་མེད་པས་བྱས་པའི་ལས་བདག་གིས་ཇི་ལྟར་མྱོང་བར་འགྱུར་ཞེས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་སྐྱེས་
ནས་ཡོངས་སུ་འདྲི་བའི་གནས་ཡོད་ཀྱིས། དགེ་སློང་དག་ངས་ཁྱེད་ཅག་འདུལ་བར་བྱ་སྟེ། དགེ་སློང་དག་འདི་ལྟ་སྟེ། འདི་ཇི་སྙམ་དུ་སེམས། གཟུགས་རྟག་པ་ཞིག་གམ་མི་རྟག་པ་ཞིག །བཙུན་པ་མི་རྟག་པའོ། །གང་མི་རྟག་པ་དེ་སྡུག་བསྔལ་བའམ། སྡུག་བསྔལ་བ་མ་
ཡིན། བཙུན་པ་སྡུག་བསྔལ་བའོ། །གང་མི་རྟག་ཅིང་སྡུག་བསྔལ་བ་དེ་ཡོངས་སུ་འགྱུར་བའི་ཆོས་ཅན་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་བདག་ཅེས་བྱ་བ་དང་། འདི་དག་བདག་གི། བདག་ཀྱང་འདི་དག་གི། དེ་དག་ཀྱང་བདག་གི་བདག་ཡིན་ནོ་ཞེས་ཉེ་བར་འགྲོའམ། བཙུན་
པ་མ་ལགས་སོ། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྟག་པ་ཞིག་གམ། མི་རྟག་པ་ཞིག །བཙུན་པ་མི་རྟག་པའོ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ཉེ་བར་འགྲོའམ་ཞེས་བྱ་བའི་བར་དུ་སྟེ། བཙུན་པ་མ་ལགས་སོ། །
དགེ་སློང་དག་དེ་ལྟ་བས་ན་གཟུགས་གང་ཅི་ཡང་རུང་བ་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། དམན་པའམ། གྱ་ནོམ་པའམ། ཐག་རིང་བའམ། ཐག་ཉེ་བ་དེ་ཐམས་ཅད་བདག་གི་མ་ཡིན་ལ། བདག་
ཀྱང་དེ་དག་གི་མ་ཡིན་ལ། དེ་དག་ཀྱང་བདག་གི་བདག་མ་ཡིན་ནོ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་བལྟ་བར་བྱའོ། །ཚོར་བ་གང་ཅི་ཡང་རུང་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ཅི་ཡང་རུང་བ་འདས་པའམ། མ་འོངས་པའམ།
ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་བལྟ་བར་བྱའོ་ཞེས་བྱ་བའི་བར་དུ་སྟེ། དགེ་སློང་དག་འདི་ལྟར་མཐོང་བའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་གཟུགས་ལས་གྲོལ་ཞིང་། ཚོར་བ་དང་། འདུ་ཤེས་དང་།

འདུ་བྱེད་དང་། རྣམ་པར་ཤེས་པ་དག་ལས་གྲོལ་ཞིང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་ལས་རྣམ་པར་གྲོལ་ཞིང་། སྡུག་བསྔལ་ལས་རྣམ་པར་གྲོལ་བའོ་
ཞེས་ང་སྨྲའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་དགེ་སློང་རབ་ཏུ་མང་པོ་དག་ཉེ་བར་ལེན་པ་མེད་པ་ཟག་པ་དག་ལས་སེམས་རྣམ་པར་གྲོལ་བར་གྱུར་ཏོ་ཞེས་གསུངས་སོ། །སྲེད་པ་རྣམ་པར་སྤྱོད་པ་ཞེས་བྱ་བ་ལ། སངས་རྒྱས་ཀྱིས་རྣམ་པར་བཤད་པའི་སྡོམ་གྱི་ཚིགས་སུ་བཅད་པ་དགུ་
པའི་མདོ་ལྔ་པ་ལས་འབྱུང་བ་འདི་ཉིད་ཀྱི་མཛོད་ཀྱི་གནས་གཉིས་པར། འདུས་མ་བྱས་ལ་དེ་དག་མེད། །ཅེས་བྱ་བའི་སྐབས་སུ་ཇི་ལྟར་སྲེད་པ་རྣམ་པར་སྤྱོད་པ་ཞེས་བྱ་བར་བྲིས་ཟིན་ཏོ། །དགེ་སློང་དག་འདུ་བྱེད་ནི་སྡུག་བསྔལ་བའོ་ཞེས་བྱ་བ་ལ། རྒྱལ་པོ་དང་ཡང་དག་པར་ལྡན་པའི་ཚོགས་
ལས་དྲུག་པ་རལ་པ་ཅན་གྱི་མདོ་ལས་འདི་ལྟར་འདོན་ཏེ། དགེ་སློང་དག་འདུ་བྱེད་ནི་སྡུག་བསྔལ་བ་སྟེ། མྱ་ངན་ལས་འདས་པ་ནི་ཞི་བའོ། །རྒྱུ་ལས་ཀུན་དུ་བྱུང་བ་རྣམས་ནི་སྡུག་བསྔལ་བ་སྟེ། རྒྱུ་ལས་བྱུང་བའི་ཆོས་རྣམས་འགགས་པ་དང་། ཆད་པ་དང་། མི་འཇུག་པ་དང་། སྡུག་
བསྔལ་གཞན་དང་ཉིང་མཚམས་སྦྱོར་བ་མེད་པ་འདི་ལྟ་བུ་ནི་སྡུག་བསྔལ་གྱི་མཐའ་ཞེས་བྱའོ། །དགེ་སློང་དག་དེ་ལ་མྱ་ངན་ལས་འདས་པ་གང་ཡིན་ཞེ་ན། སྡུག་བསྔལ་འགགས་པ་དང་། ཞི་བ་དང་། ཉེ་བར་ཞི་བ་དང་། བསིལ་བར་གྱུར་པ་དང་། ནུབ་པར་གྱུར་པ་འདི་ནི་དགེ་སློང་དག་འདི་ནི་ཞི་
བའི་གནས་ཞེས་བརྗོད་དོ། །འདི་ལྟ་སྟེ། ཐམས་ཅད་སོ་སོར་སྤངས་པ་སྲེད་པ་ཟད་པ་ནད་མེད་པ་འགོག་པ་མྱ་ངན་ལས་འདས་པ་ཞེས་བྱའོ་ཞེས་གསུངས་སོ།། །།ཇི་སྐད་དུ་མཐོང་བ་རྣམ་པར་དག་པར་བྱ་བའི་ཕྱིར་འདི་ལམ་ཡིན་གྱི། གཞན་ནི་མེད་དོ་ཞེས་བྱ་བ་ལ། འདུ་བྱེད་ཐམས་ཅད་མི་རྟག་པར། །གང་ཚེ་
ཤེས་རབ་ཀྱིས་མཐོང་བ། །དེ་ནས་ཡིད་འབྱུང་འགྱུར་བ་སྟེ། །ལམ་འདི་སྡུག་བསྔལ་དག་ཕྱིར་ཡིན། །འདུ་བྱེད་ཐམས་ཅད་སྡུག་བསྔལ་བར། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ནས་ཡིད་འབྱུང་འགྱུར་བ་སྟེ། །ལམ་འདི་སྡུག་བསྔལ་དག་ཕྱིར་ཡིན། །འདུ་བྱེད་ཐམས་ཅད་སྟོང་པར་ནི། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ནས་ཡིད་

འགྱུར་འབྱུང་བ་སྟེ། །ལམ་འདི་སྡུག་བསྔལ་དག་ཕྱིར་ཡིན། །འདུ་བྱེད་ཐམས་ཅད་བདག་མེད་པར། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ནས་ཡིད་འབྱུང་འགྱུར་བ་སྟེ། །ལམ་འདི་སྡུག་བསྔལ་དག་ཕྱིར་ཡིན། །སྲེད་པའི་ཟུག་རྔུ་དབྱུང་བའི་ཕྱིར། །ང་ཡིས་ཁྱེད་ལ་ལམ་བཤད་དེ། །དེ་བཞིན་གཤེགས་པ་
