Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 147
Văn bản gốc(Tây Tạng)
Trang 16 / 21 (50.000 ký tự/trang)
ེ་ཉིད་ཀྱི་ཕྱིར་དེ་དག་བོར་ནས་བསམ་གཏན་ལྷག་མ་རྣམ་པར་གཞག་པའི་ཕྱིར་བསམ་གཏན་དང་པོ་ལ་སེམས་ལས་བྱུང་བ་གཞན་ཡོད་ཀྱང་ལྔ་ཁོ་ན་ཡན་ལག་ཏུ་བཤད་ཀྱི་འདུ་ཤེས་ལ་སོགས་པ་རྣམས་ནི་མ་ཡིན་ནོ། །འདུ་ཤེས་ལ་སོགས་པ་རྣམས་བོར་ ནས་བསམ་གཏན་གོང་མ་རྣམ་པར་གཞག་པ་ནི་མ་ཡིན་ཏེ་དེ་རྣམས་ཐམས་ཅད་ན་ཡོད་པའི་ཕྱིར་རོ། །དེའི་ཕྱིར་བསམ་གཏན་དང་པོ་པ་དེ་རྣམས་ཡན་ལག་ཏུ་མ་གསུངས་སོ། །དང་པོ་འཕགས་པའང་ཞེས་བྱ་བ་ལ་དེས་ནི་རང་གི་ས་ལས་ཀྱང་ཡིད་འབྱུང་བ་དང་ལྡན་པས་ས་འོག་མའི་གཉེན་པོ་ཡིན་པའི་ཕྱིར་ ཟག་པ་མེད་པ་ཡིན་ནོ། །འོ་ན་བྱེ་བྲག་ཏུ་བཤད་པ་ལས་ཉེར་བསྡོགས་ཀྱི་མཚམས་སྦྱོར་བའི་སེམས་དང་འཆི་འཕོ་བའི་སེམས་སུ་འགྱུར་རོ་ཞེས་གང་བཤད་པ་དེ་ཇི་ལྟར་གྲང་། ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ལ་མཚམས་སྦྱོར་བ་མེད་པས་ཉེར་བསྡོགས་རྣམས་རོ་མྱང་བ་དང་མཚུངས་པར་ ལྡན་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ་དེ་རྣམས་ལ་ནི་མཉམ་པར་གཞག་པ་ལ་ཉོན་མོངས་པ་བཀག་གི་སྐྱེ་བ་ལ་ཉོན་མོངས་པ་ནི་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་ཉེར་བསྡོགས་ཀྱི་སེམས་ཀྱིས་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཇི་ལྟར་འདི་སོ་སོར་མ་བརྟགས་པའི་འགོག་པ་ ཡིན་ཞེ་ན། མི་སློབ་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་ལས་ལངས་པ་དེའི་རྗེས་ལ་ཟག་པ་དང་བཅས་པའི་སྐད་ཅིག་མ་འདའ་བ་གང་དག་ཡིན་པ་སྟེ། གལ་ཏེ་དེ་དག་བྱུང་བར་མ་གྱུར་ན་མི་སློབ་པའི་མཚན་མ་མེད་པའི་སྐད་ཅིག་མ་རྣམས་འབྱུང་བར་འགྱུར་རོ། །མི་སློབ་པའི་མཚན་མ་ མེད་པའི་སྐད་ཅིག་མ་དེ་དག་རྐྱེན་མ་ཚང་བར་སོ་སོར་མ་བརྟགས་པས་འགོག་པས་འགག་པར་འགྱུར་ཏེ་སོ་སོར་མ་བརྟགས་པས་འགོག་པ་ལ་ཞི་བའི་རྣམ་པར་དམིགས་སོ། །འཇུག་པ་ཆད་པའི་རྣམ་པ་ཅན་ཡིན་པའི་ཕྱིར། ཞི་བའི་རྣམ་པ་ཁོ་ན་ཡིན་ནོ། །ཟག་མེད་པ་ལ་སོ་སོར་ བརྟགས་པས་འགོག་པ་མེད་པའི་ཕྱིར་སོ་སོར་མ་བརྟགས་པས་འགོག་པ་ལ་དམིགས་སོ། །འཕགས་པའི་ལམ་ལ་སྡང་བའི་ཕྱིར། །ཞེས་བྱ་བ་ལ་ཇི་ལྟར་སྡང་ཞེ་ན། སྟོང་པ་ལ་སོགས་པའི་རྣམ་པ་དེ་དག་ཏུ་དེ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །རེ་ཞིག་ཏིང་ངེ་འཛིན་གཞན་གཉིས་ནི་སྟོང་ པ་དང་མི་རྟག་པའི་རྣམ་པ་དག་ཏུ་དེ་ལ་དམིགས་པའི་ཕྱིར་འཕགས་པའི་ལམ་ལ་སྡང་བར་རིགས་ན། གསུམ་པ་ནི་ཞི་བ་འདུས་མ་བྱས་ཀྱི་དངོས་པོ་ལ་དམིགས་པའི་ཕྱིར་ཇི་ལྟར་འཕགས་པའི་ལམ་ལ་སྡང་བ་ཉིད་དུ་རུང་ཞེ་ན། མི་སློབ་པའི་ཏིང་ངེ་འཛིན་འཇུག་པའི་རྒྱུའི་ཆོས་ལ་བསྔགས་པའི་ཕྱིར་ རོ། །ཉེར་བསྡོགས་གཉིས་ནི་མ་གཏོགས་སོ། །ཞེས་བྱ་བ་ནི་བསམ་གཏན་གཉིས་པ་ལ་སོགས་པའི་ཉེར་བསྡོགས་དག་མ་གཏོགས་པ་སྟེ། དེ་དག་ནི་ཞི་བ་དང་རགས་པ་ལ་སོགས་པའི་རྣམ་པར་ཞུགས་པས་སྤྱོད་ཡུལ་གོང་མ་དང་འོག་མ་ལ་ངེས་པའི་ཕྱིར་འཕགས་པའི་ལམ་བདུན་མི་འབྱིན་ ནོ། །གཞན་དག་ན་རེ་བྱམས་པ་ནི་བསམ་པ་ཐག་པ་ནས་འབྱུང་པོ་ཐམས་ཅད་ལ་བདག་དང་འདྲ་བར་གནས་པའོ། །སྙིང་རྗེ་ནི་གཞན་གྱི་སྡུག་བསྔལ་ལ་མངོན་པར་མི་དགའ་བའོ། །དགའ་བ་ནི་གཞན་གྱི་ཕུན་སུམ་ཚོགས་པ་དག་གིས་དགའ་བའོ། །བཏང་སྙོམས་ནི་ཕན་པ་དང་གནོད་པ་དག་ ལ་དེའི་རྒྱུ་མཚན་དག་ལ་མི་གཏོད་པའོ། །གྲངས་བཞིན་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ཁ་དོག་གི་གཉེན་པོ་ནི་བསམ་གཏན་དང་པོའི་རྣམ་པར་ཐར་པ་ཡིན་ལ། བསམ་གཏན་དང་པོའི་ས་པའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོར་ནི་བསམ་གཏན་གཉིས་པའི་ས་པའི་རྣམ་པར་ཐར་པ་ཡིན་ ཏེ། རྣམ་པར་ཐར་པ་འདི་གཉིས་ཀྱང་ཐག་བསྲིང་བའི་གཉེན་པོ་ཡིན་པར་རིག་པར་བྱའོ། །སྨྲས་པ་བསམ་གཏན་གཉིས་པ་ལ་སོགས་པ་ན་ཁ་དོག་གི་འདོད་ཆགས་མེད་དོ་ཞེས་བྱ་བར་ཇི་ལྟར་ཤེས་ཤེ་ན། མིག་གི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །གང་ཞིག་ཡུལ་གང་ལས་འདོད་ ཆགས་དང་བྲལ་བ་དེ་ནི་ངེས་པར་འཛིན་པར་བྱེད་པའི་རྣམ་པར་ཤེས་པ་ལས་ཀྱང་འདོད་ཆགས་དང་བྲལ་བ་ཡིན་ལ། བསམ་གཏན་གཉིས་པ་ལ་སོགས་པ་ན་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མེད་པས་དེའི་ཕྱིར་དེ་དག་ནི་ཁ་དོག་གི་འདོད་ཆགས་དང་བྲལ་བའོ་ཞེས་བྱ་བར་གྲུབ་བོ། །ཁ་ ཅིག་ན་རེ་ཁ་དོག་བཟང་པོ་རྣམས་ལ་ཆགས་པ་མི་སྐྱེ་ལ། ཁ་དོག་ངན་པ་རྣམས་ལ་ཁོང་ཁྲོ་བ་མི་སྐྱེ་བ་སྟེ་འདིར་ཟིལ་གྱིས་གནོན་པའི་ནི་འདི་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་དེ་ལྟ་ཡིན་ན་ཟིལ་གྱིས་གནོན་པ་རྣམས་མ་ཆགས་པ་དང་ཞེ་སྡང་མེད་པའི་རང་ བཞིན་དུ་ཐལ་བར་འགྱུར་ཏེ། དེའི་ཕྱིར་འདིར་དོན་ནི་ཁ་དོག་བཟང་པོ་དང་ངན་པ་རྣམས་ཟིལ་གྱིས་མནན་ནས་ཁ་དོག་ངན་པ་ཇི་ལྟ་བར་ཁ་དོག་བཟང་པོ་རྣམས་ཀྱང་དེ་འདྲ་བར་མི་སྡུག་པའི་རྣམ་པར་རོ་གཅིག་པར་བྱས་ནས་མཐོང་སྟེ། འདིའི་སེམས་ལ་དབང་བ་ནི་འདི་ཡིན་ནོ་ཞེས་ཟེར་རོ། །ཟིལ་ གྱིས་མནན་ནས་ཞེས་པ་ནི་ཤེས་བྱའོ། །ཟིལ་གྱིས་མནན་ནས་མཐོང་ཞེས་བྱ་བ་ནི་དེའི་རྒྱུ་མཚན་ཅན་གྱི་རྣལ་འབྱོར་རྫོགས་པ་དག་གོ། །བརྒྱད་ཀྱི་སྤྱོད་ཡུལ་ནི་འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིན་ནོ། །ཇི་ལྟར་ཟད་པར་འབྱུང་བའི་སྐྱེ་མཆེད་རྣམས་ཀྱི་དམིགས་པ་གཟུགས་ཀྱི་སྐྱེ་མཆེད་ཡིན་ ཞེ་ན། ས་ལ་སོགས་པ་རྣམས་དང་། སའི་ཁམས་ལ་སོགས་པ་རྣམས་ལ་ཁྱད་པར་ཡོད་པས་འདི་དག་ཟད་པར་ས་ལ་སོགས་པའི་སྐྱེ་མཆེད་ཅེས་བྱའི་ཟད་པར་སའི་ཁམས་ལ་སོགས་པ་ནི་མ་ཡིན་ནོ། །ས་ལ་སོགས་པ་རྣམས་ཀྱང་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཡིན་པས་དེ་རྣམས་གཟུགས་ཀྱི་ སྐྱེ་མཆེད་ཀྱི་ཡུལ་ཅན་ཉིད་དུ་མི་འགལ་ལོ། །ཁ་ཅིག་ན་རེ་རླུང་ནི་རེག་བྱའི་སྐྱེ་མཆེད་ཡིན་ནོ་ཞེས་བྱ་བ་ནི་གང་དག་རླུང་གཟུགས་སུ་འོང་བའོ། །དེ་ཉིད་ཀྱི་ཕྱིར་མཛོད་ཀྱི་གནས་དང་པོར། རླུང་ཚོགས་ཁམས་ཉིད་ཡིན་ཞེས་བཤད་དེ་དེའི་ལུགས་ཀྱིས་སོ། །ཡང་། གང་དག་དེ་དང་འདྲ་བའང་ཡིན། །ཞེས་བྱ་བ་དེའི་ ལུགས་ཀྱིས་ནི་ས་ལ་སོགས་པ་ལྟར་རླུང་གཟུགས་ཀྱི་སྐྱེ་མཆེད་ཁོ་ན་ཡིན་ཏེ། ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་གང་དུ་ཁྱད་དུ་པར་འཕགས་ཤེ་ན། རྒྱབ་ཀྱིས་ཕྱོགས་པ་ཙམ་དང་ཟིལ་གྱིས་གནོན་པ་དང་ཟད་པར་བྱེད་པའི་ཕྱིར་དེ་ལྟར་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་ཡིན་ ནོ། །དེ་ཉིད་ཀྱི་ཕྱིར་ཟད་པར་གྱི་སྐྱེ་མཆེད་ཐོབ་པ་དེས་གདོན་མི་ཟ་བར་གཞན་དག་ཀྱང་ཐོབ་སྟེ། ཡོན་ཏན་རིམ་གྱིས་འཛེག་པའི་ཕྱིར་རོ། །གཞན་དག་ན་རེ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཐ་དད་པའི་རྣམ་པར་ཐར་པ་ལ་སོགས་པ་ཕྱེ་སྟེ་དེ་ལྟ་ཡིན་ཡང་རྣམ་པར་ཐར་པ་རྣམས་ཀྱི་རྒྱུ་ཁོ་ན་ཡིན་ལ་ཟད་པར་གྱི་སྐྱེ་ མཆེད་རྣམས་ནི་འབྲས་བུ་ཁོ་ན་ཡིན་ཞིང་། ཟིལ་གྱིས་གནོན་པ་རྣམས་ནི་གཉིས་ཀ་ཡིན་ནོ་ཞེས་ཟེར་རོ། །རྒྱུ་དང་ལས་ཀྱི་སྟོབས་ཀྱིས་གཟུགས་དང་གཟུགས་མེད་པའི་ཁམས་སུ་གཟུགས་མེད་པ་སྐྱེའི་ཆོས་ཉིད་ཀྱིས་ནི་མ་ཡིན་ནོ། །འཇིག་པའི་དབང་གིས་གཟུགས་མེད་པ་དག་ཏུ་མི་སྐྱེ་བའི་ ཕྱིར་རོ། །ཆོས་ཉིད་ཀྱི་ཞེས་བཤད་པ་ཆོས་ཉིད་ཅེས་བྱ་བ་འདི་གང་ཞིག་ཅེ་ན། རེ་ཞིག་མདོ་སྡེ་པ་ཁ་ཅིག་ན་རེ་ཆོས་འཇུག་པ་ཤས་ཆེ་བ་དེ་དག་ཉིད་སྔོན་གྱི་བསམ་གཏན་གྱི་བག་ཆགས་ཀྱི་དབང་གིས་ལུང་མེད་པར་བསམ་གཏན་སྐྱེ་བ་དང་མཐུན་པ་ནི་ཆོས་ཉིད་དེ། རང་བཞིན་དང་དངོས་པོ་ཉིད་ ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་སྔོན་གྱི་བསམ་གཏན་བསྒོམས་པའི་དགེ་བའི་ཆོས་ཀྱི་དབང་གིས་ཐོས་པ་རྒྱས་པ་ལ་དེ་དག་མཐུན་པའི་ཆོས་ཉིད་ཡིན་ཏེ། ཚེ་རབས་སྔ་མའི་སྐལ་པ་མཉམ་པའི་རྒྱུ་ལས་རྒྱུ་མཐུན་པའི་འབྲས་བུ་འབྱིན་པ་ལ་མངོན་དུ་ཕྱོགས་པ་ནི་ ཆོས་ཉིད་ཡིན་ཞེས་བྱའོ་ཟེར་རོ། །གཞན་དག་ན་རེ་ལུང་འཛིན་པར་བྱེད་པ་ནི་སྨྲ་བར་བྱེད་པ་སྒྲུབ་པར་བྱེད་པ་སྟེ་རྟེན་ཡིན་ཏེ། ལུང་ཕྱིན་ཅི་མ་ལོག་པའི་རྟེན་ནི་སྒྲུབ་པ་པོ་རྣམས་ཡིན་པའི་ཕྱིར་རོ། །རྟོགས་པར་སྨྲ་བར་བྱེད་པ་ནི་སྒྲུབ་པར་བྱེད་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་ཇི་སྲིད་དུ་སྒྲུབ་པར་བྱེད་པ་ཡོད་པ་དེ་སྲིད་དུ་ རྟོགས་པ་ཞེས་བྱ་བའི་དམ་པའི་རྗེས་སུ་ཆོས་གནས་སོ་ཞེས་ཟེར་རོ། །རྟོགས་པ་ནི་དེ་ལྟ་བུ་ཡིན་གྱི་ཞེས་བྱ་བ་ནི་ལོ་སྟོང་དུ་གནས་པའོ། །ལུང་ནི་ཡུན་རིང་དུ་གནས་སོ་ཞེས་བྱ་བ་ནི་སྟོང་གི་ཕྱི་ནས་ཀྱང་བྱ་བའི་ཐ་ཚིག་སྟེ། ཕྱོགས་འདི་ཉིད་རིགས་པར་མཐོང་ངོ་། །ད་ལྟ་ལུང་གི་ཆོས་མེད་པ་མ་ཡིན་གྱི་ཉོན་ མོངས་པ་རྣམས་འཇུག་པ་རྙེད་པས་རྟོགས་པའི་ཆོས་ནི་མེད་དོ། །དཔང་གྱུར་སྐྱེ་བོ་ནི་འདིར་སངས་རྒྱས་ཀྱི་སློབ་མ་མངོན་སུམ་དུ་མཐོང་བ་པོ་ལུང་དང་རྟོགས་པ་དང་ལྡན་པ་རྣམས་དང་། རིགས་པ་དང་མི་འགལ་བའི་ལུང་གི་རྗེས་སུ་འབྲང་བ་རྣམས་སོ། །ལུང་འབོགས་པ་མེད་པར་བསོད་ནམས་ དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་སྨིན་པ་ལ་རང་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་གོ་འཕང་རྙེད་པ་ན་རང་བྱུང་ངོ་། །རང་བྱུང་གི་བསྟན་པ་ནི་ལུང་དང་། དེ་སྟོན་པ་མདོ་དང་འདུལ་བ་དང་ཆོས་མངོན་པ་རྣམས་སོ། །ལུང་དང་རྟོགས་པ་དང་ལྡན་པ་སེམས་ཅན་རྣམས་ལ་ལྟ་བས་བསྟན་པ་གནས་པར་བྱ་བའི་ ཕྱིར་རབ་ཏུ་ཞུགས་པ་གང་ཡིན་པ་དེ་དག་ནི་བསྟན་པ་གཅེས་འཛིན་རྣམས་ཏེ་དེ་དག་ཀྱང་མཆོག་ཏུ་ཞི་བར་གཤེགས་པས་ན་ཞེས་བྱ་བར་རྗེས་སུ་བསྙེག་གོ། །འགྲོ་མགོན་ནི་སངས་རྒྱས་དང་དེའི་སྲས་རྣམས་སོ། །ཡོན་ཏན་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བདག་ཉིད་དེ་ འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་དྲི་མ་རབ་ཏུ་འཇུག་པ་དག་གིས་དེ་དག་ཡོངས་སུ་ཤེས་པ་སེལ་བར་བྱེད་ལ། མ་འོངས་པ་རྣམས་ལ་ནི་གེགས་བྱེད་པས་དྲི་མ་རྣམས་ཡོན་ཏན་འཇོམས་པར་བྱེད་པའོ། །འདོམས་མེད་ཅེས་བྱ་བ་ནི་འགལ་ཟླ་མེད་པའི་ཕྱིར་རོ། །དེ་ལྟར་ལྐོག་མར་ སྲོག་ཕྱིན་འདྲ་སྟེ་ཐུབ་པའི་བསྟན་པ་ལྐོག་མར་སྲོག་ཕྱིན་པ་ལྟ་བུའོ། །ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱི་སྲས་པོ་སྟོན་པའི་བསྟན་པ་བསྲུང་བར་ཞུགས་པ་རྣམས་མེད་པའི་ཕྱིར་དང་རྟོག་གེ་ངན་པ་རྣམས་ཀྱིས་ཚིག་དང་དོན་སྒྲོ་བཏགས་པ་ལ་དཀྲུགས་པའི་ཕྱིར་རོ། །སློབ་དཔོན་གང་བ་སྤེལ་བས་མཛད་ པ་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲངས་པ་ཞེས་བྱ་བ་ལས་སྙོམས་པར་འཇུག་པ་བསྟན་པ་ཞེས་བྱ་བ། གནས་བརྒྱད་པའི་འགྲེལ་བཤད་དོ།། །།ཉེ་བ་གང་དང་གོམས་པ་གང་། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལས་རྒྱུད་གཅིག་ལ་ལས་བཞི་པོ་ལྕི་བ་དང་ཉེ་བ་དང་གོམས་པ་དང་སྔོན་ དུ་བྱས་པ་དེ་དག་ཡོད་པས་དེ་དག་གི་ནང་ནས་ལས་ལྕི་བ་སྔ་མ་ཡིན་པས་སྔར་སྨིན་ནོ། །ཉེ་བ་དང་གོམས་པ་དང་སྐྱེ་བ་སྔར་བྱས་པ་རྣམས་ཀྱི་ཡང་ཉེ་བ་སྔ་མ་ཡིན་པས་དེ་གཉིས་པས་སྔར་སྨིན་ནོ། །གོམས་པས་སྔར་བྱས་པ་དག་ལས་གོམས་པ་སྔ་མ་ཡིན་པས་སྔར་སྨིན་ནོ། །དེ་དག་མེད་ན་ཚེ་སྔ་མ་ལ་བྱས་པ་ལན་ གྲངས་གཞན་ལ་མྱོང་བ་སྨིན་པར་འགྱུར་རོ། །ལོང་བ་མ་ཡིན་པ་དེ་དག་གང་ཞེ་ན་འཕགས་པ་ཉན་ཐོས་ཤེས་རབ་ཀྱི་མིག་རྣམས་སོ། །ཡང་ན་གསུང་རབ་ཀྱི་ཆོས་ཉིད་དེ་ཁོ་ན་ལ་སྒྲིབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཟབ་མོ་རབ་ཏུ་སྟོན་པའི་ཕྱིར་ཉི་མ་ཡིན་ནོ། །ཅི་ཞེ་ན་གཉེན་པོའི་ཁྱད་པར་དང་སྐུ་གཟུགས་ཀྱི་ ཁྱད་པར་དང་འོད་ཟེར་གྱི་ཁྱད་པར་དང་ཡུལ་གྱི་ཁྱད་པར་གྱིས་སོ། །གཉེན་པོའི་ཁྱད་པར་གྱིས་ཇི་ལྟར་ཞེ་ན་ཉི་མས་ཕྱི་རོལ་གྱི་ནམ་མཁའ་ལ་མུན་པ་རྣམ་པར་འཇོམས་པ་ཡིན་ཡང་བཅོམ་ལྡན་འདས་ནི་ནང་གི་མུན་པ་ཡིད་ལ་ཡུན་རིང་པོར་ཞུགས་པ་འཇོམས་བྱེད་དོ། །ཉི་མ་ཤེལ་གྱི་རང་བཞིན་གྱི་གཟུགས་ངོ་ བོ་ཉིད་ཀྱིས་འབར་བས་ལྷང་ངེ་བ་ཡིན་ལ། བཅོམ་ལྡན་འདས་ཀྱང་སྐུ་གཟུགས་སྟོབས་བཅུའི་དྲི་མ་མེད་པས་ལྷན་ནེ་བ་ཡིན་པ་སྐུ་གཟུགས་ཀྱི་ཁྱད་པར་གྱིས་ནི་དེ་ལྟ་བུའོ། །ཉི་མའི་འོད་ཟེར་སྟོང་གིས་ཁྱབ་པ་ཡིན་ལ་བཅོམ་ལྡན་འདས་ཀྱང་དམ་པའི་ཆོས་ཀྱི་གསུང་གི་འོད་ཟེར་སྟོང་གིས་ཁྱབ་སྟེ་འོད་ཟེར་གྱིས་ནི་དེ་ ལྟ་བུའོ། །ཉི་མའི་ཡུལ་ནི་གླིང་བཞི་པ་ཡིན་ལ་དེ་བཞིན་གཤེགས་པའི་ཁམས་གསུམ་ཡིན་ཏེ། དེའི་ཕྱིར་ཆ་ཅུང་ཟད་ཙམ་གྱིས་ཆོས་མཚུངས་པས་དེ་བཞིན་གཤེགས་པ་ནི་ཉི་མ་ལྟ་བུ་ཡིན་ནོ། །དེ་ལྟར་འདི་ནི་ཕྱོགས་ཙམ་ཞིག་གིས་ཞེས་རྒྱས་པར་འབྱུང་བ་ལ་དེ་ལྟར་ཇི་སྐད་དུ་ཞེས་ཇི་སྐད་ བཤད་པ་སྟོན་ཏོ། །ཕྱོགས་ཉིད་ཕྱོགས་ཙམ་སྟེ། ཆོས་མངོན་པའི་བསྟན་བཅོས་ཆེན་པོ་ལས་ཉུང་ངུ་འདི་བདག་གིས་བསྟན་ཏོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ། །གཞན་དག་ན་རེ། དེ་ལྟར་འདི་ནི་ཕྱོགས་ཙམ་ཞིག །ཅེས་བྱ་བ་ནི་བདག་མེད་པར་དགག་པ་འདི་ཁོ་ནའི་དབང་དུ་བྱས་ནས་བཤད་ པ་ཡིན་ཏེ། བདག་གིས་མངོན་པའི་ཆོས་ནི་ཕལ་ཆེར་ནི། །ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཅེས་བྱ་བ་འདི་འདི་ཉིད་ཀྱིས་བཤད་ཟིན་པའི་ཕྱིར་རོ་ཞེས་ཟེར་རོ། །མཛོད་ཀྱི་གནས་བརྒྱད་པའི་ཞར་ལ་བྱུང་བར་འགྲེལ་པ་གང་ཟག་གཏན་ལ་འབེབས་པ་རྫོགས་སོ།། །།བདག་གིས་མཛོད་ཀྱི་ འགྲེལ་འདི་དཀའ་བའི་ཕྱིར། །སློབ་དཔོན་གྱི་ནི་ལུགས་སུ་རྣམ་པར་ཕྱེ། །ལོག་པར་གྱུར་གང་དེ་འདིར་བདག་གིས་ཉེས། །དོན་བཟང་གྲུབ་ལ་བློ་དེ་ཚད་མ་ཡིན། །དེ་ལྟར་བདག་གིས་སྟོན་གྱི་འགྲེལ་བཤད་གཞན། །དཔྱད་ནས་དེ་དག་སྟེ་ན་སྔོན་བསྟོད་དངོས། །མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་ འབྲང་བ་ཞེས་བྱ་བ་འདི་དེ་གྲྭ་སར་སྦྱར་བ་ཡིན། །བདག་གིས་མཛོད་བཤད་ལས་བྱུང་དགེ་བ་དྲི་མེད་མི་དགེ་འཇོམས་བྱེད་ཐོབ་པར་གྱུར་པ་གང་ཡིན་པ། །དེ་ཡིས་སེམས་ཅན་སྲིད་པ་གསུམ་གཏོགས་སྡུག་བསྔལ་མེས་གདུངས་མ་ལུས་མྱ་ངན་བཟླ་བྱ་སྟེ། །ཕྱི་ནས་བདག་ཉིད་ཀྱང་ནི་ཉོན་མོངས་དགྲ་བོ་མ་ལུས་རབ་འཇོམས་ སངས་རྒྱས་ཉིད་ཐོབ་ནས། །སླར་སྐྱེའི་འཆི་བ་མེད་ཕྱིར་མྱ་ངན་འདས་པའི་གོ་འཕང་དམ་པ་རྒྱ་ཆེན་འགྲོ་བར་ཤོག །སློབ་དཔོན་གང་བ་སྤེལ་བ་ཞེས་བྱ་བ་ཆོས་མངོན་པའི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་དུ་སོན་པས་མཛད་པ་ཆོས་མངོན་པའི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་རྫོགས་སོ།། །། འདི་གངས་ཆེན་པོ་ཏི་སེ་དང་ཡིད་བཞིན་གྱི་མཚོའི་ལྷོ་ངོས་རི་བོ་ཆེན་པོ་སྤོས་ཀྱི་ངད་ལྡང་བའི་འདབ། ཡུལ་པུ་རངས་སུ་དགེ་འདུན་གཙོ་བོར་གྱུར་པ་བརྒྱ་ཕྲག་གཅིག་དང་། དགེ་འདུན་སྤྱིར་གྱིས་གཡུ་ཕག་སྒུར་ལ་སོགས་པ་ཕུལ་ཏེ་བཀས་གཉེར་ནས་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་བརྨ་ དང་། ཞུ་ཆེན་གྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བ་ཞིག་གོ། །༄༅༅། ། །རྒྱ་གར་སྐད་དུ། སཱ་ར་ས་མུཙྪ་ཡ་ནཱ་མ་ཨ་བྷི་དྷརྨྨ་ཨ་བ་ཏཱ་ར་ཊཱི་ཀཱ། བོད་སྐད་དུ། ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པ་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ། བམ་པོ་དང་ པོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཆོས་མངོན་པའི་འབྲེལ་པ་དང་། དགོས་པ་བརྗོད་པར་བྱའོ། །འབྲེལ་པ་གང་གི་རབ་ཏུ་བྱེད་པ་འདི་བརྩམས། རྩོམ་པ་འདིའི་དགོས་པ་ནི་གང་ཞེ་ན། དེ་བརྗོད་པར་བྱ་སྟེ། འདིའི་འབྲེལ་པ་ནི་རབ་ཏུ་བྱེད་པ་ཉིད་ལས་བསྟན་ཏེ། ཇི་སྐད་ དུ་ཤེས་རབ་ཅན་དག་ནི་འཕྲལ་གྱི་བྱ་བ་ལ་ཐོགས་པས་མ་ཐོབ་པའི་ཉམས་པས་ཀྱང་སྐྲག་པར་འགྱུར་ཞེས་འབྱུང་བའི་འབྲེལ་པ་འདིས་རབ་ཏུ་བྱེད་པ་འདི་བརྩམས་སོ། །འབྲེལ་པ་བཤད་ཟིན་ཏོ། །དགོས་པ་ནི་ཤེས་རབ་ཞན་པ་དང་། ཡིད་མི་གཞུངས་པའི་སེམས་ཅན་རྣམས་ཅི་ནས་ཚིག་ གི་ཚོགས་ཉུང་ཞིང་གསལ་བས་ཆོས་མངོན་པ་ལ་འཇུག་པར་བྱ་བའི་ཕྱིར་རོ། །ཕྱག་བྱ་བ་ཡང་དགོས་པ་ཡིན་ཏེ། བགེགས་ཞི་བར་བྱ་བའི་རྒྱུར་འགྱུར་བ་དང་། གུས་པ་བསྐྱེད་པའི་ཕྱིར་རོ། །གང་དུ་གནས་པ་དང་། འབྱུང་བ་དང་། འཇིག་པ་དཔྱད་པ་དེ་ནི་བསྟན་བཅོས་སོ། །དེའི་ཕྱོགས་ གཅིག་ཏུ་གྱུར་པ་ནི་རབ་ཏུ་བྱེད་པ་སྟེ་དེ་གང་ཞེ་ན་སྨྲས་པ། སྙིང་གི་མུན་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སེམས་དང་སེམས་ལས་བྱུང་བ་རྣམས་ནི་སྤྱིར་སྙིང་ཞེས་བརྗོད་དུ་ཟིན་ཀྱང་སེམས་ལས་བྱུང་བའི་ཆོས་མཐའ་དག་སེམས་ལ་གནས་པས་གནས་པ་རྣམས་ནི་གཙོ་བོ་མ་ཡིན་གྱི་གནས་གཙོ་བོ་ ཡིན་པའི་ཕྱིར་སེམས་ཉིད་ལ་སྙིང་ཞེས་བྱ་བར་འདོགས་སོ། །དེ་ལ་ཡོད་པས་སྙིང་གི་སྟེ། དེ་གང་ཞེ་ན། དེའི་ཕྱིར་སྨྲས་པ། མུན་པ་ཞེས་བྱའོ། །དེ་ལ་མུན་པ་ཞེས་བྱ་བ་ནི་མི་ཤེས་པ་ལ་བྱའོ། །ཇི་ལྟར་མུན་པ་ཞེས་བྱ་བ་མི་ཤེས་པ་ལ་བྱ་ཞེ་ན། ཆོས་མཐུན་པའི་ཕྱིར་ཏེ། དཔེར་ན་མུན་པ་ནི་མ་ནོར་ བར་མཐོང་བ་ལ་ཕྱིར་འཇིལ་བའོ། །མི་ཤེས་པ་ཡང་དེ་བཞིན་ཏེ། དེ་དང་ཆོས་མཐུན་པའི་ཕྱིར་དེ་སྐད་ཅེས་བྱའོ། །མུན་པ་ཅི་འདྲ་བ་ལ་བྱ་ཞེ་ན། དེའི་ཕྱིར་སྨྲས་པ། ངན་སོང་རྩ་ཞེས་བྱ་བའོ། །ངན་པར་འགྲོ་བས་ངན་སོང་སྟེ། ངན་སོང་ནི་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་ལ་སོགས་པའོ། ། མི་འདོད་པའི་ལས་སྐྱེས་པ་དང་། འཕགས་པའི་ལམ་གྱི་བར་ཆད་བྱེད་པའི་ཕྱིར་སྡུག་བསྔལ་བའོ། །དེ་དག་གི་རྩ་བ་ནི་བྱེད་རྒྱུ་སྟེ་རྒྱུར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །དེ་དག་ཏུ་གང་འགྲོ་བ་དེ་ནི་ངན་པར་འགྲོ་བ་སྟེ། དགེ་བའི་ཆོས་རྣམས་ལས་ངན་པར་འགྲོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བ་ཞེས་བྱ་བ་ནི་ འདིར་འཕགས་པའི་ལམ་དང་སོ་སོར་བརྟགས་པས་འགོག་པ་ལ་བྱའོ། །དེ་དག་ནི་དགེ་བ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་དགེ་བའི་ཆོས་རྣམས་སོ། །དེ་ལ་སེམས་ཅན་དམྱལ་བ་ལ་སོགས་པ་ངན་འགྲོ་ལོག་པར་ལྟུང་བའི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཕྱིར་འདི་ནི་ངན་སོང་གི་རྩ་བའོ། །འདིས་དེའི་ཕྱི་ རོལ་གྱི་མུན་པ་དང་མཚུངས་པར་སྟོན་ཏེ། དེ་ནི་ཚེར་མ་ལ་སོགས་པར་རྡེག་འཆའ་བ་ལ་སོགས་པ་ངན་པར་སོང་བའི་རྩ་བ་ཡིན་ནོ། །གསུང་ཉིད་འོད་ཟེར་ཡིན་པས་གསུང་གི་འོད་ཟེར་ཏེ། མི་ཤེས་པའི་མུན་པ་དྲུངས་ནས་འབྱིན་པའི་མཐུའི་ཁྱད་པར་གྱིས་འོད་ཟེར་དང་འདྲ་བས་འོད་ཟེར་དག་གོ། ། གསུང་ཞེས་བྱ་བ་ནི་གང་གིས་བྱ་བ་དང་ཡོན་ཏན་དང་དུས་དང་འབྲེལ་པ་ཅན་གྱི་ཁྱད་པར་རྣམས་ཁོང་དུ་ཆུད་པར་བྱེད་པའོ། །དེ་ནི་སྒྲ་ལས་དོན་གཞན་དུ་གྱུར་པ་སྟེ། ཇི་སྐད་དུ་ཚིག་ནི་ཡན་ལག་མེད་པ་དོན་གོ་བར་བྱེད་ནུས་པའོ། །སྒྲ་ནི་རྡུལ་ཕྲ་རབ་བསགས་པ་ཡིན་པས་ཡན་ལག་མེད་པར་མི་ འཐད་དོ་ཞེས་སྨྲས་པ་ལྟ་བུའོ། །གསུང་གི་འོད་ཟེར་དག་གིས་ཞེས་བྱ་བ་ནི་བྱེད་པའོ། །གང་གིས་ཞེས་བྱ་བ་ནི་མཛད་པ་པོའི་མཚན་ཉིད་དེ། མཛད་པ་པོ་གང་གིས་གསུང་གི་འོད་ཟེར་བྱེད་པར་གྱུར་པ་རྣམས་ཀྱིས་མུན་པ་བཅོམ་སྟེ་བཅད་པའོ། །སུ་ངག་གི་ཞེ་ན། ལྷ་མི་རྣམས་ཀྱིའོ། ། ལྷ་ཞེས་བྱ་བ་ནི་མི་འཆི་བ་ལ་བྱ་སྟེ། དེ་དག་ཕལ་ཆེར་གཞན་གྱི་གནོད་པའི་རྒྱུས་འཆི་བ་མེད་པས་མི་འཆི་བ་ཞེས་བྱ་བ་མི་འཆི་བ་ཉིད་མ་ཡིན་ཏེ། འདུ་བྱེད་ཐམས་ཅད་མི་རྟག་གོ་ཞེས་གསུངས་པའི་ཕྱིར་རོ། །འདིས་ནི་ལྷ་དང་མི་རྣམས་འཕགས་པའི་བདེན་པ་བཞི་ལ་འཇུག་ནུས་པར་སྟོན་ཏོ། །ཚིགས་ སུ་བཅད་པ་ཕྱེད་པོ་འདིས་ནི་བཅོམ་ལྡན་འདས་ཀྱིས་གཞན་གྱི་དོན་སྒྲུབ་པ་ཕུན་སུམ་ཚོགས་པར་བརྗོད་དོ། །ཕྱེད་འོག་མས་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། ཐམས་ཅད་མཁྱེན་ཉིད་དཀྱིལ་འཁོར་དྲི་མེད་པ། །ཞེས་བྱ་བ་སྨྲས་སོ། །ཤེས་པར་བྱ་བ་དངོས་པོ་ཐམས་ ཅད་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་མཁྱེན་པའི་ཕྱིར་བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པའོ། །ཐམས་ཅད་མཁྱེན་པའི་དངོས་པོ་ནི་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཡང་བག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་པ་སྟེ། གང་གིས་ཐམས་ཅད་མཁྱེན་པ་ཉིད་དྲི་མ་ མེད་པའི་དཀྱིལ་འཁོར་དུ་གྱུར་པ་དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དཀྱིལ་འཁོར་དྲི་མ་མེད་པའོ། །དེ་བས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་དཀྱིལ་འཁོར་དྲི་མ་མེད་པ་དེ་ལ་ཕྱག་འཚལ་ལོ། །འདི་ནི་གཞན་གྱི་དོན་བསྒྲུབ་པའི་ཐབས་སུ་ཡང་སྟོན་ཏེ། ཐམས་ཅད་མཁྱེན་པ་མ་ཡིན་པས་ནི་གཞན་གྱི་མི་ཤེས་པའི་ མུན་པ་མང་པོ་ཐོག་མ་མེད་པའི་དུས་ནས་བསགས་པ་དབྲལ་བར་དཀའ་བ་སེལ་བར་མི་ནུས་སོ། །མི་ཤེས་པའི་གཉིད་དང་བྲལ་བའི་ཕྱིར་སྐྱེས་བུ་སད་པ་དང་འདྲ་བས་སངས་རྒྱས་སོ། །ཡང་ན་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དང་དུས་རྣམ་པར་གྲོལ་བ་ཤེས་བྱ་རྣམ་པ་བཞི་ཇི་ལྟ་བ་བཞིན་དུ་ཕྱིན་ ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་སོ། །མུན་པ་སེལ་བ་ལ་སོགས་པ་དང་འདྲ་བའི་ཕྱིར་ཉི་མ་དང་འདྲ་བས་ཉི་མའོ། །སངས་རྒྱས་ཉིད་ཉི་མ་ཡིན་པས་སངས་རྒྱས་ཉི་མ་སྟེ། ནང་དང་ཕྱིའི་མུན་པ་སེལ་བའི་ཕྱིར་རོ། །ཚིགས་སུ་བཅད་པ་འདི་ལས་བདག་དང་གཞན་ལ་ཕན་པར་བསྒྲུབ་ པ་ཕུན་སུམ་ཚོགས་པ་ལ་ཕྱག་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཕྱག་འཚལ་ལོ་ཞེས་བྱ་བ་ནི་ལུས་དང་ངག་དང་སེམས་བཏུད་པའི་མཚན་ཉིད་དོ། །བཅོམ་ལྡན་འདས་ལ་ཕྱག་འཚལ་བས་བསོད་ནམས་ཀྱི་ཚོགས་བསྐྱེད་ཀྱི་རོག་ཏུ་དེས་གསུངས་པའི་གསུང་གི་ལམ་གྱི་རྗེས་སུ་འགྲོ་བ་སློབ་མ་དམ་པ་ རྣམས་ལ་གུས་པ་དང་། དགའ་བ་སྐྱེས་ནས་རི་མོ་བྱེད་པར་འདོད་པས་ཚིགས་སུ་བཅད་པ་གཞན། གང་དག་ཆོས་མངོན་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པ་འདི་ཉེ་བར་བཀོད་དོ། །དེ་ལ་དོན་དམ་པའི་ཆོས་མྱ་ངན་ལས་འདས་པ་མངོན་དུ་གྱུར་པས་ཤེས་རབ་འཁོར་དང་བཅས་པ་ནི་ཆོས་མངོན་པའོ། །དེའི་ཚུལ་ ནི་ལམ་མོ། །ཆོས་ནི་གཟུགས་ལ་སོགས་པའོ། །མཚན་ཉིད་ནི་རང་དང་སྤྱི་ལ་སོགས་པའོ། །ཆོས་མངོན་པ་ཉིད་ཚུལ་ཡིན་པས་ཆོས་མངོན་པའི་ཚུལ་ཏེ་ཆོས་མངོན་པའི་ལུགས་སོ། །ཚུལ་དང་ལུགས་དང་རིགས་པ་ཞེས་བྱ་བ་ནི་རྣམ་གྲངས་སུ་གཏོགས་པའོ། །རྨོངས་པ་ནི་མགོ་མྱོས་པ་སྟེ། རང་དང་ སྤྱིའི་མཚན་ཉིད་ཁོང་དུ་མ་ཆུད་ཅེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་མཚན་ཉིད་ལ་རྨོངས་པ་དེ་གང་དག་གིས་དང་གང་གི་ཡིན་པ་ཆོས་མངོན་པའི་ཚུལ་གྱིས་དྲུངས་ནས་ཕྱུང་ཞིང་བཏོན་པ་དེ་དག་ཆོས་མངོན་པའི་ཚུལ་གྱིས་ཆོས་ཀྱི་མཚན་ཉིད་ལ་རྨོངས་པ་དྲུངས་ནས་ཕྱུང་བ་ཡིན་ཏེ། རྣམ་པ་དེ་ལྟ་བུ་དེ་དག་ལ་ བདག་ཕྱག་འཚལ་ཏེ། རབ་ཏུ་ཕྱག་འཚལ་བའོ། །མགོ་བོས་ཞེས་བྱ་བ་ནི་སྤྱི་བོས་སོ། །ཅིའི་ཕྱིར་ཞེ་ན། དེ་དག་ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་དེའི་གཞིར་གྱུར་པའི་ཕྱིར་ཏེ། ཐམས་ཅད་མཁྱེན་པའི་བཀའ་ཡི་གནས་གྱུར་པ། །ཞེས་བྱ་བ་དེ་ཉིད་གནས་ཀྱི་དངོས་པོར་སྟོན་ཏོ། །ཐམས་ཅད་ མཁྱེན་པ་ནི་བདེ་བར་གཤེགས་པ་སྟེ། དེའི་བཀའ་ནི་ཐམས་ཅད་མཁྱེན་པའི་བཀའོ། །གནས་ནི་གཞིའོ། །ཐམས་ཅད་མཁྱེན་པའི་བཀའི་གནས་ནི་ཐམས་ཅད་མཁྱེན་པའི་བཀའི་རྟེན་དུ་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །ཆོས་མངོན་པའི་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པ་མཐའ་དག་ལ་བྱེ་བྲག་མེད་ པར་ཕྱག་བྱ་བ་སྔར་བྱ་སྟེ་ཡོན་ཏན་རྣམས་བརྗོད་ནས། རང་གི་བླ་མ་ལ་ཕྱག་བྱ་བ་སྤྱོད་པ་བཟང་པོ་བྱ་བར་འདོད་པས། བློ་ཞན་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་འདི་རྩོམ་མོ། །བློ་ཞན་པ་གང་ཡིན་པ་དེ་དག་བློ་ཞན་པ་རྣམས་ཏེ་ཤེས་རབ་ཞན་པའི་ཐ་ཚིག་གོ། །ཤེས་རབ་ཞན་པ་དེ་དག་ གིས་བཤད་མ་ལེགས་པ་ནི་མ་ལེགས་བཤད་པའོ། །མ་ལེགས་པར་བཤད་པ་ཉིད་མུན་པ་ཡིན་པས་མ་ལེགས་པར་བཤད་པའི་མུན་པའོ། །སྐུ་དང་གསུང་དང་ཐུགས་ཐུབ་པ་དང་ལྡན་པས་ཐུབ་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ངོ་། །མ་ལེགས་པར་བཤད་པའི་མུན་པས་ ཁེབས་པ་ནི་ཕྱིན་ཅི་ལོག་ཏུ་བཤད་པའི་མུན་པས་ཁེབས་པ་སྟེ། བསྒྲིབས་པའོ། །གང་གིས་ལེགས་པར་བཤད་པ་སྒྲོན་མས་སྣང་བར་མཛད་པ་ནི་གསལ་བར་མཛད་པ་ཀུན་དུ་བསྟན་པའོ། །བསྟན་བཅོས་གང་གིས་མི་ཤེས་པ་བསལ་བ་དང་། བདེན་པ་ཡང་དག་པའི་དངོས་པོ་བརྗོད་པའི་ཕྱིར་བསྟན་ བཅོས་ལ་སྒྲོན་མ་ཞེས་བྱའོ། །ཡང་ན་ཆོས་མངོན་པའི་སྒྲོན་མ་མཛད་པ་ལ་སྒྲོན་མ་མཛད་པ་ཞེས་བྱའོ། །སྒྲོན་མ་མཛད་པས་སྒྲོན་མ་མཛད་དེ། དེའི་ཕྱིར་སྒྲོན་མ་མཛད་པ་དེ་ལ་ཕྱག་འཚལ་ལོ། །དེས་ལོག་པར་བཤད་པའི་མུན་པ་བསལ་བས་སྒྲོན་མ་དང་འདྲ་བའི་ཕྱིར་སྒྲོན་མ་ཞེས་བྱ་སྟེ། ཆོས་ཀྱི་ངོ་ བོ་ཉིད་མ་ནོར་བར་བསྟན་པ་བསྟན་བཅོས་མཛད་པ་དེ་ལ་ཤིན་ཏུ་གུས་པར་གྱུར་ནས་བསྟོད་དོ། །དེ་ལྟར་ཚིགས་སུ་བཅད་པ་གསུམ་གྱིས་ཇི་ལྟར་འདོད་པ་རྣམས་ལ་ཕྱག་འཚལ་ནས། ལ་ལ་དག་ནི་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་བྱེད་པ་རྩོམ་མོ། །བློ་ཆུང་བ་དང་འབྲིང་དང་ཆེན་པོ་ཐ་དད་པའི་ཕྱིར་ མིང་མ་སྨོས་སོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཐུབ་པའི་དབང་པོ་ནི་ཐུབ་པ་རྣམས་ཀྱི་དབང་པོ་ཡིན་པས་ཐུབ་པའི་དབང་པོའོ། །ཟག་པ་མེད་པའི་ལུས་དང་ངག་དང་ཡིད་ཐུབ་པ་ཡོད་པའི་ཕྱིར་ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ནི་ཐུབ་པ་ཞེས་བྱ་བར་རྣམ་པར་གཞག་གོ། ། བཅོམ་ལྡན་འདས་ནི་ཆོས་ཐམས་ཅད་ལ་མངའ་བརྙེས་པའི་ཕྱིར་དེ་དག་གི་རྗེ་དང་རྒྱལ་པོ་ཡིན་ནོ། །ཇི་སྟེ་ཐུབ་པ་དག་གི་རྣམ་པར་གཞག་པ་གང་ཡིན་པ་བསྟན་ཀྱང་གང་གིས་ཐུབ་པ་དེ་དག་རྣམ་པར་གཞག་པ་དེ་མི་ཤེས་སོ་ཞེ་ན། ཆོས་ཉིད་ཀྱིས་སོ། །འདིར་ནི་ཆོས་ཉིད་ཅེས་བྱ་བ་འཕགས་པའི་ ལམ་ལ་བྱའོ། །འདི་ནི་ཐུབ་པའི་དབང་པོའི་ཡིན་པས་ཐུབ་པའི་དབང་པོའོ། །དེ་གང་ཞེ་ན། གསུང་རབ་སྟེ་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་སོ། །མཐའ་དག་ནི་མ་ལུས་པའོ། །དོན་དང་ཚིག་ཅེས་བྱ་བ་ལ་གོང་མས་ནི་བཤད་པ་བཟུང་བ་སྟོན་ཏོ། །འོག་མས་ནི་ཡི་ གེའོ། །ཡང་ན་དོན་གྱིས་ནི་ངེས་པར་ལེགས་པ་བསྒྲུབ་པའོ། །ཚིག་གིས་ནི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་ཆུད་པའོ། །སྐལ་པ་ཡོད་པའི་ངང་ཚུལ་ཅན། །ཞེས་བྱ་བ་ནི་ནུས་པར་སྟོན་ཏོ། །སྐལ་བ་ཉིད་སྐལ་བ་ཡོད་པའི་ངང་ཚུལ་ཅན་ཏེ། ལེན་པ་དང་འཛིན་པ་དང་ཁོང་དུ་ཆུད་པར་བྱེད་ནུས་ ཞེས་བྱ་བའི་ཐ་ཚིག་གོ། །དགེ་བ་དག་ཅེས་བྱ་བ་ནི་སྐྱེས་བུ་དམ་པ་སྟེ་ཚུལ་བཟང་པོ་ལ་མངོན་པར་དགའ་བ་སོ་སོའི་སྐྱེ་བོ་དགེ་བ་དག་གོ། །ཡིན་ཞེས་བྱ་བ་ནི་དེ་ལྟར་གྱུར་པའོ། །ཟིན་ཀྱང་ཞེས་བྱ་བ་ནི་སྲིད་པ་སྟེ་ཕྱི་རོལ་གྱི་རྐྱེན་གྱི་སྤྱོད་པ་སྟོན་ཏོ། །ཇི་སྐད་དུ་འཇིག་རྟེན་གྱི་མགོན་པོས་ཡང་དག་པའི་ལྟ་བ་སྐྱེ་ བའི་རྒྱུ་གཉིས་རྐྱེན་གཉིས་ཏེ། གཞན་གྱི་སྒྲ་དང་ནང་དུ་ཚུལ་བཞིན་ཡིད་ལ་བྱེད་པའོ། །ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་སྐལ་པ་ཡོད་ཅེས་བྱ་བ་ནི་ནང་གི་རྒྱུའོ། །ཡིན་ཞེས་བྱ་བ་ནི་གཞན་གྱི་མན་ངག་གོ། །གང་ལ་ཞེ་ན་ཐུབ་པའི་དབང་པོའི་གསུང་རབ་མཐའ་དག་ལའོ། །དེ་ལྟར་ནུས་པ་ཐོབ་པ་དག་ཅིའི་ ཕྱིར་ཡོངས་སུ་ཉམས་པར་འགྱུར་ཞེ་ན། སྨྲས་པ། འཕྲལ་གྱི་བྱ་བ་ལ་ཐོགས་པས། །ཞེས་བྱ་བ་སྨོས་ཏེ། བྱ་བས་བྲེལ་བའི་ཐ་ཚིག་གོ། །མ་ཐོབ་པའི་ཉམས་པའི་ནི་མ་ཐོབ་པ་ཡོངས་སུ་ཉམས་པའོ། །དེ་ལ་ཡོངས་སུ་ཉམས་པ་རྣམ་པ་གསུམ་སྟེ། ཐོབ་པ་ཡོངས་སུ་ཉམས་པ་དང་། མ་ཐོབ་ པ་ཡོངས་སུ་ཉམས་པ་དང་། ལོངས་སྤྱོད་པ་ཡོངས་སུ་ཉམས་པའོ། །དེ་ལ་བསམ་གཏན་ལ་སོགས་པ་ཐོབ་པའི་ཡོན་ཏན་དག་ལས་ཉམས་པ་ནི་ཐོབ་པ་ཡོངས་སུ་ཉམས་པའོ། །ནུས་པ་ལ་མ་ཐོབ་པ་ནི་མ་ཐོབ་པ་ཡོངས་སུ་ཉམས་པའོ། །ཐོབ་པ་མངོན་དུ་མི་བྱེད་པ་ནི་ལོངས་སྤྱོད་པ་ཡོངས་སུ་ ཉམས་པའོ། །ཅིའི་ཕྱིར་མ་ཐོབ་པ་ཡོངས་སུ་ཉམས་པ་ཡོངས་སུ་ཉམས་པར་འགྱུར་བ་དག་སྟེ། ལེན་པ་དང་འཛིན་པ་ལ་སོགས་པའི་སྐལ་པ་མེད་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ཞན་པ་ལ་ལ་དག་ནི་བློ་ཞན་པ་ལ་དག་གོ། །ཚིག་དང་དོན་དཀའ་སྟེ་ཐིབས་པོ་དང་འདྲ་བས་གླག་གླག་པ་སྟེ། ཆོས་མངོན་པ་ཉིད་གླག་གླག་པས་ཆོས་མངོན་པ་གླག་གླག་པའོ། །གླག་གླག་པ་དང་སྟུག་པོ་ཞེས་བྱ་བ་ནི་རྣམ་གྲངས་སུ་གཏགས་པའོ། །ཆོས་མངོན་པ་གླག་གླག་པ་མིང་ཐོས་པ་ཙམ་གྱིས་ཀྱང་སྐྲག་པར་འགྱུར་ཞེས་བྱ་བ་ལ། སྐྲག་པ་ནི་སྒྱིད་ལུག་པ་དང་ཁོང་དངངས་ཞེས་བྱ་བའི་ཐ་ཚིག་སྟེ། ཁོང་དུ་ཆུད་པར་མི་ནུས་པས་རྒྱ་མཚོ་སྐེམས་པ་དང་འདྲའོ། །ཁོང་དུ་ཆུད་པར་འདོད་པ་ཡང་ཡོད་དེ་ཞེས་བྱ་བ་ནི་ཤེས་པར་འདོད་པའོ། །དེ་བས་ན་དེ་དག་དགའ་བར་བྱ་བའི་ཕྱིར་ཞེས་བྱ་བ་ལ། དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །དེ་དག་ཅེས་བྱ་བ་ནི་འདིར་གཉིས་ཀ་དང་སྦྱར་ཏེ་སྐལ་པ་ཡོད་པའི་ངང་ ཚུལ་ཅན་དང་། སྐལ་པ་མེད་པའི་ངང་ཚུལ་ཅན་རྣམས་སོ། །དེ་དག་དགའ་བར་བྱ་བའི་དོན་ནི་དེ་དག་དགའ་བར་བྱ་བའི་ཕྱིར་རོ། །བདག་གིས་ཞེས་བྱ་བ་ནི་བདག་གི་བྱ་བ་སྟོན་ཏོ། །ཆོས་མངོན་པའི་མཚན་ཉིད་ཀྱི་རྒྱ་མཚོ་ནི། ཆོས་མངོན་པའི་མཚན་ཉིད་ཉིད་རྒྱ་མཚོའོ། །འཇུག་པ་ནི་འཇུག་པར་ བྱེད་པའོ། །ཙམ་ནི་དེ་ཙམ་མོ། །གོང་དུ་བཤད་པའི་སློབ་མ་ཕན་གདགས་པར་བྱ་བ་གཉིས་ལ་ཕན་གདགས་པའི་ཕྱིར་ཆོས་མངོན་པའི་མཚན་ཉིད་དེ་ལ་འཇུག་པ་ཙམ་འདིའོ། །འདི་ཞེས་བྱ་བ་ནི་བརྗོད་པར་བྱ་བ་རབ་ཏུ་བྱེད་པ་བློ་ལ་གཞག་པས་མངོན་སུམ་དང་འདྲ་བར་སྟོན་ཏེ། བརྩམ་མོ་ཞེས་བྱ་བ་ནི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཞེས་བྱ་བ་ནི་ནང་གི་དེ་ཁོ་ནའོ། །བརྩམ་མོ་ཞེས་བྱ་བ་ནི་ཕྱིའི་དེ་ཁོ་ནའོ། །དེ་གང་ཞེ་ན། སྨྲས་པ། འདི་ལྟ་སྟེ་བདེ་བར་གཤེགས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་དོན་ཏོ། །འདི་དག་བདེ་ བར་གཤེགས་པའི་ཡིན་པས་བདེ་བར་གཤེགས་པ་སྟེ། དེ་དག་གི་བདེ་བར་གཤེགས་པ་པ་རྣམས་ཀྱིའོ། །འདི་ལ་སློབ་དཔོན་གྱིས་གྲངས་དང་མིང་དང་རབ་ཏུ་དབྱེ་བ་དང་མཚན་ཉིད་དང་རྣམ་པ་འདི་བཞིས་དངོས་པོ་བརྒྱད་བཀོད་དེ། དེ་ལ་གྲངས་ནི་དངོས་པོ་བརྒྱད་ཅེས་བྱ་བའོ། །མིང་ནི་གཟུགས་ཞེས་ བྱ་བ་ལ་སོགས་པའོ། །རབ་ཏུ་དབྱེ་བ་ནི་དེ་ལ་གཟུགས་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བའོ། །མཚན་ཉིད་ནི་སྲ་བ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཚིག་ཧ་ཅང་མདོར་བསྡུས་པ་དང་རྒྱས་པ་ལ་མི་དགའ་བ་རྣམས་ཀྱི་ཆེད་དུ་བདེ་བར་གཤེགས་པ་པའི་དངོས་པོ་བསྡུ་བའི་ཕྱིར་ཧ་ཅང་མདོར་བསྡུས་པ་དང་ རྒྱས་པ་ཡང་མ་ཡིན་པའི་རྣམ་པ་བརྒྱད་ཅེས་གྲངས་བསྟན་ཏོ། །གྲངས་བསྟན་པ་རྣམས་ཀྱི་བགྲང་བར་བྱ་བ་རྣམས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་གཟུགས་དང་། ཚོར་བ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །མིང་སྨོས་པ་རྣམས་ཀྱི་མིང་ཅན་དག་གི་ཚད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། གཟུགས་ ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨྲས་སོ། །དེ་ལ་ཞེས་བྱ་བ་ནི་མ་ཕྱེ་བའི་ཕྱོགས་ལ་ཚིག་ཉེ་བར་དགོད་པའི་དོན་ཏོ། །ཕྱེ་བའི་ཕྱོགས་ལ་ནི་དགར་བའི་དོན་ཏོ། །རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་རྣམ་པ་གཉིས་སོ། །རྣམ་པ་གཉིས་པོ་དེ་ཉིད་གསལ་བར་བྱ་བའི་ཕྱིར། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ གཟུགས་སོ་ཞེས་བྱ་བ་སྨོས་སོ། །དེ་ལ་འབྱུང་བ་རྣམས་ཀྱིས་ནི་རྒྱུའི་གཟུགས་ཏེ་གནས་ཀྱི་གཟུགས་སྟོན་ཏོ། །འབྱུང་བ་ལས་གྱུར་པ་ཞེས་བྱ་བ་འདིས་ནི་འབྲས་བུའི་གཟུགས་ཏེ་གནས་པའི་གཟུགས་སྟོན་ཏོ། །འབྱུང་བ་དག་ནི་བཞི་སྟེ་ཞེས་བྱ་བ་ནི་གྲངས་ངེས་པ་སྟེ། ནམ་མཁའ་ནི་འབྱུང་བ་ཆེན་ པོ་མ་ཡིན་ནོ་ཞེས་དགག་པའི་དོན་ཏོ། །རང་གི་མཚན་ཉིད་ནི་དེ་རང་ཡང་ཡིན་ལ་མཚན་ཉིད་ཀྱང་ཡིན་པས་རང་གི་མཚན་ཉིད་དོ། །དངོས་པོ་གཞན་ཐམས་ཅད་ལས་བཟློག་པའི་ངོ་བོ་སྟེ། དཔེར་ན་ས་ནི་སྲ་བའོ་ཞེས་བྱ་བ་ལྟ་བུའོ། །གང་མང་པོ་དག་ལ་ཐ་མི་དད་པར་ཡོད་པའི་ངོ་བོ་དེ་ནི་སྤྱིའི་མཚན་ ཉིད་དེ་དཔེར་ན་མི་རྟག་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །རྒྱུར་བྱས་པའི་གཟུགས་ཞེས་བྱ་བ་སྨོས་པ་ལ་རྒྱུར་བྱས་པའི་གཟུགས་ཀྱི་དོན་གང་ཡིན་ཞེ་ན། རྒྱུའི་དོན་ནི་རྒྱུར་བྱས་པའི་དོན་ཏོ། །འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་གཟུགས་ནི་རྒྱུར་བྱས་པའི་གཟུགས་ཏེ། འབྱུང་བ་ལས་ གྱུར་པའི་གཟུགས་ཞེས་བྱ་བའི་ཐ་ཚིག་གོ། །སྲ་བ་དང་གཤེར་བ་དང་ཚ་བ་དང་གཡོ་བ་ཉིད་དག་གོ་ཞེས་བྱ་བ་ལ། ཉིད་ནི་དེའི་དངོས་པོའོ། །དེ་ལ་སྲ་བ་ཉིད་ནི་བརྟན་པ་དང་། མཁྲང་བ་ཞེས་བྱ་བ་དང་དོན་གཅིག་གོ། །གཤེར་བ་ཉིད་ནི་འཛེག་པའི་བདག་ཉིད་ཅེས་བྱ་བའི་ཐ་ཚིག་ གོ། །ཚ་བ་ཉིད་ནི་བསྲེག་པ་ཚིག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གཡོ་བ་ཉིད་ནི་འགྲོ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ལས་ནི་བརྟེན་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འཛིན་པ་ནི་སའི་ལས་སོ། །སྦྱོར་བ་ནི་ཆུའི་ལས་སོ། །སྨིན་པར་བྱེད་པ་ནི་མེའི་ལས་སོ། །བསྐྱོད་པ་ ནི་རླུང་གི་ལས་སོ། །དེ་ལ་བསྐྱོད་པ་ནི་འཕེལ་བ་དང་འགྲོ་བར་བྱེད་པའོ། །འདི་ནི་འདིར་གྲངས་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱེད་པ་དང་རྟེན་པ་དང་གནས་པ་དང་རྟོན་པ་དང་འཕེལ་བར་བྱེད་པའི་དོན་གྱིས་རྒྱུར་བྱས་པའི་གཟུགས་ཐམས་ཅད་འཛིན་པའི་ཕྱིར་བྱེད་པའི་རྒྱུ་འདི་ནི་རྣམ་པ་ལྔར་ དབྱེའོ། །དེ་དག་ནི་ཆེན་པོ་ཡང་ཡིན་ལ་འབྱུང་བར་ཡང་འགྱུར་བས་ན་ཞེས་བྱ་བ་ལ་སོགས་པས་ནམ་མཁའ་ལ་ཆེན་པོ་ཡོད་ཀྱང་འབྱུང་བ་མེད་པ་སྟོན་ཏོ། །ཅིའི་ཕྱིར་ཞེ་ན། ནམ་མཁའ་ནི་མ་བྱས་པའི་ཕྱིར་རོ། །གང་དག་གི་ལྟ་བ་ལས་གང་ཁོང་སྟོང་དེ་ནི་ནམ་མཁའོ་ཞེས་ཟེར་བ་ནམ་མཁའི་ཁམས་མི་ ཤེས་པར་སྨྲས་པ་ཡིན་ནོ། །ནམ་མཁའ་ནི་ཡུལ་ལ་གནས་པ་ཡིན་ཏེ། ཇི་སྐད་དུ། འདས་པ་དང་མ་འོངས་པ་དང་ནམ་མཁའ་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་གཟུགས་མེད་པའི་ཆོས་རྣམས་ནི་ཡུལ་ལ་མི་གནས་པའོ་ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་ནམ་མཁའ་ནི་འབྱུང་བ་ཆེན་པོ་མ་ཡིན་ ནོ། །འདི་དག་ནི་ཆེ་བ་ནི་རྒྱུར་བྱས་པའི་གཟུགས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །ཁྱབ་པ་ནི་གནས་ཀྱི་དངོས་པོ་ཡིན་གྱི་གཞན་གྱི་དངོས་པོ་ནི་མ་ཡིན་ཏེ། གཟུགས་མེད་པའི་ཁམས་སུ་ཡང་འཕགས་པའི་གང་ཟག་གིས་འདས་པ་དང་མ་འོངས་པའི་ཟག་པ་མེད་པའི་སྡོམ་པ་ཐོབ་ པའི་ཕྱིར་རོ། །ཡང་ན་འབྱུང་བ་རྣམས་ཀྱི་གནས་པའི་ཁྱད་པར་ཆེ་བའི་ཕྱིར་ཤས་ཆེ་བ་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ས་ཆེན་པོ་འདི་ནི་ཆུ་ལ་བརྟེན་ཏོ། །ཆུ་ནི་རླུང་ལའོ་ཞེས་གསུངས་པ་ལྟ་བུའོ། །འདི་ལྟར་ཡང་མེའི་ཁམས་ཀྱི་ཤས་ཆེ་ན་ཚངས་པའི་ འཇིག་རྟེན་མན་ཆད་ཚིག་པའི་ཕྱིར་རོ། །ཆུའི་ཁམས་ཀྱི་ཤས་ཆེ་ན་འོད་གསལ་མན་ཆད་ལ་གནོད་པའི་ཕྱིར་རོ། །རླུང་གི་ཁམས་ཀྱི་ཤས་ཆེ་ན་དགེ་རྒྱས་མན་ཆད་རྣམ་པར་འཇིག་པའི་ཕྱིར་རོ། །ཡང་གསུངས་པ། སའི་ཁམས་རབ་ཏུ་འཁྲུགས་ན་རྒྱུན་རྣམས་འགག་གོ། །རྒྱུན་རྣམས་ འགག་ན་རླུང་མི་རྒྱུའོ། །རླུང་དེ་དག་མི་རྒྱུན་གནས་རྣམས་སྐམ་མོ། །སྐམ་པ་དང་ཆུས་རུལ་བར་བྱེད་དོ། །མེས་ཚིག་པར་བྱེད་དོ་ཞེའོ། །དེ་ལྟར་ཁྱབ་པར་ཁོང་དུ་ཆུད་པར་བྱའོ། །མི་དགོས་པ་དང་མི་ནུས་པའི་ཕྱིར་བཞི་ཁོ་ན་ཏེ་ཁྲིའི་རྐང་པ་བཞིན་ནོ་ཞེས་བྱ་བ་ནི་ལྔར་ནི་མི་དགོས་སོ། ། གསུམ་གྱིས་ནི་མི་ནུས་སོ། །ཁྲིའི་རྐང་པ་སྨོས་པ་ནི་གོ་སླ་བར་བྱ་བའི་ཕྱིར་རོ། །འབྱུང་བ་ཆེན་པོ་བཞི་པོ་དག་འདུས་ན་རྒྱུར་བྱས་པ་ཞེས་བྱ་བ་ལས་འབྱུང་བ་ཆེན་པོ་བཞི་པོ་དག་དང་དེ་དག་རྒྱུར་བྱས་པ་ཞེས་བྱ་བའི་རིགས་སོ་ཞེ་ན། འབྱུང་བ་ཆེན་པོ་བཞི་སྨོས་པ་ནི་ཚོགས་ནས་བྱ་བ་བྱེད་པར་བསྟན་ པ་དང་། རྒྱུ་དང་འབྲས་བུ་གཞན་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ། །འབྱུང་བ་ཆེན་པོ་བཞི་པོ་དག་འདུས་ན་རྒྱུར་བྱས་པའི་གཟུགས་མངོན་པར་འགྲུབ་པོ། །འབྱུང་བ་ཆེན་པོ་བཞི་པོ་དག་ནི་འབྱུང་བ་ཆེན་པོ་བཞི་པོ་དག་འདུས་ནས་མངོན་པར་འགྲུབ་པ་མ་ཡིན་གྱི། རེ་རེ་ཡང་འབྱུང་བ་ཆེན་པོ་ གཞན་གསུམ་པོ་དག་ལ་ལྟོས་པ་སྟེ། གཅིག་གི་རྒྱུ་གཅིག་ཅེས་གསུངས་པའི་ཕྱིར་རོ། །མངལ་དུ་འཇུག་པའི་མདོ་ལས་རང་བཞིན་ལ་ལྟོས་པ་མ་ཡིན་པ་དང་། ཆ་འདྲ་བའི་རྫས་ལ་ལྟོས་པ་མ་ཡིན་པའི་ཕྱིར་རང་བཞིན་དང་ཆ་འདྲ་བའི་རྫས་ལ་མི་ལྟོས་པའོ་ཞེའོ། །འབྱུང་བ་ཆེན་པོ་དག་ནི་ཚོགས་ པ་མི་འབྲལ་བ་དག་གོ། །ཅི་མངོན་ཞེ་ན། མདོ་ལས་མངོན་ཏེ། མངལ་དུ་འཇུག་པའི་མདོ་ལས་གསུངས་པ། དགའ་བོ་དེ་ལ་ཕ་མའི་མི་གཙང་བ་ལས་མེར་མེར་པོར་གྱུར་པའི་ལུས་ལ་སྲ་བ་ཉིད་ནི་སའི་ཁམས་ཉེ་བར་གནས་པ་ཡིན་ནོ། །གཤེར་བ་ཉིད་ནི་ཆུའི་ཁམས་སོ། །ཚ་བ་ ཉིད་ནི་མེའི་ཁམས་སོ། །ཡང་ཞིང་གཡོ་བ་ཉིད་ནི་རླུང་གི་ཁམས་སོ། །དགའ་བོ་གལ་ཏེ་དེ་ལ་སའི་ཁམས་ཡོད་ལ་ཆུའི་ཁམས་མེད་པར་གྱུར་ན་སྐམ་པའམ་འགྱེས་པར་འགྱུར་ཏེ། དགའ་བོ་དཔེར་ན་ཕྱེའམ་ཐལ་བ་བཅངས་པ་ལྟ་བུའོ། །དགའ་བོ་དེ་ནི་ཆུའི་ཁམས་ཀྱིས་གཟུང་བས་ མི་འགྱེས་སོ། །དགའ་བོ་གལ་ཏེ་དེ་ལ་ཆུའི་ཁམས་ཡོད་ལ་སའི་ཁམས་མེད་པར་གྱུར་ན་སླ་བས་ཟགས་པར་འགྱུར་ཏེ། དགའ་བོ་དཔེར་ན་འབྲུ་མར་རམ་ཆུ་ལྟ་བུའོ། །དགའ་བོ་དེ་ལྟར་ན་ཆུའི་ཁམས་ཀྱིས་སའི་ཁམས་བཟུང་ན་མི་འགྱེས་སོ། །སའི་ཁམས་ཀྱིས་ཆུའི་ཁམས་གཟུང་ན་མི་ འཛག་གོ། །དགའ་བོ་གལ་ཏེ་དེ་ལ་སའི་ཁམས་དང་ཆུའི་ཁམས་ཡོད་ལ་མེའི་ཁམས་མེད་པར་གྱུར་ན་འདྲུལ་ཞིང་འཇིག་ལ་འདག་པར་འགྱུར་ཏེ། དགའ་བོ་དཔེར་ན་དབྱར་གྱི་དུས་ན་ཤ་རྣག་ཏུ་འདྲུལ་ཞིང་འཇིག་ལ་འདག་པར་འགྱུར་བ་དེ་བཞིན་དུ། དགའ་བོ་གལ་ཏེ་དེ་ལ་སའི་ཁམས་དང་ཆུའི་ ཁམས་ཡོད་ལ་མེའི་ཁམས་མེད་ན་འདྲུལ་ཞིང་འཇིག་ལ་འདག་པར་འགྱུར་རོ། །དགའ་བོ་གལ་ཏེ་དེ་ལ་སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས་ཡོད་ལ་རླུང་གི་ཁམས་མེད་པར་གྱུར་ན་དེ་ཙམ་དུ་འདུག་སྟེ། སྐྱེ་བ་དང་འཕེལ་བ་དང་རྒྱས་པར་མི་འགྱུར་རོ། །ནང་གི་འབྱུང་བ་ཆེན་པོ་སྔོན་གྱི་ལས་ཀྱི་ རྣམ་པར་སྨིན་པ་ལས་བྱུང་བ་གཅིག་གི་རྒྱུ་གཅིག་ཡིན་པ་ལྡན་པ་ཟིན་པ་འདི་དག་སའི་ཁམས་ཀྱིས་བརྟན། ཆུའི་ཁམས་ཀྱིས་བསྡུས། མེའི་ཁམས་ཀྱིས་སྨིན་པར་བྱས། རླུང་གི་ཁམས་ཀྱིས་བསྐྱོད་ན་སྐྱེ་བ་དང་འཕེལ་བ་དང་རྒྱས་པར་འགྱུར་རོ་ཞེའོ། །དེའི་ཕྱིར་འབྱུང་བ་ཆེན་པོ་དག་ནི་འདུས་པ་ཚོགས་པ་ མི་འབྲལ་བའོ་ཞེས་བྱའོ། །དེ་ལྟར་རེ་ཞིག་འབྱུང་བའི་གཟུགས་ཇེ་བཤད་ནས་འབྱུང་བ་ལས་གྱུར་པ་བརྗོད་དོ། །རེག་བྱའི་ཕྱོགས་གཅིག་དང་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་ལ། རེག་བྱའི་ཕྱོགས་གཅིག་ཏུ་གྱུར་པ་ནི་རེག་བྱའི་ཕྱོགས་གཅིག་གོ། །རེག་པར་བྱ་བ་ཡིན་པས་རེག་བྱའོ། །དེ་ནི་ བཅུ་གཅིག་སྟེ། རྫས་སུ་བཅུ་གཅིག་གི་རང་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། འབྱུང་བ་ཆེན་པོ་བཞི་དང་འཇམ་པ་ལ་སོགས་པ་བདུན་ནོ། །དེ་ལ་འབྱུང་བ་ལས་གྱུར་པའི་གཟུགས་བཤད་པ་ན་འབྱུང་བ་ཆེན་པོ་བཏོན་ཏེ་རེག་བྱའི་ཕྱོགས་གཅིག་སྨོས་སོ། །འབྱུང་བ་ ལས་གྱུར་པ་ནི་མིག་ལ་སོགས་པ་ནས་རྣམ་པར་རིག་བྱེད་མ་ཡིན་པ་ལ་ཐུག་པའི་བར་དག་གོ། །འབྱུང་བ་དག་ལས་བྱུང་བས་ན་འབྱུང་བ་ལས་གྱུར་པ་སྟེ་ཞེས་བྱ་བ་ནི་གནས་པའི་དངོས་པོར་སྟོན་ཏོ། །དེ་ལ་མིག་ནི་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་ཞེས་བྱ་བ་ནི་དགར་བའི་དོན་ཏོ། །མིག་ནི་འདིར་རྣ་བ་ ལ་སོགས་པ་གཞན་དག་ལས་བཟློག་པ་སྟེ་མངོན་སུམ་ཉིད་དོ། །སྔོན་མ་བྱུང་བ་དང་ལྷ་དང་མཐོ་རིས་ལ་སོགས་པའི་ཡུལ་ཡོངས་སུ་གཅོད་པའི་ཕྱིར་དེ་རྣ་བའི་དབང་པོ་ལ་སོགས་པ་ལས་སྔར་སྨོས་སོ། །དེ་ལྟར་དེ་རྒྱང་རིང་དུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་དེ་ནི་ཡང་དག་པའི་ཤ་དང་ལྷའི་དང་འཕགས་ པའི་ཤེས་རབ་ཀྱི་མིག་དང་གསུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པའི་རྟེན་ལྟ་བུ་ཞེས་བྱ་བ་ནི་རྟེན་དང་འདྲ་བས་རྟེན་ལྟ་བུའོ། །དོན་གྱི་དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་རྟེན་བྱེད་པས་ནང་གི་ཡན་ལག་ནི་རྟོག་པ་ཉིད་དོ། །རྣམ་པར་ཤེས་པའི་གནས་ཀྱི་དངོས་ པོ་ནི་འདིར་མིག་གི་འགྱུར་བ་གསལ་བ་དང་མི་གསལ་བ་ལ་སོགས་པས་རྗེས་སུ་འགྱུར་བའི་ཕྱིར་ཏེ། ཤིང་འགྱུར་བས་གྲིབ་མ་འགྱུར་བ་བཞིན་ནོ། །དངོས་པོ་གང་དག་དབང་པོ་ལས་འདས་པ་དེ་དག་ནི་རྒྱུ་དང་འབྲས་བུའི་དངོས་པོས་ཡོད་པར་རྗེས་སུ་དཔག་ཏུ་རུང་སྟེ་དབང་པོ་ལས་འདས་པ་དག་ནི་མིག་ལ་སོགས་ པ་སྟེ། དེ་དག་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འབྲས་བུའི་དམིགས་པའི་ཕྱིར་ཡོད་དོ་ཞེས་བརྗོད་དོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་འབྱུང་བ་གཉིས་ལ་རག་ལས་སུ་ཟིན་ཀྱང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མིག་ལ་སོགས་པས་བསྟན་གྱི་གཟུགས་ལ་སོགས་པས་མ་ཡིན་པ་ནི་ཐུན་མོང་ མ་ཡིན་པའི་ཕྱིར་རྔའི་སྒྲ་བཞིན་ནོ། །དཔེར་ན་ལག་པ་ལ་སོགས་པ་ནི་རྔ་པ་ཊ་ཧ་ལ་སོགས་པའི་སྒྲའི་ཐུན་མོང་གི་རྒྱུ་ཡིན་གྱི་རྔ་ནི་དེ་ལྟ་མ་ཡིན་ཏེ། རྔ་ཉིད་ཀྱི་སྒྲའི་རྒྱུ་ཡིན་ནོ། །དེ་བས་ན་རྔའི་སྒྲའོ་ཞེས་དེ་ཉིད་ཀྱིས་བསྟན་ཏོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཐུན་མོང་ གི་རྒྱུ་ཡིན་གྱི་མིག་ལ་སོགས་པ་ནི་ཐུན་མོང་གི་རྒྱུ་མ་ཡིན་ནོ། །དེ་བས་ན་དེ་དག་ཉིད་ཀྱིས་བསྟན་ཏོ། །མིག་གི་རྣམ་པར་ཤེས་པའི་རྟེན་ལྟ་བུ་གཟུགས་ལ་ལྟ་བའི་བྱ་བ་ཅན་གཟུགས་དང་བའོ་ཞེས་བྱ་བ་ནི་འབྲས་བུས་རྒྱུ་གསལ་བར་བྱེད་པའོ། །གཟུགས་ལ་ལྟ་བའི་བྱ་བ་ཅན་ཞེས་བྱ་བ་ནི་འདི་ལྟར་མིག་གིས་ གཟུགས་རྣམས་མཐོང་གི་རྣམ་པར་ཤེས་པས་མ་ཡིན་ཏེ། དེ་ཡོད་ན་ཡོད་པས་མིག་དང་ལྡན་པས་མཐོང་བ་དང་། ལོང་བས་མི་མཐོང་བའི་ཕྱིར་རོ། །གཟུགས་ལ་ལྟ་བ་ནི་གཟུགས་སྣང་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །བྱ་བ་ནི་ལས་སོ། །གཟུགས་ལ་ལྟ་བའི་བྱ་བ་སྟེ། ལས་གང་གི་ ཡིན་པ་དེ་གཟུགས་ལ་ལྟ་བའི་བྱ་བ་ཅན་ནོ། །གཟུགས་དང་བ་ཞེས་བྱ་བ་ལ་གཟུགས་ཀྱི་བདག་ཉིད་དང་བ་ནི་གཟུགས་དང་བ་སྟེ་རྡུལ་ཕྲ་རབ་རྣམས་བསགས་པའོ། །མིག་ནི་སྨྲ་བས་ན་མིག་སྟེ་ཡུལ་བརྗོད་ཅེས་བྱ་བའི་ཐ་ཚིག་གོ། །མིག་གི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་གནག་བཀྲ་དང་ཉེ་བར་ གནས་པ་ཡུལ་མངོན་དུ་ཕྱོགས་པ་ཤེལ་ལྟར་དང་བ་གཟུགས་ལ་འཛིན་པར་ནུས་པ་སྟེ་སྣོད་ཆུས་གང་བའི་ནང་དུ་ཕྱེ་གཏོར་བ་ལྟ་བུའོ་ཞེས་ཁ་ཅིག་འཛེར་ཏོ། །ཁ་ཅིག་ན་རེ་གོ་སྙོད་ཀྱི་མེ་ཏོག་ལྟར་གནས་པ་སྟེ། འབྱུང་བ་ཆེན་པོ་མདོག་གསལ་བས་ཁེབས་པའི་ཕྱིར་མི་འགྱེས་ཤེའོ། །ཁ་ཅིག་ན་རེ་དགོངས་ པ་ལྟར་གནས་ལ་དང་བའི་ཕྱིར་གཅིག་ལ་གཅིག་གིས་མི་སྒྲིབ་སྟེ་སྟོན་ཀའི་ཆུ་དང་བ་འདུས་པ་བཞིན་ནོ་ཞེའོ། །འདིས་སྒྲ་རྣམ་པ་མང་པོ་ཉན་པས་རྣ་བའོ། །རྣ་བའི་དབང་པོ་རྡུལ་ཕྲ་རབ་རྣམས་ནི་ཤེལ་ལྟར་དང་བ་སྒྲ་ལ་འཛིན་པར་ནུས་པ་གྲོ་གའི་འཛེར་བུ་ལྟར་གནས་པ་དག་གོ། །འདིས་དྲི་བསུང་རྣམ་པ་མང་པོ་སྣོམ་ པས་སྣ་སྟེ་སྣོམ་ཞེས་བྱ་བའི་ཐ་ཚིག་གོ། །སྣའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་ཤེལ་ལྟར་དང་བའོ། །རོ་ལ་འཛིན་པར་ནུས་པ་འཚོ་བྱེད་འབོད་པས་ལྕེའོ། །ལྕེའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་ཤེལ་ལྟར་དང་བ་རོ་མྱང་བར་ནུས་པ་ཟླ་བ་ཁམ་པ་ལྟར་གནས་པ་དག་སྟེ། ལྕེའི་དབུས་ནི་སྐྲའི་རྩེ་མོའི་ཁྱོན་ ཙམ་ཞིག་ལ་ལྕེའི་དབང་པོའི་རྡུལ་ཕྲ་རབ་དག་གིས་མ་ཁྱབ་སྟེ་མཐའ་ལྷག་མ་རྣམས་ནི་ཁྱབ་པོ། །དེ་ལྟ་མ་ཡིན་ན་གླད་པ་འཛག་པའི་རོ་མྱང་བར་འགྱུར་རོ། །བསགས་པ་དང་སོགས་པར་འགྱུར་བ་དང་སོགས་པས་ན་ལུས་ཏེ། བཅོས་མ་དང་བྱ་བ་དང་བྱེད་དུ་གཞུག་པ་ཞེས་ངེས་པའི་ཚིག་གོ། །བསྟན་བཅོས་ ལས་ནི་དེའི་རྒྱུ་སྨད་པ་ཡིན་པས་ན་ལུས་སོ་ཞེས་འབྱུང་སྟེ། ས་བོན་དང་གནས་དང་རྟོན་པ་དང་འཛག་པ་དང་འཆི་བ་ཡིད་དུ་མི་འོང་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །མི་གཙང་བའི་རྫས་རྣམ་པ་སྣ་ཚོགས་འདུས་པའི་མཚན་ཉིད་ཀྱི་ཕྱིར་རྣག་གི་ཚོགས་བཞིན་ནོ་ཞེས་ཁ་ཅིག་འཛེར་ཏེ། ལུས་ཀྱི་ དབང་པོའི་རྡུལ་ཕྲ་རབ་རྣམས་ནི་རིམ་གྱིས་མངོན་པར་གྲུབ་པས་ལུས་བཞིན་དུ་གནས་པ་དག་གོ། །མོའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་རྔའི་ཁོག་པའི་སྦུབས་ལྟར་གནས་པ་དག་གོ། །ཕོའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་མཐེ་བོ་ངོས་ཀྱི་ཚུལ་ལྟར་གནས་པ་དག་གོ། །ཡུལ་རེག་བྱ་ཐུན་མོང་ པའི་ཕྱིར་དེ་དག་ནི་ལུས་ཀྱི་དབང་པོ་ལ་གནས་པས་ལོགས་ཤིག་ཏུ་མ་སྨོས་སོ། །དབང་པོ་གོང་མ་གསུམ་ནི་ཕྲེང་བའི་རྒྱུད་བཞིན་དུ་གནས་པ་དག་གོ། །མིག་གི་རྣམ་པར་ཤེས་པའི་རྟེན་ཡིན་ལ་གཟུགས་དང་བ་མ་ཡིན་པ་ཡང་ཡོད་དེ། འགགས་མ་ཐག་པའི་ཡིད་དོ། །གཟུགས་དང་བ་ཡིན་ལ་མིག་གི་ རྣམ་པར་ཤེས་པའི་རྟེན་མ་ཡིན་པ་ཡང་ཡོད་དེ། རྣ་བ་ལ་སོགས་པའི་དབང་པོ་བཞིའོ། །དེ་ལ་མིག་གི་རྣམ་པར་ཤེས་པའི་རྟེན་ཅེས་བྱ་བ་འདིས་ནི་རྣ་བ་ལ་སོགས་པའི་དབང་པོ་དགག་པར་བྱེད་དོ། །གཟུགས་དང་བ་ཞེས་བྱ་བ་འདིས་ནི་འགགས་མ་ཐག་པའི་ཡིད་དགག་པར་བྱེད་དོ། །ཡང་ན་གཟུགས་སྨོས་པས་ནི་དད་པའི་དབང་པོ་ལ་ སོགས་པ་སེལ་ཏོ། །དང་བ་སྨོས་པས་ནི་འབྱུང་བ་ཆེན་པོའི་གཟུགས་སེལ་ཏོ། །དེ་ནི་འདི་སྐད་དུ་གང་མིག་གི་རྣམ་པར་ཤེས་པའི་རྟེན་ལྟ་བུ་གཟུགས་ལ་ལྟ་བའི་བྱ་བ་ཅན་གཟུགས་དང་བ་དེ་ནི་མིག་གི་དབང་པོའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བསྟན་པར་འགྱུར་རོ། །དབང་པོའི་དོན་གང་ཞེ་ན། །དབང་བྱེད་པའི་དོན་ནི་དབང་པོའི་དོན་ཏོ། །ཡུལ་སོ་སོར་ ངེས་པའི་དབང་པོ་རྣམས་ནི་རང་གི་དོན་ལ་ལྷག་པར་བྱེད་པ་སྟེ། ཐུན་མོང་མ་ཡིན་པའི་རྣམ་པར་ཤེས་པ་བསྐྱེད་པའི་རྒྱུར་གྱུར་པའི་ཕྱིར་རོ། །དེ་ལྟར་དབང་པོ་དག་བསྟན་ནས་རྒྱུར་བྱས་པའི་གཟུགས་ཡུལ་དུ་གྱུར་པ་རྣམས་བརྗོད་དོ། །དེ་ལ་གཟུགས་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་རྣམ་གཉིས་སོ། །ཁ་དོག་ གི་བདག་ཉིད་ནི་ཁ་དོག་གི་རང་བཞིན་ནོ། །དབྱིབས་ཀྱི་བདག་ཉིད་ནི་དབྱིབས་ཀྱི་རང་བཞིན་ནོ། །འདི་ལ་ཁ་ཅིག་ཁ་དོག་དང་དབྱིབས་གཉིས་ཐ་མི་དད་དོ་ཞེས་རྟོག་པ་དེ་དག་གི་ལོག་པར་རྟོགས་པ་བསལ་བའི་ཕྱིར་ཚད་མར་གྱུར་པའི་ལུང་གིས་ཐ་དད་པར་རབ་ཏུ་བསྒྲུབ་སྟེ། ཁ་དོག་ངན་པ་དང་དབྱིབས་ངན་ པར་འགྱུར་རོ་ཞེས་གང་སྨོས་པའོ། །གཟུགས་ཀྱི་སྐྱེ་མཆེད་བསྟན་པ་རྣམ་པ་ཉི་ཤུ་པོ་འདི་ཡང་མིག་གི་རྣམ་པར་ཤེས་པས་ནི་རང་གི་མཚན་ཉིད་རིག་གོ། །ཡིད་ཀྱི་རྣམ་པར་ཤེས་པས་ནི་རང་དང་སྤྱིའི་མཚན་ཉིད་རིག་གོ། །དེས་དྲངས་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་དྲངས་པ་སྟེ། དྲངས་པ་ནི་ འདིར་དེ་མ་ཐག་པའི་རྐྱེན་གྱི་དངོས་པོར་གནས་པའོ། །སྒྲ་ནི་ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་བྱེ་བྲག་གིས་རྣམ་པ་གཉིས་སོ་ཞེས་བྱ་བ་ནི་རྣམ་པ་གཉིས་སོ། །སྒྲར་འབྱིན་ཅིང་འདིས་དངོས་པོ་འབོད་པས་ན་སྒྲའོ། །ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་བྱེ་བྲག་འདིས་རྒྱུ་རྣམ་པ་གཉིས་ བསྟན་ཏོ། །ཟིན་པའི་ཞེས་བྱ་བའི་དོན་ཅི་ཞེ་ན། གང་ཤ་དང་ཁྲག་དང་ཚིལ་དང་ལྡན་པའོ། །དེ་ལྟ་ན་ནི་གཟུགས་ཀྱི་ཁམས་ཀྱི་ཟིན་པ་མ་ཡིན་པའི་སྐྱོན་དུ་འགྱུར་རོ། །སེམས་དང་སེམས་ལས་བྱུང་བ་དག་གིས་ཕན་པ་དང་གནོད་པ་གཉིས་ཀྱིས་བཟུང་བའོ་ཞེ་ན། དེ་ལྟར་ན་ཡང་འགོག་པ་དང་འདུ་ཤེས་ མེད་པ་ལ་སྙོམས་པར་ཞུགས་པ་རྣམས་ཀྱི་ཟིན་པ་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་གང་དབང་པོ་དང་མ་བྲལ་བར་གྱུར་པ་དེ་ཟིན་པའོ། །དེ་ལ་མ་གཏོགས་པ་ནི་མ་ཟིན་པའོ། །དེ་ལྟར་བྱས་ནས་ལུས་སུ་གཏོགས་པ་ཞེས་བྱ་བ་སྨོས་སོ། །བདག་གི་ལུས་ལ་ལུས་ཞེས་བྱ་སྟེ། བདག་ཉིད་ཅེས་བྱ་བའི་ཐ་ཚིག་ གོ། །དེ་ལ་འདིར་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་ཅེས་བྱ་བར་གདགས་སོ། །ལུས་སུ་གཏོགས་པ་ཞེས་བྱ་བ་ནི་ལུས་སུ་གྱུར་པའི་ཐ་ཚིག་གོ། །དེ་དག་ཀྱང་ད་ལྟར་བྱུང་བའི་ལུས་ཀྱི་དབང་པོ་དང་མ་བྲལ་བ་རྣམས་ལ་ཟིན་པ་དག་ཅེས་བྱ་སྟེ། དེ་དག་ནི་བྱིས་པ་རྣམས་ཀྱིས་བདེ་བའི་དོན་དུ་ཆེད་དུ་ བཟུང་བས་ཟིན་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་སྔ་མས་བསྐྱེད་པ་ཞེས་བྱ་བ་ནི་བསྒྲུབ་པའོ། །དེ་ནི་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་སྟེ། འདི་ལྟ་སྟེ་ལག་པ་དང་ངག་གི་སྒྲའོ། །ཕྱི་མ་སྟེ་མ་ཟིན་པས་གང་སྐྱེད་པ་ནི། འདི་ལྟ་སྟེ་རླུང་དང་ནགས་ཚལ་དང་འབབ་ཆུའི་སྒྲའོ། །སེམས་ཅན་དུ་སྟོན་པ་ དང་སེམས་ཅན་དུ་སྟོན་པ་མ་ཡིན་པ་རྣམ་པ་བཞིའོ། །སེམས་ཅན་ནི་བུམ་པ་དང་སྣམ་བུ་ལ་སོགས་པའི་རྫས་ཏེ། དེ་སྟོན་པ་ལ་སེམས་ཅན་དུ་སྟོན་པ་ཞེས་བྱའོ། །ཅི་གང་སེམས་ཅན་དུ་སྟོན་པ་དེ་སེམས་ཅན་དུ་སྟོན་པ་ཡིན་སྟེ། ཇི་ལྟར་གང་ལ་ཨ་ཞེས་བྱ་བ་ལ་སོགས་པའི་ཡི་གེའི་འབྲུ་གསལ་བ་ ཡོད་པ་སེམས་ཅན་དུ་སྟོན་པ་ཡིན་ནམ། འོན་ཏེ་གང་སེམས་ཅན་གྱི་བློ་སྐྱེད་པར་བྱེད་པ་ཡིན། དེས་ཅིར་འགྱུར་ཞེ་ན། གལ་ཏེ་དེ་སེམས་ཅན་དུ་སྟོན་པ་ཡིན་ན་ནི། དེ་ལྟ་ན་རྟ་ལ་སོགས་པ་སྒྲ་འབྱིན་པའི་སྒྲ་སེམས་ཅན་དུ་སྟོན་པ་མ་ཡིན་པའི་སྐྱོན་དུ་འགྱུར་རོ། །ཅི་སྟེ་གང་ སེམས་ཅན་གྱི་བློ་སྐྱེད་པ་ཡིན་ན་ནི་ལག་པའི་སྒྲ་ཡང་སེམས་ཅན་དུ་སྟོན་པར་འགྱུར་རོ། །དེ་ལྟར་དྲི་བ་བྱས་ནས་སྨྲས་པ། གང་སེམས་ཅན་གྱི་བློ་སྐྱེད་པ་དེ་སེམས་ཅན་དུ་སྟོན་པ་སྟེ། ཇི་ལྟར་སྨྲ་བའི་སྒྲས་མངོན་སུམ་དུ་རྟོགས་པར་བྱེད་པ་དེ་ལྟར་ལག་པའི་སྒྲས་ནི་མ་ཡིན་ནོ། །གཞན་ནི་མ་ཟིན་པའི་འབྱུང་བ་ ཆེན་པོའི་རྒྱུ་ལས་འབྱུང་བའོ། །བར་དུ་ཆོད་ཀྱང་ཐམས་ཅད་ཀྱི་མིང་གི་ཚུལ་གྱིས་མངོན་ཏེ། ཁྱོད་ཀྱི་ཁ་བཞིན་དེ་ནི་ཨུཏྤལ་འདབ་འདྲ་ཡི། །མིག་དང་དེ་ཡི་རྡུལ་དང་འདྲ་བའི་བསུང་དང་ལྡན། །ཞེས་བརྗོད་པའི་ཕྱིར་རོ། །སྤྲུལ་པ་ནི་འདོད་པ་ན་སྤྱོད་པ་ནས་བསམ་གཏན་བཞི་པའི་བར་གྱི་འབྲས་བུའོ། །དེ་ ལ་འདོད་པ་ན་སྤྱོད་པ་ནི་སྐྱེ་མཆེད་བཞིའི་བདག་ཉིད་དེ། གཟུགས་དང་དྲི་དང་རོ་དང་རེག་བྱའི་རང་བཞིན་ནོ། །གཟུགས་ན་སྤྱོད་པ་ནི་སྐྱེ་མཆེད་གཉིས་ཀྱི་བདག་ཉིད་དེ་གཟུགས་དང་རེག་བྱའི་རང་བཞིན་ནོ། །དེ་ན་དྲི་དང་རོ་གཉིས་མེད་དེ་ཁམས་ཀྱི་ཟ་བའི་ཟས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །དེ་ནི་དངོས་ གཞི་བསམ་གཏན་གྱི་འབྲས་བུ་ཡིན་གྱི་ཉེར་བསྡོགས་ཀྱིས་ཐོབ་པར་བྱ་བ་མ་ཡིན་ཏེ། མཆོག་ཏུ་དགའ་བའི་དངོས་པོ་ཡིན་པའི་ཕྱིར་རོ། །དེ་ལ་སངས་རྒྱས་ཀྱི་སྤྲུལ་པ་དག་ནི་དེ་བཞིན་གཤེགས་པ་ཅང་མི་གསུང་ཡང་ཆོས་སྟོན་པར་ནུས་སོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་དེ་དག་ནི་ལྷན་ཅིག་ཏུ་སྨྲ་བ་ སྟེ། ཇི་སྐད་དུ། གཅིག་པོ་སྨྲ་ན་སྤྲུལ་པ་ཐམས་ཅད་སྨྲ་བར་འགྱུར། །དེ་བཞིན་གཤེགས་པ་མི་གསུང་སྤྲུལ་པ་ཐམས་ཅད་སྨྲ། །ཞེས་གསུངས་པ་ལྟ་བུའོ། །ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་བྱེ་བྲག་གིས་ཞེས་བྱ་བ་ལ་ཡིད་དང་མཐུན་པ་ན་ཡིད་དུ་འོང་བའོ། །ཡིད་དང་མི་མཐུན་པ་ནི་ཡིད་དུ་མི་ འོང་བ་སྟེ། དཔེར་ན་ཕའི་ཡིད་དུ་འོང་བ་ནི་ཕར་འཛིན་པ་ཞེས་བརྗོད་པ་ལྟ་བུའོ། །དེ་ལྟར་ན་རྒྱུའི་བྱེ་བྲག་དང་རྫས་ཀྱི་བྱེ་བྲག་དང་ཡོན་ཏན་གྱི་བྱེ་བྲག་གིས་སྒྲ་ནི་རྣམ་པ་བརྒྱད་དུ་འགྱུར་རོ། །རྣམ་པ་བརྒྱད་པོ་དེ་ཡང་རྣ་བའི་རྣམ་པར་ཤེས་པས་ནི་རང་གི་མཚན་ཉིད་རིག་གོ། །ཡིད་ཀྱི་རྣམ་པར་ཤེས་པས་ ནི་རང་དང་སྤྱིའི་མཚན་ཉིད་རིག་གོ། །སྒྲའི་སྐྱེ་མཆེད་བཤད་ཟིན་ཏོ། །དྲི་ནི་རྣམ་པ་གསུམ་སྟེ། དྲི་ཞིམ་པ་དང་། དྲི་ང་བ་དང་། དྲི་མཉམ་པའོ་ཞེས་བྱ་བ་ལ་བསུང་ཞིམ་པ་ནི་དྲི་ཞིམ་པའོ། །སྨད་པའི་དྲི་ནི་དྲི་ང་བའོ། །ངན་པ་ནི་སྡིག་པ་སྟེ། དཔེར་ན་བྲམ་ཟེ་ངན་པ་ཞེས་བྱ་བ་ལྟ་བུའོ། །གཉི་ག་ ལས་བཟློག་པ་ནི་དྲི་མཉམ་པ་སྟེ། དྲི་ཞིམ་པ་དང་དྲི་ང་བ་ལ་མ་གཏོགས་པ་ནི་དྲི་མཉམ་པའོ། །དོན་དེ་ཉིད་གཞུང་གིས་སྟོན་ཏེ། དྲི་ཞིམ་པ་ནི་དབང་པོའི་འབྱུང་བ་ཆེན་པོ་རྒྱས་པར་བྱེད་པའོ་ཞེས་བྱ་བ་སྟེ། དབང་པོ་རྣམས་ཀྱི་འབྱུང་བ་ཆེན་པོ་དག་ནི་དབང་པོའི་འབྱུང་བ་ཆེན་པོའོ། །དེ་དག་རྒྱས་པར་བྱེད་པ་ནི་ བརྟས་པར་བྱེད་པའི་ཐ་ཚིག་གོ། །དེ་དང་མི་མཐུན་པ་ནི་དྲི་ང་བའོ། །ཕན་པར་བྱེད་པ་དང་གནོད་པར་བྱེད་པའི་རྒྱུ་ལས་རྣམ་པར་གྲོལ་བ་ནི་དྲི་མཉམ་པའོ། །རྣམ་པ་གསུམ་པོ་འདི་ཡང་སྣའི་རྣམ་པར་ཤེས་པས་ནི་རང་གི་མཚན་ཉིད་རིག་གོ། །ཡིད་ཀྱི་རྣམ་པར་ཤེས་པས་ནི་རང་དང་སྤྱིའི་མཚན་ཉིད་རིག་གོ། །རོ་ནི་མངར་བ་ དང་། སྐྱུར་བ་དང་། ལན་ཚྭ་དང་། ཚ་བ་དང་། ཁ་བ་དང་། བསྐ་བའི་བྱེ་བྲག་གིས་རྣམ་པ་དྲུག་སྟེ་ཞེས་བྱ་བ་ལ་རོ་ནི་མྱང་བར་བྱ་བ་མྱང་བ་ཞེས་བྱ་བའི་དོན་གང་ཡིན་པའོ། །དེ་ལ་མངར་བ་ནི་བུ་རམ་ལ་སོགས་པའོ། །ཚ་བ་ནི་བཅའ་སྒ་ལ་སོགས་པའོ། །སྐྱུར་བ་ནི་བི་ཙ་པུར་ཎ་ལ་སོགས་པའོ། །ཁ་བ་ནི་ ནིམ་པ་ལ་སོགས་པའོ། །ལན་ཚྭ་ནི་ལྕེ་ཚ་ལ་སོགས་པའོ། །བསྐ་བ་ནི་ཨ་རུ་ར་ལ་སོགས་པའོ། །དེ་ཐམས་ཅད་ནི་ལྕེའི་རྣམ་པར་ཤེས་པ་དང་། དེས་དྲངས་པའི་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རེག་བྱའི་ཕྱོགས་གཅིག་ནི་རྣམ་པ་བདུན་ཏེ་ཞེས་བྱ་བ་ནི་རྣམ་པ་བདུན་ཏེ། འཇམ་པ་ཉིད་ཅེས་བྱ་བ་ལ་ སོགས་པའོ། །འཇམ་པའི་དངོས་པོ་ནི་འཇམ་པ་ཉིད་དེ་ཐ་མི་དད་པའི་དངོས་པོའི་རྐྱེན་ཏེ། ཇི་སྐད་དུ། དངོས་པོ་ཐམས་ཅད་ནི་རང་གི་དངོས་པོར་འབྱུང་ཞེས་བྱ་བའི་ཕྱིར་རོ། །རྩུབ་པ་ཞེས་བྱ་བ་ལ། རྩུབ་ཅེས་བྱ་བ་དག་ནི་འབྱུང་བ་ཆེན་པོ་དག་ལ་བྱའོ། །དེ་ལ་གནས་པའི་རྩུབ་པ་སྟེ། དཔེར་ན་རི་ ལ་ཉལ་བ་ལ་རི་ཉལ་བ་ཞེས་བྱ་བ་ལྟ་བུའོ། །དེ་ལྟ་ཡིན་ན་ནི་རྒྱུར་བྱས་པའི་གཟུགས་ཐམས་ཅད་རྩུབ་པར་འགྱུར་རོ། །འདི་ལ་ཉེས་པ་མེད་དེ་རང་གི་ཡན་ལག་གི་ཆོས་སྟོན་དུ་ཟིན་ཀྱང་རྣམ་པ་གཞན་ལ་བརྗོད་དེ། དཔེར་ན་ལོ་མ་བདུན་པ་དང་། གོམ་པ་བརྒྱད་པ་ཞེས་བྱ་བ་ལྟ་བུའོ། །དེའི་དངོས་ པོ་ནི་རྩུབ་པ་ཉིད་དོ། །ལྕི་བ་ཉིད་དང་། ཡང་པ་ཉིད་དང་གྲང་བ་རྣམས་ནི་གཞུང་ལས་ཇི་སྐད་དུ་འབྱུང་བར་ཟད་དོ། །འབྱུང་བ་འདུས་པ་ལ་ཆུ་དང་མེའི་ཤས་ཆེ་བ་ནི་འཇམ་པའོ། །ཤས་ཆེ་བ་ནི་ལྷག་པ་ལ་བྱའོ། །ལྷག་མ་རྣམས་ནི་གཞུང་ལས་ཇི་སྐད་དུ་འབྱུང་བར་ཟད་དོ། །དེ་ ལ་འདོད་པའི་ཁམས་ན་ནི་ཐམས་ཅད་ཡོད་དོ། །གཟུགས་ཀྱི་ཁམས་ན་ནི་བཀྲེས་པ་དང་སྐོམ་པ་མེད་དོ། །གྲང་བ་ཡང་གནོད་པར་འགྱུར་བ་ནི་མེད་ཀྱི་ཕན་པར་འགྱུར་བ་ནི་ཡོད་དོ། །འདིར་ཁ་ཅིག་འདི་སྐད་དུ་ཏིང་ངེ་འཛིན་མ་གཏོགས་པར་ཕན་པར་འགྱུར་བའི་དངོས་པོ་གཞན་མེད་པའི་ཕྱིར་རོ་ཞེས་རྒོལ་ལོ། ། དེ་ལྟ་ན་ནི་ཏིང་ངེ་འཛིན་མ་གཏོགས་པར་ཕན་པར་འགྱུར་བའི་དངོས་པོ་མེད་པའི་ཕྱིར་གཞལ་མེད་ཁང་དགོས་པར་མི་འགྱུར་རོ། །རྒྱས་པར་བྱེད་པ་ཞེས་བྱ་བའི་རླུང་གི་རྒྱུན་དེས་ལུས་ཐམས་ཅད་རྒྱས་པར་བྱེད་ཅེས་ཀྱང་འབྱུང་ངོ་། །དེ་བས་ན་ཏིང་ངེ་འཛིན་ལས་བྱུང་བའི་རེག་བྱའི་ཁྱད་པར་གྱིས་ལུས་ལ་ཕན་འདོགས་ པར་ཟད་དོ། །རྒྱུར་བྱས་པའི་གཟུགས་དེ་ལས་གཞན་ཡོད་དམ་ཅིའི་ཕྱིར་བཀྲེས་པ་དང་སྐོམ་པ་མེད་ཅེ་ན། ཁམ་གྱིས་ཟ་བའི་ཟས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཟས་འདོད་པའི་རྒྱུའི་ཆོས་ནི་བཀྲེས་པའོ། །རྒྱུའི་སྒྲ་ནི་མི་མངོན་པར་བྱས་ཏེ། དཔེར་ན་ཚོད་མ་གཙོ་བོར་བྱེད་པའི་རྒྱལ་པོ་ལ་ཚོད་མའི་ རྒྱལ་པོ་ཞེས་བྱ་བ་ལྟ་བུའོ། །ཡང་ན་རྒྱུ་ལ་འབྲས་བུ་གདགས་པའི་ཕྱིར་ཏེ། བརྗོད་པར་བྱ་བའི་གཙོ་བོ་ཡིན་པས་དེས་ན་བཀྲེས་པ་དང་སྐོམ་པ་གཟུགས་ཀྱི་རང་བཞིན་མ་ཡིན་ནོ། །དེ་ལ་ལྟོ་ཀུན་དུ་རླུང་གི་རྡུལ་ཕྲ་རབ་རྣམས་ཀྱིས་རེག་ན་བཀྲེས་པར་འགྱུར་རོ། །མེས་རེག་ན་སྐོམ་པར་འགྱུར་རོ། །དེའི་ཕྱིར་རྒྱུ་ལ་ འབྲས་བུ་སྒྲོ་བཏགས་ནས་བཀྲེས་པ་དང་། སྐོམ་པའི་སྒྲར་བརྗོད་དོ། །ཇི་སྐད་དུ། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཞེས་བྱ་བ་ལྟ་བུའོ། །དབང་པོ་རྣམས་ཀྱི་ཡུལ་སོ་སོར་ངེས་པའི་ཕྱིར་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཡུལ་ཡིན་གྱི་རྫས་ཀྱི་རང་གི་མཚན་ཉིད་ནི་ཡུལ་མ་ཡིན་ནོ། །དེ་བས་ན་རེག་བྱ་ ཡང་ངེས་པར་ལྔར་འབྱུང་སྟེ། འབྱུང་བ་ཆེན་པོ་བཞི་དང་། འཇམ་པ་ལ་སོགས་པའི་ནང་ནས་གང་ཡང་རུང་བའོ། །དེ་བཞིན་དུ་དམག་ལ་སོགས་པའི་ཚོགས་དང་། ནོར་བུའི་ཁ་དོག་དང་རྟགས་དང་དབྱིབས་དུ་མར་སྣང་བ་རྣམས་ཀྱི་གཟུགས་ལ་སོགས་པའི་རྣམ་པ་ཡང་ཡོངས་སུ་གཅོད་པར་སྦྱར་བར་ བྱའོ། །དེ་ཡང་ལུས་ཀྱི་རྣམ་པར་ཤེས་པས་ནི་རང་གི་མཚན་ཉིད་རིག་གོ། །དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་ནི་རང་དང་སྤྱིའི་མཚན་ཉིད་རིག་གོ། །རེག་བྱའི་སྐྱེ་མཆེད་བཤད་ཟིན་ཏོ། །ད་ནི་རྣམ་པར་རིག་བྱེད་མ་ཡིན་པ་བརྗོད་པར་བྱའོ། །སེམས་དང་སེམས་ལས་བྱུང་བའི་འབྱུང་ བ་རྣམ་པ་ཐ་དད་པ་དག་གིས་ཞེས་བྱ་བ་ནི་རྣམ་པ་དུ་མ་དག་སྟེ། དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་སེམས་དང་སེམས་ལས་བྱུང་བ་སྐྱེས་པ་རྣམས་ཀྱི་ཞེས་པའི་ཐ་ཚིག་གོ། །གཞན་ལ་རིག་པར་བྱེད་པ་ནི་ཁོང་དུ་ཆུད་པར་བྱེད་ཤེས་པར་བྱེད་པ་ཡོངས་སུ་གཅོད་པར་བྱེད་པའོ། །ཇི་ལྟར་ན་ འདིར་སེམས་དང་སེམས་ལས་བྱུང་བ་འབྱུང་བ་རྣམས་རྒྱུར་འགྱུར་ཞེ་ན། དེ་དག་འབྱུང་བ་མེད་པར་རིག་བྱེད་མི་སྐྱེ་བའི་ཕྱིར་རོ། །དེ་ནི་འདི་སྐད་དུ་སེམས་དང་སེམས་ལས་བྱུང་བའི་འབྱུང་བ་རྣམ་པ་མང་པོས་བསླད་པའི་ལུས་དང་ངག་གི་རྣམ་པར་རིག་བྱེད་རྣམས་ཀྱིས་གཞན་ལ་ཤེས་པར་བྱེད་དེ། དེའི་ཕྱིར་རྣམ་ པར་རིག་བྱེད་དོ་ཞེས་བསྟན་པར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་ཁུ་ཚུར་དང་ཐལ་ལྕག་ལ་སོགས་པ་དམིགས་པའི་ཕྱིར་ནང་དུ་སྦས་པའི་སེམས་ཀྱང་འཁྲུགས་པ་དང་ལྡན་ནོ་སྙམ་དུ་གཞན་དག་གི་རྗེས་སུ་དཔག་པ་ལྟ་བུའོ། །དེ་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་རིག་བཞིན་དུ་གཞན་ལ་རིག་པར་མི་བྱེད་ པས་རྣམ་པར་རིག་བྱེད་མ་ཡིན་པའོ། །ཇི་ལྟར་རྣམ་པར་རིག་བྱེད་གཟུགས་ཀྱི་རང་བཞིན་དང་བྱེད་པའི་རང་བཞིན་ཡིན་པ་དེ་བཞིན་དུ་རྣམ་པར་རིག་བྱེད་མ་ཡིན་པ་ཡང་གཟུགས་ཀྱི་རང་བཞིན་དང་བྱེད་པའི་རང་བཞིན་ཡིན་མོད་ཀྱི། འོན་ཀྱང་འདི་ལ་རིག་པར་བྱ་བ་མེད་པས་རྣམ་པར་རིག་བྱེད་མ་ཡིན་པའོ། ། མ་ཡིན་པ་འདི་ནི་མེད་པ་ལ་སོགས་པ་དོན་ལྔ་ལ་འཇུག་པར་སྣང་སྟེ། མེད་པ་ནི་ཕྱོགས་དང་མཐུན་པ་མེད་པ་དང་བརྗོད་པར་བྱ་བ་མེད་པའོ། །འགལ་བ་ནི་ཕྱོགས་མ་ཡིན་པ་དང་དོན་མེད་པའོ། །སྨད་པ་ནི་བྲམ་ཟེར་མི་རུང་བ་སྟེ། གང་འགྲེང་ཞིང་གཅིན་གཅི་ལ་འགྲོ་ཞིང་ཟ་བའོ། །གཞན་ལ་ནི་བྲམ་ཟེ་མ་ ཡིན་པ་བོད་པའོ། །འདྲ་བ་ནི་འདིར་ཇི་ལྟ་བ་བཞིན་ནོ། །རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་འདིས་ནི་རྣམ་པར་རིག་བྱེད་དང་འགལ་བའི་ཆོས་དང་རྣམ་པར་རིག་བྱེད་མེད་པ་དང་། རྣམ་པར་རིག་བྱེད་ལས་གཞན་པ་དང་སྨད་པ་ནི་ཡོངས་སུ་མི་གཟུང་གི །རྣམ་པར་རིག་བྱེད་དང་འདྲ་བ་ཉིད་དོ། །རྣམ་པར་ རིག་བྱེད་མ་ཡིན་པ་འདི་དང་འདྲ་བ་གང་ཞེ་ན། གཟུགས་ཉིད་དེ། དེས་ན་སེམས་དང་། སེམས་ལས་བྱུང་བ་གཟུགས་ཅན་མ་ཡིན་པ་རྣམས་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་ལས་བཀག་པ་ཡིན་ནོ། །འདིའི་མཚན་ཉིད་བརྗོད་པར་བྱ་སྟེ། རྣམ་པར་རིག་བྱེད་ཀྱི་བྱེ་བྲག་དང་། སེམས་ ཀྱི་བྱེ་བྲག་དང་། འབྱུང་བ་ཆེན་པོའི་བྱེ་བྲག་གིས་སོ། །དེ་ལ་ཉོན་མོངས་པ་དང་དད་པ་དྲག་པོའི་ཤུགས་ཀྱིས་ཀུན་ནས་བསླང་བའི་རྣམ་པར་རིག་བྱེད་ནི་རྣམ་པར་རིག་བྱེད་ཀྱི་བྱེ་བྲག་གོ། །རྣམ་པར་རིག་བྱེད་ཀུན་ནས་སློང་བའི་སེམས་ནི་སེམས་ཀྱི་བྱེ་བྲག་གོ། །ཡང་ན་བསམ་གཏན་དང་ཟག་པ་མེད་པའི་སེམས་ སོ། །རྒྱུ་མཐུན་པའི་ཟིན་པའི་འབྱུང་བ་རྣམས་དང་རྒྱས་པར་འགྱུར་བ་མ་ཟིན་པའི་འབྱུང་བ་རྣམས་ནི་འབྱུང་བའི་བྱེ་བྲག་གོ། །དེ་ལ་འདྲ་བར་འབྱུང་བ་ནི་རྒྱུ་མཐུན་པ་སྟེ། རྣམ་པར་སྨིན་པ་ལས་བྱུང་བའི་འབྱུང་བ་ལས་གཞན་པ་སྔ་མའི་དངོས་པོའི་རྒྱུན་གྱི་རྒྱུད་དུ་འབྲང་བ་དག་ནི་རྒྱུ་མཐུན་པའོ། །དེ་དག་ནི་ཟིན་པ་ དག་གོ། །དེ་དག་ཀྱང་སོ་སོར་ཐར་པའི་སྡོམ་པ་དང་སྡོམ་པ་ཡང་མ་ཡིན་མི་སྡོམ་པ་ཡང་མ་ཡིན་པ་སྐྱེད་པ་དག་གོ། །ཟས་དང་ཉལ་བ་དང་ཏིང་ངེ་འཛིན་གྱི་ཁྱད་པར་རྣམས་ཀྱིས་རྒྱས་པར་གྱུར་པ་དག་ནི་རྒྱས་པར་འགྱུར་པ་དག་གོ། །དེ་དག་གི་རྒྱས་པར་འགྱུར་བ་ཡང་ཡིན་ལ་མ་ཟིན་པ་ཡང་ཡིན་པས་རྒྱས་པར་ འགྱུར་བ་མ་ཟིན་པ་དག་སྟེ། འདིས་ནི་ཁ་ཟས་དང་ཉལ་བའི་རྒྱས་པར་འགྱུར་བ་སེལ་ཏོ། །འཕངས་པ་དང་རྣམ་པར་མ་གཡེངས་པ་ཞེས་བྱ་བ་ལ་སོགས་པ་དེ་ལ་འཕངས་པ་ནི་འཕངས་པར་བྱས་པ་སྟེ། རྒྱུ་མཐུན་པའི་འབྱུང་བ་ཆེན་པོ་ལས་འབྱུང་བའོ། །རྣམ་པར་རིག་བྱེད་དེ་ཡང་ལུས་ཀྱི་དབྱིབས་ཀྱི་ རང་བཞིན་ནོ། །ངག་གི་ནི་སྒྲའི་རང་བཞིན་ནོ། །རྣམ་པར་མ་གཡེངས་པ་ཞེས་བྱ་བ་ནི་དགེ་བའི་སེམས་ཞེས་བྱ་བའི་ཐ་ཚིག་གོ། །དེ་མ་ཡིན་པའི་སེམས་ཞེས་བྱ་བ་ནི་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་སེམས་ཏེ། དེ་ལས་གཞན་པའི་སེམས་གང་ཡིན་པ་ནི་རྣམ་པར་རིག་བྱེད་ཀུན་དུ་སློང་བ་ལས་གང་ གཞན་དུ་གྱུར་པའོ། །སེམས་མེད་པ་ཞེས་བྱ་བ་ནི་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་གནས་པའོ། །དགེ་བ་དང་མི་དགེ་བ་ཞེས་བྱ་བ་འདིས་ནི་ལུང་དུ་མ་བསྟན་པ་བཀག་གོ། །དགེ་བ་ནི་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པའོ། །མི་དགེ་བ་ནི་སྡོམ་པ་མ་ཡིན་པ་ལ་སོགས་པའོ། །རྒྱུ་ནི་ རྒྱུན་དུ་འབྱུང་བའོ། །གཟུགས་སྨོས་པ་ནི་ཐོབ་པའི་རྒྱུན་གསལ་བའི་ཕྱིར་རོ། །དགེ་སློང་ལ་སོགས་པའི་རྣམ་པར་གཞག་པའི་རྒྱུ་ཞེས་བྱ་བ་ནི་དགེ་སློང་ལ་སོགས་པར་བསྟན་པའི་རྒྱུ་མཚན་ནོ། །དེ་བས་ན་འབྲས་བུས་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་པར་བསྒྲུབ་པོ། །དེ་སྐད་དུ་འོག་ནས་ཀྱང་དེ་མེད་ དུ་ཟིན་ཀྱང་དགེ་སློང་ལ་སོགས་པར་གཞག་པ་མེད་པར་འགྱུར་ཏེ་ཞེས་འབྱུང་ངོ་། །བསགས་པ་མ་ཡིན་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཀྱི་བདག་ཉིད་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་རིག་བྱེད་མ་ཡིན་པ་རིགས་པས་ཡོད་པར་བསྟན་ནས་ལུང་གིས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ ཀྱིས་ཀྱང་རྫས་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བྱ་བ་སྨོས་སོ། །རྫས་ལས་བྱུང་བ་ཞེས་བྱ་བ་ནི་རྫས་བཏང་བའི་རྒྱུ་ལས་བྱུང་བའི་བསོད་ནམས་ལ་རྫས་ལས་བྱུང་བ་ཞེས་བྱ་སྟེ། རྫས་ལས་བྱུང་བ་གཙུག་ལག་ཁང་ལ་སོགས་པ་ཕུལ་བ་ལ་སོགས་པ་དེ་དག་ལས་སོ། །བསོད་ ནམས་ཞེས་བྱ་བ་ནི་དགེ་བ་ལ་བྱའོ། །བསོད་ནམས་ཉིད་ཀྱི་བྱ་བ་ནི་བསོད་ནམས་བྱ་བ་སྟེ། དེའི་གནས་ནི་བསོད་ནམས་བྱ་བའི་གཞིའོ། །དེ་དག་ལ་རྟག་པར་རྒྱུན་དུ་ཞེས་བྱ་བ་ལ། རྟག་པ་ནི་ཉི་མ་རེ་རེའོ། །རྒྱུན་དུ་ནི་རྒྱུན་མི་འཆད་པའོ། །དེ་ལ་སེམས་ལ་སོགས་པ་རྟག་པར་རྒྱུན་དུ་དགེ་བའི་རྗེས་སུ་ འབྲང་བ་མེད་པའི་ཕྱིར་བསོད་ནམས་ཀྱི་སྒྲ་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་གཟུང་བར་ཁོང་དུ་ཆུད་པར་བྱའོ། །སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་གཉིས་ཀ་ལས་བཟློག་པས་བསྡུས་པའི་ཕྱིར་ཞེས་བྱ་བ་ནི་སྡོམ་པ་ལ་སོགས་པའི་རང་བཞིན་གྱི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་ཚུལ་བ་ནི་དགེ་སྦྱོང་གི་ཕྱོགས་ སོ། །དགེ་སློབ་མ་ནི་གང་དགེ་ཚུལ་མའི་སྡོམ་པ་ལས་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་སྤོང་བའི་ངོ་བོས་ལྷག་པའི་སྡོམ་པ་དེ་ནི་དགེ་སློང་མ་ཞེས་བྱའོ། །ཆོས་དྲུག་གང་ཞེ་ན། གཅིག་པུ་གྲོང་དུ་འགྲོ་བར་མི་བྱ་བ་དང་། འབབ་ཆུ་རྒལ་བར་མི་བྱ་བ་དང་། སྐྱེས་པ་ལ་རེག་པར་མི་བྱ་བ་དང་། སྐྱེས་པ་དང་ལྷན་ཅིག་འདུག་ པར་མི་བྱ་བ་དང་། སྨྱན་མི་བྱ་བ་དང་། སྡིག་པ་བཅབ་པར་མི་བྱ་བའོ། །རྗེས་སུ་མཐུན་པའི་ཆོས་དྲུག་གང་ཞེ་ན། གསེར་མི་བཟུང་བ་དང་། གསང་བའི་སྤུ་བྲེག་པར་མི་བྱ་བ་དང་། ས་བརྐོ་བར་མི་བྱ་བ་དང་། སྔོན་པོ་མ་རུང་བར་མི་བྱ་བ་དང་། བྱིན་ལེན་མ་བྱས་པར་མི་ཟ་བ་དང་། བཞག་པའི་ ཟས་མི་བཟའ་བའོ། །དེ་ནི་འདོད་པར་གཏོགས་པ་ཁོ་ནའོ་ཞེས་བྱ་བ་ནི་འདོད་པའི་ཁམས་སུ་གཏོགས་པའོ། །གཏོགས་པ་ནི་མི་ལྡན་པ་མ་ཡིན་པ་སྟེ། འདོད་པ་ན་སྤྱོད་པའི་སྲེད་པས་བདག་གིར་བྱས་ཞེས་བྱ་བའི་ཐ་ཚིག་གོ། །ཏིང་ངེ་འཛིན་གྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ལ་ཏིང་ ངེ་འཛིན་ནི་མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་བཞི་པོ་དག་གོ། །རྗེས་སུ་འབྲང་བ་ནི་གནས་པ་དང་འགོག་པ་གཅིག་པས་རྗེས་སུ་འབྲང་བའོ། །གཟུགས་ཏེ་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ། རྣམ་པ་བདུན་སྤངས་པའི་མཚན་ ཉིད་འབྱུང་བ་ཆེན་པོ་ཐ་མི་དད་པའི་རྒྱུ་ལས་བྱུང་བ་དང་། སྦྱོར་བ་དང་མཇུག་སྤངས་པ་དང་། །དངོས་ཀྱི་ལས་ཀྱི་ལམ་གྱིས་བསྡུས་པའོ། །དེ་ཡང་གཟུགས་སུ་གཏོགས་པ་ཁོ་ནའོ་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་སུ་གཏོགས་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་ རྗེས་སུ་འབྲང་བ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པ་ལ་སོགས་པ་ས་དྲུག་པོ་དེ་དག་ཏུ་འཕགས་པ་རྣམས་ཀྱི་ཟག་པ་མེད་པའི་ཏིང་ངེ་འཛིན་དང་ལྷན་ཅིག་འབྱུང་བའི་གཟུགས་སོ། །དེ་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་ནས་བཟུང་སྟེ་མི་སྐྱེ་བ་ཤེས་པའི་བར་དུའོ། །འདི་ནི་ཁམས་སུ་ལྟུང་བ་མ་ ཡིན་པའི་ཕྱིར་ས་བཏང་བས་བཏང་བ་མ་ཡིན་ཏེ། ཁམས་ནི་སྲེད་པས་ཡོངས་སུ་བཅད་པའོ། །མི་ལྡན་པ་ཉིད་དོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པས་བདག་གིར་མ་བྱས་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བ་དང་མི་དགེ་བའི་གཟུགས་ཀྱི་རྒྱུན་ལ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བཤད་པ་དེས་ ན་སྐད་ཅིག་དང་པོ་ལ་རྒྱུན་མེད་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པར་མི་འགྱུར་སྙམ་པ་ལ། དེའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་སྐད་ཅིག་མ་ཡིན་ཡང་ཞེས་བྱ་བ་སྨོས་སོ། །གལ་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་སྐད་ཅིག་མ་ཡིན་ན་གཟུགས་ཀྱི་རྒྱུན་ལ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་ཇི་སྐད་དུ་ བཤད་སྙམ་པ་ལ། དེའི་ཕྱིར་རིགས་སྨོས་པས་ན་དེ་སྐད་དུ་བརྗོད་དོ་ཞེས་སྨོས་སོ། །རྣམ་པར་རིག་བྱེད་མ་ཡིན་པའི་རིགས་གང་ཡིན་པ་དེ་སྐད་ཅིག་དང་པོ་དང་བྱེ་བྲག་མེད་པས་རྒྱུན་ལ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བཤད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་ཇི་ལྟར་འཐོབ་ཅེ་ན་སྨྲས་པ། སོ་སོར་ཐར་པའི་སྡོམ་པ་འཐོབ་པ་ནི་ཡང་དག་པར་བླངས་པས་སོ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཚེ་གང་འདི་སྐད་དུ་བདག་ལ་དགེ་བསྙེན་དུ་ཟུང་ཤིག་ཅེས་བྱ་བ་དང་། བདག་ལ་བསྙེན་ཏེ་གནས་པར་ཟུང་ཤིག་ཅེས་ཁས་བླངས་པ་ནའོ། །འདི་ནི་དཔེར་སྨོས་པ་ཙམ་དུ་ཟད་དེ། དཔེར་ན་ གདུགས་ཅན་འགྲོའོ། །རྒྱལ་མཚན་ཅན་འགྲོའོ་ཞེས་བྱ་བ་ལྟ་བུའོ། །འདི་ལྟ་སྟེ་འཆར་བ་བཟང་པོའི་ནི་ཞུ་བས་མཉེས་པར་བྱས་པས་སོ། །ཆོས་སྦྱིན་མ་ཡིས་ནི་ཕོ་ཉས་སོ། །འཕགས་པ་འོད་སྲུངས་ཆེན་པོ་ནི་སྟོན་པར་ཁས་བླངས་པས་སོ། །སྲིད་པ་ཐ་མ་པ་རྣམས་ཀྱི་ནི་དགེ་སློང་ཚུར་ཤོག་ ཅེས་བྱ་བས་སོ། །ལྔ་སྡེ་དག་ནི་ངེས་པ་ལ་ཞུགས་པས་སོ། །དབུས་ཀྱི་ཡུལ་ནི་བཅུ་འདུས་པས་སོ། །མཐའ་འཁོབ་ཏུ་ནི་འདུལ་བ་འཛིན་པ་དང་ལྔས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ནི་རང་བྱུང་བས་སོ། །ཐར་པའི་བསམ་པས་སེམས་ཀྱི་རྒྱུད་ཡོངས་སུ་བསྒོས་ན་འགྱུར་རོ། ། བདུན་གྱི་ནི་ཇི་སྲིད་འཚོའི་བར་དུའོ། །བརྒྱད་པའི་ནི་ཉིན་ཞག་གཅིག་པའོ། །སྐྱབས་སུ་འགྲོ་བ་མེད་པར་ནི་མ་ཡིན་ནོ། །འོ་ན་སྐྱབས་ཀྱི་དོན་གང་ཞེ་ན། ཡོངས་སུ་བསྐྱང་བའི་དོན་ནི་སྐྱབས་ཀྱི་དོན་ཏོ། །ཡོངས་སུ་བསྐྱང་བ་ནི་མཚམས་ལས་མི་འདའ་བར་བྱ་བའོ། །མཚམས་ནི་བསླབ་པ་ བཅས་པའོ། །དེ་ལ་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་གང་ཡིན་པ་དེ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ལ་སྐྱབས་སུ་འགྲོ་བའོ། །ཆོས་ལ་སྐྱབས་སུ་འགྲོ་བ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་ལ་སྐྱབས་སུ་འགྲོ་བའོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བ་གང་ཡིན་པ་དེ་ནི་སློབ་པ་དང་མི་སློབ་པའི་ ལམ་ལ་སྐྱབས་སུ་འགྲོ་བའོ། །གཟུགས་སྐུ་ནི་སྔ་ཕྱི་བྱེ་བྲག་མེད་པའི་ཕྱིར་རོ། །ཅི་ད་ལྟར་བྱུང་བའི་སངས་རྒྱས་གཅིག་པུ་ལ་སྐྱབས་སུ་འགྲོའམ། འོན་ཏེ་འདས་པ་དང་མ་བྱོན་པའི་སངས་རྒྱས་ཐམས་ཅད་ལ་སྐྱབས་སུ་འགྲོའོ་ཞེ་ན། སངས་རྒྱས་ཐམས་ཅད་ལ་སྐྱབས་སུ་འགྲོ་བར་བྱ་ སྟེ། ཆོས་ཀྱི་སྐུ་སྤྱིར་འདྲ་བའི་ཕྱིར་རོ། །རིགས་དང་ཚེ་དང་ཚད་ཀྱི་བྱེ་བྲག་གིས་ན་བཅོམ་ལྡན་འདས་ཐ་དད་དོ། །བདུན་པོའི་བཏང་བ་ནི་བསླབ་པ་ཕུལ་བ་ཞེས་བྱ་བ་ནི་རིག་པའི་མི་ལ་སངས་རྒྱས་འབུལ་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། ཐ་ན་ཚངས་པ་མཚུངས་པར་སྤྱོད་པ་འདི་ལྟ་བུ་དག་དང་ འགྲོགས་པས་ཆོག་གོ་ཞེས་བྱ་བའོ། །ཤི་འཕོས་པ་ནི་ཤི་བའོ། །དགེ་བའི་རྩ་བ་ཆད་པ་ནི། དེ་ལ་སྐྱེས་ནས་ཐོབ་པ་ནི་སྦྱོར་བ་ཅན་གྱི་དགེ་བའི་ཆོས་རྣམས་ཀྱི་རྒྱུར་གྱུར་པ་སྟེ། དེ་དག་གི་ཐོབ་པ་ཆད་ན་སྡོམ་པ་བཏང་བར་འགྱུར་རོ། །ཁ་ཅིག་ན་རེ་སྔར་སྡོམ་པ་ བཏང་བས་དེའི་འོག་ཏུ་སྐྱེས་ནས་ཐོབ་པ་རྣམས་ཀྱི་འཐོབ་པ་འཆད་ཅེས་ཟེར་རོ། །མཚན་གཉིས་སྐྱེས་པ་ནི་ཕོའི་དབང་པོ་དང་མོའི་དབང་པོ་ཅིག་ཅར་བྱུང་བ་སྟེ། བ་ཚྭ་ཅན་གྱིས་ལྟར་ཞིང་དུ་མི་རུང་བའི་ཕྱིར་རོ། །བརྒྱད་པའི་ནི་དེ་རྣམས་ཉིད་དང་མཚན་མོ་འདས་པས་སོ་ཞེས་བྱ་བ་ནི་ཉིན་ཞག་གཅིག་ ཏུ་ངེས་པའི་ཕྱིར་རོ། །གཟུགས་ན་སྤྱོད་པའི་དགེ་བའི་སེམས་ཐོབ་པས་བསམ་གཏན་གྱི་སྡོམ་པ་འཐོབ་སྟེ་ཞེས་བྱ་བ་ལ། དགེ་བའི་སེམས་ནི་དངོས་གཞིའམ་ཉེར་བསྡོགས་སོ། །དེ་ཉིད་བཏང་བས་དེ་གཏོང་ངོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལས་ལངས་ན་འདས་པ་དང་མ་འོངས་པ་དང་ལྡན་ནོ། །སྙོམས་པར་ ཞུགས་ན་ད་ལྟར་གྱི་ངང་ལྡན་ནོ། །ཡོངས་སུ་ཉམས་པ་དང་གོང་མར་སྐྱེས་པའོ། །ཟག་པ་མེད་པའི་སྡོམ་པ་ཡང་དེ་བཞིན་ནོ། །དེ་བཏང་བའི་རྒྱུ་བརྗོད་པར་བྱ་སྟེ། འབྲས་བུ་ཐོབ་པ་དང་། ཡོངས་སུ་ཉམས་པ་དང་། དབང་པོ་ཤིན་ཏུ་སྦྱངས་པས་སོ། །དགེ་བའི་རྩ་བ་ཆད་པ་ཞེས་བྱ་བ་ནི་ལོག་ པར་ལྟ་བ་སྤྱོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བྱེད་པ་དང་ཁས་བླངས་པས་སྡོམ་པ་མ་ཡིན་པ་འཐོབ་བོ་ཞེས་བྱ་བ་དེ་ལ་བྱེད་པས་འཐོབ་པ་ནི་དེའི་རིགས་སུ་སྐྱེས་པ་རྣམས་ཀྱིས་སོ། །ཁས་བླངས་པས་འཐོབ་པ་ནི་དེའི་རིགས་སུ་སྐྱེས་པ་མ་ཡིན་པ་རྣམས་ཀྱིས་སོ། །ཆོས་ཉིད་འཐོབ་ པ་གཟུགས་ན་སྤྱོད་པའི་དགེ་བའི་སེམས་ཐོབ་པས་སོ་ཞེས་བྱ་བ་ལ། ཆོས་ཉིད་ནི་འཕགས་པའི་ལམ་སྟེ། ཆོས་ཉིད་དེ་ཐོབ་པར་བྱེད་རྙེད་པར་བྱེད་པའི་ཐ་ཚིག་གོ། །དེ་གང་ཞེ་ན། གཟུགས་ན་སྤྱོད་པའི་དགེ་བའི་སེམས་ཐོབ་པའོ། །འདི་ལ་ཚེ་ཀའི་རྟོགས་པ་བརྗོད་པའི་དཔེ་ཡོད་དེ། དཔེར་ ན་ཤཱཀྱ་རྣམས་ཀྱིས་བསྒོ་བ་བཞིན་དུ་བྱེད་པའི་ཚེ་ཀ་ཞེས་བྱ་བ་དེ་དག་རི་དགས་ཤོར་ཞིང་འཚོ་བར་བྱེད་པའོ། །རེ་ཞིག་ཅིག་ན་དེ་དག་རྒྱུད་ཡོངས་སུ་སྨིན་པར་བཅོམ་ལྡན་འདས་ཀྱིས་གཟིགས་ནས་བདེན་པ་རྣམས་ལ་བཀོད་པར་གྱུར་པ་དང་། དེ་དག་གཟུགས་ན་སྤྱོད་པའི་དགེ་བའི་སེམས་ཐོབ་པས་སྡོམ་ པ་མ་ཡིན་པའི་རྒྱུན་ཆད་པ་ལྟ་བུའོ། །རྒྱུན་འཆད་པ་ནི་སྡོམ་པ་ཡང་དག་པར་བླངས་པས་སོ། །འདི་ལྟ་སྟེ་དཔེར་ན་སེང་གེ་གནས་པའི་ཕུག་ཏུ་སྲོག་ཆགས་རི་དགས་ཕྲ་མོ་གནས་པར་མི་ནུས་པ་བཞིན་ནོ། །མཚན་གཉིས་སྐྱེས་པ་ནི་ཞིང་གི་དངོས་པོར་མི་རུང་བའི་ཕྱིར་རོ། །ཤི་བ་ནི་རིས་ མཐུན་པ་ཡོངས་སུ་བཏང་པའོ། །ཆོས་ཉིད་ཐོབ་པ་གཟུགས་ན་སྤྱོད་པ་དགེ་བའི་སེམས་ཐོབ་པས་སོ་ཞེས་བྱ་བ་ནི་འཇིག་པའི་དུས་ན་སེམས་ཅན་ཐམས་ཅད་མན་ངག་མེད་པར་བསམ་གཏན་བསྐྱེད་དེ། །དེའི་དུས་ན་སྡོམ་པ་མ་ཡིན་པ་གཏོང་ངོ་། །རྣམ་པར་རིག་བྱེད་མ་ཡིན་པར་མ་ཐོབ་པ་ནི་ཉོན་ མོངས་པ་དང་དད་པ་དྲག་པོ་ཞེས་བྱ་བ་ལ། དྲག་པོའི་སྒྲ་ནི་སོ་སོར་སྦྱར་ཏེ། ཉོན་མོངས་པ་དྲག་པོའི་ཤུགས་དང་དད་པ་དྲག་པོའི་ཤུགས་ཀྱིས་ཁུ་ཚུར་དང་ཐལ་ལྕག་ལ་སོགས་པ་དང་། མཆོད་རྟེན་ལ་ཕྱག་བྱ་བ་ལ་སོགས་པ་ཅི་རིགས་པར་རིག་པར་བྱའོ། །ཡི་དམ་འཛིན་པ་ཞེས་བྱ་བས་ ནི་དྲག་པོ་མེད་པར་ཡང་འགྱུར་རོ་ཞེས་བྱ་བ་དེ་སྟོན་ཏོ། །གཙུག་ལག་ཁང་ལ་སོགས་པ་ཕུལ་བས་སོ་ཞེས་བྱ་བས་ནི་རྫས་ལས་བྱུང་བ་ཉིད་སྟོན་ཏོ། །རྒྱུན་ཆད་པ་ནི་སློབ་པར་བྱེད་དེ་དེ་དག་ཉིད་བཏང་བས་སོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་དད་པ་དྲག་པོའི་ཤུགས་བཏང་སྟེ་བསལ་བའི་ཕྱིར་རོ། །རང་ དང་མཐུན་པ་ནི་རང་གི་སྤྱིའོ། །ཕྱོགས་གཅིག་དང་མཐུན་པ་ནི་ཕྱོགས་ཀྱི་སྤྱིའོ། །ཟད་པར་དང་མཐུན་པ་ནི་ཟད་པར་གྱི་སྤྱིའོ། །ཕྱོགས་ཀྱི་སྤྱི་ནི་མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་དོ་ཞེས་བྱ་བ་དེ་ལ