Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 147

Văn bản gốc(Tây Tạng)

Trang 3 / 21 (50.000 ký tự/trang)
ྱི་བུ་གནག་ཚོགས་ཅན་གྱི་ལུས་ལ་དུ་བ་འཐུལ་ཞིང་རབ་རིབ་དང་མུན་པ་ལྟ་བུར་ཤར་ཕྱོགས་དང་། ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་ཁྱབ་ཅིང་འཕྲོས་པ་དག་མཐོང་ངམ། བཙུན་པ་དེ་བཞིན་ནོ། །དགེ་སློང་དག་འདི་ནི་བདུད་སྡིག་ཅན་ཏེ། རིགས་ཀྱི་བུ་གནག་ཚོགས་
ཅན་གྱི་ལུས་ལ་རྣམ་པར་ཤེས་པ་ཡང་དག་པར་འཚལ་བའོ། །དགེ་སློང་དག་རིགས་ཀྱི་བུ་གནག་ཚོགས་ཅན་མཚོན་ཆས་བཏབ་སྟེ་འཆི་བའི་ཚེ་དབང་པོ་རྣམས་ཡོངས་སུ་དང་ཞིང་བཞིན་གྱི་མདོག་ཡོངས་སུ་དག་པ་ལས་པགས་པའི་མདོག་ཀུན་དུ་དཀར་པོར་གྱུར་ཏེ། རྣམ་པར་ཤེས་པ་གནས་མེད་

པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གནག་ཚོགས་ཅན་ལུང་བསྟན་པ་དང་། དེ་ནས་དེའི་ཚེ་བདུད་སྡིག་ཅན་གྱིས་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །སྟེང་དང་འོག་དང་ལོགས་དང་ནི། །ཕྱོགས་དང་ཕྱོགས་འཚམས་རྣམས་སུ་ཡང་། །གནག་ཚོགས་གང་དུ་སོང་བ་
དག །བདག་གིས་བཙལ་ཀྱང་མ་རྙེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཕྱིར་བརྟན་རྣམས་ཅུང་ཟད་ཙམ། །འདོད་པ་ཉིད་དུ་མི་བྱེད་པ། །སྲེད་པ་རྩད་ནས་བཏོན་ནས་ནི། །ཡོངས་སུ་མྱ་ངན་འདས་པར་འགྱུར། །དེ་ནས་སྡིག་ཅན་ཡིད་མི་བདེ་ཞིང་སྡུག་བསྔལ་
གྱིས་ཡིད་ལ་གཅགས་བཞིན་དུ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ་ཞེས་གསུངས་སོ། །བཅུ་ལས་འཕྲོས་པ་ལས་ཀྱང་ཞེས་བྱ་བ་ལ། མདོ་དྲུག་གི་ཚོགས་ཀྱི་བཅུ་ལས་འཕྲོས་པའི་མདོ་དང་པོ་ལས་འདི་སྐད་དུ། ཚེ་དང་ལྡན་པ་དག་མང་དུ་བྱེད་པའི་ཆོས་ནི་གཅིག་སྟེ། འདི་ལྟར་དགེ་
བའི་ཆོས་རྣམས་ལ་བག་ཡོད་པའོ། །བསྒོམ་པར་བྱ་བའི་ཆོས་ནི་གཅིག་སྟེ། ལུས་སུ་གཏོགས་པའི་དྲན་པའོ། །ཡོངས་སུ་ཤེས་པར་བྱ་བའི་ཆོས་ནི་གཅིག་སྟེ། ཟག་པ་དང་བཅས་པའི་རིག་པའོ། །སྤང་བར་བྱ་བའི་ཆོས་ནི་གཅིག་སྟེ། བདག་ཏུ་ང་རྒྱལ་བའོ། །ཉམས་པའི་
ཆ་དང་མཐུན་པའི་ཆོས་ནི་གཅིག་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །ཁྱད་པར་དུ་འགྲོ་བའི་ཆ་དང་མཐུན་པའི་ཆོས་ནི་གཅིག་སྟེ། ཚུལ་བཞིན་ཡིད་ལ་བྱེད་པའོ། །རྟོགས་པར་དཀའ་བའི་ཆོས་ནི་གཅིག་སྟེ། བར་ཆད་མེད་པའི་ཏིང་ངེ་འཛིན་ཏོ། །བསྐྱེད་པར་བྱ་བའི་ཆོས་ནི་
གཅིག་སྟེ། སེམས་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་ཡིད་དུ་འོང་བའོ། །མངོན་པར་ཤེས་པར་བྱ་བའི་ཆོས་ནི་གཅིག་སྟེ། སེམས་ཅན་ཐམས་ཅད་ནི་ཟས་ཀྱིས་གནས་པ་ཞེས་བྱའོ། །མངོན་སུམ་དུ་བྱ་བའི་ཆོས་ནི་གཅིག་སྟེ། སེམས་རྣམ་པར་གྲོལ་བ་མི་གཡོ་བ་ཡིན་ནོ། །ཚེ་དང་
ལྡན་པ་དག་ཆོས་བཅུ་པོ་འདི་དག་ནི་དེ་བཞིན་ནོ། །མི་འགྱུར་བའི་དེ་བཞིན་ཉིད་གཞན་མ་ཡིན་པའི་དེ་བཞིན་ཉིད། དབེན་པ་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་ཕྱིན་ཅི་མ་ལོག་པའོ་ཞེས། འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་ཡང་དག་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ་ཞེས་གསུངས་སོ། །འོ་

ན་ནི་གང་ལས་འདི་སྐད་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དང་ཐམས་ཅད་སྡུག་བསྔལ་བའི་ཆོས་ཅན་དང་། ཀུན་འབྱུང་བ་དང་། མི་སྣང་བ་དང་།
རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བར་གྱུར་ཅིང་འདིས་འདོད་པ་རྣམས་སོལ་བའི་ཕུང་པོ་ལྟ་བུར་མཐོང་བར་གྱུར་ཅིང་འདིས་འདོད་པ་རྣམས་དེ་ལྟར་མཐོང་བར་འགྱུར་རོ། །འདོད་པ་རྣམས་ཇི་ལྟ་བ་
བཞིན་མཐོང་བ་དང་། འདོད་པ་རྣམས་མཐོང་བ་ན་འདོད་པ་རྣམས་ལ་འདུན་པ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་དགའ་བ་དང་། འདོད་པར་བྱིང་བ་དང་། འདོད་པར་ངེས་པ་དང་། འདོད་པ་ལ་ཞེན་པ་དང་། དེ་ལ་སེམས་ཡོངས་སུ་གཏུགས་ཤིང་མི་གནས་ཏེ།
སྤྱོད་ལམ་དང་གནས་པ་ལ་མཁས་ཤིང་རབ་ཏུ་མཁས་པར་འགྱུར་རོ། །འདི་དེ་ལྟར་རྒྱུ་སྤྱོད་པ་དང་གནས་པ་ལ་མཁས་ཤིང་རབ་ཏུ་མཁས་པར་གྱུར་ན་ཇི་ལྟར་ན་སྤྱོད་པ་དང་གནས་པ་ན་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་སེམས་ཟག་པ་དང་
བྲལ་བར་འགྱུར་རོ། །དགེ་སློང་དག་ཇི་ལྟར་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པས་ཐམས་ཅད་སྡུག་བསྔལ་བའི་ཆོས་ཅན་དང་། ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་ཡང་དག་པའི་ཤེས་རབ་
ཀྱིས་མཐོང་བར་འགྱུར་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་འདི་ནི་ཀུན་འབྱུང་བ་དང་། འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་
འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། དགེ་སློང་དག་འདི་ལྟར་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པས་ཐམས་ཅད་སྡུག་བསྔལ་བའི་ཆོས་ཅན་དང་། ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་

འབྱུང་བ་ཇི་ལྟ་བ་བཞིན་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བར་འགྱུར་རོ། །དགེ་སློང་དག་ཇི་ལྟར་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདོད་པ་རྣམས་ལ་སོལ་བའི་ཕུང་པོ་ལྟ་བུར་མཐོང་བར་འགྱུར་ཞིང་འདིས་འདོད་པ་རྣམས་དེ་ལྟར་མཐོང་བར་འགྱུར་བ་དང་། འདོད་པ་རྣམས་ཇི་
ལྟ་བ་བཞིན་ཤེས་ཤིང་འདོད་པ་རྣམས་མཐོང་བར་འགྱུར་བ་དང་། འདོད་པ་རྣམས་ལ་འདུན་པ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་དགའ་བ་དང་། འདོད་པ་ལ་བྱིང་བ་དང་། འདོད་པར་ངེས་པ་དང་། འདོད་པ་ལ་ཞེན་པ་དང་། དེ་ལ་སེམས་ཡོངས་སུ་གཏུགས་ཤིང་
མི་གནས་པར་འགྱུར་ཞེ་ན། འདི་ལྟ་སྟེ། གྲོང་ངམ་གྲོང་ཁྱེར་དང་ཐག་མི་རིང་བ་ན་སོལ་བའི་ཕུང་པོ་དུ་བ་དང་མེ་ལྕེ་དང་བྲལ་བའི་སོལ་བའི་ཕུང་པོས་གང་བར་གྱུར་ལ། དེ་ནས་སྐྱེས་བུ་བྱིས་པའི་རང་བཞིན་མ་ཡིན་ཏེ། རྨོངས་པའི་རང་བཞིན་མ་ཡིན་པ། ཤེས་རབ་དང་བཅས་པ།
རང་དབང་ཐོབ་པ། བདེ་བ་འདོད་པ། སྡུག་བསྔལ་མི་འདོད་པ། གསོན་པར་འདོད་པ། འཆི་བར་མི་འདོད་པ། འཆི་བ་དང་རྗེས་སུ་མི་མཐུན་པ་འགའ་ཞིག་འོངས་ཏེ་འདི་སྙམ་དུ། དུ་བ་དང་མེ་ལྕེ་དང་བྲལ་བའི་སོལ་བའི་ཕུང་པོ་འདིའི་ནང་དུ་བདག་ལྟུང་བར་གྱུར་ན། གཞི་དེ་ལས་འཆི་
བ་འམ་འཆི་བ་ལ་ཐུག་པའི་སྡུག་བསྔལ་མྱོང་བར་འགྱུར་རོ་སྙམ་ནས། དེ་དེ་ལས་ཐག་རིང་དུ་བྱེད་ཅིང་དོན་དུ་གཉེར་བ་དང་། སྨོན་པ་དག་ཐག་རིང་དུ་བྱེད་དོ། །དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདོད་པ་རྣམས་སོལ་བའི་ཕུང་པོ་ལྟ་བུར་མཐོང་བར་འགྱུར་ཞིང་
འདིས་འདོད་པ་རྣམས་དེ་ལྟར་མཐོང་བ་ན་འདོད་པ་རྣམས་ཇི་ལྟ་བ་བཞིན་ཤེས་ཤིང་འདོད་པ་རྣམས་མཐོང་བ་ན། འདོད་པ་རྣམས་ལ་འདུན་པ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་དགའ་བ་དང་། འདོད་པར་བྱིང་བ་དང་། འདོད་པར་ངེས་པ་དང་། འདོད་པ་ལ་ཞེན་པ་དང་། དེ་ལ་
སེམས་ཡོངས་སུ་གཏུགས་ཤིང་མི་གནས་པར་འགྱུར་རོ། །དགེ་སློང་དག་ཇི་ལྟར་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་སྤྱོད་པ་དང་གནས་པ་ལ་མཁས་ཤིང་རབ་ཏུ་མཁས་པ་ཡིན་ཞེ་ན། ཇི་ལྟར་སྤྱོད་པ་དང་གནས་པ་ན་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་སྡིག་པ་མི་དགེ་བའི་ཆོས་

རྣམས་ལ་སེམས་ཟག་པ་དང་བྲལ་བར་འགྱུར་ཏེ། དེ་བཞིན་དུ་འདིས་སྤྱོད་པ་དང་གནས་པ་ལ་མཁས་ཤིང་རབ་ཏུ་མཁས་པར་འགྱུར་ཏེ། དགེ་སློང་དག་འདི་ལྟ་སྟེ། གྲོང་ངམ་གྲོང་ཁྱེར་དང་ཐག་མི་རིང་བ་ཞིག་ན་ཚེར་མ་མང་པོས་གང་བར་གྱུར་ལ། སྐྱེས་བུ་
འགའ་ཞིག་བྱ་བ་ཅུང་ཟད་ཅིག་གི་ཕྱིར་དེར་ཞུགས་པ་དང་། མདུན་ན་ཡང་ཚེར་མ། རྒྱབ་ན་ཡང་ཚེར་མ། ལོགས་དང་། སྟེང་དང་། འོག་དང་། ཕྱོགས་དང་ཕྱོགས་མཚམས་ཚེར་མས་གང་བར་གྱུར་ན་དེ་དེ་ན་དྲན་པ་དང་ལྡན་བཞིན་དུ་འགྲོ་བ་དང་། དྲན་པ་དང་ལྡན་བཞིན་དུ་འོང་བ་
དང་། རྣམ་པར་ལྟ་ཞིང་དྲན་པ་དང་ལྡན་བཞིན་དུ་སྐུམ་པ་དང་རྐྱོང་བར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། བདག་ལ་ཚེར་མ་ཟུག་པར་མ་གྱུར་ཅིག་སྙམ་པའི་ཕྱིར་རོ། །དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་གྲོང་ངམ་གྲོང་ཁྱེར་དག་ན་བརྟེན་ཅིང་ཉེ་བར་གནས་
པ། སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། གྲོང་ངམ་གྲོང་ཁྱེར་དུ་བསོད་སྙོམས་ཀྱི་ཕྱིར་འཇུག་པ་ན་ལུས་ཀྱིས་ལེགས་པར་བསྲུངས་པ་དང་། དབང་པོས་ལེགས་པར་བསྡམས་པ་དང་། དྲན་པ་ཉེ་བར་གཞག་ནས་བསོད་སྙོམས་ལ་འཇུག་པར་བྱེད་ཅིང་། དེ་དེ་ན་དྲན་
བཞིན་དུ་འོང་བ་དང་། དྲན་བཞིན་དུ་འགྲོ་བ་དང་། དྲན་བཞིན་དུ་རྣམ་པར་ལྟ་བས་དྲན་བཞིན་དུ་རྣམ་པར་ལྟ་བ་དང་། དྲན་བཞིན་དུ་སྐུམ་པ་དང་། དྲན་བཞིན་དུ་རྐྱོང་བར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། བདག་ལ་ཚེར་མ་མ་ཟུག་ཅིག་སྙམ་པའི་ཕྱིར་རོ། །དགེ་སློང་དག་ཆོས་འདུལ་
བ་འདི་ལ་ཚེར་མ་ཞེས་གང་ལ་བརྗོད་ཅེ་ན། གང་འཇིག་རྟེན་ན་དགའ་བའི་རང་བཞིན་དང་ཆགས་པའི་རང་བཞིན་དེ་ནི་ཆོས་འདུལ་བ་འདི་ལ་ཚེར་མ་ཞེས་བརྗོད་དོ། །འཇིག་རྟེན་ན་དགའ་བའི་རང་བཞིན་དང་། ཆགས་པའི་རང་བཞིན་ཆོས་འདུལ་བ་འདི་ལ་ཚེར་མ་ཞེས་བརྗོད་པ་དེ་གང་
ཞེ་ན། འདི་ལྟར་འདོད་པའི་ཡོན་ཏན་ལྔ་པོ་མིག་གིས་ཤེས་པར་བྱ་བའི་གཟུགས་འདོད་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དང་། འདོད་པ་ཉེ་བར་སྡུད་པ་དང་། དགའ་བར་བྱེད་པ་དང་། རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་དང་། སྣས་རྣམ་པར་ཤེས་པར་བྱ་བའི་དྲི་