འཆད་པ་པོ། །ཁྱེད་ཅག་ཉིད་ཀྱིས་བསྒྲུབ་པར་བྱ། །སྲེད་པའི་ཟུག་རྔུ་དབྱུང་བའི་ཕྱིར། །ང་ཡིས་ཁྱེད་ལ་ལམ་བསྟན་ཏེ། །དེ་བཞིན་གཤེགས་པ་སྟོན་པ་པོ། །ཁྱེད་ཅག་ཉིད་ཀྱིས་བསྒྲུབ་པར་བྱ། །མཐོང་བ་རྣམ་པར་དག་བྱའི་ཕྱིར། །འདི་ཉིད་ལམ་ཡིན་གཞན་མེད་དེ། །སྒྲུབ་པར་བྱེད་པ་བསམ་གཏན་ཅན། །བདུད་ཀྱི་འཆིང་བ་སྤོང་བར་འགྱུར། །ཞེས་
གསུངས་སོ། །དབང་པོ་དྲུག་པོ་འདི་དག་ཤིན་ཏུ་འདུལ་བ་དང་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་དབང་པོ་དྲུག་པོ་འདི་དག་ཤིན་ཏུ་མ་དུལ་བ་དང་། མ་སྦས་པ་དང་། མ་བསྲུངས་པ་དང་། མ་བསྡམས་པ་དང་། མ་བསྒོམས་ན་མ་འོངས་པ་ན་སྡུག་བསྔལ་དག་འབྱུང་བར་འགྱུར་ཏེ། དྲུག་གང་ཞེ་ན། མིག་གི་
དབང་པོ་མ་དུལ་བ་དང་། མ་སྦས་པ་དང་། མ་བསྲུངས་པ་དང་། མ་བསྡམས་པ་དང་། མ་བསྒོམས་ན་མ་འོངས་པ་ན་སྡུག་བསྔལ་འབྱུང་བར་འགྱུར་རོ། །རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། དགེ་སློང་དག་ཡིད་ཀྱི་དབང་པོ་མ་དུལ་བ་དང་། མ་སྦས་པ་དང་། མ་བསྲུངས་པ་དང་། མ་བསྡམས་པ་
དང་། མ་བསྒོམས་ན་མ་འོངས་པ་ན་སྡུག་བསྔལ་འབྱུང་བར་འགྱུར་རོ། །དགེ་སློང་དག་དབང་པོ་དྲུག་པོ་འདི་དག་མ་དུལ་བ་ནས་མ་འོངས་པའི་སྡུག་བསྔལ་འབྱུང་བའི་བར་དུ་འགྱུར་ཞེ་ན། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ནི་མིག་གིས་གཟུགས་དག་མཐོང་ནས་མཚན་མར་འཛིན་ཅིང་མངོན་རྟགས་སུ་
འཛིན་ལ། དེའི་རྒྱུས་སེམས་ལ་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་སྡིག་པ་མི་དགེ་བའི་ཆོས་རྣམས་རྗེས་སུ་འཛིན་ཅིང་དེ་དག་མ་བསྡམས་ལ་མིག་གི་དབང་པོ་མ་བསྲུངས་ན་མིག་གི་དབང་པོའི་སྡོམ་པ་ཐོབ་པར་མི་འགྱུར་རོ། །རྣ་བས་སྒྲ་དང་། སྣས་དྲི་དང་། ལྕེས་རོ་དང་། ལུས་ཀྱིས་རེག་བྱ་དང་། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་
ནས་མཚན་མར་འཛིན་ཅིང་མངོན་རྟགས་སུ་འཛིན་པར་འགྱུར་ཏེ་ཞེས་བྱ་བ་ནས། ཡིད་ཀྱི་དབང་པོའི་སྡོམ་པ་ཐོབ་པར་མི་འགྱུར་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་འདི་ལྟར་ན་དབང་པོ་དྲུག་པོ་འདི་དག་མ་དུལ་ཞེས་བྱ་བ་ནས་མ་འོངས་པའི་སྡུག་བསྔལ་འབྱུང་བར་འགྱུར་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་དབང་པོ་དྲུག་པོ་འདི་དག་ཤིན་ཏུ་དུལ་བ་དང་།

ཤིན་ཏུ་སྦས་པ་དང་། ཤིན་ཏུ་བསྲུངས་པ་དང་། ཤིན་ཏུ་བསྡམས་པ་དང་། ཤིན་ཏུ་བསྒོམས་ན་མ་འོངས་པའི་སྡུག་བསྔལ་འབྱུང་བར་མི་འགྱུར་ཏེ། དྲུག་གང་ཞེ་ན། དགེ་སློང་དག་མིག་གི་དབང་པོ་ཤིན་ཏུ་དུལ་བ་དང་། ཤིན་ཏུ་སྦས་པ་དང་། ཤིན་ཏུ་བསྲུངས་པ་དང་། ཤིན་ཏུ་
བསྡམས་པ་དང་། ཤིན་ཏུ་བསྒོམས་ན་མ་འོངས་པའི་སྡུག་བསྔལ་འབྱུང་བར་མི་འགྱུར་རོ། །དགེ་སློང་དག་ཇི་ལྟར་ན་དབང་པོ་དྲུག་པོ་འདི་དག་ཤིན་ཏུ་དུལ་བ་ཞེས་བྱ་བ་ནས་མ་འོངས་པའི་སྡུག་བསྔལ་འབྱུང་བར་མི་འགྱུར་བའི་བར་དུ་འགྱུར་ཞེ་ན། དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མིག་གིས་གཟུགས་
མཐོང་ནས་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་ལ། དེའི་རྒྱུས་སེམས་ལ་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་སྡིག་པ་མི་དགེ་བའི་ཆོས་རྗེས་སུ་མི་འཛིན་ཅིང་ཞེས་བྱ་བ་ནས། རྒྱས་པར་ཡིད་ཀྱི་དབང་པོ་སྡོམ་པ་ཐོབ་པར་མི་འགྱུར་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་འདི་ལྟར་
ན་དབང་པོ་དྲུག་པོ་འདི་དག་ལེགས་པར་དུལ་བ་དང་། ཤིན་ཏུ་བསྲུངས་པ་ཞེས་བྱ་བ་ནས་མ་འོངས་པའི་སྡུག་བསྔལ་འབྱུང་བར་མི་འགྱུར་ཞེས་བྱ་བའི་བར་དུ་གསུངས་སོ། །དེ་བཞིན་དུ་ལུས་འདི་ལ་སྐྲ་ཡོད་ཅེས་བྱ་བ་ལ་སོགས་པ་ཇི་ལྟར་རེ་ཞིག་མཛོད་ཀྱི་གནས་འདི་ཉིད་དུ་རྫུ་འཕྲུལ་གྱི་རྐང་པ་གཉིས་པ་
བསྒོམ་པའི་མདོ་ལས་ཇི་ལྟར་ན་སྟེང་དང་འོག་གི་འདུ་ཤེས་སུ་འགྱུར་ཞེས་དེ་དང་དེ་ལས་འདོན་པ་བལྟ་བར་བྱའོ།། །།སྟོབས་བཅུ་ཞེས་བྱ་བ་ལ། བཅུ་ལས་འཕྲོས་པ་དང་། ལམ་གྱི་ཚོགས་དང་། སྟོབས་ཀྱི་སྒོའི་མཐའི་མདོ་ལས་འདོན་པ་མཛོད་ཀྱི་གནས་ལྔ་པ་འདི་ཉིད་དུ་འདས་པ་དང་། མ་འོངས་
པ་བསྒོམ་པར་དགེ་སློང་དག་ངའི་ཉན་ཐོས་རྣམས་ལ་ནང་བསྡམས་ན་ནུབ་ཁྱད་པར་དུ་འགྲོ་སྟེ་ཞེས་བྱ་བའི་མདོར་བྲིས་པ་བལྟ་བར་བྱའོ།། །།མི་འཇིགས་པ་བཞི་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་བཞི་པོ་འདི་དག་
ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་སྟེ། གང་དང་ཡང་དག་པར་ལྡན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའ་ཞིང་། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བ་དང་། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པ་དག་སྟེ། །

བཞི་གང་ཞེ་ན། ཀྱེ་མ་བདག་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ཆོས་འདི་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གང་སུ་དག་ཡང་རུང་བ་ཆོས་དང་མཐུན་པར་རྒོལ་བའི་རྒྱུ་ཡང་དག་པར་རྗེས་སུ་མ་གཟིགས་
ཏེ། འདི་ལྟར་རྒྱུ་ཡང་དག་པར་རྗེས་སུ་མ་གཟིགས་པས་བདག་བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་ལ་འཇིགས་པ་མེད་པར་གནས་ཏེ་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའ་ཞིང་འཁོར་ལོ་རབ་ཏུ་བསྐོར་ཞིང་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་སོ། །ཀྱེ་མ་བདག་ཟག་པ་ཟད་པ་ལ་ཟག་པ་འདི་ཡོངས་སུ་མ་ཟད་
དོ་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པ་གང་སུ་ཡང་རུང་བ་ཆོས་དང་མཐུན་པར་རྒོལ་བའི་རྒྱུ་ཡང་དག་པར་རྗེས་སུ་མ་གཟིགས་ཏེ། འདི་ལྟར་རྒྱུ་ཡང་དག་པར་རྗེས་སུ་མ་གཟིགས་པས་བདག་བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་ལ་འཇིགས་པ་མེད་པར་གནས་ཏེ། ཁྱུ་
མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའོ། །ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་སོ། །གང་ངས་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་གསུངས་པ་དེ་དག་བསྟན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་
དམ། ཚངས་པའམ། གང་སུ་ཡང་རུང་བ་ཆོས་དང་མཐུན་པར་རྒོལ་བའི་རྒྱུ་ཡང་དག་པར་རྗེས་སུ་མ་གཟིགས་ཏེ། འདི་ལྟར་རྒྱུ་ཡང་དག་པར་རྗེས་སུ་མ་གཟིགས་པས་བདག་བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་པ་འཇིགས་པ་མེད་པར་གནས་ཏེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའ་ཞིང་
ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་སོ། །གང་ངས་ཉན་ཐོས་རྣམས་ལ་འཕགས་པའི་ངེས་པར་འབྱུང་བའི་ལམ་ནི་ངེས་ཤིང་ངེས་པར་འབྱིན་པ་དང་། གང་ཡང་སྡུག་བསྔལ་ཡང་དག་པར་ཟད་པར་བྱེད་པ་དང་། སྡུག་བསྔལ་མཐར་བྱེད་པ་ཡིན་ནོ་ཞེས་གསུངས་
པ་ལ་ངེས་པར་འབྱུང་བའི་ལམ་མ་ཡིན་ནོ་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གང་སུ་ཡང་རུང་བ་ཆོས་དང་མཐུན་པར་རྒོལ་བའི་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་མ་གཟིགས་ཏེ། རྒྱུ་ཡང་དག་པར་རྗེས་སུ་མ་གཟིགས་པས་བདག་བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་

ལ་འཇིགས་པ་མེད་པར་གནས་ཏེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའ་ཞིང་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བ་དང་། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་སོ་ཞེས་གསུངས་སོ། །དྲན་པ་ཉེ་བར་གཞག་པ་གསུམ་པོ་འདི་དག་ནི་ཞེས་བྱ་བ་ལ། རྣམ་པར་འབྱེད་པའི་ཚོགས་
ཀྱི་མདོ་གཉིས་པ་སྐྱེ་མཆེད་དྲུག་རྣམ་པར་འབྱེད་པ་ལས་འདི་ལྟར་འདོན་ཏེ། དགེ་སློང་དག་དྲན་པ་ཉེ་བར་གཞག་པ་གསུམ་པོ་འདི་དག་ནི་གང་འཕགས་པས་བསྟེན་ཅིང་འཕགས་པས་བསྟེན་པར་རིགས་ལ་ཚོགས་ཡོངས་སུ་སྡུད་པ་སྟེ་ཞེས་ངས་ཇི་སྐད་དུ་བཤད་པ་དེ་ཅུང་ཟད་བཤད་པར་བྱའོ། །དགེ་སློང་དག་
འདི་ན་སྟོན་པ་ཉན་ཐོས་རྣམས་ལ་རྗེས་སུ་བརྩེ་བ་དང་། ཐུགས་བརྩེ་བ་དང་། དོན་དུ་བཞེད་པ་དང་། ཕན་པར་བཞེད་པ་དང་། བརྩེ་བས་འདི་ནི་ཕན་པ་འདི་ནི་བདེ་བ། འདི་ནི་ཕན་པ་དང་བདེ་བའོ་ཞེས་ཆོས་སྟོན་པར་བྱེད་པ་ན། ཉན་ཐོས་ཁ་ཅིག་ཉན་པར་མི་བྱེད། རྣ་བླགས་ཏེ་ཉན་པར་མི་བྱེད། ཀུན་
ཤེས་པའི་སེམས་ཉེ་བར་འཇོག་པར་མི་བྱེད། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་མཐུན་པ་རྟོགས་པར་མི་བྱེད། སྟོན་པའི་བསྟན་པ་ལས་འདས་ཏེ་འཇུག་ཀྱང་དེས་དེ་བཞིན་གཤེགས་པ་ལ་གནོད་པར་མི་འགྱུར། མི་བཟོད་པར་མི་འགྱུར། འཁྲུག་པར་མི་འགྱུར། ཐུགས་མངོན་པར་མི་དགྱེས་པར་མི་