དང་། ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་དང་། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དང་། འདོད་པ་ཉེ་བར་སྡུད་པ་དང་། དགའ་བར་བྱེད་པ་རྣམས་ཏེ། དགེ་སློང་དག་འདི་ནི་འཇིག་རྟེན་ལ་དགའ་བའི་རང་
བཞིན་དང་ཆགས་པའི་རང་བཞིན་ཆོས་འདུལ་བ་འདི་ལ་ཚེར་མ་ཞེས་བརྗོད་དོ། །དགེ་སློང་དག་དེ་ལྟར་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་སྤྱོད་པ་དང་གནས་པ་ལ་མཁས་ཤིང་རབ་ཏུ་མཁས་པར་གྱུར་ལ། དེ་བཞིན་དུ་སྤྱོད་པ་དང་གནས་པ་ལ་མཁས་ཤིང་རབ་ཏུ་མཁས་པར་
འགྱུར་རོ། །ཇི་ལྟར་སྤྱོད་པ་དང་གནས་པ་ན་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་སེམས་ཟག་པ་དང་བྲལ་བར་འགྱུར་ཏེ། དགེ་སློང་དག་འཕགས་པ་ཉན་ཐོས་དེ་ལྟར་སྤྱོད་ཅིང་དེ་ལྟར་གནས་པ་དེ་ལ་བརྒྱ་ལ་རེས་འགའ་ཞིག་དྲན་པ་ཉམས་པ་ལས་
སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་འདོད་ཆགས་ཉེ་བར་སྡུད་པའམ། ཞེ་སྡང་ཉེ་བར་སྡུད་པའམ། གཏི་མུག་ཉེ་བར་སྡུད་པ་དག་སྐྱེ་བར་འགྱུར་རོ། །དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེ་ལ་དྲན་པ་ཉམས་པ་ཆུང་ངུ་བྱུང་ཡང་དེ་ཡང་དེ་མྱུར་དུ་ཟད་པ་དང་ཡོངས་སུ་
གཏུགས་པར་གྱུར་ཏེ། དཔེར་ན་ལྕགས་ཀྱི་གོང་བུའམ། ལྕགས་ཀྱི་ཚ་ཚ་འབར་ཞིང་མེ་རབ་ཏུ་འབར་བ་དག་ལ་འགའ་ཞིག་གིས་ཆུའི་ཐིགས་པ་ཆུང་ངུ་གཉིས་གསུམ་གཏོར་ན། དགེ་སློང་དག་ཆུའི་ཐིགས་པ་ཆུང་ངུ་ལྷུང་མ་ཐག་ཏུ་ཡང་མྱུར་དུ་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པར་འགྱུར་
རོ། །དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེ་ལ་དྲན་པ་ཉམས་པ་ཆུང་ངུ་བྱུང་ཡང་དེ་ཡང་མྱུར་དུ་ཡོངས་སུ་ཟད་ཅིང་གཏུགས་པར་འགྱུར་རོ། །དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེ་ལྟར་སྤྱོད་ཅིང་དེ་ལྟར་གནས་པ་དེ་ལ་རྒྱལ་པོའམ་གཉེན་
རྣམས་འོངས་ཏེ། ཀྱེ་སྐྱེས་བུ་དག་ཁྱེད་ཅིའི་ཕྱིར་མགོ་བྲེགས་ཤིང་ལག་ན་ལྷུང་བཟེད་ཐོགས་ནས་ཁྱིམ་ནས་ཁྱིམ་རྣམས་སུ་རྒྱུ་ཞིང་གོས་ངུར་སྨིག་གྲང་མོ་འདིས་ལུས་ཡོངས་སུ་གདུང་བར་བྱེད། ཀྱེ་སྐྱེས་བུ་ཁྱོད་འདོད་པ་རྣམས་ལ་ལོངས་སྤྱོད་བཞིན་དུ་འདུག་ལ་སྦྱིན་བདག་བྱིན།

བསོད་ནམས་དག་གྱིས་ཤིག་ཅེས་འདོད་པ་རྣམས་ལ་འདོད་པར་བྱེད་ན། དགེ་སློང་དག་འདི་ཇི་སྙམ་དུ་སེམས། ཅི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེ་ལ་རྒྱལ་པོའམ་གཉེན་རྣམས་ཀྱིས་འདོད་པ་སྤྱད་པའི་ཕྱིར་བོས་པ་ན་དེ་བསླབ་པ་གཏོང་ཞིང་ཉམས་པར་
བྱེད་དམ། བཙུན་པ་མ་ལགས་སོ། །འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཐམས་ཅད་ལ་སྡུག་བསྔལ་བའི་ཆོས་ཅན་དང་། ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཇི་ལྟ་བ་བཞིན་ཡང་དག་པའི་ཤེས་རབ་ཀྱིས་མཐོང་
བར་འགྱུར་ཏེ། འདིས་འདོད་པ་རྣམས་ལ་སོལ་བའི་ཕུང་པོ་ལྟ་བུར་མཐོང་བར་གྱུར་ཅིང་། འདིས་འདོད་པ་རྣམས་དེ་ལྟར་མཐོང་བ་དང་། འདོད་པ་རྣམས་ཇི་ལྟ་བ་བཞིན་ཤེས་པ་དང་། འདོད་པ་རྣམས་མཐོང་བ་ན། འདོད་པ་རྣམས་ལ་འདུན་པ་དང་། འདོད་པ་ལ་ཞེན་པ་
དང་། འདོད་པ་ལ་དགའ་བ་དང་། འདོད་པར་བྱིང་བ་དང་། འདོད་པ་ལ་ངེས་པ་དང་། འདོད་པ་ལ་ཞེན་པ་དང་། དེ་སེམས་ཡོངས་སུ་གཏུགས་ཤིང་མི་གནས་པ་སྟེ། སྤྱོད་ལམ་དང་གནས་པ་ལ་མཁས་ཤིང་རབ་ཏུ་མཁས་པར་གྱུར་ལ། འདི་དེ་ལྟར་སྤྱོད་པ་དང་གནས་པ་ལ་
མཁས་ཤིང་རབ་ཏུ་མཁས་པར་གྱུར་ན། ཇི་ལྟར་སྤྱོད་པ་དང་གནས་པ་ན་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་སེམས་ཟག་པ་དང་བྲལ་བར་གྱུར་པ་དག་རྒྱལ་པོའམ་གཉེན་རྣམས་ཀྱིས་འདོད་པ་སྤྱོད་པའི་ཕྱིར་བོས་པ་ན་བསླབ་པ་སོ་སོར་བཏང་ཞིང་ཉམས་
པར་བྱེད་པ་འདི་ནི་གནས་མ་མཆིས་སོ། །དགེ་སློང་དག་ལེགས་སོ་ལེགས་སོ། །དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེའི་སེམས་ཡུན་རིང་པོ་ནས་དབེན་པ་ལ་གཞོལ་བ་དང་། དབེན་པ་ལ་བབ་པ། དབེན་པ་ལ་འབབ་པ། ཐར་པ་ལ་གཞོལ་བ། ཐར་པ་ལ་བབ་
པ། ཐར་པ་ལ་འབབ་པ། མྱ་ངན་ལས་འདས་པ་ལ་གཞོལ་བ། མྱ་ངན་ལས་འདས་པ་ལ་བབ་པ། མྱ་ངན་ལས་འདས་པ་ལ་འབབ་པ། ཞི་བ། ཐག་བསྲིངས་པ། ཐར་པ། ཟག་པའི་གནས་ལྟ་བུའི་ཆོས་རྣམས་ལས་ཞི་བར་གྱུར་པ། བསིལ་བར་གྱུར་པ། ཚངས་པར་གྱུར་པ་དེ་

རྒྱལ་པོའམ་གཉེན་རྣམས་ཀྱིས་འདོད་པ་སྤྱད་པའི་ཕྱིར་བོས་པ་ན་བསླབ་པ་སོ་སོར་བཏང་ནས་ཉམས་པར་བྱེད་པ་འདི་ནི་གནས་མེད་དེ། གཞན་དུ་ན་རྒྱལ་པོའམ་གཉེན་རྣམས་དུས་ཕྱིས་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །དགེ་སློང་དག་དཔེར་ན་ཆུ་བོ་གང་གཱའི་ཆུ་ཡུན་རིང་
པོར་ཤར་ཕྱོགས་སུ་གཞོལ་བ། ཤར་དུ་བབ་པ། ཤར་དུ་འབབ་པར་གྱུར་པ་ལ། དེ་ནས་ལག་ཏུ་འཇོར་དང་བསྩེལ་པོ་ཐོགས་པའི་སྐྱེ་བོའི་ཚོགས་མང་པོ་འོངས་ནས་འདི་སྐད་དུ་ཆུ་བོ་གང་གཱའི་ཆུ་ཡུན་རིང་པོ་ཤར་དུ་གཞོལ་བ། ཤར་དུ་བབ་པ། ཤར་དུ་འབབ་པ་འདི་བདག་
ཅག་གིས་ནུབ་ཏུ་གཞོལ་ཞིང་ནུབ་ཏུ་བབ་པ་དང་། ནུབ་ཏུ་འབབ་པར་བྱའོ་ཞེས་སྨྲ་ན། དགེ་སློང་དག་ཆུ་བོ་གང་གཱའི་ཆུ་ཡུན་རིང་པོ་ནས་ཤར་དུ་གཞོལ་བ། ཤར་དུ་བབ་པ། ཤར་དུ་འབབ་པར་གྱུར་པ་ལ་འདི་སྟོབས་དང་ལྡན་པ་སྐྱེ་བོའི་ཚོགས་མང་པོ་དེ་དག་གིས་ནུབ་ཏུ་
གཞོལ་བ་དང་། ནུབ་ཏུ་བབ་པ་དང་། ནུབ་ཏུ་འབབ་པར་བྱ་བར་ནུས་སམ། བཙུན་པ་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཙུན་པ་འདི་ལྟར་ཆུ་བོ་གང་གཱའི་ཆུ་ཡུན་རིང་པོ་ནས་ཤར་དུ་གཞོལ་བ། ཤར་དུ་བབ་པ། ཤར་དུ་འབབ་པ་འདི་སྐྱེ་བོའི་ཚོགས་མང་པོ་དེ་དག་གིས་
ནུབ་ཏུ་གཞོལ་བ་དང་། ནུབ་ཏུ་བབ་པ་དང་། ནུབ་ཏུ་འབབ་པར་བྱ་བ་སླ་བ་མ་ལགས་ཀྱི། གཞན་དུ་ན་སྐྱེ་བོའི་ཚོགས་མང་པོ་དེ་དག་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེའི་སེམས་ཡུན་རིང་པོ་ནས་
དབེན་པ་ལ་གཞོལ་བ། དབེན་པ་ལ་བབ་པ། དབེན་པ་འབབ་པ། ཐར་པ་ལ་གཞོལ་བ། ཐར་པ་ལ་བབ་པ། ཐར་པ་ལ་འབབ་པ། མྱ་ངན་ལས་འདས་པ་ལ་གཞོལ་བ། མྱ་ངན་ལས་འདས་པ་ལ་བབ་པ། མྱ་ངན་ལས་འདས་པ་ལ་འབབ་པ། ཞི་བ། ཐག་བསྲིངས་པ། ཐར་པ་ལ་མངོན་པར་དགའ་
བ་ཟག་པའི་གནས་ལྟ་བུའི་ཆོས་རྣམས་ལས་ཞི་ཞིང་བསིལ་བར་གྱུར་པ་ཚངས་པར་གྱུར་པ་དེ་ལ་རྒྱལ་པོའམ་གཉེན་རྣམས་ཀྱིས་འདོད་པ་སྤྱོད་པའི་ཕྱིར་བོས་པ་ན། བསླབ་པ་བཏང་ནས་ཉམས་པར་བྱེད་པ་འདི་ནི་གནས་མེད་དེ། གཞན་དུ་ན་རྒྱལ་པོའམ་གཉེན་དེ་དག་ཕོངས་ཤིང་