འགྱུར། དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དང་ལྡན་པར་བཏང་སྙོམས་སུ་བཞུགས་ཏེ། འདི་ནི་དྲན་པ་གང་འཕགས་པས་བསྟེན་ཅིང་འཕགས་པས་བསྟེན་པར་རིགས་ཤིང་ཚོགས་ཡོངས་སུ་སྡུད་པ་དྲན་པ་ཉེ་བར་གཞག་པ་དང་པོ་ཡིན་ནོ། །གཞན་ཡང་སྟོན་པ་ཉན་ཐོས་རྣམས་ལ་རྗེས་སུ་
བརྩེ་བ་དང་། ཐུགས་བརྩེ་བ་དང་། དོན་དུ་བཞེད་པ་དང་། ཕན་པར་བཞེད་པ་དང་། བརྩེ་བས་འདི་ནི་ཕན་པ་འདི་ནི་བདེ་བ། འདི་ནི་ཕན་པ་དང་བདེ་བའོ་ཞེས་ཆོས་སྟོན་པར་བྱེད་པ་ན་ཉན་ཐོས་ཁ་ཅིག་ཉན་པར་བྱེད། རྣ་བླགས་ཏེ་ཉན་པར་བྱེད། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་བྱེད། ཆོས་
རྣམས་ལ་ཆོས་ཀྱི་རྗེས་སུ་མཐུན་པ་རྟོགས་པར་བྱེད། སྟོན་པའི་བསྟན་པ་ལས་ཡང་དག་པར་མི་འདའ་བར་འཇུག་ཀྱང་དེས་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར་རོ། །ཐུགས་ཡེང་ཡེང་པོར་མི་འགྱུར་ཏེ། དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དང་ལྡན་པར་བཏང་སྙོམས་

སུ་བཞུགས་ཏེ། འདི་ནི་གང་འཕགས་པས་བསྟེན་ཅིང་འཕགས་པས་བསྟེན་པར་རིགས་ཤིང་ཚོགས་ཡོངས་སུ་སྡུད་པ་དྲན་པ་ཉེ་བར་གཞག་པ་གཉིས་པའོ། །གཞན་ཡང་སྟོན་པ་ཉན་ཐོས་རྣམས་ལ་རྗེས་སུ་བརྩེ་བ་དང་། ཐུགས་བརྩེ་བ་དང་། དོན་དུ་བཞེད་པ་དང་། ཕན་པར་བཞེད་པ་
དང་། བརྩེ་བས་འདི་ནི་ཕན་པ་འདི་ནི་བདེ་བ། འདི་ནི་ཕན་པ་དང་བདེ་བའོ་ཞེས་ཆོས་སྟོན་པར་བྱེད་པ་ན་ཉན་ཐོས་ཁ་ཅིག་ཉན་པར་ཡང་མི་བྱེད། རྣ་བླགས་ཏེ་ཉན་པར་མི་བྱེད། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་མི་བྱེད། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་མཐུན་པར་རྟོགས་པར་མི་བྱེད། སྟོན་
པའི་བསྟན་པ་ལས་འདའ་བར་མི་བྱེད་པ་དང་། ཉན་ཐོས་ཁ་ཅིག་ཉན་པར་བྱེད། རྣ་བླགས་ཏེ་ཉན་པར་བྱེད། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་བྱེད། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་མཐུན་པར་རྟོགས་པར་བྱེད། སྟོན་པའི་བསྟན་པ་ལས་མི་འདའ་བར་བྱེད་ཀྱང་དེས་དེ་བཞིན་གཤེགས་པ་ལས་
གནོད་པར་མི་འགྱུར། མི་བཟོད་པར་མི་འགྱུར། འཁྲུག་པར་མི་འགྱུར། ཐུགས་མངོན་པར་མི་དགྱེས་པར་མི་འགྱུར་ལ་ཐུགས་དགྱེས་པར་མི་འགྱུར། ཐུགས་ཡེང་ཡེང་པོར་མི་འགྱུར་ཞིང་དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་། ཤེས་བཞིན་དང་ལྡན་པར་བཏང་སྙོམས་སུ་བཞུགས་ཏེ། འདི་ནི་
འཕགས་པས་བསྟེན་ཅིང་འཕགས་པས་བསྟེན་པར་རིགས་ཤིང་ཚོགས་ཡོངས་སུ་སྡུད་པ་དྲན་པ་ཉེ་བར་གཞག་པ་གསུམ་པའོ། །དགེ་སློང་དག་དྲན་པ་ཉེ་བར་གཞག་པ་གསུམ་པོ་འདི་དག་ནི་གང་འཕགས་པས་བསྟེན་ཅིང་འཕགས་པས་བསྟེན་པར་རིགས་པ་ཚོགས་ཡོངས་སུ་སྡུད་པའོ་ཞེས་ངས་ཇི་སྐད་བསྟན་པ་
དེ་རྒྱས་པར་རབ་ཏུ་བཤད་དོ། །སྐུ་ཚེ་དང་། རིགས་དང་། སྐུ་བོང་ཚད་ཀྱིས་མིན་ཞེས་བྱ་བ་ལ། མདོ་དྲུག་གི་ཚོགས་ཀྱི་ལྔ་པ་རྟོགས་པ་བརྗོད་པ་ཆེན་པོའི་མདོ་ལས་འདི་ལྟར་འདོན་ཏེ། དགེ་སློང་དག་འདི་ནས་བསྐལ་པ་དགུ་བཅུ་རྩ་གཅིག་གི་གོང་དུ་ཡོངས་སུ་གང་ཡང་དེ་བཞིན་གཤེགས་པ་རྣམ་པར་གཟིགས་
འཇིག་རྟེན་དུ་བྱུང་བ་དང་། དགེ་སློང་དག་གང་ཡང་འདི་ནས་བསྐལ་པ་སུམ་ཅུ་རྩ་གཅིག་གི་གོང་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་འཇིག་རྟེན་དུ་བྱུང་ལ། དགེ་སློང་དག་བསྐལ་པ་བཟང་པོ་འདི་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞི་འཇིག་རྟེན་

དུ་བྱུང་སྟེ། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུངས་དང་། ད་ལྟར་ཤཱཀྱ་ཐུབ་པ་ང་དག་གོ། །དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཚེའི་ཚད་ནི་ལོ་སྟོང་ཕྲག་བརྒྱད་ཅུ་ཐུབ་པར་གྱུར་ཏོ། །དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་
རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་ཚེའི་ཚད་ནི་ལོ་སྟོང་ཕྲག་བདུན་ཅུ་ཐུབ་པར་གྱུར་ཏོ། །དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་ཀྱི་ཚེའི་ཚད་ནི་ལོ་སྟོང་ཕྲག་དྲུག་ཅུ་ཐུབ་པར་གྱུར་ཏོ། །དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་ཚེའི་ཚད་ནི་ལོ་སྟོང་ཕྲག་ལྔ་བཅུ་ཐུབ་
པར་གྱུར་ཏོ། །དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཀྱི་ཚེའི་ཚད་ནི་ལོ་སྟོང་ཕྲག་བཞི་བཅུ་ཐུབ་པར་གྱུར་ཏོ། །དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་ཚེའི་ཚད་ནི་ལོ་སྟོང་ཕྲག་སུམ་ཅུ་ཐུབ་པར་གྱུར་ཏོ། །ད་ལྟར་ངའི་ཚེའི་ཚད་ནི་ལོ་བརྒྱ་སྟེ། ཡང་དག་པར་བདེ་
བ་དང་བཅས་ན་ཅུང་ཟད་ལྷག་པ་ཡང་ཡོད་དོ། །དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ནི་རྒྱལ་རིགས་སུ་འཁྲུངས་པར་གྱུར་ལ། དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་།
འོད་སྲུངས་ནི་བྲམ་ཟེའི་རིགས་སུ་འཁྲུངས་པར་གྱུར་ཅིང་། ད་ལྟར་ང་ནི་རྒྱལ་རིགས་སུ་འཁྲུངས་པར་གྱུར་ཏོ། །དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་གདུང་ནི་ཀོ་ཏི་བྱིར་གྱུར་ལ། དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དང་། ཐམས་
ཅད་སྐྱོབ་དང་། འཁོར་བ་འཇིག་དང་། འོད་སྲུངས་དང་། གསེར་ཐུབ་རྣམས་ཀྱི་གདུང་ནི་འོད་སྲུངས་སུ་གྱུར་ཏོ། །ད་ལྟར་ངའི་གདུང་ནི་གཽ་ཏ་མར་གྱུར་ཏོ་ཞེས་བྱ་བ་འདི་ལྟ་བུ་ལ་སོགས་པར་ཐ་དད་དོ།། །།གང་དག་རྒྱལ་བ་རྣམ་འདྲེན་ཅིང་། །བྱ་བ་ཆུང་ངུ་བྱེད་གྱུར་པ། །ཞེས་བྱ་བ་ལ་
སོགས་པ་ལ། སངས་རྒྱས་རབ་ཏུ་མང་པོའི་བྱེད་པ་ལས་འདོན་ཏོ། །གང་ཞིག་འཇིག་རྟེན་སངས་རྒྱས་ལ། །སྐྱབས་སོང་སྐྱེས་བུ་དེ་མཆོག་སྟེ། །སངས་རྒྱས་བྱ་བ་བྱས་སྐྱེ་བོ། །མྱ་ངན་འདས་པར་འགྲོ་བར་འགྱུར། །གང་ཞིག་རྒྱལ་བ་རྣམ་འདྲེན་ལ། །བྱ་བ་ཅུང་ཟད་བྱེད་གྱུར་པ། །དེ་དག་མཐོ་

རིས་སྣ་ཚོགས་དག །བགྲོད་ནས་བདུད་རྩི་གོ་འཕང་ཐོབ། །འདི་ལྟར་ཇི་བཞིན་ཐོས་ནས་ནི། །ང་ནི་མྱ་ངན་འདས་འོག་ཏུ། །སྲིད་པའི་རྒྱ་མཚོར་འཁྱམ་འགྱུར་ཞེས། །དགེ་བ་མང་པོ་རབ་ཏུ་བྱ། །ཞེས་གསུངས་སོ། །ཉོན་མོངས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་མཉན་
ཡོད་ཀྱི་ལྷོ་ཕྱོགས་ན་བཞུགས་པ་ན་བྲམ་ཟེ་སྦས་པ་ལ་ཤིན་ཏུ་ཁྲོ་བའི་རང་བཞིན་ཅན་གྱི་བུ་ཞིག་སྐྱེས་པར་གྱུར་ཏོ། །ཇི་ཙམ་ན་ཕའི་སྲིད་སྲུང་གི་རིག་བྱེད་ཀྱི་ལས་ཀྱི་མཐའ་དག་བོར་ཏེ་རབ་ཏུ་བྱུང་ངོ་། །དེ་དེ་ན་ཡང་ཁྲོ་བའི་རང་བཞིན་དུ་གྱུར་ཏེ། བྱ་དང་རི་དགས་དག་ལ་གནོད་པ་བྱེད་པ་ན། ནགས་ཚལ་
ལ་གནས་པའི་ལྷ་རྣམས་ཀྱིས་དེ་དེ་ན་གནས་སུ་མི་སྟེར་ཏེ། ཇི་ཙམ་ན་བཅོམ་ལྡན་འདས་ལྷ་དང་བཅས་པའི་འཇིག་རྟེན་མངོན་པར་དང་བར་བྱེད་པའི་ཆོ་འཕྲུལ་ཆེན་པོ་སྟོན་པ་དེའི་ཚེ་ཆོ་འཕྲུལ་ཆེན་པོ་དེ་ལ་ནགས་ཚལ་ལ་གནས་པའི་ལྷ་དེ་དག་མངོན་པར་དང་སྟེ། སྙིང་རྗེས་སྨྲས་པ། འཇིག་རྟེན་གྱི་
རྒྱན་དུ་གྱུར་པའི་སངས་རྒྱས་བྱུང་གི །ཁྱོད་བཅོམ་ལྡན་འདས་བལྟ་བའི་ཕྱིར་སོང་ཤིག་ཅེས་ཇི་སྲིད་དུ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་པའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་དེ་དད་པར་བྱེད་པའི་འོད་ཀྱི་དཀྱིལ་འཁོར་བཀྱེ་སྟེ། ཇི་ཙམ་ན་རབ་ཏུ་བྱུང་བའི་བར་དུ་སྟེ། བྱམས་པ་གོམས་པར་བྱས་ནས་དགྲ་
བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །རབ་འབྱོར་ཞེས་མིང་གྲགས་པར་གྱུར་པའོ། །གྲང་དང་། ཡུལ་དང་། ལྗོངས་གང་དུ་བསོད་སྙོམས་ཀྱི་ཕྱིར་འགྲོ་བ་ན་བདག་ལ་སུ་ཡང་སེམས་ཉོན་མོངས་པར་མ་གྱུར་ཅིག་ཅེས་བྱ་བ་རྣམ་པར་བལྟས་ཏེ། ཕྱིས་སྤྱོད་ཡུལ་དུ་འགྲོ་བར་བྱེད་དེ། གང་གི་ཕྱིར་སེམས་ཉེ་
བར་ཉོན་མོངས་པར་བྱེད་ན་སྤྱོད་ཡུལ་དུ་མི་འགྲོ་ཞིང་ཟན་གཅོད་པའི་བར་དུ་ཡང་བྱེད་དོ། །ཇི་ཙམ་ན་དེས་བསམས་པ་ན་བདག་ཉིད་ཀླུ་ལས་ཤི་འཕོས་པ་དང་། གཉེན་རྣམས་གདུལ་བྱར་གྱུར་པ་མཐོང་སྟེ། ཇི་ཙམ་ན་ཀླུའི་ཁང་པར་ཕྱིན་ཏེ། ཀླུའི་རིགས་ལྔ་བརྒྱ་འོངས་པ་དག་བཏུལ་ཏེ། དེ་དག་བྱམས་པའི་ཏིང་ངེ་
འཛིན་ལ་བཀོད་དེ་ཤིང་ཤལ་མ་ལིའི་ནམ་མཁའ་ལྡིང་གི་གནོད་པ་མེད་པར་བྱས་སོ། །ཇི་ཙམ་ན་གནས་བརྟན་གྱིས་ནམ་མཁའ་ལྡིང་རྣམས་གདུལ་བའི་ཕྱིར་ཀླུའི་རིགས་ལྔ་བརྒྱ་ཤིང་ཤལ་མ་ལིའི་སྟེང་དུ་བཏེག་སྟེ། ནམ་མཁའ་ལྡིང་ལྔ་བརྒྱ་ལྔ་བརྒྱ་བཏུལ་བའི་བར་དུའོ། །དེ་ནས་བཅོམ་ལྡན་འདས་

ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ངའི་ཉན་ཐོས་ཉོན་མོངས་པ་མེད་པ་ལ་གནས་པ་རྣམས་ཀྱི་ནང་དུ་མཆོག་ནི་དགེ་སློང་རབ་འབྱོར་འདི་ཡིན་ཏེ། ལས་གང་གིས་ཀླུར་སྐྱེས་ཤེ་ན། བཅོམ་ལྡན་འདས་འོད་སྲུངས་ཀྱི་གསུང་རབ་ལ་རིགས་ཀྱི་བུ་འདི་རབ་ཏུ་བྱུང་སྟེ། དེའི་མཁན་