དུབ་པའི་སྐལ་བ་ཅན་དུ་འགྱུར་རོ་ཞེས་གསུངས་སོ། །མདོ་གཞན་ལས། དེ་ནི་དགྲ་བཅོམ་པའི་སྟོབས་ཡིན་པར་ཡང་གསུངས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་ལངས་
ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དགེ་སློང་དགྲ་བཅོམ་
པ་ཟག་པ་ཟད་པ་ལ་སྟོབས་དུ་ཞིག་མཆིས། ཤཱ་རིའི་བུ་རྣམ་པ་བརྒྱད་དེ། བརྒྱད་གང་ཞེ་ན། ཤཱ་རིའི་བུ་དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་དེའི་སེམས་ཡུན་རིང་པོ་ནས་དབེན་པ་ལ་གཞོལ་བ། དབེན་པ་ལ་བབ་པ། དབེན་པ་ལ་འབབ་པ་ཡིན། ཐར་པ་ལ་གཞོལ་བ། ཐར་པ་ལ་བབ་
པ། ཐར་པ་ལ་འབབ་པ་ཡིན། མྱ་ངན་ལས་འདས་པ་ལ་གཞོལ་བ། མྱ་ངན་ལས་འདས་པ་ལ་བབ་པ། མྱ་ངན་ལས་འདས་པ་ལ་འབབ་པ་ཡིན་ནོ། །འདོད་པ་རྣམས་སོལ་བའི་ཕུང་པོ་ལྟ་བུར་མཐོང་བ་ཡིན་ཏེ། འདིས་འདོད་པ་རྣམས་ཀྱི་དེ་བཞིན་ཉིད་མཐོང་སྟེ། ཇི་ལྟར་འདོད་
པ་རྣམས་ཇི་ལྟ་བ་བཞིན་ཤེས་ཤིང་འདོད་པ་རྣམས་ཇི་ལྟ་བ་བཞིན་དུ་མཐོང་ནས། འདོད་པ་ལ་འདུན་པ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་དགའ་བ་དང་། འདོད་པ་ལ་ངེས་པ་དང་། འདོད་པ་ལ་ཞེན་པ་དང་། དེ་ལ་སེམས་ཡོངས་སུ་གཏུགས་ཏེ་མི་གནས་པ་ཡིན། འདིས་
དྲན་པ་ཉེ་བར་གཞག་པ་བཞི་ལེགས་པར་བསྒོམས་པ་ཡིན། ཡང་དག་པར་སྤོང་བ་བཞི་ལེགས་པར་བསྒོམས་པ་ཡིན། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམས་
པ་ལེགས་པར་བསྒོམས་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཞེས་བྱ་བ་ནས། ལངས་ཏེ་སོང་ངོ་ཞེས་བྱ་བའི་བར་དུའོ་ཞེས་གསུངས་སོ། །མདོ་ལས་འདི་སྐད་དུ་ཞེས་བྱ་བ་ལ། འདི་ནས་གོ་རིམས་ལས་བཟློག་སྟེ་བརྩིས་པའི་ལྔ་

པ་དང་། དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཞེས་བྱ་བ་སོལ་བའི་ཕུང་པོ་ལྟ་བུའི་མདོ་ལས་གོ་རིམས་ལས་བཟློག་སྟེ་བགྲངས་པའི་གསུམ་པ་ལས་འབྱུང་བ་བསྟན་ཟིན་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་འདི་ལ་གང་ཞིག་ཉོན་མོངས་པ་ལྔ་སྤངས་ཏེ་ཞེས་བྱ་བ་ལ། གླེང་
གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་གང་ཟག་ནི་རྣམ་པ་བཞི་སྟེ། རྒྱུན་ཕྱོགས་སུ་འགྲོ་བའི་གང་ཟག་དང་། རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་བའི་གང་ཟག་དང་། བདག་ཉིད་དུ་གནས་པའི་གང་ཟག་དང་།
བརྒལ་ཞིང་ཕ་རོལ་ཏུ་ཕྱིན་པའི་གང་ཟག་གོ། །རྒྱུན་ཕྱོགས་སུ་འགྲོ་བའི་གང་ཟག་གང་ཞེ་ན། འདི་ན་འདོད་པ་ལ་བརྟེན་ཞིང་སྡིག་པའི་ལས་བྱེད་པའི་གང་ཟག་རྣམས་ཏེ། འདི་ནི་རྒྱུན་ཕྱོགས་སུ་འགྲོ་བའི་གང་ཟག་ཅེས་བྱའོ། །རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་བའི་གང་ཟག་གང་ཞེ་ན། འདི་
ནི་འདོད་པ་ལ་བརྟེན་ཀྱང་སྡིག་པའི་ལས་མི་བྱེད་པའི་གང་ཟག་རྣམས་ཏེ། འདི་ནི་རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་བའི་གང་ཟག་ཅེས་བྱའོ། །བདག་ཉིད་དུ་གནས་པའི་གང་ཟག་གང་ཞེ་ན། གང་ཟག་འགའ་ཞིག་འདི་ན་དགོན་པའམ། ཤིང་དྲུང་ངམ། ཁང་པ་སྟོང་པར་སོང་ནས་འབད་པ་དང་།
སྤངས་པ་དང་། བསྒོམ་པ་དང་། ལན་མང་དུ་བྱས་པའི་རྒྱུ་དང་། ཡང་དག་པའི་ཡིད་ལ་བྱེད་པའི་རྒྱུས་ཇི་ལྟར་སེམས་མཉམ་པར་གཞག་པ་ན་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་ཤིང་མི་སྐྱེ་བ་དེ་ལྟ་བུའི་ཏིང་ངེ་འཛིན་ཞི་བ་ལ་རེག་པར་གྱུར་ཏེ། དེ་ཡོངས་སུ་མྱ་ངན་ལས་འདའ་ཞིང་
འཇིག་རྟེན་འདིར་ཡང་ཕྱིར་མི་ལྡོག་ཅིང་མི་འོང་བ་འདི་ནི་བདག་ཉིད་དུ་གནས་པའི་གང་ཟག་ཅེས་བྱའོ། །བརྒལ་ཞིང་ཕ་རོལ་ཏུ་ཕྱིན་པའི་གང་ཟག་གང་ཞེ་ན། འདི་ལ་གང་ཟག་དགོན་པའམ། ཤིང་དྲུང་ངམ། ཁང་པ་སྟོང་པར་སོང་ནས་འབད་པ་དང་། སྤངས་པ་དང་། ལན་མང་དུ་བྱས་པ་དང་།
ཡང་དག་པའི་ཡིད་ལ་བྱས་པའི་རྒྱུས་ཇི་ལྟར་སེམས་མཉམ་པར་གཞག་པ་ན་ཟག་པ་ཟད་ཅིང་ཟག་པ་ལས་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་སྟེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །བྱེད་པ་བྱས་སོ། །སྲིད་པ་འདི་ལས་གཞན་མི་

ཤེས་སོ་ཞེས་མཐོང་བའི་ཆོས་ཉིད་ལ་རང་ཉིད་ཀྱིས་མངོན་པར་ཤེས་པ་ཕུན་སུམ་ཚོགས་པ་བསྒྲུབས་ཏེ་གནས་པ་དེ་ལྟ་བུའི་ཏིང་ངེ་འཛིན་ཞི་བ་ལ་རེག་པར་གྱུར་པ་སྟེ། འདི་ནི་འགྲོ་ཞིང་ཕ་རོལ་དུ་འགྲོ་བའི་གང་ཟག་ཅེས་བྱའོ། །སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །
འདོད་ཁམས་འདི་ན་གང་དག་འགའ་ཞིག་ནི། །འདོད་པས་གཡེངས་ཤིང་འདོད་ལ་ཆགས་མ་བྲལ། །སྲིད་པར་བྱ་ཞིང་ཡང་ཡང་སྐྱེ་བ་དང་། །དགའ་བར་འགྱུར་བ་རྒྱུན་ཕྱོགས་འགྲོ་བ་ཡིན། །དེ་ཉིད་འདོད་དང་སྡུག་བསྔལ་སྤངས་པ་ནི། །རྒྱུན་ལས་བཟློག་ཕྱོགས་འགྲོ་བའི་གང་ཟག་བརྗོད། །འདི་ན་
གང་ཞིག་ཉོན་མོངས་ལྔ་སྤངས་ཏེ། །མི་འཕྲོགས་ཆོས་ལྡན་སློབ་པ་ཡོངས་སུ་རྫོགས། །སེམས་ལ་དབང་ཐོབ་དབང་པོ་མཉམ་གཞག་པ། །ཐམས་ཅད་བདག་ཉིད་གནས་པ་ཞེས་བརྗོད་དོ། །མཆོག་དང་མཆོག་མིན་མཉམ་པའི་ཆོས་རྣམས་ཀུན། །མེད་དང་མི་སྣང་སྐྱོན་བཅས་རིག་གྱུར་ཅིང་། །
ཐམས་ཅད་ཀུན་ལས་དེ་དག་རྣམ་པར་གྲོལ། །འཇིག་རྟེན་མཐར་བྱས་ཕ་རོལ་འགྲོ་ཞེས་བརྗོད། །དེ་ཕྱིར་དགེ་སློང་དྲན་པ་ལེགས་བཞག་སྟེ། །འདོད་དང་སྡུག་བསྔལ་བསྟེན་པ་སྤོང་བར་གྱིས། །ཞེས་གསུངས་སོ། །ལམ་ནི་བཞི་སྟེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ལམ་ནི་རྣམ་པ་བཞི་སྟེ། མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་
ཡང་ཡོད། མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་གང་ཞེ་ན། འདི་ན་ཁ་ཅིག་ཉེ་བར་ལེན་པའི་ཕུང་པོ་ལྔས་འཛེམ་ཞིང་གནོད་ལ། རིང་དུ་བྱེད་ཅིང་སྨོད་པར་བྱེད་དེ། ལྔ་གང་ཞེ་ན། གཟུགས་ཉེ་བར་ལེན་པའི་ཕུང་པོ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་
པ་ཉེ་བར་ལེན་པའི་ཕུང་པོ་ལྔས་འཛེམ་ཞིང་གནོད་ལ། རིང་དུ་བྱེད་ཅིང་སྨོད་པར་བྱེད་དེ། དཔེར་ན་སྐྱེས་བུ་གཞོན་ནུ་ལེགས་པར་ཁྲུས་བྱས་ཤིང་ལེགས་པར་བྱུགས་ཤིང་བསྐུས་པ་སྐྲ་དང་ཁ་སྤུ་བཅོས་ཤིང་གོས་དཀར་པོ་གོན་པ་དང་། སྦྲུལ་གྱི་རོའམ། ཁྱིམ་བྱའི་རོའམ། མིའི་རོའི་ཁའམ།

མགོ་བོ་ལ་རེག་ན་ཤིན་ཏུ་འཛེམ་ཞིང་གནོད་ལ་ཐག་རིང་དུ་བྱེད་ཅིང་སྨོད་པར་བྱེད་དོ། །དེ་བཞིན་དུ་དེ་ཉེ་བར་ལེན་པའི་ཕུང་པོ་ལྔས་འཛེམ་ཞིང་གནོད་པ་དང་། རིང་དུ་བྱེད་ཅིང་སྨོད་པར་བྱེད་དེ། དེ་ཉེ་བར་ལེན་པའི་ཕུང་པོ་ལྔས་བདག་ཉིད་ཉོན་མོངས་ཤིང་སྙོན་རྨོངས་པར་བྱེད་པ་དང་། ཁུར་ལྕི་
བས་མནན་ནོ་སྙམ་ཞིང་། ད་ལྟར་བདག་འཆི་བ་ལ་ཐུག་གི་བར་དུ་བྱས་སོ་ཞེས་རིག་ནས། དེ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་འཛེམ་ཞིང་སྨོད་པ་དང་། རྗེས་སུ་མི་མཐུན་ཏེ་དེ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་འཛེམ་ཞིང་གནས་པ་དང་། སྨོད་པ་དང་རྗེས་སུ་མི་མཐུན་པ་འདི་ནི་དེའི་དཀའ་
བ་ཞེས་བྱའོ། །དེའི་དབང་པོ་ལྔ་བུལ་བའི་རང་བཞིན་དུ་གྱུར་ལ། ཆུང་ངུ་དང་བུལ་བར་འཇུག་པ་སྟེ། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་བུལ་བའི་རང་བཞིན་དུ་གྱུར་ཅིང་ཆུང་ངུ་
དང་བུལ་བར་འཇུག་པའི་ཕྱིར་འདི་ལྟར་ཟག་པ་ཟད་པའི་བར་ཆད་མེད་པའི་ལམ་ཆེས་བུལ་བར་ཐོབ་པར་འགྱུར་ཏེ། འདི་ནི་མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་ཞེས་བྱའོ། །མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་གང་ཞེ་ན། འདི་ན་ཁ་ཅིག་ཉེ་བར་ལེན་པའི་ཕུང་པོ་ལྔས་འཛེམ་
ཞིང་གནོད་ལ་རིང་དུ་བྱེད་ཅིང་སྨོད་པར་བྱེད་དེ། དེ་ཉེ་བར་ལེན་པའི་ཕུང་པོ་ལྔས་བདག་ཉིད་ཉོན་མོངས་ཤིང་ཉོན་མོངས་པར་བྱས་པ་དང་། ཁུར་ལྕི་བས་མནན་པ་དང་། བདག་ད་ལྟར་འཆི་བ་ལ་ཐུག་གི་བར་དུ་བྱས་སོ་སྙམ་དུ་རིག་ནས། དེ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་འཛེམ་ཞིང་སྨོད་པ་དང་རྗེས་
སུ་མི་མཐུན་ཏེ། དེ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་འཛེམ་ཞིང་སྨོད་པ་དང་རྗེས་སུ་མི་མཐུན་པ་འདི་ནི་དེའི་དཀའ་བ་ཞེས་བྱའོ། །དེའི་དབང་པོ་ལྔ་རྣོན་པོར་གྱུར་ཅིང་མགྱོགས་པར་འཇུག་སྟེ། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་
འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་རྣོན་པོར་གྱུར་ཅིང་མྱུར་དུ་འཇུག་པ་དེའི་ཕྱིར་འདི་ལྟར་ཟག་པ་ཟད་པའི་བར་ཆད་མེད་པའི་ལམ་ཆེས་མྱུར་བ་ཐོབ་པར་འགྱུར་ཏེ། འདི་ནི་མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་ཞེས་བྱའོ། །མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་གང་ཞེ་ན། འདི་ན་དགེ་