པོ་ཉོན་མོངས་པ་མེད་པ་ལ་གནས་ཏེ། དེས་ཀྱང་ཉོན་མོངས་པ་མེད་པ་ལ་དད་པ་ཐོབ་པོ། །དེས་གཞོན་དུ་རྣམས་ཀྱིས་རྒོད་པ་དང་། བཟློག་པ་དང་། དེ་རྣམས་ཀྱིས་སྨྲས་པ། འདི་ནི་བྱམས་པ་བྱམས་པ་ལ་གནས་པ་ཞེས་སྨྲས་པ་དང་། དེ་ཁྲོས་ནས་སྨྲས་པ། ཚེ་དང་ལྡན་པ་ཁྱེད་ཅག་ནི་སྦྲུལ་དང་འདྲའོ་ཞེས་
བྱ་བ་ལ་སོགས་པ་རྒྱས་པར་འབྱུང་ངོ་། །སོ་སོ་ཡང་དག་པར་རིག་པ་བཞི་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བཞི་པོ་འདི་དག་ནི་སོ་སོ་ཡང་དག་པར་རིག་པ་བཞི་སྟེ། བཞི་གང་ཞེ་ན། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་།
ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ་ཞེས་གསུངས་སོ། །བཏགས་པའི་མིང་དང་གཟུགས་བཏགས་པ་ལས་སོ་སོ་ཡང་དག་པར་རིག་པ་འདི་དག་བཤད་དོ། །མངོན་ཤེས་རྣམ་དྲུག་ཅེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་མངོན་
པར་ཤེས་པ་ནི་དྲུག་སྟེ། དྲུག་གང་ཞེ་ན། རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང་། ལྷའི་མིག་དང་། རྣ་བ་དང་། སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པ་དང་། ཟག་པ་ཟད་པའོ་ཞེས་གསུངས་སོ། །འོ་ན་རབ་ཏུ་བྱེད་པ་ལས་ཞེས་བྱ་བ་ལ། རབ་ཏུ་བྱེད་པའི་རྐང་པའི་
ཡང་དག་པར་སྡུད་པའི་རབ་ཏུ་བྱེད་པ་ལས། མངོན་པར་ཤེས་པའི་ཆོས་རྣམས་གང་ཞེ་ན། ཤེས་རབ་དགེ་བ་ནི་མངོན་པར་ཤེས་པ་ཞེས་བརྗོད་དེ། ཆོས་ཐམས་ཅད་ཀྱི་དངོས་པོ་ཇི་ལྟ་བ་བཞིན་མངོན་པར་ཤེས་པའི་ཕྱིར་རོ་ཞེས་གསུངས་སོ། །གསུམ་ནི་རིག་པ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་
པ་ནའོ། །མི་སློབ་པའི་རིག་པ་ནི་གསུམ་སྟེ། མི་སློབ་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་སུམ་དུ་བྱ་བའི་རིག་པ་དང་། མི་སློབ་པའི་འཆི་འཕོ་བ་དང་། སྐྱེ་བ་ཤེས་པ་མངོན་སུམ་དུ་བྱ་བའི་རིག་པ་དང་། མི་སློབ་པའི་ཟག་པ་ཟད་པའི་ཤེས་པ་མངོན་སུམ་དུ་བྱ་བའི་རིག་པའོ། །སྔོན་གྱི་

གནས་རྣམས་རིག་པ་ཡིས། །མཐོ་རིས་ངན་སོང་གཟིགས་ནས་ནི། །དེ་ནས་མངོན་ཤེས་ངེས་པ་ཡིས། །ཐུབ་པ་སྐྱེ་བ་ཟད་པར་འགྱུར། །ཀུན་ལས་འདོད་ཆགས་རྣམ་གྲོལ་ཞིང་། །སེམས་ནི་འདོད་ཆགས་གྲོལ་ཞེས་འགྱུར། །རིག་པ་གསུམ་པོ་ཕུན་ཚོགས་པས། །དེ་ཕྱིར་གསུམ་རིག་ཅེས་
བྱའོ། །ཞེས་གསུངས་སོ། །ཆོ་འཕྲུལ་རྣམ་པ་གསུམ་ནི། མདོ་དྲུག་གི་ཚོགས་ཀྱི་བཞི་པ་རེག་པའི་མདོ་ལས་འབྱུང་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་རལ་པ་ཅན་སྟོང་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་ཏེ། ཇི་ལྟར་འདོད་པར་ཉེ་བར་གནས་པར་བྱ་སྟེ། ག་ཡ་མགོ་གང་ན་བ་དེར་ལྗོངས་རྒྱུ་
ཞིང་གཤེགས་ཏེ། རིམ་གྱིས་ག་ཡ་མགོར་གཤེགས་ཏེ། ག་ཡ་མགོའི་ཨ་ཤིར་ཤའི་མཆོད་རྟེན་ན་དགེ་སློང་སྟོང་ཐམ་པ་དང་། ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་སྟོང་རྣམས་ལ་ཆོ་འཕྲུལ་རྣམ་པ་གསུམ་པོ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་
དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམས་ཀྱིས་གདམས་པར་མཛད་དེ། དེ་ལ་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཇི་ལྟར་ཐུགས་མཉམ་པར་གཞག་པ་ན་རང་གི་གདན་ལས་མི་སྣང་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཤར་ཕྱོགས་སུ་འཕོས་
ཏེ་སྤྱོད་ལམ་བཞི་སྟོན་པར་མཛད་དེ། འདི་ལྟ་སྟེ། གཤེགས་པ་དང་། བཞུགས་པ་དང་། གནས་པ་དང་། གཟིམས་པ་དང་། སྟོན་པར་མཛད་དོ། །མེའི་ཁམས་ལ་སྙོམས་པར་ཞུགས་ཤིང་མེའི་ཁམས་ལ་སྙོམས་པར་ཞུགས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ལས་རྣམ་པ་དུ་མའི་འོད་དག་
འཕྲོས་ཏེ། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལྗང་གུ་དང་། ཤེལ་གྱི་ཁ་དོག་ལྟ་བུ་དག་འབྱུང་བའི་ཆོ་འཕྲུལ་དག་སྟོན་ཅིང་། ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབྱུང་ཞིང་ལུས་ཀྱི་སྨད་ནས་འབར་བ་དང་། ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་
འབྱུང་ཞིང་ལུས་ཀྱི་སྟོད་ནས་འབར་བར་བྱེད་དེ། ཤར་ཕྱོགས་ཇི་ལྟ་བ་བཞིན་དུ་ལྷོ་དང་། དེ་བཞིན་དུ་ནུབ་དང་། དེ་བཞིན་དུ་བྱང་ཕྱོགས་སུ་ཡང་སྟོན་པར་བྱེད་དེ། ཕྱོགས་བཞིར་སྟེང་དང་འོག་ཏུ་རྫུ་འཕྲུལ་བསྟན་པར་མཛད་ནས། དེ་ནས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་ནི་དེ་དག་སླར་བཏུལ་

ཏེ། དགེ་སློང་གི་དགེ་འདུན་གྱི་མདུན་དུ་གདན་བཤམས་པ་ཉིད་ལ་བཞུགས་ཏེ། འདི་ནི་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ། །དེ་ལ་བཅོམ་ལྡན་འདས་ཀྱི་ཀུན་བརྗོད་པའི་ཆོ་འཕྲུལ་ནི་འདི་ཡིན་ཏེ། དགེ་སློང་དག་ཁྱེད་ཀྱི་སེམས་ནི་འདི་ལྟ་བུ། ཡིད་ནི་འདི་
ལྟ་བུ། རྣམ་པར་ཤེས་པ་ནི་འདི་ལྟ་བུ་སྟེ། འདི་ལྟ་བུར་རྟོག་པར་བྱེད་དོ། །འདི་ལྟ་བུར་རྟོག་པར་མི་བྱེད་དོ། །འདི་ལྟར་ཡིད་ལ་བྱེད་དོ། །འདི་ལྟར་ཡིད་ལ་མི་བྱེད་དོ། །འདི་ནི་སྤངས་པའོ། །འདི་ནི་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་སྟེ། འདི་ནི་བཅོམ་ལྡན་
འདས་ཀྱིས་ཀུན་བརྗོད་པའི་ཆོ་འཕྲུལ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི་འདི་ཡིན་ཏེ། དགེ་སློང་དག་འདི་ཐམས་ཅད་ནི་ཀུན་དུ་འབར་བའོ། །དགེ་སློང་དག་འདི་ཐམས་ཅད་ནི་འབར་བ་གང་ཞེ་ན། དགེ་སློང་དག་མིག་ནི་ཀུན་དུ་འབར་བའོ། །གཟུགས་དང་།
མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་དེ་ཡང་ཀུན་དུ་འབར་བའོ། །གང་གིས་ཀུན་དུ་འབར་ཞེ་ན། འདོད་ཆགས་ཀྱི་མེ་འབར་བ་
དང་། ཞེ་སྡང་གི་མེ་དང་། གཏི་མུག་གི་མེ་ཀུན་ཏུ་འབར་བ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་འཕོ་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་ཀུན་དུ་འབར་བའོ་ཞེས་ང་སྨྲའོ། །དགེ་
སློང་དག་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་ཀུན་དུ་འབར་བ་སྟེ། ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་འབྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་
བསྔལ་བ་ཡང་མ་ཡིན་པ་དེ་ཡང་ཀུན་དུ་འབར་བ་སྟེ། གང་གིས་ཀུན་དུ་འབར་ཞེ་ན། འདོད་ཆགས་ཀྱི་མེ་འབར་བ་དང་། ཞེ་སྡང་གི་མེ་དང་། གཏི་མུག་གི་མེ་ཀུན་དུ་འབར་བ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་

བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་ཀུན་དུ་འབར་བའོ་ཞེས་ང་སྨྲ་སྟེ། འདི་ནི་བཅོམ་ལྡན་འདས་ཀྱི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སྔོན་རལ་པ་ཅན་དུ་གྱུར་པའི་དགེ་སློང་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་
པར་གྲོལ་ལོ་ཞེས་གསུངས་སོ།། །།བསྟན་པ་མཆོག །མི་འཁྲུལ་ཕྱིར་དང་ཕན་པ་དང་། །ཞེས་བྱ་བ་ལ། བཅོམ་ལྡན་འདས་ནཱ་ལེན་དྲ་ཨ་མྲས་ཀུན་དུ་བསྐོར་བའི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ཁྱིམ་བདག་ཉ་པའི་བུ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་
བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་ཉ་པའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ནཱ་ལེན་དྲ་འབྱོར་བ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་འདི་ན་
བཅོམ་ལྡན་འདས་ལ་མངོན་པར་དད་པ་མང་དུ་མཆིས་ལགས་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་འགའ་ཞིག་མིའི་ཆོས་ལས་བླ་མར་གྱུར་པའི་རྫུ་འཕྲུལ་དག་བསྟན་དུ་བཅུག་ན་ལེགས་ཏེ། བྲམ་ཟེ་དང་། ཁྱིམ་བདག་འགྲོ་བ་དང་འོང་བ་དག་གིས་མཐོང་ནས་འདི་ལྟ་བུའི་ནཱ་ལེན་དྲ་
ཕལ་ཆེར་བཅོམ་ལྡན་འདས་ལ་དད་པར་འགྱུར་རོ། །ཁྱིམ་བདག་གི་བུ་ང་འདི་ལྟར་དགེ་སློང་དག་ཁྱེད་ཅག་བྲམ་ཟེ་དང་ཁྱིམ་བདག་འོང་བ་རྣམས་ལ་མིའི་ཆོས་ལས་བླ་མར་གྱུར་པའི་རྫུ་འཕྲུལ་དག་སྟོན་ཅིག་ཅེས་ཉན་ཐོས་རྣམས་ལ་ཆོས་མི་སྟོན་གྱི། འོན་ཀྱང་འདི་ལྟར་དགེ་སློང་དག་དགེ་བ་ནི་
གསང་བར་བྱ་ཞིང་སྡིག་པ་ནི་མཐོལ་བར་བྱའོ་ཞེས་ཉན་ཐོས་རྣམས་ལ་ཆོས་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་མིའི་ཆོས་བླ་མར་གྱུར་པའི་རྫུ་འཕྲུལ་ལ་ཉེས་དམིགས་ཅི་ཞིག་ཡང་དག་པར་རྗེས་སུ་གཟིགས་ན་འདི་ལྟར་དགེ་སློང་དག་དགེ་བ་ནི་གསང་བར་བྱ་ཞིང་སྡིག་པ་ནི་མཐོལ་བར་བྱའོ་ཞེས་ཉན་
ཐོས་རྣམས་ལ་ཆོས་སྟོན་ཏོ། །ཁྱིམ་བདག་གི་བུ་ཆོ་འཕྲུལ་ནི་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །ཁྱིམ་བདག་གི་བུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གང་ཞེ་ན། ཁྱིམ་བདག་གི་བུ་འདི་ན་དགེ་