སློང་འདོད་པ་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱ་བ་ནས། བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུ་སྟེ། དེ་དེའི་ཚེ་ན་རང་ལ་གནོད་པར་བྱ་བར་མི་སེམས། གཞན་ལ་གནོད་པ་དང་། གཉི་ག་ལ་གནོད་པར་བྱ་བར་
མི་སེམས་ཀྱི། བདག་ལ་ཕན་པར་སེམས་པ་དང་། གཞན་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། ལྷ་དང་མིའི་འཇིག་རྟེན་ལ་སྙིང་བརྩེ་བ་དང་། ཕན་པ་དང་བདེ་བའི་ཕྱིར་སེམས་ཏེ། གང་གི་ཕྱིར་གནོད་པ་མེད་པ་འདི་ནི་འདིར་སླ་བ་ཞེས་བྱའོ། །དེའི་དབང་པོ་ལྔ་པོ་བུལ་བར་གྱུར་ཅིང་ཆུང་ངུ་དང་
བུལ་བར་འཇུག་སྟེ། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་བུལ་བར་གྱུར་ཅིང་ཆུང་ངུ་དང་བུལ་བར་འཇུག་པའི་ཕྱིར་འདི་ལྟར་ཟག་པ་ཟད་པའི་བར་ཆད་མེད་པའི་ལམ་ཆེས་བུལ་བ་འཐོབ་
པར་འགྱུར་ཏེ། འདི་ནི་མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་ཞེས་བྱའོ། །མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་གང་ཞེ་ན། འདི་ན་དགེ་སློང་འདོད་པ་ལས་དབེན་པ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ལྷ་དང་མིའི་འཇིག་རྟེན་ལ་སྙིང་བརྩེ་ཞིང་ཕན་པ་དང་བདེ་བའི་ཕྱིར་སེམས་ཏེ་ཞེས་བྱ་བའི་བར་དུ་
སྟེ། གང་གི་ཕྱིར་གནོད་པ་མེད་པ་འདི་ནི་འདི་ལྟར་སླ་བ་ཞེས་བྱའོ། །དེའི་དབང་པོ་ལྔ་པོ་རྣོན་པོར་གྱུར་ཅིང་མྱུར་དུ་འཇུག་སྟེ། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་རྣོ་ཞིང་མྱུར་དུ་འཇུག་
པའི་ཕྱིར་འདི་ལྟར་ཟག་པ་ཟད་པའི་བར་ཆད་མེད་པའི་ལམ་ཆེས་མྱུར་བར་ཐོབ་པར་འགྱུར་ཏེ། འདི་ནི་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ཞེས་བྱའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ཇི་ལྟ་བ་བཞིན་དུ་འདོད་པ་དང་། ལུས་དང་། འདུ་བྱེད་དང་ཉོན་མོངས་པས་ཀྱང་དེ་བཞིན་ནོ་ཞེས་གསུངས་སོ། །
བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ནི་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་དྲན་པ་ཉེ་བར་གཞག་པ་ནི་བཞི་སྟེ། བཞི་གང་ཞེ་ན། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པའོ། །གླེང་

གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཡང་དག་པར་སྤོང་བ་ནི་བཞི་སྟེ། བཞི་གང་ཞེ་ན། འདི་ན་དགེ་སློང་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བའི་ཕྱིར་འདུན་པ་སྐྱེད་ཅིང་འབད་པ་དང་། བརྩོན་འགྲུས་རྩོམ་པ་དང་། སེམས་རབ་ཏུ་འཛིན་ཏོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་
མི་སྐྱེ་བར་བྱ་བའི་ཕྱིར་འདུན་པ་སྐྱེད་ཅིང་འབད་པ་དང་། བརྩོན་འགྲུས་རྩོམ་པ་དང་། སེམས་རབ་ཏུ་འཛིན་ཏོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པར་བྱ་བའི་ཕྱིར་འདུན་པ་སྐྱེད་ཅིང་འབད་པ་དང་། བརྩོན་འགྲུས་རྩོམ་པ་དང་། སེམས་རབ་ཏུ་འཛིན་ཏོ། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་།
མི་བརྗེད་ཅིང་བསྒོམ་པ་ཡོངས་སུ་རྫོགས་པ་དང་། འཕེལ་ཞིང་རྒྱས་པ་དང་། ཡོངས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་ཅིང་འབད་པ་དང་། བརྩོན་འགྲུས་རྩོམ་པ་དང་། སེམས་རབ་ཏུ་འཛིན་པར་བྱེད་དོ་ཞེས་གསུངས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་རྫུ་འཕྲུལ་གྱི་རྐང་པ་ནི་བཞི་
སྟེ། བཞི་གང་ཞེ་ན། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ་ཞེས་གསུངས་སོ། །གླེང་གཞི་ནི་མཉན་དུ་
ཡོད་པ་ནའོ། །དབང་པོ་ནི་ལྔ་སྟེ། ལྔ་གང་ཞེ་ན། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ་ཞེས་གསུངས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །སྟོབས་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། དད་
པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ་ཞེས་གསུངས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བདུན་ཏེ། བདུན་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་
ལག་དང་། ཆོས་རབ་ཏུ་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ་ཞེས་གསུངས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་འཕགས་པའི་ལམ་ཡན་ལག་བརྒྱད་གང་ཞེ་ན།

ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ་ཞེས་གསུངས་སོ། །དགེ་
སློང་དག་ངས་ཁྱེད་ལ་རྫུ་འཕྲུལ་ཡང་བཤད་ཅེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ངས་ཁྱེད་ལ་རྫུ་འཕྲུལ་ཡང་བཤད། རྫུ་འཕྲུལ་གྱི་རྐང་པ་དང་། རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་དང་། རྫུ་འཕྲུལ་གྱི་རྐང་པ་བསྒོམ་པའི་ལམ་ཡང་བཤད་པར་བྱ་སྟེ། དེ་ལེགས་
པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །རྫུ་འཕྲུལ་གང་ཞེ་ན། འདི་ན་དགེ་སློང་རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་པ་སྟེ། འདི་ལྟ་སྟེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་དང་། སྣང་བ་དང་མི་སྣང་བ་ཤེས་ཤིང་མཐོང་བ་
ཉམས་སུ་མྱོང་བ་དང་། རྩིག་པ་ལ་མི་ཐོགས་པ་དང་། རྡོ་བ་དང་། ར་བ་ལ་ལུས་ཀྱིས་ཐོགས་པ་མེད་པར་འགྲོ་བར་འགྱུར་ཏེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ས་ལ་ཡང་བྱིའུ་ཟུལ་དུ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་མི་འབྱིང་བར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་
ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་བཅས་ཤིང་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་འདི་དག་ལ་ལག་པས་ནམ་ཞིང་ཉུག་པར་བྱེད་པ་དང་། ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་བའོ། །རྫུ་འཕྲུལ་གྱི་རྐང་པ་གང་ཞེ་ན།
རྫུ་འཕྲུལ་གྱི་རྐང་པ་ནི་བཞི་སྟེ། བཞི་གང་ཞེ་ན། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །རྫུ་འཕྲུལ་གྱི་རྐང་པ་
བསྒོམ་པ་གང་ཞེ་ན། འདི་ན་དགེ་སློང་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་དག་སྒོམ་པར་བྱེད་དོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་

དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་བསྒོམ་པའི་ལམ་
གང་ཞེ་ན། འདི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པོ་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་
འཛིན་ཏོ། །དགེ་སློང་དག་ངས་ཁྱེད་ལ་རྫུ་འཕྲུལ་ཡང་བཤད་ལ། རྫུ་འཕྲུལ་གྱི་རྐང་པ་དང་། རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་དང་། རྫུ་འཕྲུལ་གྱི་རྐང་པ་བསྒོམ་པའི་ལམ་བཤད་པར་བྱའོ་ཞེས་ངས་ཇི་སྐད་དུ་བཤད་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་གསུངས་སོ། །དྲན་པ་ཉེ་བར་གཞག་པ་བཞི་པོ་
འདི་དག་ནི་ཞེས་བྱ་བ་ལ་ལུང་བར་མའི་གོང་བུ་ཞེས་བྱ་བ་ལ་སོགས་པ་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་དུལ་དང་ཞེས་བྱ་བའི་མདོ་ལས་འདོན་ཏེ། གང་ཡང་གནས་འདི་ནི་གདུལ་བྱར་གྱུར་པའི་དགེ་སློང་འགའ་ཞིག་ཡོད་པར་གྱུར་ལ། དེ་དག་དུས་ཕྱིས་དེ་བཞིན་གཤེགས་པས་འདུལ་བར་འགྱུར་ཏེ།
དགེ་སློང་དག་ཚུར་ཤོག་མལ་ཆ་དང་སྟན་ལ་མ་ཞེན་ཅིང་རྣམ་པར་དབེན་པ་དང་། དགོན་པའམ། ཤིང་དྲུང་ངམ། ཁང་པ་སྟོང་པར་སོང་ལ། ཁྱོད་དགོན་པའམ། ཤིང་དྲུང་ངམ། ཁོང་པ་སྟོང་པར་འདུག་སྟེ། སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲངས་ནས་དྲན་པ་མངོན་དུ་ཕྱོགས་ཏེ་གཞག་
པར་གྱིས་ཤིག །ཁྱོད་འཇིག་རྟེན་གྱི་བརྣབ་སེམས་སྤངས་ཤིང་བྲལ་བར་གྱིས་ཤིག །བརྣབ་སེམས་ཀྱིས་སེམས་ལན་མང་དུ་མི་གནས་པ་དང་། བརྣབ་སེམས་ཡོངས་སུ་དག་པར་གྱིས་ཤིག །གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། འཇིག་རྟེན་གྱི་
ཐེ་ཚོམ་དང་། ཡིད་གཉིས་དང་། སོམ་ཉི་སྤོང་བ་དང་། དགེ་བའི་ཆོས་རྣམས་ལ་ཐེ་ཚོམ་ལས་སེམས་དག་པར་གྱིས་ཤིག །སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ་གེགས་ཀྱི་ཕྱོགས་མྱ་ངན་ལས་འདས་པ་མངོན་པར་མི་སྒྲུབ་པ་སྤངས་ཤིང་། བརྟུན་

པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པ་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་བསལ་ཏེ། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་དང་། བརྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པ་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ཏེ། ཕྱིའི་ལུས་ལ་ལུས་ཀྱི་
རྗེས་སུ་ལྟ་ཞིང་གནས་པ་དང་། ནང་གི་ཚོར་བ་དང་། ཕྱིའི་ཚོར་བ་དང་། ནང་དང་ཕྱིའི་ཚོར་བ་དང་། ནང་གི་སེམས་དང་། ཕྱིའི་སེམས་དང་། ནང་དང་ཕྱིའི་སེམས་དང་། བརྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པ་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ནང་གི་ཆོས་
དང་། ཕྱིའི་ཆོས་དང་། ཕྱི་དང་ནང་གི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་བཞི་པོ་འདི་དག་དེའི་སེམས་ཀྱིས་ཉེ་བར་འདོགས་པ་ཡིན་ཏེ། ཞེན་པ་ལ་བརྟེན་པའི་ཚུལ་ཁྲིམས་མངོན་པར་བསལ་བའི་ཕྱིར་དང་། ཞེན་པ་ལ་བརྟེན་པའི་ཀུན་དུ་རྟོག་པ་རྣམས་བསལ་བར་བྱ་བའི་ཕྱིར་དང་།
ཞེན་པ་ལ་བརྟེན་པའི་རིམས་ནད་དང་། ངལ་བ་དང་འབད་པ་རྣམས་སོ་སོར་དགག་པར་བྱ་བའི་ཕྱིར་དང་། དམ་པའི་ཆོས་ལ་མངོན་པར་དགའ་ཞིང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཡང་དག་པར་བསྐུལ་བའི་ཕྱིར་སྲུང་བར་འགྱུར་ཏེ། དཔེར་ན་གླང་པོ་མ་དུལ་བ་འདུལ་མཁན་གྱིས་ཤིང་སྡོང་པོ་ཆེན་པོ་
རྩ་བ་ས་ལ་བསྣུབས་ཏེ། དགོན་པའི་གླང་པོ་ཆེ་དགོན་པའི་རང་བཞིན་བསལ་བར་བྱ་བའི་ཕྱིར་དང་། དགོན་པ་དྲན་པའི་རྣམ་པར་རྟོག་པ་བསལ་བར་བྱ་བའི་ཕྱིར་དང་། དགོན་པའི་ནད་དང་ངལ་བ་དང་འཁྲུག་པ་བསལ་བར་བྱ་བའི་ཕྱིར་དང་། གྲོང་ལ་མངོན་པར་དགའ་བ་དང་མི་ལ་དགའ་བའི་ངང་ཚུལ་
ལ་ཡང་དག་པར་བསྐུལ་བར་བྱ་བའི་ཕྱིར་གྲེ་བ་ལེགས་པར་འཆིང་བར་བྱེད་དོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་པོ་འདི་དག་ནི་དེའི་སེམས་ཀྱི་ཉེ་བར་འདོགས་པ་སྟེ། ཇི་སྲིད་དུ་ཞེན་པ་ལ་བརྟེན་པའི་ཚུལ་ཁྲིམས་མངོན་པར་བསལ་བར་བྱ་བའི་ཕྱིར་དང་། ཞེན་པ་ལ་བརྟེན་པའི་དྲན་པའི་ཀུན་དུ་རྟོག་པ་
རྣམས་བསལ་བར་བྱ་བའི་ཕྱིར་དང་། ཞེན་པ་ལ་བརྟེན་པའི་རིམས་ནད་དང་ངལ་བ་དང་འཁྲུག་པ་རྣམས་བསལ་བར་བྱ་བའི་ཕྱིར་དང་། དམ་པའི་ཆོས་ལ་མངོན་པར་དགའ་བ་དང་། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཡང་དག་པར་བསྐུལ་བར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་བཞི་པོ་འདི་དག་ནི་དེའི་

སེམས་ཀྱིས་ཉེ་བར་འདོགས་པར་འགྱུར་རོ་ཞེས་གསུངས་སོ། །འདི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམ་པ་ཡོངས་སུ་རྫོགས་པར་གྱུར་ན་ཞེས་བྱ་བ་ལ། སྐྱེ་མཆེད་དྲུག་གི་ཚོགས་ཆེན་པོའི་མདོ་ལས་སྐྱེ་མཆེད་དྲུག་གི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པ་ལས་འདོན་ཏེ། དགའ་དང་དགའ་བོ་ལ་
གདམས་དང་། །སྡོམ་དང་ཡོངས་སུ་ཉམས་པ་ཅན། །དབང་པོ་མཐའ་དང་ཐོགས་པ་དང་། །མཽད་གལ་ཡ་ན་ཕྱི་མ་སྟེ། །དྲུག་ཚན་དྲུག་དང་སྐྱེ་མཆེད་དྲུག །མི་ཉིད་དགའ་བ་ཐ་མ་ཡིན། །ཞེས་བྱ་བའི་སྡོམ་དུ་བསྟན་པ་མཛོད་ཀྱི་གནས་བཞི་པ་འདི་ཉིད་དུ། རྣམ་གསུམ་དྲི་མེད་གཟུགས་
གསུངས་དང་། །འཕེལ་དང་མ་བྱས་ལམ་སོགས་ཕྱིར། །ཞེས་བྱ་བར་བསྟན་ཏེ། འོ་ན་ཇི་སྐད་དུ་འདི་ལྟར་ཤེས་ཤིང་འདི་ལྟར་མཐོང་བ་ཞེས་བྱ་བར་བྲིས་པར་བལྟ་བར་བྱའོ། །ཡང་དགེ་སློང་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཚིག་བརྗོད་པ་ཞེས་བྱ་བ་འདི་ནི་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་
ནའོ། །དེ་ནས་དགེ་སློང་གཞན་ཞིག་གཅིག་པུ་དབེན་པར་གྱུར་པ་ན། ནང་དུ་ཡང་དག་འཇོག་ལ་གནས་པ་ན་སེམས་ལ་སེམས་ཀྱིས་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ། ཇི་ལྟར་ཤེས་ཤིང་ཇི་ལྟར་མཐོང་ན་དགེ་སློང་མཐོང་བ་རྣམ་པར་དག་པར་འགྱུར། དེ་ནས་དགེ་སློང་དེ་དགོངས་ཀ་ནང་དུ་ཡང་དག་
འཇོག་ལས་ལངས་ཏེ། དགེ་སློང་གཞན་ཞིག་གི་དྲུང་དུ་ཉེ་བར་སོང་སྟེ། ཉེ་བར་སོང་ནས་དེས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཇི་ལྟར་ཤེས་ཤིང་མཐོང་ན་དགེ་སློང་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར། ཚེ་དང་ལྡན་པ་དགེ་སློང་རེག་པའི་སྐྱེ་མཆེད་དྲུག་རྣམས་ཀྱི་ཀུན་འབྱུང་བ་དང་།
མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་ན། ཚེ་དང་ལྡན་པ་འདི་ལྟར་ཤེས་ཤིང་འདི་ལྟར་མཐོང་ན་དགེ་སློང་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །དེ་ནས་དགེ་སློང་དེ་དགེ་སློང་དེའི་དྲི་བ་
ལུང་བསྟན་པས་མ་མགུ་ནས་དགེ་སློང་གཞན་ཞིག་གི་དྲུང་དུ་ཉེ་བར་སོང་སྟེ། ཉེ་བར་སོང་ནས་དེས་དགེ་སློང་གཞན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དགེ་སློང་ཇི་ལྟར་ཤེས་ཤིང་ཇི་ལྟར་མཐོང་ན་དགེ་སློང་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར། ཚེ་དང་ལྡན་པ་གང་ཁམས་དྲུག་པོ་རྣམས་