སྦྱོང་ངམ་བྲམ་ཟེ་ཁ་ཅིག་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་པ་སྟེ། འདི་ལྟ་སྟེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་དང་། སྣང་བ་དང་མི་སྣང་བར་ཤེས་པ་དང་མཐོང་བ་ཉམས་སུ་མྱོང་བར་བྱེད་པ་དང་།
རྩིག་པ་དང་། ར་བ་དང་། རྡོ་བ་དང་། རི་ལ་ལུས་ཀྱིས་ཐོགས་པ་མེད་པར་འགྲོ་སྟེ། འདི་ལྟ་སྟེ། ནམ་མཁའ་ལ་བྱ་བ་བཞིན་ནོ། །ས་ལ་ཡང་བྱིའུ་ཟུལ་དུ་བྱེད་དེ། འདི་ལྟ་སྟེ། ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་འབྱིང་བ་མེད་པར་འགྲོ་སྟེ། འདི་ལྟ་སྟེ། ས་ལ་བྱ་བ་བཞིན་ནོ། །ནམ་མཁའ་
ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་འདི་དག་ལག་པས་ནོམ་ཞིང་ཉུག་པ་དང་། ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་བར་བྱེད་དེ། དགེ་སྦྱོང་ངམ། བྲམ་ཟེ་དག་རྫུ་འཕྲུལ་རྣམ་པ་དུ་མ་ཉི་མ་དང་ཟླ་བ་
ལག་པས་ནོམ་ཞིང་ཉུག་པའི་བར་དུ་བྱེད་པ་དག་དད་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་བུ་འགའ་ཞིག་གིས་མཐོང་སྟེ། མཐོང་ནས་མ་དད་པའི་ཁྱིམ་བདག་གམ་ཁྱིམ་བདག་གི་བུ་དག་ལ་འདི་སྐད་དུ། ཀྱེ་སྐྱེས་བུ་ཤེས་པར་གྱིས་ཤིག །འདི་ན་དགེ་སྦྱོང་ངམ། བྲམ་ཟེ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་གཅིག་
ཏུ་གྱུར་ནས་མང་པོར་འགྱུར་བ་དང་། ཉི་མ་དང་ཟླ་བ་ལག་པས་ནོམ་ཞིང་ཉུག་པའི་བར་དུ་བྱེད་པ་དག་ངས་མཐོང་ངོ་ཞེས་སྨྲའོ། །དེ་འདི་སྐད་དུ། ཀྱེ་སྐྱེས་བུ་ཁྱོད་ཀྱིས་འདི་ན་དགེ་སྦྱོང་ངམ། བྲམ་ཟེ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉི་མ་དང་ཟླ་བ་ལ་ནོམ་ཞིང་ཉུག་པའི་བར་དུ་བྱེད་པ་མཐོང་བ་དེ་ལ་ངོ་མཚར་བ་ཅི་ཞིག་
ཡོད། ཀྱེ་སྐྱེས་བུ་གན་དྷ་ར་བ་ཞེས་བྱ་བའི་རིག་སྔགས་ཡོད་དོ། །དེ་འགའ་ཞིག་གིས་བཟུང་ཞིང་བཅངས་ན་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉི་མ་དང་ཟླ་བ་ལ་ནོམ་ཞིང་ཉུག་པའི་བར་དུ་བྱེད་པ་ཡོད་དོ་ཞེས་སྨྲ་ན། ཁྱིམ་བདག་གི་བུ་འདི་ཇི་སྙམ་དུ་སེམས། གནས་དང་པོ་འདི་ལ་དད་པའི་ཁྱིམ་བདག་གམ་
ཁྱིམ་བདག་གི་བུ་དག་མ་དད་པའི་ཁྱིམ་བདག་གམ་ཁྱིམ་བདག་གི་བུའི་ཉེ་བར་བརྗོད་པ་ཉན་སྙམ་སེམས་སམ། བཙུན་པ་དེ་བཞིན་ནོ། །ཁྱིམ་བདག་གི་བུ་མིའི་ཆོས་ལས་བླ་མར་གྱུར་པའི་རྫུ་འཕྲུལ་ལ་ཉེས་དམིགས་འདི་ལྟ་བུ་ངས་ཡང་དག་པར་རྗེས་སུ་གཟིགས་ནས་འདི་ལྟར་ཉན་ཐོས་

རྣམས་ལ། དགེ་སློང་དག་དགེ་བ་ནི་གསང་བར་བྱ་ཞིང་སྡིག་པ་ནི་མཐོལ་བར་བྱའོ་ཞེས་ཆོས་སྟོན་པར་མཛད་དོ། །ཁྱིམ་བདག་གི་བུ་ཀུན་བརྗོད་པའི་ཆོ་འཕྲུལ་གང་ཞེ་ན། ཁྱིམ་བདག་གི་བུ་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་ནི་རྒྱུ་མཚན་ནམ། ཡོངས་སུ་བརྗོད་པ་ལ་ཀུན་བརྗོད་པར་བྱ་སྟེ། ཡིད་
ནི་འདི་ལྟ་བུའོ། །ཡིད་ནི་གཞན་དུའོ། །སྔ་བར་བྱས་པ་དང་། སྔ་བར་བརྗོད་པ་ཡང་ཀུན་བརྗོད་ལ། གསང་བར་བྱས་པ་དང་། གསང་བར་བརྗོད་པ་ཀུན་ཡང་རྗོད་པར་བྱེད་ལ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཀུན་ཡང་རྗོད་པར་བྱེད་ཅིང་། ཐག་རིང་པོ་ཡང་
ཀུན་བརྗོད་ལ། ཐག་ཉེ་བར་ཡང་ཀུན་བརྗོད་ཅིང་། སེམས་ཀྱང་ཀུན་བརྗོད་ལ་སེམས་ལས་བྱུང་བ་ཡང་ཀུན་རྗོད་པར་བྱེད་དེ། གང་ཅུང་ཟད་བརྗོད་པ་དེ་ཐམས་ཅད་དེ་བཞིན་དུ་འགྱུར་གྱི། གཞན་དུ་ཡང་མ་ཡིན་པ་དང་། རྒྱུ་མཚན་ནམ་ཡོངས་སུ་བརྗོད་པ་ལས་ཀུན་རྗོད་པར་མི་བྱེད་མོད་ཀྱི།
འོན་ཀྱང་ལྷ་དང་མི་རྣམས་ལས་ཐོས་ནས་ཡིད་ནི་འདི་ལྟ་བུའོ་ཞེས་ཀུན་རྗོད་པར་བྱེད་དེ་ཞེས་བྱ་བ་ནས། ཐམས་ཅད་དེ་བཞིན་དུ་གྱུར་པ་མ་ཡིན་ཞེས་བྱ་བའི་བར་དུ་དང་། རྒྱུ་མཚན་དང་ཡོངས་སུ་བརྗོད་པ་ལས་ཀུན་རྗོད་པར་ཡང་མི་བྱེད་ལ་ལྷ་དང་མི་རྣམས་ལས་ཐོས་ནས་ཀུན་རྗོད་པར་ཡང་མི་བྱེད་
མོད་ཀྱི། འོན་ཀྱང་ཡོངས་སུ་རྟོག་པ་དང་། ཡོངས་སུ་དཔྱོད་པས་སེམས་ཅན་གཞན་དང་གང་ཟག་གཞན་རྣམས་ཀྱི་ཡིད་ཡིད་ཀྱིས་རྣམ་པར་ཤེས་ནས་ཡིད་ནི་འདི་ལྟ་བུའོ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཐམས་ཅད་དེ་བཞིན་དུ་འགྱུར་གྱི། གཞན་དུ་མ་ཡིན་ཞེས་བྱ་བའི་བར་དུའོ། །དགེ་
སྦྱོང་ངམ་བྲམ་ཟེ་རྒྱུ་མཚན་ནམ། ཡོངས་སུ་བརྗོད་པ་ལས་ཡིད་ནི་འདི་ལྟ་བུའོ་ཞེས་ཀུན་རྗོད་པར་བྱེད་པ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཐམས་ཅད་དེ་བཞིན་དུ་འགྱུར་གྱི། གཞན་དུ་མ་ཡིན་ཞེས་བྱ་བའི་བར་དུ་སྟེ