ཀྱི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་གྱུར་པ་སྟེ། འདི་ལྟར་མཐོང་ན་དགེ་སློང་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །དེ་ནས་
དགེ་སློང་དེ་དགེ་སློང་དེའི་དྲིས་པ་ལུང་བསྟན་པས་མ་མགུ་ནས་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཚེ་དང་ལྡན་པ་ཇི་ལྟར་ཤེས་ཤིང་ཇི་ལྟར་མཐོང་ན་དགེ་སློང་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར། ཚེ་དང་ལྡན་པ་ཟས་རྣམ་པ་བཞི་རྣམས་ཀྱི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་
དམིགས་དང་། ངེས་པར་འབྱུང་བ་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་བ་སྟེ། འདི་ལྟར་མཐོང་ན་དགེ་སློང་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །དེ་ནས་དགེ་སློང་དེ་དགེ་སློང་དེའི་དྲི་བ་ལུང་བསྟན་པས་ཀྱང་མ་མགུ་ནས་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཇི་ལྟར་
ཤེས་ཤིང་ཇི་ལྟར་མཐོང་ན་དགེ་སློང་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར་ཞེས་བྱ་བའི་བར་དུ་སྟེ། ཚེ་དང་ལྡན་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་ནང་དུ་མཐོང་བར་གྱུར་ཅིང་། འབྲས་དང་། ཟུག་རྔུ་དང་། གནོད་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་
མེད་པར་མཐོང་བར་གྱུར་པ་སྟེ། འདི་ལྟར་མཐོང་ན་དགེ་སློང་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །དེ་ནས་དགེ་སློང་དེ་དགེ་སློང་དེའི་དྲི་བ་ལུང་བསྟན་པས་ཀྱང་མ་མགུ་ནས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ་ཞེས་བྱ་བ་ནས། ཕྱོགས་གཅིག་ཏུ་འདུག་གོ་ཞེས་བྱ་བའི་བར་དུ་སྟེ། དགེ་སློང་
དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་གཅིག་པུ་དབེན་པར་གྱུར་པ་ན་ནང་དུ་ཡང་དག་འཇོག་ལ་གནས་པ་ན་སེམས་ལ་སེམས་ཀྱིས་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཇི་ལྟར་ཤེས་ཤིང་ཇི་ལྟར་མཐོང་ན་དགེ་སློང་མཐོང་བ་ཤིན་ཏུ་རྣམ་པར་
དག་པར་འགྱུར་ཞེས་བྱ་བའི་བར་དུ་སྟེ། བདག་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་ལངས་ནས་དགེ་སློང་གཞན་ཞིག་གི་དྲུང་དུ་ཉེ་བར་སོང་སྟེ་ཉེ་བར་སོང་ནས་བདག་གིས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཇི་ལྟར་ཤེས་ཤིང་ཇི་ལྟར་མཐོང་ན་དགེ་སློང་མཐོང་བ་ཤིན་ཏུ་རྣམ་པར་དག་

པར་འགྱུར། དེས་སྨྲས་པ། ཚེ་དང་ལྡན་པ་གང་ཡང་རེག་པའི་སྐྱེ་མཆེད་དྲུག་པོ་རྣམས་ཀྱི་ཀུན་འབྱུང་བ་དང་ཞེས་བྱ་བ་ནས། སྔ་མ་བཞིན་དུ་རྒྱས་པར་དགེ་སློང་དེའི་དྲི་བ་ལུང་བསྟན་པས་བདག་མ་མགུ་ནས་ཞེས་བྱ་བའི་བར་དུ་སྟེ། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འོངས་ཤིང་ཉེ་བར་འོངས་ནས།
བཙུན་པ་བཅོམ་ལྡན་འདས་ལ་བདག་དོན་འདི་ཉིད་ཡོངས་སུ་འདྲི་སྟེ། བཙུན་པ་ཇི་ལྟར་ཤེས་ཤིང་ཇི་ལྟར་མཐོང་ན་དགེ་སློང་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར། དགེ་སློང་སྔོན་བྱུང་བ་ཤིང་མྱ་ངན་འཚང་སྔོན་མཐོང་ཞིང་ཐོས་པར་གྱུར་པའི་སྐྱེས་བུ་ཞིག་ཡོད་པར་གྱུར་ལ། དེ་ནས་སྐྱེས་བུ་དེ་
ཤིང་མྱ་ངན་འཚང་མཐོང་བའི་སྐྱེས་བུ་གཞན་ཞིག་གི་དྲུང་དུ་ཉེ་བར་སོང་སྟེ། ཉེ་བར་སོང་ནས་མྱ་ངན་འཚང་མཐོང་བའི་སྐྱེས་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་ཁྱོད་ཀྱིས་མྱ་ངན་འཚང་ཤེས་སམ། ཀྱེ་སྐྱེས་བུ་བདག་གིས་མྱ་ངན་འཚང་ཤེས་སོ། །ཀྱེ་སྐྱེས་བུ་མྱ་ངན་འཚང་ཇི་ལྟ་བུ་ཞིག །ཀྱེ་
སྐྱེས་བུ་ཤིང་མྱ་ངན་འཚོང་ནི་སོལ་བ་ལྟར་ཁ་དོག་ནག་པ་སྟེ། དཔེར་ན་ཀ་བ་ཚིག་པ་ལྟ་བུའོ། །དགེ་སློང་དེའི་ཚེ་ན་ཤིང་མྱ་ངན་འཚང་སོལ་བ་ལྟར་ཁ་དོག་གནག་ཅིང་ཀ་བ་ཚིག་པ་ལྟ་བུ་ཡིན་ནོ། །དེ་ནས་སྐྱེས་བུ་དེ་སྐྱེས་བུ་དེའི་མྱ་ངན་འཚང་དྲི་བ་ལུང་བསྟན་པ་ལམ་མགུ་ནས། ཤིང་མྱ་ངན་འཚང་
མཐོང་བའི་སྐྱེས་བུ་གཞན་ཞིག་གི་དྲུང་དུ་ཉེ་བར་སོང་སྟེ། ཉེ་བར་སོང་ནས་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ཀྱེ་སྐྱེས་བུ་ཤིང་མྱ་ངན་འཚང་ཇི་ལྟ་བུ་ཞིག །ཀྱེ་སྐྱེས་བུ་ཤིང་མྱ་ངན་འཚང་ནི་དམར་ཞིང་ཁ་དོག་དམར་བའི་ཡལ་ག་འཕྱང་བ་སྟེ། དཔེར་ན་ཤའི་གོང་བུ་ལྟ་བུའོ། །དེ་ནས་སྐྱེས་བུ་དེ་སྐྱེས་བུ་
དེའི་དྲི་བ་ལུང་བསྟན་པས་མ་མགུ་ནས་ཞེས་བྱ་བ་ནས་སྔ་མ་བཞིན་དུ། ཀྱེ་སྐྱེས་བུ་ཤིང་མྱ་ངན་འཚང་ཇི་ལྟ་བུ་ཞིག །ཀྱེ་སྐྱེས་བུ་ཤིང་མྱ་ངན་འཚང་ནི་སེར་ཞིང་སེར་བའི་འདབ་མ་མངོན་པར་གྲུབ་པ་སྟེ། དཔེར་ན་ཤི་རི་ཤ་ལྟ་བུའོ། །དེའི་ཚེ་ན་ཤིང་མྱ་ངན་འཚང་སེར་ཞིང་སེར་བའི་འདབ་མ་མངོན་པར་གྲུབ་
པ་སྟེ། དཔེར་ན་ཤི་རི་ཤ་ལྟ་བུ་ཡིན་ནོ། །དེ་ནས་སྐྱེས་བུ་དེ་སྐྱེས་བུ་དེའི་དྲི་བ་ལུང་བསྟན་པས་ཀྱང་མ་མགུ་ནས་ཞེས་བྱ་བ་ནས་སྔ་མ་བཞིན་དུ། ཀྱེ་སྐྱེས་བུ་མྱ་ངན་འཚང་ཇི་ལྟ་བུ་ཞིག །ཀྱེ་སྐྱེས་བུ་ཤིང་མྱ་ངན་འཚང་ནི་འདབ་མ་སྐྱེས་པ་དག་འདབ་མ་དཀར་པོ་དང་། འདབ་མ་མཉེན་ཞིང་རྒྱ་ཆེ་བ་ཡིན་

ཏེ། དཔེར་ན་ནྱ་གྲོ་དྷ་ལྟ་བུ་ཡིན་ནོ། །དགེ་སློང་དེའི་ཚེ་ན་ཤིང་མྱ་ངན་འཚང་འདབ་མ་སྐྱེས་པ་དག་འདབ་མ་དཀར་པོ་དང་འདབ་མ་མཉེན་ཞིང་རྒྱ་ཆེ་བ་ནྱ་གྲོ་དྷ་ལྟ་བུ་ཡིན་ནོ། །དེ་ནས་སྐྱེས་བུ་དེ་སྐྱེས་བུ་དེའི་ཤིང་མྱ་ངན་འཚང་དྲི་བ་ལུང་བསྟན་པས་ཀྱང་མ་མགུ་ནས་གང་ན་ཤིང་མྱ་ངན་
འཚང་མཐོང་བའི་སྐྱེས་བུ་ཡོད་པ་དེ་དང་དེར་དྲི་བ་ལུང་བསྟན་པའི་ཕྱིར་འགྲོ་བར་བྱེད་དོ། །དགེ་སློང་དེ་བཞིན་དུ་རིགས་ཀྱི་བུ་དེ་དག་གིས་གཅིག་པུ་དབེན་པ་བག་ཡོད་པས་གཏུགས་པས་བདག་ལ་ཕན་པའི་བདག་ཉིད་དུ་གནས་ཏེ། ཇི་ལྟ་ཇི་ལྟར་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་
གྲོལ་བར་གྱུར་པ་དེ་ལྟ་དེ་ལྟར་ལུང་བསྟན་པར་བྱས་སོ། །དེས་ན་དགེ་སློང་དཔེ་ཉོན་ཅིག་དང་། སྐྱེས་བུ་མཁས་པ་རྣམས་ལ་དཔེས་རྣམ་པར་བཤད་ན་དོན་ཤེས་པར་འགྱུར་རོ། །དགེ་སློང་དཔེར་ན་འདི་ནས་ཕྱོགས་གཅིག་ན་གྲོང་ཁྱེར་རྩིག་པ་དང་། ར་བ་བརྟན་པོས་བསྐོར་བ། ཤིན་ཏུ་
རྣམ་པར་ཕྱེ་བའི་སྲང་བཞི་དང་ལྡན་པ། སྒོ་བཞིར་སྒོ་སྲུང་གི་སྐྱེས་བུ་མཁས་ཤིང་གསལ་བ་དེར་འགྲོ་བ་དང་འོང་བ་དཔྱོད་པའི་ཤེས་རབ་དང་ལྡན་པ། ངོ་ཤེས་པ་གཏོང་ཞིང་ངོ་མི་ཤེས་པ་འགེགས་པར་བྱེད་པ་དག་གནས་པར་གྱུར་ཅིང་། སྲང་གི་དབུས་ན་གྲོང་ཁྱེར་གྱི་བདག་པོ་གནས་
པར་གྱུར་ལ། ཤར་ཕྱོགས་ནས་ཕོ་ཉ་གཉིས་ཤིག་འོངས་ཏེ་ཤར་ཕྱོགས་ཀྱི་སྒོ་སྲུང་གང་ན་བ་དེར་ཉེ་བར་སོང་སྟེ་ཉེ་བར་སོང་ནས་ཤར་ཕྱོགས་ཀྱི་སྒོ་སྲུང་གི་སྐྱེས་བུ་ལ་འདི་སྐད་དུ། ཀྱེ་སྐྱེས་བུ་གྲོང་ཁྱེར་གྱི་བདག་པོ་གང་ན་འདུག །ཀྱེ་སྐྱེས་བུ་གྲོང་ཁྱེར་གྱི་བདག་པོ་སྲང་གི་དབུས་འདི་ན་འདུག་
གོ། །དེ་ནས་ཕོ་ཉ་གཉིས་པ་དེ་དག་གྲོང་ཁྱེར་གྱི་བདག་པོ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་གྲོང་ཁྱེར་གྱི་བདག་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཚིག་བརྗོད་ཅིང་། ཇི་ལྟར་རྟོགས་པའི་ལམ་གྱིས་འཇུག་གོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ཕྱོགས་ནས་ཕོ་ཉ་གཉིས་ཤིག་འོངས་
ཏེ། བྱང་ཕྱོགས་ཀྱི་སྒོ་སྲུང་གི་སྐྱེས་བུ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བྱང་ཕྱོགས་ཀྱི་སྒོ་སྲུང་གི་སྐྱེས་བུ་ལ་འདི་སྐད་དུ་ཀྱེ་སྐྱེས་བུ་གྲོང་ཁྱེར་གྱི་བདག་པོ་གང་ན་འདུག །ཀྱེ་སྐྱེས་བུ་གྲོང་ཁྱེར་གྱི་བདག་པོ་སྲང་གི་དབུས་འདི་ན་འདུག་གོ། །དེ་ནས་ཕོ་ཉ་གཉིས་པོ་དེ་དག་གྲོང་ཁྱེར་

གྱི་བདག་པོ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་གྲོང་ཁྱེར་གྱི་བདག་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཚིག་བརྗོད་ཅིང་ཇི་ལྟར་རྟོགས་པའི་ལམ་གྱིས་འཇུག་གོ། །དགེ་སློང་འདི་ནི་དཔེར་བྱས་པ་སྟེ། ཇི་སྲིད་དུ་དོན་ཤེས་པར་བྱ་བའི་ཕྱིར་དཔེར་བྱས་པ་ཡིན་ལ་དོན་ནི་འདི་ལྟར་བལྟ་བར་བྱ་སྟེ།
གྲོང་ཁྱེར་ཞེས་བྱ་བ་འདི་ནི་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་ཕ་དང་མའི་མི་གཙང་བ་ལས་སྐྱེས་ཤིང་འབྲས་ཆན་དང་ཟན་དྲོན་གྱིས་གསོས་པའི་ལུས་དེའི་ཚིག་བླ་དགས་ཏེ། རྟག་ཏུ་བཀྲུ་བ་དང་ཕྱི་བ་དང་ཡོངས་སུ་འཇིག་པའི་ཆོས་ཅན་གྱི་ཚིག་བླ་དགས་སོ། །
རྩིག་པ་དང་ར་བ་ཞེས་བྱ་བ་འདི་ནི་ཡང་དག་པའི་ལྟ་བའི་ཚིག་བླ་དགས་སོ། །ཤིན་ཏུ་རྣམ་པར་ཕྱེ་བའི་སྲང་བཞི་དང་ལྡན་ཞེས་བྱ་བ་འདི་ནི་ནང་དང་ཕྱིའི་སྐྱེ་མཆེད་དྲུག་རྣམས་ཀྱི་ཚིག་བླ་དགས་སོ། །སྒོ་བཞི་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་གནས་པ་བཞིའི་ཚིག་བླ་དགས་སོ། །སྒོ་སྲུང་
གི་སྐྱེས་བུ་ཞེས་བྱ་བ་ནི་ལུས་སུ་གཏོགས་པའི་དྲན་པའི་ཚིག་བླ་དགས་སོ། །གྲོང་ཁྱེར་གྱི་བདག་པོ་ཞེས་བྱ་བ་འདི་ནི་ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པའི་ཚིག་བླ་དགས་སོ། །ཕོ་ཉ་གཉིས་ཞེས་བྱ་བ་འདི་ནི་ཞི་གནས་དང་ལྷག་མཐོང་གི་ཚིག་བླ་དགས་སོ། །ཡང་དག་པ་ཇི་ལྟ་
བ་བཞིན་གྱི་ཚིག་བརྗོད་པ་ཞེས་བྱ་བ་འདི་ནི་འཕགས་པའི་བདེན་པ་བཞིའི་ཚིག་བླ་དགས་སོ། །ཇི་ལྟར་རྟོགས་པའི་ལམ་གྱིས་འཇུག་ཅེས་བྱ་བ་འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཚིག་བླ་དགས་སོ། །དགེ་སློང་གང་ཡང་སྟོན་པས་ཉན་ཐོས་རྣམས་ལ་བྱ་བ་རྗེས་སུ་བརྩེ་བ་དང་། སྙིང་
བརྩེ་བ་དང་། དོན་དུ་འདོད་པ་དང་། ཕན་པར་འདོད་པ་དང་། སྟོན་པས་ཉན་ཐོས་རྣམས་ལ་བྱ་བ་དེ་ངས་བྱས་ཟིན་གྱི། ད་ནི་ཁྱེད་ཅག་གི་བྱ་བ་དགོན་པ་དང་། ཤིང་དྲུང་དང་། ཁང་པ་སྟོང་པ་དང་། རིའི་ཚང་ཚིང་དང་། རིའི་ཕུག་དང་། རྩྭ་དང་། ལོ་མའི་སྤྱིལ་བུ་དང་། བླ་གབ་
མེད་པ་དང་། དུར་ཁྲོད་དུ་བས་མཐའི་གནས་མལ་ལ་བརྟེན་ནས་བསྒོམ་པར་བྱ་སྟེ། དགེ་སློང་བག་མེད་པར་མ་གྱུར་ཅིག་ཕྱིས་འགྱོད་པར་གྱུར་ཏ་རེ། འདི་ནི་ངའི་རྗེས་སུ་བསྟན་པ་ཡིན་ནོ་ཞེས་གསུངས་སོ། །སློབ་པ་ནི་ཡན་ལག་བརྒྱད་དང་ལྡན་ནོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་

ཀོ་རུ་བ་འདུལ་བ་ཞེས་བྱ་བའི་གྲོང་ཁྱེར་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་སེམས་ཅན་རྣམས་ཡོངས་སུ་དག་པར་བྱེད་ཅིང་མྱ་ངན་དང་ཉེ་བར་འཚེ་བ་ཐམས་ཅད་ལས་ཡང་དག་པར་འདའ་བ་དང་། སྡུག་བསྔལ་དང་ཡིད་
མི་བདེ་བ་ནུབ་པར་བྱེད་པའི་ཐེག་པ་ནི་གཅིག་ཁོ་ན་སྟེ། འདི་ལྟར་ཡང་དག་པའི་ཏིང་ངེ་འཛིན་ཏོ། །དགེ་སློང་དག་འཕགས་པའི་ལམ་ཡན་ལག་བདུན་པོ་འདི་དག་ནི་ཡང་དག་པའི་ཏིང་ངེ་འཛིན་གྱི་རྒྱུ་དང་ཡན་ལག་ཏུ་གྱུར་པ་སྟེ། བདུན་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་།
ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་སྟེ། དགེ་སློང་དག་འཕགས་པའི་ལམ་ཡན་ལག་བདུན་པོ་འདི་རྣམས་ཀྱིས་ཡོངས་སུ་སྦྱངས་ཤིང་ཡོངས་སུ་སྦྱང་བ་བྱས་པས་སེམས་རྩེ་གཅིག་
པར་གྱུར་པ་འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱའོ། །རྒྱུ་དང་བཅས་ཡན་ལག་དང་བཅས་པའི་ཡང་དག་པའི་ལྟ་བ་སྔོན་དུ་འགྲོ་བ་ལས་དགེ་བའི་ཆོས་རྣམས་སྐྱེས་པར་གྱུར་ཏེ། ལོག་པར་ལྟ་བ་ལ་ལོག་པར་ལྟ་བ་ཞེས་ཡང་དག་པར་རྗེས་སུ་མཐོང་བར་གྱུར་པ་འདི་ནི་ཡང་དག་པའི་ལྟ་བའོ། །
ཡང་དག་པའི་ལྟ་བ་ལ་ཡང་དག་པའི་ལྟ་བའོ་ཞེས་ཡང་དག་པར་རྗེས་སུ་མཐོང་བར་གྱུར་པ་འདི་ནི་ཡང་དག་པའི་ལྟ་བའོ། །ལོག་པར་ལྟ་བ་གང་ཞེ་ན། གང་ཞིག་མེད་པར་ལྟ་བ་སྟེ། སྦྱིན་པ་པོ་མེད་དོ། །ལེན་པ་པོ་མེད་དོ། །མཆོད་སྦྱིན་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ། །ལེགས་པར་སྤྱད་པ་
དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམས་ཀྱི་རྣམ་པར་སྨིན་པ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ཕ་མེད་དོ། །མ་མེད་དོ། །སེམས་ཅན་རྫུས་ཏེ་བྱུང་བ་རྣམས་མེད་དོ། །འཇིག་རྟེན་ན་དགྲ་བཅོམ་པ་ཡང་དག་པར་རྟོགས་ཤིང་ཡང་དག་པར་ཞུགས་པ། འཇིག་རྟེན་
འདི་ན་སྟོབས་མཆོག་དང་ལྡན་པ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །བྱེད་པ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་མཐོང་བའི་ཆོས་འདི་ཉིད་ལ་རང་ཉིད་ཀྱིས་མངོན་པར་ཤེས་པ་ཕུན་སུམ་ཚོགས་པ་མངོན་སུམ་དུ་བྱས་ནས་གནས་པ་དེ་དག་མེད་དོ། །

ཞེས་སྨྲ་བ་སྟེ། འདི་ནི་ལོག་པའི་ལྟ་བ་ཞེས་བྱའོ། །ཡང་དག་པའི་ལྟ་བ་གང་ཞེ་ན། གང་ཡང་སྦྱིན་པ་ཡོད་དོ། །ལེན་པ་ཡོད་དོ། །མཆོད་སྦྱིན་ཡོད་དོ། །ལེགས་པར་སྤྱད་པ་ཡོད་དོ། །ཉེས་པར་སྤྱད་པ་ཡོད་དོ། །ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་ལས་ཀྱི་འབྲས་བུ་རྣམ་པར་
སྨིན་པ་ཡོད་དོ། །འཇིག་རྟེན་འདི་ཡོད་དོ། །འཇིག་རྟེན་ཕ་རོལ་ཡོད་དོ། །ཕ་ཡོད་དོ། །མ་ཡོད་དོ། །སེམས་ཅན་རྫུས་ཏེ་བྱུང་བ་རྣམས་ཡོད་དོ། །འཇིག་རྟེན་ན་དགྲ་བཅོམ་པ་ཡང་དག་པར་རྟོགས་ཤིང་ཡང་དག་པར་ཞུགས་པ། འཇིག་རྟེན་འདི་ན་སྟོབས་མཆོག་དང་ལྡན་པ། བདག་
གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །བྱེད་པ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་མཐོང་བའི་ཆོས་འདི་ཉིད་ལ་རང་ཉིད་ཀྱིས་མངོན་པར་ཤེས་པ་ཕུན་སུམ་ཚོགས་པ་མངོན་སུམ་དུ་བྱས་ནས་གནས་པ་ཡོད་དོ་ཞེས་ལྟ་བ་སྟེ། འདི་ནི་ཡང་དག་
པའི་ལྟ་བ་ཞེས་བྱ་སྟེ། ལོག་པར་ལྟ་བ་ལ་ལོག་པར་ལྟ་བའོ་ཞེས་ཡང་དག་པར་རྗེས་སུ་མཐོང་བར་གྱུར་པ་འདི་ནི་ཡང་དག་པའི་ལྟ་བ་ཡིན་ལ། ཡང་དག་པའི་ལྟ་བ་ལ་ཡང་དག་པའི་ལྟ་བའོ་ཞེས་ཡང་དག་པར་རྗེས་སུ་མཐོང་བ་འདི་ནི་ཡང་དག་པའི་ལྟ་བ་ཡིན་ནོ་ཞེས་སེམས་ཅན་རྣམས་ཀྱི་ལོག་པའི་
ལྟ་བ་སྤང་བའི་ཕྱིར་འབད་པར་བྱ་ཞིང་། ཡང་དག་པའི་ལྟ་བ་སྐྱེད་པའི་ཕྱིར་ཡང་དག་པར་རྩོལ་བར་བྱའོ། །ལོག་པར་ལྟ་བ་སྤང་བ་དང་། ཡང་དག་པའི་ལྟ་བ་བསྒོམ་པ་ལ་དྲན་པ་དང་ལྡན་པ་འདི་ནི་ཡང་དག་པའི་དྲན་པ་ཞེས་བྱ་སྟེ། ལམ་གྱི་ཡན་ལག་གསུམ་པོ་འདི་དག་ནི་ལྟ་བ་ཉིད་
ཀྱི་རྗེས་སུ་འཇུག་པ་སྟེ། འདི་ལྟ་སྟེ། ལྟ་བ་དང་། རྩོལ་བ་དང་། དྲན་པའོ། །དགེ་སློང་དག་དེ་ལ་ཡང་དག་པའི་ལྟ་བ་སྔོན་དུ་འགྲོ་བ་ལས་དགེ་བའི་ཆོས་རྣམས་སྐྱེ་བར་འགྱུར་རོ། །ལོག་པའི་རྟོག་པ་ལ་ལོག་པའི་རྟོག་པའོ་ཞེས་ཡང་དག་པར་རྗེས་སུ་མཐོང་བར་གྱུར་པ་འདི་ནི་ཡང་དག་པའི་
ལྟ་བ་ཡིན་ལ། ཡང་དག་པའི་རྟོག་པ་ལ་ཡང་དག་པའི་རྟོག་པའོ་ཞེས་ཡང་དག་པར་རྗེས་སུ་མཐོང་བ་འདི་ནི་ཡང་དག་པའི་ལྟ་བ་ཡིན་ནོ། །ལོག་པའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་རྣམ་པར་རྟོག་པ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་

པ་སྟེ། འདི་ནི་ལོག་པའི་རྟོག་པ་ཞེས་བྱའོ། །ཡང་དག་པའི་རྟོག་པ་གང་ཞེ་ན། ཐར་པའི་རྣམ་པར་རྟོག་པ་དང་། བརྣབ་སེམས་མེད་པའི་རྣམ་པར་རྟོག་པ་དང་། རྣམ་པར་མི་འཚེ་བའི་རྣམ་པར་རྟོག་པ་སྟེ། འདི་ནི་ཡང་དག་པའི་རྟོག་པ་ཞེས་བྱའོ། །ལོག་པར་རྟོག་པ་
ལ་ལོག་པར་རྟོག་པའོ་ཞེས་ཡང་དག་པར་རྗེས་སུ་མཐོང་བ་འདི་ནི་ཡང་དག་པའི་ལྟ་བ་ཡིན་ལ། ཡང་དག་པའི་རྟོག་པ་ལ་ཡང་དག་པའི་རྟོག་པའོ་ཞེས་མཐོང་བར་གྱུར་པ་འདི་ནི་ཡང་དག་པའི་ལྟ་བ་ཡིན་ནོ་ཞེས་སེམས་ཅན་རྣམས་ཀྱི་ལོག་པའི་ལྟ་བ་སྤང་བའི་ཕྱིར་འབད་པར་བྱ་ཞིང་། ཡང་དག་པའི་ལྟ་
བ་སྐྱེད་པའི་ཕྱིར་ཡང་དག་པའི་རྩོལ་བ་ཞེས་བྱའོ། །ལོག་པར་ལྟ་བ་སྤང་བ་དང་ཡང་དག་པའི་ལྟ་བ་བསྒོམ་པ་ལ་དྲན་པ་དང་ལྡན་པ་འདི་ནི་ཡང་དག་པའི་དྲན་པ་ཞེས་བྱ་སྟེ། ལམ་གྱི་ཡན་ལག་གསུམ་པོ་འདི་དག་ནི་ཡང་དག་པའི་རྟོག་པ་ཉིད་ཀྱི་རྗེས་སུ་འཇུག་སྟེ། འདི་ལྟ་སྟེ། ལྟ་བ་དང་།
རྩོལ་བ་དང་། དྲན་པའོ། །དགེ་སློང་དག་དེའི་ཡང་དག་པའི་ལྟ་བ་སྔོན་དུ་འགྲོ་བ་ལས་དགེ་བའི་ཆོས་རྣམས་སྐྱེ་བར་འགྱུར་རོ། །ལོག་པའི་ངག་ལ་ལོག་པའི་ངག་གོ་ཞེས་ཡང་དག་པར་རྗེས་སུ་མཐོང་བར་གྱུར་པ་འདི་ནི་ཡང་དག་པའི་ལྟ་བ་ཡིན་ལ། ཡང་དག་པའི་ངག་ལ་ཡང་དག་པའི་ངག་
གོ་ཞེས་མཐོང་བར་གྱུར་པ་གང་ཡིན་པ་འདི་ནི་ཡང་དག་པའི་ལྟ་བ་ཡིན་ནོ། །ལོག་པའི་ངག་གང་ཞེ་ན། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་མོ་དང་། ཚིག་འཁྱལ་པ་སྟེ། འདི་དག་ནི་ལོག་པའི་ངག་ཅེས་བྱའོ། །ཡང་དག་པའི་ངག་གང་ཞེ་ན། བརྫུན་དུ་སྨྲ་བ་སྤོང་བ་དང་། ཕྲ་མ་
དང་། ཚིག་རྩུབ་མོ་སྤོང་བ་དང་། ཚིག་འཁྱལ་པ་སྤོང་བའོ། །འདི་ནི་ཡང་དག་པའི་ངག་ཅེས་བྱ་སྟེ། ལོག་པའི་ངག་ལ་ལོག་པའི་ངག་གོ་ཞེས་ཡང་དག་པར་རྗེས་སུ་མཐོང་བ་འདི་ནི་འདིའི་ཡང་དག་པའི་ལྟ་བར་འགྱུར་ལ། ཡང་དག་པའི་ངག་ལ་ཡང་དག་པའི་ངག་གོ་ཞེས་ཡང་དག་པར་རྗེས་སུ་
མཐོང་བ་འདི་ནི་འདིའི་ཡང་དག་པའི་ལྟ་བར་འགྱུར་རོ། །དེ་དེ་ལྟར་ཤེས་ནས་ལོག་པའི་ལྟ་བ་སྤང་བའི་ཕྱིར་འབད་པར་བྱེད་ཅིང་། ཡང་དག་པའི་ངག་ཉེ་བར་བསྒྲུབ་པའི་ཕྱིར་ཡང་དག་པའི་རྩོལ་བ་བྱེད་དེ། དེ་དྲན་པ་དང་ལྡན་བཞིན་དུ་ལོག་པའི་ངག་སྤང་ཞིང་ཡང་དག་པའི་ངག་སྒོམ་པར་བྱེད་པ་ནི་ཡང་

དག་པའི་དྲན་པ་སྟེ། ལམ་གྱི་ཡན་ལག་གསུམ་པ་འདི་དག་ནི་ཡང་དག་པའི་ངག་གི་རྗེས་སུ་འཇུག་པ་སྟེ། འདི་ལྟ་སྟེ། ལྟ་བ་དང་། རྩོལ་བ་དང་། དྲན་པའོ། །དགེ་སློང་དག་དེ་ལ་ཡང་དག་པའི་ལྟ་བ་སྔོན་དུ་འགྲོ་བ་ལས་དགེ་བའི་ཆོས་རྣམས་སྐྱེ་བར་འགྱུར་ཏེ། ལོག་པའི་ལས་ཀྱི་མཐའ་ལ་
ལོག་པའི་ལས་ཀྱི་མཐའ་ཞེས་ཡང་དག་པར་རྗེས་སུ་མཐོང་བ་འདི་ནི་འདིའི་ཡང་དག་པའི་ལྟ་བར་འགྱུར་ལ། ཡང་དག་པའི་ལས་ཀྱི་མཐའ་ལ་ཡང་དག་པའི་ལས་ཀྱི་མཐའོ་ཞེས་ཡང་དག་པར་རྗེས་སུ་མཐོང་བ་འདི་ནི་ཡང་དག་པའི་ལྟ་བར་འགྱུར་ཏེ། ལོག་པའི་ལས་ཀྱི་མཐའ་གང་ཞེ་ན། སྲོག་
གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་སྟེ། འདི་ནི་ལོག་པའི་ལས་ཀྱི་མཐའ་ཞེས་བྱའོ། །ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་སྤོང་བ་སྟེ། འདི་
ནི་ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱའོ་ཞེས་ལོག་པའི་ལས་ཀྱི་མཐའ་ལ་ལོག་པའི་ལས་ཀྱི་མཐའོ་ཞེས་ཡང་དག་པར་རྗེས་སུ་མཐོང་བ་འདི་ནི་འདིའི་ཡང་དག་པའི་ལྟ་བར་འགྱུར་ལ། ཡང་དག་པའི་ལས་ཀྱི་མཐའ་ལ་ཡང་དག་པའི་ལས་ཀྱི་མཐའོ་ཞེས་མཐོང་བ་འདི་ནི་འདིའི་ཡང་དག་པའི་ལྟ་བར་
འགྱུར་རོ། །དེ་དེ་ལྟར་ཤེས་ནས་ལོག་པའི་ལས་ཀྱི་མཐའ་སྤོང་བའི་ཕྱིར་འབད་པར་བྱེད་ཅིང་། ཡང་དག་པའི་ལས་ཀྱི་མཐའ་ཉེ་བར་བསྒྲུབ་པའི་ཕྱིར་ཡང་དག་པའི་རྩོལ་བ་བྱེད་ལ། དེ་དྲན་པ་དང་ལྡན་བཞིན་དུ་ལོག་པའི་ལས་ཀྱི་མཐའ་སྤོང་ཞིང་ཡང་དག་པའི་ལས་ཀྱི་མཐའ་སྒོམ་པར་བྱེད་
པ་འདི་ནི་འདིའི་ཡང་དག་པའི་དྲན་པ་སྟེ། ལམ་གྱི་ཡན་ལག་གསུམ་པ་འདི་དག་ནི་ཡང་དག་པའི་ལས་ཀྱི་མཐའི་རྗེས་སུ་འཇུག་སྟེ། འདི་ལྟ་སྟེ། ལྟ་བ་དང་། རྩོལ་བ་དང་། དྲན་པའོ། །དགེ་སློང་དག་དེ་ལ་ཡང་དག་པའི་ལྟ་བ་སྔོན་དུ་འགྲོ་བ་ལས་དགེ་བའི་ཆོས་རྣམས་སྐྱེ་བར་འགྱུར་ཏེ།
ལོག་པའི་འཚོ་བ་ལ་ལོག་པའི་འཚོ་བའོ་ཞེས་ཡང་དག་པར་རྗེས་སུ་མཐོང་བ་འདི་ནི་འདིའི་ཡང་དག་པའི་ལྟ་བར་འགྱུར་ལ། ཡང་དག་པའི་འཚོ་བ་ལ་ཡང་དག་པའི་འཚོ་བའོ་ཞེས་ཡང་དག་པར་རྗེས་སུ་མཐོང་བ་འདི་ནི་འདིའི་ཡང་དག་པའི་ལྟ་བར་འགྱུར་ཏེ། ལོག་པའི་འཚོ་བ་གང་ཞེ་ན། གང་

འདི་ན་མི་རིགས་པ་ཆོས་མ་ཡིན་པས་ཆོས་གོས་ལ་སོགས་པ་ཚོལ་བར་བྱེད་ཀྱི། ཆོས་ཀྱིས་མ་ཡིན་པ་དང་། ཆོས་མ་ཡིན་པས་བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་རྐྱེན་སྨན་དང་། འཚོ་བའི་ཡོ་བྱད་དག་ཚོལ་བར་བྱེད་ཀྱི། ཆོས་ཀྱིས་མ་ཡིན་པ་
སྟེ། འདི་ནི་ལོག་པའི་འཚོ་བ་ཞེས་བྱའོ། །ཡང་དག་པའི་འཚོ་བ་གང་ཞེ་ན། གང་འདི་ན་རིགས་ཤིང་ཆོས་ཀྱིས་ཆོས་གོས་ཚོལ་བར་བྱེད་ཀྱི། ཆོས་མ་ཡིན་པས་མ་ཡིན་པ་དང་། ཆོས་ཀྱིས་བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་རྐྱེན་སྨན་དང་། འཚོ་བའི་ཡོ་བྱད་དག་ཚོལ་
བར་བྱེད་ཀྱི། ཆོས་མ་ཡིན་པས་མ་ཡིན་པ་སྟེ། འདི་ནི་ཡང་དག་པའི་འཚོ་བ་ཞེས་བྱའོ་ཞེས་ལོག་པའི་འཚོ་བ་ལ་ལོག་པའི་འཚོ་བ་ཞེས་ཡང་དག་པར་རྗེས་སུ་མཐོང་བ་འདི་ནི་འདིའི་ཡང་དག་པའི་ལྟ་བར་འགྱུར་ལ། ཡང་དག་པའི་འཚོ་བ་ལ་ཡང་དག་པའི་འཚོ་བའོ་ཞེས་མཐོང་བ་འདི་ནི་འདིའི་ཡང་
དག་པའི་ལྟ་བར་འགྱུར་རོ། །དེ་དེ་ལྟར་ཤེས་ནས་ལོག་པའི་འཚོ་བ་སྤང་བའི་ཕྱིར་འབད་པར་བྱེད་ཅིང་། ཡང་དག་པའི་འཚོ་བ་ཉེ་བར་བསྒྲུབ་པའི་ཕྱིར་ཡང་དག་པའི་རྩོལ་བ་བྱེད་ཅིང་། དེ་དྲན་པ་དང་ལྡན་བཞིན་དུ་ལོག་པའི་འཚོ་བ་སྤོང་ཞིང་ཡང་དག་པའི་འཚོ་བ་བསྒོམ་པ་འདི་ནི་འདིའི་ཡང་དག་
པའི་དྲན་པ་སྟེ། ལམ་གྱི་ཡན་ལག་གསུམ་པ་འདི་དག་ནི་ཡང་དག་པའི་འཚོ་བའི་རྗེས་སུ་འཇུག་པ་སྟེ། འདི་ལྟ་སྟེ། ལྟ་བ་དང་། རྩོལ་བ་དང་། དྲན་པའོ། །དགེ་སློང་དག་དེ་ལ་ཡང་དག་པའི་ལྟ་བ་སྔོན་དུ་འགྲོ་བ་ལས་དགེ་བའི་ཆོས་རྣམས་སྐྱེ་བར་འགྱུར་ཏེ། ཡང་དག་པའི་རྩོལ་བ་
གང་ཞེ་ན། འདུན་པའི་བརྩོན་འགྲུས་དང་། མི་འདའ་བ་དང་། ཕ་རོལ་གནོན་པ་དང་། སྤོང་བ་དང་། རྩོལ་བ་དང་། མི་འགོང་བ་དང་། ཆོག་པར་མི་འཛིན་པ་འདི་ནི་ཡང་དག་པའི་ཚོལ་བ་ཞེས་བྱའོ། །ཡང་དག་པའི་དྲན་པ་གང་ཞེ་ན། གང་ཡང་དྲན་པ་དང་། རྗེས་སུ་དྲན་པ་
དང་། སོ་སོར་དྲན་པ་དང་། མི་བརྗེད་པའི་དྲན་པ་དང་། མི་བརྗེད་པ་དང་། མི་རྨོངས་པ་དང་། རབ་ཏུ་མ་རྨོངས་པ་དང་། མ་རྨོངས་པའི་ཆོས་ཅན་དང་། སེམས་ཀྱི་མངོན་པར་བརྗོད་པ་སྟེ། འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། གང་

ཡང་སེམས་གནས་པ་དང་། རབ་ཏུ་གནས་པ་དང་། མངོན་པར་གནས་པ་དང་། རང་བཞིན་དུ་གནས་པ་དང་། མི་གཡེང་བ་དང་། ཡང་དག་པར་སྡུད་པ་དང་། ཞི་གནས་དང་། ཏིང་ངེ་འཛིན་དང་། སེམས་རྩེ་གཅིག་པ་སྟེ། འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་
ལ་ཡང་དག་པའི་ལྟ་བ་ལས་ཡང་དག་པའི་རྟོག་པ་སྐྱེ་བར་འགྱུར་ཞིང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་འབྱུང་བར་འགྱུར་རོ། །དགེ་
སློང་དག་སེམས་ཡང་དག་པར་མཉམ་པར་གཞག་པའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་སེམས་ཡང་དག་པར་གྲོལ་བར་འགྱུར་རོ། །དེ་ལྟར་སེམས་རྣམ་པར་གྲོལ་བའི་འཕགས་པ་ཉན་ཐོས་དག་གི་སྐྱེ་བ་ཟད་དོ། །
ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །བྱེད་པ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་ཡང་དག་པའི་ཤེས་པར་འགྱུར་རོ། །དགེ་སློང་དག་དེ་ལ་སློབ་པའི་ལམ་ནི་ཡན་ལག་རྣམ་པ་བརྒྱད་དང་ལྡན་ལ། དགྲ་བཅོམ་པ་ཟག་པ་ཟད་པ་ཀུན་ཤེས་པ་ལ་བསྟན་པའི་
མི་སློབ་པ་ནི་ཡན་ལག་བཅུ་དང་ཡང་དག་པར་ལྡན་ནོ། །ཡན་ལག་རྣམ་པ་བརྒྱད་དང་ལྡན་པའི་སློབ་པའི་ལམ་གང་ཞེ་ན། སློབ་པ་ཡང་དག་པའི་ལྟ་བ་དང་ལྡན་པ་དང་། སློབ་པའི་ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་
དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་ཡང་དག་པར་ལྡན་པ་སྟེ། སློབ་པའི་ལམ་ནི་ཡན་ལག་བརྒྱད་པོ་འདི་དག་དང་ཡང་དག་པར་ལྡན་ནོ། །དགྲ་བཅོམ་པ་ཟག་པ་ཟད་པ་ཀུན་ཤེས་པ་ལ་བརྟེན་པའི་མི་སློབ་པའི་ཡན་
ལག་བཅུ་དང་ཡང་དག་པར་ལྡན་པ་གང་ཞེ་ན། མི་སློབ་པའི་ཡང་དག་པའི་ལྟ་བ་དང་ཡང་དག་པར་ལྡན་པ་དང་། མི་སློབ་པའི་ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་།

ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། ཡང་དག་པའི་རྣམ་པར་གྲོལ་བ་དང་། མི་སློབ་པའི་ཡང་དག་པའི་ཤེས་པ་དང་ཡང་དག་པར་ལྡན་པ་སྟེ། དགྲ་བཅོམ་པ་ཟག་པ་ཟད་པ་ཀུན་ཤེས་པ་ལ་བརྟེན་པའི་མི་སློབ་པའི་ལམ་ནི་ཡན་ལག་བཅུ་པོ་འདི་
དག་དང་ཡང་དག་པར་ལྡན་ནོ། །དགེ་སློང་དག་དེ་ལ་ཡང་དག་པའི་ལྟ་བས་ལོག་པའི་ལྟ་བ་སྤོང་བར་འགྱུར་ཏེ། ལོག་པའི་ལྟ་བ་ལ་བརྟེན་ནས་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་འབྱུང་བར་འགྱུར་རོ། །ཡང་དག་པའི་ལྟ་བ་སྤངས་ནས་ཡང་དག་པའི་ལྟ་བ་ལ་བརྟེན་ནས་དགེ་བའི་ཆོས་རྣམ་པ་
དུ་མ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། ཡང་དག་པའི་
རྣམ་པར་གྲོལ་བ་དང་། ཡང་དག་པའི་ཤེས་པས་ལོག་པའི་ལྟ་བ་སྤོང་བར་འགྱུར་ཏེ། ལོག་པའི་ལྟ་བ་ལ་བརྟེན་ནས་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་འབྱུང་བར་འགྱུར་ཏེ། ཡང་དག་པའི་ཤེས་པས་སྤངས་ནས་ཡང་དག་པའི་ཤེས་པ་ལ་བརྟེན་ནས་དགེ་བའི་ཆོས་རྣམ་པ་དུ་མ་བསྒོམ་
པ་ཡོངས་སུ་རྫོགས་པར་འགྱུར་རོ། །དགེ་སློང་དག་དེ་ལ་གང་ཡང་མི་དགེ་བའི་ཕྱོགས་ཀྱི་ཆོས་ཉི་ཤུ་དང་། གང་ཡང་དགེ་བའི་ཕྱོགས་ཀྱི་ཆོས་ཉི་ཤུ་པོ་དེ་དག་གཅིག་ཏུ་བསྡམས་ནས་བཞི་བཅུ་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ།
བདུད་དམ། ཚངས་པ་དང་བཅས་པའི་འཇིག་རྟེན་གང་གིས་ཀྱང་མ་བསྐོར་བའི་ཚངས་པའི་འཁོར་ལོ་བསྐོར་ཏོ། །དགེ་སློང་དག་གང་ཁ་ཅིག་འདི་ལྟར་ངས་བཞི་བཅུ་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་བསྟན་པ་ལ་ཕྱིར་བཟློག་ཅིང་ཁྲོ་བར་བྱའོ་སྙམ་དུ་སེམས་ན་དེ་ལ་གཞན་གྱིས་ཆོས་
ཀྱིས་སྨྲ་ཞིང་རྗེས་སུ་སྨྲ་བའི་སྨད་པའི་གནས་ཀྱི་ཆོས་བཅུ་འབྱུང་བར་འགྱུར་ཏེ། བཅུ་གང་ཞེ་ན། ཡང་དག་པའི་ལྟ་བ་སྨད་ཅིང་ལོག་པའི་ལྟ་བ་རྗེས་སུ་བསྔགས་ལ་གང་ཡང་དགེ་སྦྱོང་དང་བྲམ་ཟེ་ལོག་པར་ལྟ་ཞིང་ལོག་པའི་ལམ་དུ་ཞུགས་པ་དེ་དག་ཁྱེད་ཀྱིས་མཆོད་ཅིང་ཁྱེད་ཀྱིས་

བསྔགས་སོ་ཞེས་གཞན་གྱིས་ཆོས་སྨྲ་ཞིང་རྗེས་སུ་སྨྲ་བའི་སྨད་པའི་གནས་ཀྱི་ཆོས་འདི་ལྟ་བུ་དང་པོ་འོང་བར་འགྱུར་རོ། །ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་
དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། ཡང་དག་པའི་རྣམ་པར་གྲོལ་བ་དང་། ཡང་དག་པའི་ཤེས་པ་སྨད་ཅིང་ལོག་པའི་ཤེས་པ་རྗེས་སུ་བསྔགས་ལ་གང་ཡང་དགེ་སྦྱོང་དང་བྲམ་ཟེ་ལོག་པར་ཤེས་ཤིང་ལོག་པར་ཞུགས་པ་དེ་དག་ཁྱེད་ཀྱིས་མཆོད་ཅིང་ཁྱེད་ཀྱིས་རབ་ཏུ་བསྔགས་སོ་ཞེས་
གཞན་གྱིས་ཆོས་ཀྱིས་སྨྲ་ཞིང་རྗེས་སུ་སྨྲ་བའི་སྨད་པའི་གནས་ཀྱི་ཆོས་འདི་ལྟ་བུ་བཅུ་པ་འོང་བར་འགྱུར་ཏེ། གང་ཡང་རེ་ཞིག་དགེ་སྦྱོང་དང་བྲམ་ཟེ་དུས་དང་ལོ་བགྲང་བ་མེད་པར་སྨྲ་ཞིང་རྟོག་པ་མི་དགེ་བའི་ཆོས་བྱས་ཤིང་བྱས་པ་དེ་དང་དེ་དག་ཆད་པ་དང་། འཇིག་པ་དང་ཉམས་པར་དོགས་པ་དེ་དག་ཀྱང་
བཞི་བཅུ་པའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་བསྟན་པ་ལ་ཞེ་སྡང་དང་འཇིགས་པ་ལ་གཏོགས་པར་ཕྱིར་བཟློག་པ་དང་ཁྲོ་བར་བྱ་བ་མཉམ་དུ་མི་སེམས་སོ་ཞེས་གསུངས་སོ། །རྣམ་གྲོལ་གཉིས་ཞེས་བྱ་བ་ལ། ས་དང་བྱིས་པ་ཐོག་དང་ནི། །རིགས་དང་ཚུལ་ཁྲིམས་སྡུག་བསྔལ་དང་། །ཕ་ལ་བརྟེན་
ནས་འཇོམས་པ་དང་། །ལོག་པ་ཉིད་ནི་བརྒྱད་པ་ཡིན། །ཞེས་བྱ་བ་སྡོམ་གྱི་ཚིགས་སུ་བཅད་པའི་ཕ་ལ་བརྟེན་ནས་ཞེས་བྱ་བའི་མདོ་ལས་འབྱུང་བ་མཛོད་ཀྱི་གནས་གསུམ་པ་འདི་ཉིད་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐབས་སུ་ཤེས་རབ་ཉོན་མོངས་བསྟན་ཕྱིར་ཞེས་བྱ་བར་བྲིས་ཟིན་ཏོ། །
འོ་ན་མདོ་ལས་སྟག་གི་བྱང་ཆུབ་ཀྱི་བུ་དག་ཅེས་བྱ་བ་ལ། ཚེ་དང་ལྡན་པ་ཀུན་དགའ་བོ་ཀྲོན་དྷི་ནས་ལྗོངས་རྒྱུ་ཞིང་རོ་ཅན་པར་ཕྱིན་ཏོ། །རོ་ཅན་གྱི་གྲོང་གི་བྱང་ཕྱོགས་ཀྱི་ཤིང་ཤ་པའི་ཚལ་ན་གནས་སོ། །དེ་ནས་རོ་ཅན་པ་དང་ཀྲོན་དྷི་པ་རྣམས་ཀྱིས་ཐུབ་པ་ཆེན་པོ་འཕགས་པ་ཀུན་དགའ་བོ་ཀྲོན་དྷི་
ནས་ལྗོངས་རྒྱུ་ཞིང་རོ་ཅན་དུ་ཕྱིན་ཏོ། །རོ་ཅན་གྱི་གྲོང་གི་བྱང་ཕྱོགས་ཀྱི་ཤིང་ཤ་པའི་ཚལ་ན་གནས་སོ་ཞེས་ཐོས་ཏེ། ཐོས་ནས་འདུས་ཤིང་ཉེ་བར་འདུས། ཚོགས་ཤིང་རབ་ཏུ་ཚོགས་ཏེ་རབ་ཏུ་ཚོགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་འཕགས་པ་

ཀུན་དགའ་བོའི་ཞབས་ལ་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་རོ་ཅན་པ་དང་ཀྲོན་དྷི་པ་རྣམས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་སྨྲས་སོ། །སྟག་གི་བྱང་ཆུབ་ཀྱི་བུ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་ཡོངས་སུ་དག་པའི་གཙོ་བོ་བཞི་གསུངས་ཏེ། བཞི་གང་ཞེ་ན། ཚུལ་ཁྲིམས་ཡོངས་སུ་དག་པའི་གཙོ་བོ་དང་། སེམས་ཡོངས་སུ་དག་པའི་གཙོ་བོ་དང་། ལྟ་བ་ཡོངས་སུ་དག་པའི་གཙོ་བོ་དང་། རྣམ་པར་གྲོལ་བ་
ཡོངས་སུ་དག་པའི་གཙོ་བོའོ། །སྟག་གི་བྱང་ཆུབ་ཀྱི་བུ་དག་ཚུལ་ཁྲིམས་ཡོངས་སུ་དག་པའི་གཙོ་བོ་གང་ཞེ་ན། འདི་ན་འཕགས་པ་ཉན་ཐོས་ཚུལ་ཁྲིམས་དང་ལྡན་པ། སོ་སོར་ཐར་པའི་སྡོམ་པས་བསྡམས་པ། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་
འཇིགས་པར་ལྟ་བ། བསླབ་པ་ཡང་དག་པར་བླངས་པ་དག་ལ་སློབ་ཅིང་གནས་ཏེ། ཚུལ་ཁྲིམས་ཀྱི་ཕུང་པོ་མ་རྫོགས་པ་ཡོངས་སུ་རྫོགས་པར་བྱ་བ་དང་། ཡོངས་སུ་རྫོགས་པ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་བརྩོན་འགྲུས་དང་། འབད་པ་དང་། སྤྲོ་བ་དང་། རྩོམ་པ་དང་། མི་གཏོང་
བར་སེམས་རབ་ཏུ་འཛིན་ཏེ། འདི་ནི་ཚུལ་ཁྲིམས་ཡོངས་སུ་དག་པའི་གཙོ་བོ་ཞེས་བྱའོ། །སྟག་གི་བྱང་ཆུབ་ཀྱི་བུ་དག་སེམས་ཡོངས་སུ་དག་པའི་གཙོ་བོ་གང་ཞེ་ན། འདི་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདོད་པ་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ་ཞེས་
བྱ་བ་ནས་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུ་སྟེ། ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་མ་རྫོགས་པ་ཡོངས་སུ་རྫོགས་པ་དང་། ཡོངས་སུ་རྫོགས་པ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་ཞེས་བྱ་བ་ནས། འདི་ནི་སེམས་ཡོངས་སུ་དག་པའི་གཙོ་བོ་ཡིན་ནོ་ཞེས་བྱ་བའི་
བར་དུའོ། །སྟག་གི་བྱང་ཆུབ་ཀྱི་བུ་དག་ལྟ་བ་ཡོངས་སུ་དག་པའི་གཙོ་བོ་གང་ཞེ་ན། འདི་ན་འཕགས་པ་ཉན་ཐོས་སྟོན་པའམ་ཚངས་པར་སྤྱོད་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བ་ཆོས་སྟོན་པར་བྱེད་པ་ན། ཇི་ལྟ་ཇི་ལྟར་སྟོན་པའམ། ཚངས་པར་སྤྱོད་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་

བ་ཆོས་སྟོན་པར་བྱེད་པ་དེ་ལྟ་དེ་ལྟར་ཆོས་རྣམས་ལ་ལྷག་པར་རིག་ཅིང་ལྷག་པར་རིག་པ་དང་། ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཆོས་རྣམས་ལྷག་པར་རིག་ཅིང་ལྷག་པར་རིག་པ་དང་། །ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་མཐོང་
བ་དེ་ལྟ་དེ་ལྟར་དེ་ཆོས་རྣམས་ལ་དོན་གྱི་ཤུགས་རྙེད་པ་དང་། ཆོས་ཀྱི་ཤུགས་རྙེད་པ་དང་། སྟོན་པ་ལ་རབ་ཏུ་དད་པར་འགྱུར་རོ། །གཞན་ཡང་འདི་ན་འཕགས་པ་ཉན་ཐོས་སྟོན་པའམ་ཚངས་པར་སྤྱོད་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བ་དག་ཆོས་སྟོན་པར་མི་བྱེད་མོད་ཀྱི་ཇི་ལྟར་ཐོས་པ་དང་།
ཇི་ལྟར་བསྟན་པ་དང་། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་ལ་རྒྱས་པར་དབྱངས་ཀྱིས་ཁ་ཏོན་དུ་བྱེད་དོ། །ཇི་ལྟ་ཇི་ལྟར་ཐོས་པ་དང་། ཇི་ལྟ་བར་ཉེ་བར་བསྟན་པ་དང་། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་ལ་རྒྱས་པར་དབྱངས་ཀྱི་ཁ་ཏོན་དུ་བྱེད་པ་དེ་ལྟ་དེ་ལྟར་ཆོས་རྣམས་ལྷག་པར་རིག་ཅིང་ལྷག་
པར་རིག་པ་དང་། ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཆོས་རྣམས་ལྷག་པར་རིག་ཅིང་ལྷག་པར་རིག་པ་དང་། ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་མཐོང་བ་དེ་ལྟ་དེ་ལྟར་ཆོས་རྣམས་ལ་དོན་གྱི་ཤུགས་རྙེད་པ་དང་། ཆོས་ཀྱི་ཤུགས་
རྙེད་པ་དང་། སྟོན་པ་ལ་རབ་ཏུ་དད་པར་འགྱུར་རོ། །གཞན་ཡང་འདི་ན་འཕགས་པ་ཉན་ཐོས་སྟོན་པའམ་ཚངས་པར་ས