Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 146
Văn bản gốc(Tây Tạng)
Trang 14 / 19 (50.000 ký tự/trang)
ཡོངས་སུ་ཤེས་པར་འགྱུར་བ་དང་། ཆོས་གང་དག་མངོན་པར་ཤེས་ནས་སྤང་བར་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ ནས་ཡོངས་སུ་སྤོང་བར་འགྱུར་བ་དང་། ཆོས་གང་དག་མངོན་པར་ཤེས་ནས་མངོན་དུ་བྱེད་པའི་ཆོས་དེ་དག་མངོན་པར་ཤེས་ནས་མངོན་སུམ་དུ་བྱེད་པར་འགྱུར་བ་དང་། ཆོས་གང་དག་མངོན་པར་ཤེས་ནས་བསྒོམ་པར་བྱ་བའི་ཆོས་དེ་དག་སྒོམ་པར་འགྱུར་བ་འདི་ནི་དགེ་སློང་ཞེས་བརྗོད་དེ། དགེ་སློང་ སྲེད་པ་ཆད་པ། ཀུན་ཏུ་སྦྱོར་བ་སྤངས་པ། ཡང་དག་པའི་མངོན་པར་རྟོགས་པས་སྡུག་བསྔལ་མཐར་བྱེད་པ་ཞེས་བྱའོ། །འདི་ནི་སྐྱེ་མཆེད་དྲུག་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཏེ། དགེ་སློང་དག་ཐོག་མར་དགེ་བ་ཞེས་བྱ་བ་ནས་ཚངས་པར་སྤྱོད་པ་ཡོངས་སུ་གསལ་བར་བྱེད་པའི་ཆོས་བཤད་ པར་བྱ་སྟེ། འདི་ལྟ་སྟེ། སྐྱེ་མཆེད་དྲུག་བསྟན་པ་ཆེན་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སོ་ཞེས་ངས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ། །སྤོང་བ་ཆུ་ལོན་དུ་ཡོད་པ་སྟེ་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ལོག་པ་ཉིད་དང་ཡང་དག་པ་ཉིད་ཀྱིས་ཆོས་དག་བཤད་པར་བྱ་སྟེ། དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ལོག་པ་ཉིད་གང་ཞེ་ན། ལོག་པའི་ལྟ་བ་དང་། ལོག་པའི་རྟོག་པ་དང་། ལོག་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་དང་། ལོག་པའི་ འཚོ་བ་དང་། ལོག་པའི་རྩོལ་བ་དང་། ལོག་པའི་དྲན་པ་དང་། ལོག་པའི་ཏིང་ངེ་འཛིན་ཏོ། །འདི་ནི་ལོག་པ་ཉིད་ཅེས་བྱའོ། །ཡང་དག་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཡང་དག་པའི་ལྟ་བ་གང་ཞེ་ན། ཡང་དག་པའི་ལྟ་བ་དེ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་ སྒྲུབ་པར་བྱེད་པ་ཡང་ཡོད། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་ཡང་དག་པར་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་སྒྲུབ་པ་ཡང་ཡོད། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་ པ་བདེ་འགྲོ་སྒྲུབ་པར་བྱེད་པ་གང་ཞེ་ན། ལྟ་བ་གང་སྦྱིན་པ་ཡོད་དོ། །མཆོད་སྦྱིན་ཡོད་དོ། །ལེགས་པར་སྤྱད་པ་ཡོད་དོ། །ཉེས་པར་སྤྱད་པ་ཡོད་དོ། །ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ། །འཇིག་རྟེན་འདི་ཡོད་དོ། །འཇིག་རྟེན་ཕ་རོལ་ཡོད་ དོ། ཕ་ཡོད་དོ། །མ་ཡོད་དོ། །སེམས་ཅན་རྫུས་ཏེ་བྱུང་བ་ཡོད་དོ། །འཇིག་རྟེན་ན་དགྲ་བཅོམ་པ་ཡོད་དོ། །ཡང་དག་པར་འགྲོ་བ་དང་། ཡང་དག་པར་རྟོག་པ་ཡོད་དོ་ཞེས་ལྟ་བ་འདི་འཇིག་རྟེན་པའི་ལྟ་བ་སྟེ། འདི་ལྟར་ཆོས་རྣམས་ལ་རང་ཉིད་ཀྱིས་མངོན་པར་ཤེས་པ་མངོན་དུ་བྱ་བ་ཕུན་སུམ་ཚོགས་ པ་རབ་ཏུ་རིག་པ་སྟེ། སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་སྟེ། འདི་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་དག་གོ། །འཇིག་རྟེན་ལས་ འདས་པའི་ཡང་དག་པའི་ལྟ་བ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་གང་ཞེ་ན། འདི་ན་འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅིང་ཀུན་འབྱུང་ལ་ཀུན་འབྱུང་དང་། འགོག་པ་ལ་འགོག་པ་དང་། ལམ་ལ་ ལམ་དུ་ཡིད་ལ་བྱེད་དེ། ཡིད་ལ་བྱེད་པ་ཟག་པ་མེད་པ་དང་ཡང་དག་པར་ལྡན་པ་རྣམས་འབྱེད་ཅིང་རབ་ཏུ་འབྱེད་པ་དང་། རྣམ་པར་འབྱེད་པ་དང་། མཚོན་པ་དང་། ཡང་དག་པར་མཚོན་པ་དང་། ཉེ་བར་མཚོན་པ་དང་། སྟེན་པ་དང་། རབ་ཏུ་ཤེས་པ་དང་། ཤེས་རབ་དང་། བློ་དང་། རིག་པ་ དང་། མཁས་པ་དང་། ཡོངས་སུ་ཤེས་པ་དང་། དཔྱོད་པ་དང་། ལྟ་བ་འདི་ནི་འཕགས་པའི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཞེས་བྱའོ། །ཡང་དག་པའི་རྟོག་པ་གང་ཞེ་ན། ཡང་དག་པའི་རྟོག་པ་དེ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཡང་དག་པའི་རྟོག་པ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་མཐོ་རིས་སྒྲུབ་པར་བྱེད་པ་ཡང་ཡོད། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་ བསྔལ་མཐར་བྱེད་པ་ཡང་ཡོད་དོ། །འཇིག་རྟེན་པའི་ཡང་དག་པའི་རྟོག་པ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་གང་ཞེ་ན། ཐར་པའི་རྣམ་པར་རྟོག་པ་དང་། གནོད་སེམས་མེད་པའི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བ་མེད་པའི་རྣམ་པར་རྟོག་པ་སྟེ། འདི་ནི་ འཇིག་རྟེན་པའི་ཡང་དག་པའི་རྟོག་པ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་བདེ་འགྲོ་སྒྲུབ་པར་བྱེད་པ་དག་གོ། །འཕགས་པའི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་རྟོག་པ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་གང་ཞེ་ན། འདི་ན་ འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅིང་། ཀུན་འབྱུང་ལ་ཀུན་འབྱུང་དང་། འགོག་པ་ལ་འགོག་པ་དང་། ལམ་ལ་ལམ་དུ་ཡིད་ལ་བྱེད་ཅིང་ཟག་པ་མེད་པའི་ཡིད་ལ་བྱེད་པ་དང་། ཡང་དག་པར་ལྡན་པའི་སེམས་ཀྱིས་དཔྱོད་པ་དང་། རབ་ཏུ་དཔྱོད་པ་དང་། རྣམ་པར་དཔྱོད་པ་དང་། མངོན་པར་རབ་ཏུ་དཔྱོད་པ་དང་། རྟོག་པ་དང་། རྣམ་པར་རྟོག་པ་དང་། བགྲང་བ་དང་། ཡང་དག་པར་རྟོག་པ་སྟེ། འདི་ནི་འཕགས་པའི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་རྟོག་པ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་ བྱེད་པ་ཞེས་བྱའོ། །ཡང་དག་པའི་ངག་གང་ཞེ་ན། ཡང་དག་པའི་ངག་དེ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཡང་དག་པའི་ངག་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཡོད་དོ། །འཇིག་རྟེན་ལས་འདས་པའི་ཡང་དག་ པའི་ངག་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་བྱེད་པ་ཡང་ཡོད་དོ། །འཇིག་རྟེན་པའི་ཡང་དག་པའི་ངག་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་གང་ཞེ་ན། བརྫུན་དུ་སྨྲ་བ་སྤོང་བ་དང་། ཕྲ་མ་སྤོང་བ་དང་། ཚིག་ རྩུབ་པོ་སྤོང་བ་དང་། ཚིག་འཁྱལ་པ་སྤོང་བ་སྟེ། འདི་ནི་འཇིག་རྟེན་པའི་ཡང་དག་པའི་ངག་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཞེས་བྱའོ། །འཕགས་པའི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ངག་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་ སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པ་གང་ཞེ་ན། འདི་ནི་འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅིང་། ཀུན་འབྱུང་ལ་ཀུན་འབྱུང་དང་། འགོག་པ་ལ་འགོག་པ་དང་། ལམ་ལ་ལམ་དུ་ཡིད་ལ་བྱེད་དེ་ལོག་པར་འགྲོ་བའི་ངག་གི་ཉེས་པར་སྤྱོད་པ་རྣམ་པ་བཞི་ སྤངས་ཤིང་དེ་ལས་གཞན་པའི་ངག་གི་ཉེས་པར་སྤྱད་པ་སོ་སོར་མ་བརྟགས་ཤིང་ཟག་པ་མེད་པ་དང་བྲལ་བ་དང་། རབ་ཏུ་བྲལ་བ་དང་། རྣམ་པར་བྲལ་བ་དང་། བཏོན་པ་དང་། མི་བྱེད་པའི་སྡོམ་པ་དང་། མི་བྱེད་པ་དང་། ཆད་པ་དང་། ཆུ་ལོན་དང་། མི་འཐོབ་པ་དང་། ཡང་དག་པར་མི་ འཐོབ་པ་དང་། འདའ་བ་དང་ཡང་དག་པར་འདའ་བ་འདི་ནི་འཕགས་པའི་འཇིག་རྟེན་ལས་འདས་པའི་ངག་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཞེས་བྱའོ། །ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན། ཡང་དག་པའི་ ལས་ཀྱི་མཐའ་དེ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཡང་དག་པའི་ལས་ཀྱི་མཐའ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཡང་ཡོད། འཕགས་པའི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལས་ཀྱི་མཐའ་ཟག་པ་མེད་པ་ཉེ་བར་ལེན་ པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཡང་ཡོད་དོ། །འཇིག་རྟེན་པའི་ཡང་དག་པའི་ལས་ཀྱི་མཐའ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་གང་ཞེ་ན། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། འདོད་པ་ལས་ ལོག་པར་གཡེམ་པ་སྤོང་བ་སྟེ། འདི་ནི་འཇིག་རྟེན་པའི་ཡང་དག་པའི་ལས་ཀྱི་མཐའ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལས་ཀྱི་མཐའ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག། བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་གང་ཞེ་ན། འདི་ནི་འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅིང་ཀུན་འབྱུང་ལ་ཀུན་འབྱུང་དང་། འགོག་པ་ལ་འགོག་པ་དང་། ལམ་ལ་ལམ་དུ་ཡིད་ལ་བྱེད་དེ། ལོག་པའི་ཚོར་བར་འགྲོ་བའི་ལུས་ཀྱི་ཉེས་ པར་སྤྱོད་པ་རྣམ་པ་གསུམ་སྤངས་ཏེ། དེ་ལས་གཞན་པའི་ལུས་ཀྱི་ཉེས་པར་སྤྱོད་པ་དག་སོ་སོར་བརྟགས་པ་དང་། ཟག་པ་མེད་པ་དང་། བྲལ་བ་དང་། རབ་ཏུ་བྲལ་བ་དང་། རྣམ་པར་བྲལ་བ་དང་ཡང་དག་པར་འདས་པའི་བར་དུ་སྟེ། འདི་ནི་འཕགས་པའི་འཇིག་རྟེན་ལས་འདས་ པའི་ཡང་དག་པའི་ལས་ཀྱི་མཐའ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཞེས་བྱའོ། །ཡང་དག་པའི་འཚོ་བ་གང་ཞེ་ན། ཡང་དག་པའི་འཚོ་བ་དེ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཡང་དག་པའི་འཚོ་བ་ཟག་པ་དང་བཅས་པ་ ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཡང་ཡོད། འཇིག་རྟེན་ལས་འདས་པའི་ཡང་དག་པའི་འཚོ་བ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཡང་ཡོད་དོ། །འཇིག་རྟེན་པའི་ཡང་དག་པའི་འཚོ་བ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་ དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་གང་ཞེ་ན། གང་འདི་སོ་སོར་བརྟགས་ནས་ཆོས་དང་ལྡན་པས་ཆོས་གོས་དག་འཚོལ་བར་བྱེད་དེ་ཆོས་མ་ཡིན་པས་ནི་མ་ཡིན་ནོ། །ཆོས་དང་ལྡན་པས་མལ་ཆ་དང་། སྟན་དང་། ན་བའི་གསོ་སྨན་དང་། འཚོ་བའི་ཡོ་བྱད་དག་ཚོལ་བར་བྱེད་ཀྱི། ཆོས་མ་ཡིན་པས་ནི་མ་ཡིན་པ་སྟེ། འདི་ནི་འཇིག་རྟེན་པའི་ཡང་དག་པའི་འཚོ་བ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་དག་ཅེས་བྱའོ། །འཇིག་རྟེན་ལས་འདས་པའི་ཡང་དག་པའི་འཚོ་བ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་ སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་གང་ཞེ་ན། འདི་ན་འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅིང་ཀུན་འབྱུང་ལ་ཀུན་འབྱུང་དང་། འགོག་པ་ལ་འགོག་པ་དང་། ལམ་ལ་ལམ་དུ་ཡིད་ལ་བྱེད་དེ། ལོག་པའི་འཚོ་བ་སོ་སོར་མ་བརྟགས་ ཤིང་ཟག་པ་མེད་པ་དང་བྲལ་བ་དང་རབ་ཏུ་བྲལ་བ་ཞེས་བྱ་བ་ནས་ཡང་དག་པར་འདས་པའི་བར་དུ་སྟེ། འདི་ནི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་འཚོ་བ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་བྱེད་པ་ཞེས་བྱའོ། །ཡང་དག་པའི་རྩོལ་བ་ གང་ཞེ་ན། ཡང་དག་པའི་རྩོལ་བ་དེ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཡང་དག་པའི་རྩོལ་བ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཡང་ཡོད། །འཇིག་རྟེན་ལས་འདས་པའི་ཡང་དག་པའི་རྩོལ་བ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་ བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཡང་ཡོད་དོ། །འཇིག་རྟེན་པའི་ཡང་དག་པའི་རྩོལ་བ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་གང་ཞེ་ན། གང་འདུན་པ་དང་། བརྩོན་པ་དང་། རྩོལ་བ་དང་། གནོད་པ་དང་། ཕ་རོལ་གནོན་པ་ དང་། བརྟན་པ་དང་། རྩོམ་པ་དང་། སྤྲོ་བ་དང་། ཆོག་པར་མི་འཛིན་པ་དང་། སེམས་ཡང་དག་པར་འཛིན་པ་དང་། རྟག་ཏུ་བྱེད་པ་སྟེ། འདི་ནི་འཇིག་རྟེན་པའི་ཡང་དག་པའི་རྩོལ་བ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཞེས་བྱའོ། །འཇིག་རྟེན་ལས་ འདས་པའི་ཡང་དག་པའི་རྩོལ་བ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་གང་ཞེ་ན། འདི་ན་འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅིང་ཀུན་འབྱུང་ལ་ཀུན་འབྱུང་དང་། འགོག་པ་ལ་འགོག་པ་དང་། ལམ་ལ་ལམ་དུ་ཡིད་ལ་བྱེད་དེ་ཟག་པ་མེད་པའི་ཡིད་ལ་བྱེད་པ་དང་ཡང་དག་པར་ལྡན་པས་འདུན་པ་དང་ཞེས་བྱ་བ་ནས་རྟག་ཏུ་བྱེད་དོ་ཞེས་བྱ་བའི་བར་དུ་སྟེ། འདི་ནི་འཕགས་པའི་འཇིག་རྟེན་ལས་འདས་པའི་རྩོལ་བ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་ བསྔལ་མཐར་འབྱིན་པར་བྱེད་པ་ཞེས་བྱའོ། །ཡང་དག་པའི་དྲན་པ་གང་ཞེ་ན། ཡང་དག་པའི་དྲན་པ་དེ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཡང་དག་པའི་དྲན་པ་ཟག་པ་དང་བཅས་པ་ཉེ་བར་ལན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཡང་ཡོད། འཇིག་རྟེན་ལས་ འདས་པའི་དྲན་པ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཡང་ཡོད་དོ། །འཇིག་རྟེན་པའི་ཡང་དག་པའི་དྲན་པ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་གང་ཞེ་ན། གང་དྲན་པ་དང་། རྗེས་ སུ་དྲན་པ་དང་། སོ་སོར་དྲན་པ་དང་། རབ་ཏུ་དྲན་པ་དང་། མི་བརྗེད་པ་དང་། ཆོས་ཉིད་མི་བརྗེད་པར་སེམས་ལ་མངོན་པར་བརྗོད་པ་སྟེ། འདི་ནི་འཇིག་རྟེན་པའི་ཡང་དག་པའི་དྲན་པ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཞེས་བྱའོ། །འཕགས་པའི་ འཇིག་རྟེན་ལས་འདས་པའི་ཡང་དག་པའི་དྲན་པ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་གང་ཞེ་ན། འདི་ན་འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅིང་ཀུན་འབྱུང་ལ་ཀུན་འབྱུང་དང་། འགོག་པ་ལ་ འགོག་པ་དང་། ལམ་ལ་ལམ་དུ་ཡིད་ལ་བྱེད་དེ། ཟག་པ་མེད་པའི་ཡིད་ལ་བྱེད་པ་དང་། ཡང་དག་པར་ལྡན་པས་འདུན་པ་དང་ཞེས་བྱ་བ་ནས་རྟག་པར་བྱེད་ཅེས་བྱ་བའི་བར་དུ་སྟེ། འདི་ནི་འཕགས་པའི་འཇིག་རྟེན་ལས་འདས་པའི་དྲན་པ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་ བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཞེས་བྱའོ། །ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། ཡང་དག་པའི་ཏིང་ངེ་འཛིན་དེ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཡང་དག་པའི་ཏིང་ངེ་འཛིན་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཡང་ ཡོད། འཕགས་པའི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ཏིང་ངེ་འཛིན་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཡང་ཡོད། །འཇིག་རྟེན་པའི་ཡང་དག་པའི་ཏིང་ངེ་འཛིན་ཟག་པ་དང་བཅས་པ་ཉེ་བར་ལེན་པ་ དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་གང་ཞེ་ན། གང་སེམས་གནས་པ་དང་། ཡང་དག་པར་གནས་པ་དང་། རབ་ཏུ་གནས་པ་དང་། ཀུན་ཏུ་གནས་པ་དང་། ཉེ་བར་གནས་པ་དང་། ཡིད་རྣམ་པར་མི་གཡེང་བ་དང་། ཞི་གནས་ལ་སེམས་སྡུད་པ་དང་། ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ པ་སྟེ། འདི་ནི་འཇིག་རྟེན་པའི་ཡང་དག་པའི་ཏིང་ངེ་འཛིན་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཞེས་བྱའོ། །འཕགས་པའི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ཏིང་ངེ་འཛིན་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་ མཐར་འབྱིན་པར་བྱེད་པ་གང་ཞེ་ན། འདི་ནི་འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅིང་ཀུན་འབྱུང་ལ་ཀུན་འབྱུང་དང་། འགོག་པ་ལ་འགོག་པ་དང་། ལམ་ལ་ལམ་དུ་ཡིད་ལ་བྱེད་དེ། ཟག་པ་མེད་པའི་ཡིད་ལ་བྱེད་པ་དང་། ཡང་དག་པར་ལྡན་པས་སེམས་ གནས་པ་དང་ཡང་དག་པར་གནས་པ་དང་། རབ་ཏུ་གནས་པ་དང་། ཀུན་ཏུ་གནས་པ་དང་། ཉེ་བར་གནས་པ་དང་། ཡིད་རྣམ་པར་མི་གཡེང་བ་དང་། ཞི་གནས་ལ་སེམས་སྡུད་པ་དང་། ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་པ་སྟེ། འདི་ནི་འཕགས་པ་འཇིག་རྟེན་ལས་འདས་པ་ཡང་ དག་པའི་ཏིང་ངེ་འཛིན་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་པར་བྱེད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཞེས་བྱའོ། །འདི་ནི་ལོག་པ་ཉིད་དང་ཡང་དག་པ་ཉིད་ཅེས་བྱའོ། །དགེ་སློང་དག་ལོག་པ་ཉིད་དང་ཡང་དག་པ་ཉིད་བསྟན་པར་བྱའོ་ཞེས་ངས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་ རབ་ཏུ་བཤད་དོ་ཞེས་བཀའ་སྩལ་ཏོ། །གང་ཡང་མདོ་ལས་ཇི་སྐད་དུ་ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན་ཞེས་བྱ་བ་ལ་སྐྱེ་མཆེད་དྲུག་གི་ཚོགས་ཀྱིས་བསྡུས་པའི་སྡོམ་དང་པོ་ལས་རྟོགས་པར་བྱ་སྟེ། དེའི་སྡོམ་གྱི་ཚིགས་སུ་བཅད་པ་བདུན་པའི་མཐའ་ལས་བསྟན་པ་མཛོད་ཀྱི་གནས་ དང་པོར་ཟག་པ་དང་བཅས་པ་འདི་ཉིད་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་དེར་བྲིས་ཟིན་ཏོ། །མདོ་ལས་འདི་ཅིའི་ཕྱིར་ཁྱད་པར་དུ་མཛད་ཅེ་ན་ཞེས་བྱ་བ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་དྲུག་པོ་འདི་དག་ནི་སེམས་ཀྱི་སྦགས་པ་དང་། ཐ་བའི་གཞི་སྟེ། དྲུག་གང་ཞེ་ན། དགེ་སློང་ དག་གཟུགས་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་ནི་སེམས་ཀྱི་སྦགས་པ་དང་ཐ་བའི་གཞིའོ། །སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་ནི་སེམས་ཀྱི་སྦགས་པ་དང་། ཐ་བའི་གཞིའོ་ཞེས་གསུངས་སོ། །དགེ་སློང་ཚུལ་ ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཞེས་བྱ་བ། བཅོམ་ལྡན་འདས་སའི་རུ་འདུ་འདམ་བུ་ཅན་གྱི་རྩ་བར་དབྱར་གནས་པའི་ཕྱིར་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་དྲུང་ན་དགེ་སློང་རབ་ཏུ་མང་པོ་དག་དབྱར་གནས་པའི་ཕྱིར་དགོན་པར་མཚམས་བཅད་དེ་འདུག་གོ། །དེ་ནས་དགེ་ སློང་རབ་ཏུ་མང་པོ་དེ་དག་དབྱར་ཟླ་བ་གསུམ་འདས་ནས་ཆོས་གོས་བྱས་པ་བྱིན་གྱིས་བརླབས་ཏེ། ཆོས་གོས་དང་ལྷུང་བཟེད་ཐོགས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་ གཅིག་ཏུ་འདུག་ནས་དགེ་སློང་རབ་ཏུ་མང་པོ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་དབྱར་གནས་ལགས་ཏེ་མཚམས་དག་བཤིག་ལགས་སམ། དགེ་སློང་དག་ཁྱེད་ཅག་མཚམས་མ་བཤིག་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ ཇི་སྲིད་དུ་མཚམས་གནས་པ་དེ་སྲིད་དུ་སྦྱིན་པ་དག་གི་བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་ཞིང་བསོད་ནམས་མངོན་པར་འཕེལ་བ་ཁོ་ནར་འགྱུར་རོ། །དགེ་སློང་དག་བཞི་པོ་འདི་དག་ནི་བསོད་ནམས་ཀྱི་རྒྱུ་མཐུན་དགེ་བའི་རྒྱུ་མཐུན་བདེ་བ་ཐུན་མོང་བ་ཉིད་དུ་སྦྱིན་བདག་གིས་རེ་བར་བྱ་སྟེ། བཞི་ གང་ཞེ་ན། གང་གི་གཙུག་ལག་ཁང་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཚད་མེད་པ་དང་སེམས་ཀྱི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། ཡོངས་སུ་ལོངས་སྤྱོད་ན་དེའི་གཞི་ལས་སྦྱིན་པ་པོ་ལ་ཚད་མེད་པའི་བསོད་ནམས་ཀྱི་རྒྱུ་མཐུན་པ་ དང་དགེ་བའི་རྒྱུ་མཐུན་པ་བདེ་བ་ཐུན་མོང་མ་ཡིན་པ་ཉིད་དུ་རིག་པར་བྱའོ། །ཚད་མེད་པ་དང་སེམས་ཀྱི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་སྟན་ཡོངས་སུ་ལོངས་སྤྱད་ན་གཞི་དེ་ལས་སྦྱིན་བདག་ ལ་དེ་ལས་ཚད་མེད་པའི་བསོད་ནམས་ཀྱི་རྒྱུ་མཐུན་པ་དང་། དགེ་བའི་རྒྱུ་མཐུན་པ་དང་བདེ་བ་ཐུན་མོང་བ་ཉིད་དུ་རེ་བར་བྱ་སྟེ། དགེ་སློང་དག་བསོད་ནམས་ཀྱི་རྒྱུ་མཐུན་པ་དང་དགེ་བའི་རྒྱུ་མཐུན་པ་དང་། བདེ་བ་ཐུན་མོང་བ་བཞི་པོ་འདི་རྣམས་དང་ལྡན་པའི་སྦྱིན་བདག་གི་བསོད་ནམས་ཀྱི་ཚད་ནི་འདི་ ཙམ་བསོད་ནམས་ཀྱི་འབྲས་བུ་འདི་ཙམ་བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདི་ཙམ་ཞེས་གཟུང་བར་མི་ནུས་ཏེ། བསོད་ནམས་མང་ཞིང་གཞན་དུ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །འདི་ལྟ་སྟེ། ཆུ་བོ་ཆེན་པོ་བཞི་པོ་འདི་དག་ནི་འདྲེས་ཤིང་རྒྱ་མཚོ་ཆེན་པོར་ འབབ་པ་དག་སྟེ། འདི་ལྟ་སྟེ། གང་གཱ་དང་། ཡ་མུ་ན་དང་། མ་ར་ཡུ་དང་། ཨ་ཛེ་ར་བ་ཏི་དང་། ཆེན་པོ་སྟེ། དེ་དག་ལ་ཆུ་འདི་ཙམ་མམ་ཆུ་རྫ་མ་འདི་ཙམ་དང་། ཆུ་རྫ་མ་བརྒྱ་ཕྲག་འདི་ཙམ་དང་། ཆུ་རྫ་མ་སྟོང་ཕྲག་འདི་ཙམ་དང་། ཆུ་རྫ་མ་བརྒྱ་སྟོང་ཕྲག་འདི་ཙམ་ཡོད་དོ་ཞེས་ཚད་གཟུང་བར་ མི་ནུས་ཀྱི། གཞན་དུ་ཆུ་མང་པོ་དང་ཆུའི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དགེ་སློང་དག་དེ་བཞིན་དུ་བསོད་ནམས་ཀྱི་རྒྱུ་མཐུན་པ་དང་དགེ་བའི་རྒྱུ་མཐུན་པ་དང་བདེ་བ་ཐུན་མོང་པ་བཞི་པོ་འདི་རྣམས་དང་ལྡན་པའི་བསོད་ནམས་ཀྱི་ཚད་ནི་གཟུང་བར་མི་ནུས་ཏེ། གཞན་དུ་ ན་བསོད་ནམས་མང་བ་དང་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཇི་ལྟར་གཙང་དག་འཇུག་ངོགས་བདེ། །རིན་ཆེན་འབྱུང་གནས་བཀྲ་ཤིས་མཚོར། །མི་དང་རི་དགས་ཚོགས་དག་གིས། །བསྟེན་པའི་ཆུ་བོ་སོ་སོར་འབབ། །དེ་བཞིན་མལ་ཆ་སྟན་གདིང་དངོས། ། སྦྱིན་པའི་མི་ལ་བསོད་ནམས་རྒྱུན། །ཇི་ལྟར་རྒྱ་མཚོར་ཆུ་བཞིན་འབབ། །ཅེས་གསུངས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །འཇིག་རྟེན་གྱི་ཆོས་ནི་རྣམ་པ་བརྒྱད་དེ། འདི་ལྟ་སྟེ། རྙེད་པ་དང་། མ་རྙེད་པ་དང་། གྲགས་པ་དང་། མ་གྲགས་པ་དང་། བསྟོད་པ་དང་། སྨད་ པ་དང་། བདེ་བ་དང་། སྡུག་བསྔལ་བ་འོ་ཞེས་གསུངས་སོ། །ལོག་པར་ལྟ་བ་དང་ལོག་པར་རྟོག་པ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་མ་རིག་པ་སྔོན་དུ་འགྲོ་ཞིང་རྒྱུ་སྔན་ལ་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་ཡང་དག་པར་འབྱུང་ ཞིང་སྩོགས་པར་འགྱུར་ཏེ། དགེ་སློང་དག་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ལས་ལོག་པའི་ལྟ་བ་འབྱུང་བར་འགྱུར་རོ། །ལོག་པའི་ལྟ་བ་དེ་ལས་ལོག་པའི་རྟོག་པ་འབྱུང་བར་འགྱུར་ཞིང་ལོག་པའི་ངག་དང་ལོག་པའི་ལས་ཀྱི་འབའ་དང་། ལོག་པའི་འཚོ་བ་དང་། ལོག་པའི་ རྩོལ་བ་དང་། ལོག་པའི་དྲན་པ་དང་། ལོག་པའི་ཏིང་ངེ་འཛིན་རབ་ཏུ་འབྱུང་བར་འགྱུར་རོ། །རིག་པ་དང་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་སྔོན་དུ་འགྲོ་ཞིང་སྔོན་གྱི་རྒྱུ་མཚན་ལས་དགེ་བའི་ཆོས་རྣམ་པ་དུ་མ་ཡང་དག་པར་སྐྱེ་ཞིང་སོགས་པར་འགྱུར་ཏེ། དགེ་སློང་ངོ་ཚ་ཤེས་པ་དང་ ཁྲེལ་ཡོད་པ་ལས་ཡང་དག་པའི་ལྟ་བ་འབྱུང་བར་འགྱུར་ཞིང་ཡང་དག་པའི་ལྟ་བ་དེ་ལས་ཡང་དག་པའི་རྟོག་པ་འབྱུང་ཞིང་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དུ་འབྱུང་བར་འགྲུབ་ཏེ། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་དག་པར་ལྡན་པ་མཉམ་པར་བཞག་པ་འདི་ལྟ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ལས་སེམས་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་ལྟར་འཕགས་པ་ཉན་ཐོས་སེམས་ཡང་དག་པར་རྣམ་པར་གྲོལ་བ་ཡང་དག་པ་ཉིད་དུ་ཤེས་པར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་ནས། སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་ བའི་བར་དུའོ་ཞེས་གསུངས་སོ། །ཇི་སྐད་དུ་མདོ་ལས་གླང་ཆེན་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་མཉན་ཡོད་ཀྱི་ཤར་གྱི་ཀུན་དགའ་ར་བ་ནི་རི་དགས་དགའ་མའི་མ་དད་པར་ལྷན་ཅིག་གནས་པ་ཚེ་དང་ལྡན་པ་འཆར་ཀ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ དགོངས་ཀ་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ། ཚེ་དང་ལྡན་པ་འཆར་ཀ་ལ་བོས་ནས་ཚུར་ཤོག་ཤར་ཕྱོགས་ཀྱི་རྫིང་བུར་སྐུ་བཀྲུ་བའི་ཕྱིར་བདག་ཅག་འགྲོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཐོས་ནས་ཚེ་དང་ལྡན་པ་འཆར་ཀ་བཙུན་པ་དེ་བཞིན་ནོ་ཞེས་གསོལ་ཏེ། དེ་ནས་ བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་བའི་དགེ་སློང་འཆར་ཀ་དང་ཤར་ཕྱོགས་ཀྱི་རྫིང་བུ་གང་ན་བ་དེར་ཉེ་བར་གཤེགས་ཏེ། ཉེ་བར་གཤེགས་ནས་ཆོས་གོས་དག་དགོན་པའི་མཐའ་ཞིག་ཏུ་བཞག་ནས་ཤར་ཕྱོགས་ཀྱི་རྫིང་བུར་ཞུགས་ཏེ་སྐུ་ཁྲུས་མཛད་ནས་ཤར་ ཕྱོགས་ཀྱི་རྫིང་བུ་ནས་བྱུང་སྟེ་ཆོས་གོས་བརྐྱང་པ་ཞིག་སྐུ་སྐེམས་པར་མཛད་ཅིང་བཞུགས་སོ། །དེའི་ཚེ་ཀོ་ས་ལའི་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཀྱི་གླང་པོ་ཆེ་སེ་ག་ཏོ་ཞེས་བྱ་བ་གླང་པོ་ཆེའི་རྒྱལ་པོ་ཆེན་པོ་རོལ་མོའི་ཆ་བྱད་སྣ་ཚོགས་ཀྱི་སྒྲ་དང་ཤར་ཕྱོགས་ཀྱི་རྫིང་བུར་འོངས་ནས་ཁྲུས་བྱས་ཤིང་ འཐུངས་ནས་འགྲོ་བ་སྐྱེ་བོ་རྣམས་ཀྱིས་མཐོང་ན་འདི་སྐད་དུ་ཀྱེ་མ་གླང་པོ་ཆེ་གླང་པོ་ཆེ་གླང་པོ་ཆེ་ཆེན་པོ་བཟང་ངོ་ཞེས་སྨྲའོ། །ཀོ་ས་ལའི་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཀྱི་གླང་པོ་ཆེ་སེ་ག་ཏོ་ཞེས་བྱ་བ་གླང་པོ་ཆེའི་རྒྱལ་པོ་ཆེན་པོ་རོལ་མོའི་ཆ་བྱད་སྣ་ཚོགས་ཀྱི་སྒྲ་དང་ཤར་ཕྱོགས་ཀྱི་རྫིང་བུར་འོངས་ ནས་ཁྲུས་བྱས་ཤིང་འཐུངས་ནས་འགྲོ་བ་ན་སྐྱེ་བོ་དག་འདི་སྐད་དུ་ཀྱེ་མ་གླང་པོ་ཆེ་གླང་པོ་ཆེ་གླང་པོ་ཆེ་ཆེན་པོ་བཟང་ངོ་ཞེས་སྨྲ་བ་ཚེ་དང་ལྡན་པ་འཆར་བྱེད་ཀྱིས་མཐོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཀོ་སའི་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཀྱི་གླང་པོ་ཆེ་སེ་གཏོ་ཞེས་བྱ་བ་ ནས་གླང་པོ་ཆེ་གླང་པོ་ཆེ་ཆེན་པོ་རབ་ཏུ་བཟང་ངོ་ཞེས་བྱ་བའི་བར་དུ་སྟེ། ཅི་བཙུན་པ་གླང་པོ་ཆེ་གཅིག་པོ་ལུས་སྐྱེས་པ་མཐོང་ནས་སྐྱེ་བོ་དག་གླང་པོ་ཆེ་གླང་པོ་ཆེ་གླང་པོ་ཆེ་ཆེན་པོ་བཟང་ངོ་ཞེས་སྨྲའམ་འོན་ཏེ་གཞན་ཅུང་ཟད་ཅིག་ལ་ཡང་སྨྲ། གླང་པོ་ཆེ་ལུས་ཆེན་པོར་སྐྱེས་པ་སྐྱེ་བོ་དག་གིས་ མཐོང་ནས་འདི་སྐད་དུ་ཀྱེ་མ་གླང་པོ་ཆེ་གླང་པོ་ཆེ་གླང་པོ་ཆེ་ཆེན་པོ་རབ་ཏུ་བཟང་ངོ་ཞེས་སྨྲ་ཞིང་རྟ་དང་ཁྱུ་མཆོག་དང་མ་ཧེ་དང་ར་དང་ལུག་དང་སྦྲུལ་དང་སྐྱེས་བུ་དང་ཤིང་གི་ཕུང་པོ་ཆེན་པོ་མངོན་པར་འཕེལ་བ་སྐྱེ་བོ་རྣམས་ཀྱིས་མཐོང་ནས་འདི་སྐད་དུ་ཀྱེ་མ་གླང་པོ་ཆེ་གླང་པོ་ཆེ་གླང་པོ་ཆེ་ཆེན་པོ་ རབ་ཏུ་བཟང་ངོ་ཞེས་སྨྲ་མོད་ཀྱི། འོན་ཀྱང་འཆར་བྱེད་ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། །ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་ལྷ་དང་མིའི་འཇིག་རྟེན་ན་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱད་པ་མི་བྱེད་པ་དེ་གླང་པོ་ཆེ་ཞེས་ ང་སྨྲ་སྟེ། འཆར་བྱེད་དེ་ལ་དེ་བཞིན་གཤེགས་པ་ནི་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དགེ་སྦྱོང་དང་བྲམ་ཟེར་བཅས་པ་ལྷ་དང་མིའི་འཇིག་རྟེན་ན་ཉེས་པར་སྤྱད་པ་མི་བྱེད་པས་གླང་པོ་ཆེ་ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་འདི་སྙམ་དུ་འགྱུར་ ཏེ། བཅོམ་ལྡན་འདས་ལ་མངོན་སུམ་དུ་གླང་པོ་ཆེའི་དཔེ་ཚིགས་སུ་བཅད་པས་བསྟོད་པར་བྱའོ་སྙམ་ནས་ཚེ་དང་ལྡན་པ་འཆར་ཀས་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་སྤོབས་ལགས་སོ། །བདེ་བར་གཤེགས་པ་སྤོབས་ལགས་སོ། །བཅོམ་ལྡན་འདས་ཀྱིས་འཆར་ཀ་སྤོབས་པར་གྱིས་ཤིག་ཅེས་བཀའ་སྩལ་པ་དང་། དེའི་ཚེ་ཚེ་དང་ལྡན་པ་འཆར་ཀས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །མིར་གྱུར་རྫོགས་ པའི་སངས་རྒྱས་ནི། །དུལ་ཞིང་མཉམ་པར་བཞག་པ་སྟེ། ཚངས་སྤྱོད་ལམ་གྱིས་སྤྱོད་ལམ་དང་། །ཐུགས་ནི་ཤིན་ཏུ་ཉེ་བར་ཞི། །ཆོས་ཀུན་ཕ་རོལ་ཕྱིན་པ་ལ། །གང་ཡང་མི་རྣམས་ཕྱག་བྱེད་ཅིང་། །ལྷ་རྣམས་ཀྱིས་ཀྱང་ཕྱག་བྱས་ཏེ། །དགྲ་བཅོམ་བདག་གིས་འདི་ལྟར་ཐོབ། ། ཀུན་སྦྱོར་ཀུན་ལས་རབ་འདས་ཤིང་། །མྱ་ངན་འདས་པའི་ཕ་རོལ་ཕྱིན། །གསེར་རི་རྡོ་ལས་གྲོལ་བ་ལྟར། །འདོད་པ་ཀུན་ལས་ངེས་པར་འབྱུང་། །རྫོགས་པའི་སངས་རྒྱས་སྒྲ་དབྱངས་ནི། །ཉི་མ་བཞིན་དུ་རབ་ཏུ་གྲགས། །གླང་ཆེན་རྣམས་ཀྱི་ནང་དག་ཏུ། །བདེན་པ་བླ་ན་མེད་པ་ཡིན། ། ལེགས་པར་བསྔགས་དང་རྣམ་མི་འཚེ། །གླང་ཆེན་རྐང་པ་སྔ་མ་གཉིས། །དཀའ་ཐུབ་ཚངས་པར་སྤྱོད་པ་དག། །གླང་ཆེན་རྐང་པ་ཕྱི་མ་གཉིས། །དད་པ་དང་ནི་བཏང་སྙོམས་དག། །གླང་ཆེན་ཆེན་པོའི་མཆེ་བ་དག །དྲན་པ་མགྲིན་པ་ཤེས་རབ་མགོ། །ཆོས་ལ་སེམས་པ་དཔུང་པ་སྟེ། ། རྣམ་པར་འབྱེད་པ་རྒྱབ་ཡིན་ཏེ། །བདེན་པ་རྩིབ་ལོགས་ཁོག་པ་ཆོས། །དབུགས་དབྱུང་རྔུབ་པ་བསམ་གཏན་ཏེ། །ནང་གི་བདག་ཉིད་མཉམ་བཞག་པ། །གླང་ཆེན་གཤེགས་ནའང་མཉམ་པར་བཞག །བཞུགས་ནའང་མཉམ་པར་བཞག་པ་སྟེ། །གླང་ཆེན་མནལ་ན་འང་མཉམ་ པར་གཞག །བཞེངས་ན་འང་མཉམ་པར་གཞག་པ་ཡིན། །ཐམས་ཅད་དུ་ནི་གླང་ཆེན་དག །གླང་ཆེན་གྱིས་ནི་རབ་ཏུ་བསྡུས། །ཁ་ན་མ་ཐོ་རབ་སྤངས་ཤིང་། །ཁ་ན་མ་ཐོ་མེད་པར་སྤྱོད། །གླང་ཆེན་སྤྱོད་ སྤྱོད་ཅིང་རབ་སྤྱོད་དོ། །རྣམ་པར་མ་དཔྱད་པར་མ་ཡིན། །གསོག་འཇོག་རབ་ཏུ་སྤངས་ནས་ནི། །འཚོ་བ་དང་ནི་མནབས་པར་མཛད། །གཞན་གྱིས་བྱིན་པ་ཐམས་ཅད་དུ། །དད་པས་བྱིན་པ་སྤྱོད་པར་མཛད། །འཆིང་བ་ཐམས་ཅད་ཡོངས་བཅད་ཅིང་། །ཕྲ་རྒྱས་ ཐམས་ཅད་རྣམ་པར་སྤངས། །གང་དང་གང་གིས་རབ་བྱུང་བ། །ལྟོས་པ་མེད་པར་རབ་ཏུ་འགྲོ། །ཇི་ལྟར་ཡིད་འོང་བྲི་ལྡན་པ། །པདྨ་དཀར་པོ་མཛེས་པ་དག །ཆུ་ལས་རབ་ཏུ་བྱུང་ཡང་ནི། །ཆུ་ཡིས་རབ་ཏུ་མ་གོས་པ། །དེ་བཞིན་རྫོགས་སངས་འཇིག་རྟེན་སྐྱེས། །འཇིག་རྟེན་སྐྱོན་གྱིས་མ་ གོས་ཏེ། །ཇི་ལྟར་འདམ་སྐྱེས་པདྨ་བཞིན། །ཇི་ལྟར་མེ་དག་འབར་བ་ན། །ཤིང་དང་བྲལ་ན་ཉེ་བར་ཞི། །རྣམ་པར་ཞི་ཞིང་ངེས་འབྱུང་བ། །མྱ་ངན་འདས་པ་ཞེས་བརྗོད་དོ། །རྣམ་པར་ཤེས་བྱའི་དོན་འདི་དག །སྒྲ་དབྱངས་རྣམ་པར་བཤད་ནས་ཤེས། །གླང་ཆེན་གླང་ཆེན་ཞེས་བརྗོད་པ། ། གསལ་བར་བསྟན་པ་གོ་བར་འགྱུར། །འདོད་ཆགས་སྤངས་ཤིང་ཞེ་སྡང་སྤངས། །གཏི་མུག་སྤངས་ཤིང་ཟག་པ་མེད། །ཕུང་པོ་ཡོངས་སུ་སྤངས་པ་ནི། །གླང་ཆེན་མྱ་ངན་འདས་ཞེས་བརྗོད། །ཅེས་གསུངས་སོ། །ལུས་ལ་ཡོངས་སུ་གདུང་མེད་པས། །ཚུལ་ཁྲིམས་ཡང་དག་ བླངས་པ་བདེ། །གཉིད་ལོག་པ་འང་བདེ་བ་སྟེ། །སད་པ་ནའང་འཕེལ་བར་འགྱུར། །ཞེས་གསུངས་སོ། །གང་ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཞེས་བྱ་བ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་ལོ་བཅུ་གཉིས་སྐྱོན་མ་བྱུང་གི་བར་དུ་དགེ་སློང་གི་དགེ་འདུན་ལ་ཚིགས་སུ་ བཅད་པ་གསུམ་གྱིས་སོ་སོར་ཐར་པའི་མདོ་སྟོན་ཏེ། སྡིག་པ་ཅི་ཡང་མི་བྱ་སྟེ། དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་ པ་སྟེ། ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་ཏུ་བསྡོམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ངག་རྣམས་བསུང་ཞིང་ཡིད་རྣམས་རབ་བསྡམས་ཏེ། །ལུས་ཀྱི་མི་དགེ་བ་དག་མི་བྱེད་ཅིང་། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ནས། །དྲང་སྲོང་ གསུངས་པའི་ལམ་ནི་རྟོགས་པར་འགྱུར། །ཞེས་གསུངས་སོ། །མིག་གི་དབང་པོ་སྡོམ་པས་བསྡམས་ཤིང་གནས་སོ་ཞེས་བྱ་བ་ལ། ཇི་ལྟར་རེ་ཞིག་ཚུལ་ཁྲིམས་ཀྱི་ཕུང་པོའི་ཚོགས་ཀྱི་རྒྱུད་ཆགས་གསུམ་པའི་མདོ་དེ་དང་། དེ་ལས་འདོན་པ་ལྟ་བུ་སྟེ། དེ་ཚུལ་ཁྲིམས་ཀྱི་ཕུང་པོ་འདི་དང་ ཡང་དག་པར་ལྡན་ཞིང་ཡིད་དང་དབང་པོའི་སྒོ་བསྲུངས་ཤིང་གནས་ཏེ། དྲན་པས་བསྲུངས་པ་དང་། དྲན་པས་ཤིན་ཏུ་བསྲུངས་པ་དང་། དྲན་པས་རབ་ཏུ་བསྲུངས་ཏེ། མི་གཡེང་བར་སྤྱོད་དོ། །མིག་གིས་གཟུགས་དག་མཐོང་ནས་མཚན་མར་མི་འཛིན་མངོན་རྟགས་སུ་མི་འཛིན་ཅིང་ལྷག་ པར་མིག་གི་དབང་པོ་སྡོམ་པས་བསྡམས་ཤིང་གནས་ཏེ་སྡིག་པ་མི་དགེ་བའི་ཆོས་འཇིག་རྟེན་གྱི་བརྣབ་སེམས་དང་གནོད་སེམས་དང་ཡིད་མི་བདེ་བ་ལས་སེམས་ཟག་པ་དང་བྲལ་ཞིང་དེ་དག་ལས་སེམས་སྡོམ་ཞིང་མིག་གི་དབང་པོ་བསྲུངས་ཏེ། མིག་གི་དབང་པོ་སྡོམ་པས་བསྡམས་ཤིང་ གནས་སོ། །རྣ་བས་སྒྲ་དང་། སྣས་དྲི་དང་། ལྕེས་རོ་དང་། ལུས་ཀྱིས་རེག་བྱ་དང་། ཡིད་ཀྱིས་ཆོས་རྣམ་པར་ཤེས་པ་ནས་མཚན་མར་མི་འཛིན་མངོན་རྟགས་སུ་མི་འཛིན་ཅིང་ལྷག་པར་དབང་པོའི་སྒོ་སྡོམ་པས་བསྡམས་ཤིང་གནས་ཏེ། སྡིག་པ་མི་དགེ་བའི་ཆོས་འཇིག་རྟེན་གྱི་བརྣབ་ སེམས་དང་ཡིད་མི་བདེ་བ་ངག་ལ་སེམས་ཟག་པ་དང་བྲལ་ཞིང་དེ་དག་ལ་སྡོམ་པས་བསྡམས་ཤིང་ཡིད་ཀྱི་དབང་པོ་གསུངས་ཏེ། ཡིད་ཀྱི་དབང་པོ་སྡོམ་པས་བསྡམས་ཤིང་གནས་སོ་ཞེས་གསུངས་སོ། །བླ་མའི་ཆོས་ཁས་བླངས་པས་ནི་སྐྱེ་དགུའི་བདག་མོ་ཞེས་བྱ་བ་ལ། རྣམ་གྲངས་ རྣམ་པར་བཤད་པའི་མཐར་སྐྱེ་དགུའི་བདག་མོ་ཆེན་མོའི་མདོ་ལས་འདོན་ཏེ། ཀུན་དགའ་བོ་འོན་ཀྱང་ངས་བུད་མེད་ཀྱི་ཚོགས་ཡོངས་སུ་བསྲུང་བ་དང་། ཡོངས་སུ་མི་འདའ་བ་དང་། གང་ལས་བུད་མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ་སློབ་པར་བྱེད་པར་འགྱུར་བ་བླ་མའི་ཆོས་རྣམ་པ་བརྒྱད་ བཅའ་བར་བྱ་སྟེ། ཀུན་དགའ་བོ་དཔེར་ན། ཁྱིམ་བདག་ཞིང་པ་དག་དབྱར་འདས་པའི་འོག་ཏུ་སྟོན་གྱི་དུས་ན་ཆུ་ཡོངས་སུ་བསྲུངས་ཤིང་ཡོངས་སུ་མི་འདའ་བར་བྱ་བའི་དོན་དུ་ཆུ་བོའི་འགྲམ་མམ་གཙང་པོའི་འགྲམ་དུ་ཆུ་ལོན་དག་འཆིང་བར་བྱེད་དེ། ཀུན་དགའ་བོ་དེ་ བཞིན་དུ་ངས་བུད་མེད་ཀྱི་ཚོགས་རྣམས་ཡོངས་སུ་བསྲུང་བ་དང་ཡོངས་སུ་མི་འདའ་བ་དང་། གང་གིས་བུད་མེད་ཀྱི་ཚོགས་རྣམས་ཇི་སྲིད་འཚོའི་བར་དུ་སློབ་པར་བྱེད་པར་འགྱུར་བ་བླ་མའི་ཆོས་རྣམ་པ་བརྒྱད་བཅའ་བར་བྱ་སྟེ། བརྒྱད་གང་ཞེ་ན། ཀུན་དགའ་བོ་བུད་མེད་ཀྱི་ཚོགས་དག་ གིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་དགེ་སློང་དག་ལས་བླང་བར་བྱ་སྟེ། ཀུན་དགའ་བོ་འདི་ངས་ནི་བུད་མེད་ཀྱི་ཚོགས་ཡོངས་སུ་བསྲུང་བ་དང་ཡོངས་སུ་མི་འདའ་བར་བྱ་བ་དང་། གང་ལས་བུད་མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ་སློབ་པར་བྱེད་པར་འགྱུར་ བ་བླ་མའི་ཆོས་དང་པོའོ། །ཀུན་དགའ་བོ་དགེ་སློང་མས་དགེ་སློང་མ་དག་ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་དང་རྗེས་སུ་བསྟན་པས་བླང་བར་བྱ་སྟེ། འདི་ནི་བུད་མེད་ཀྱི་ཚོགས་ཡོངས་སུ་བསྲུང་ཞིང་ཡོངས་སུ་མི་འདའ་བ་དང་། གང་ལས་བུད་མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ་སློབ་པར་ བྱེད་པར་འགྱུར་བ་བླ་མའི་ཆོས་བཅས་པ་གཉིས་པའོ། །ཀུན་དགའ་བོ་དགེ་སློང་མེད་པའི་གནས་སུ་དགེ་སློང་མ་དབྱར་གནས་པའི་ཕྱིར་འགྲོ་བར་མི་བྱ་སྟེ། འདི་ནི་བུད་མེད་ཀྱི་ཚོགས་ཡོངས་སུ་བསྲུང་བ་དང་། ཡོངས་སུ་མི་འདའ་བ་དང་། གང་ལས་བུད་མེད་ཀྱི་ཚོགས་ཇི་སྲིད་ འཚོའི་བར་དུ་སློབ་པར་བྱེད་པར་འགྱུར་བ་བླ་མའི་ཆོས་བཅས་པ་གསུམ་པའོ། །དབྱར་གནས་པའི་འོག་ཏུ་དགེ་སློང་མས་མཐོང་བ་དང་ཐོས་པ་དང་དྲན་པའི་གནས་རྣམ་པ་གསུམ་གྱིས་གཉི་གའི་དགེ་འདུན་ལ་དགག་དབྱེ་བྱ་བ་སྟེ། ཀུན་དགའ་བོ་ངས་འདི་ནི་བུད་མེད་ཀྱི་ཚོགས་ ཡོངས་སུ་བསྲུང་ཞིང་། ཡོངས་སུ་མི་འདའ་བ་དང་། གང་ལས་བུད་མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ་སློབ་པར་བྱེད་པར་འགྱུར་བ་བླ་མའི་ཆོས་བཅས་པ་བཞི་པའོ། །ཀུན་དགའ་བོ་དགེ་སློང་མས་དགེ་སློང་ལ་རྩོད་པར་མི་བྱ་བ་དང་། ཚུལ་ཁྲིམས་ཀྱི་སྐྱོན་དང་། ལྟ་བའི་སྐྱོན་དང་། དཔྱོད་པའི་སྐྱོན་དང་འཚོ་བའི་སྐྱོན་དྲན་པར་མི་བྱ་བ་དང་། དགེ་སློང་མས་དགེ་སློང་ལ་རྩོད་པ་དང་། ཚུལ་ཁྲིམས་ཀྱི་སྐྱོན་དང་ལྟ་བའི་སྐྱོན་དང་། དཔྱོད་པའི་སྐྱོན་དང་། འཚོ་བའི་སྐྱོན་དྲན་པར་བྱེད་པ་ནི་དགག་པར་བྱ་བ་དག་གོ། །དགེ་སློང་གིས་དགེ་སློང་མ་ལ་རྩོད་པ་དང་ཚུལ་ཁྲིམས་ཀྱི་ སྐྱོན་དང་ལྟ་བའི་སྐྱོན་དང་དཔྱོད་པའི་སྐྱོན་དང་འཚོ་བའི་སྐྱོན་དྲན་པར་མི་བྱེད་པ་ནི་དགག་པ་མ་ཡིན་ནོ། །ཀུན་དགའ་བོ་འདི་ནི་ངས་བུད་མེད་ཀྱི་ཚོགས་ཡོངས་སུ་བསྲུང་ཞིང་ཡོངས་སུ་མི་འདའ་བ་དང་གང་ལས་བུད་མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ་སློབ་པར་བྱེད་པར་འགྱུར་བ་བླ་མའི་ཆོས་བཅས་ པ་ལྔ་པའོ། །ཀུན་དགའ་བོ་དགེ་སློང་ལ་དགེ་སློང་མས་ཁྲོ་བར་མི་བྱ་ཞིང་སྨྲ་བར་མི་བྱ་སྟེ། དགེ་སློང་ལ་དགེ་སློང་མས་རྩོད་ཅིང་ཁྲོ་ལ་སྨྲ་བར་བྱེད་པ་བཀག་པ་སྟེ། ཀུན་དགའ་བོ་འདི་ནི་ངས་བུད་མེད་ཀྱི་ཚོགས་ཡོངས་སུ་བསྲུང་ཞིང་ཡོངས་སུ་མི་འདའ་བར་བྱ་བ་དང་། གང་ལས་བུད་ མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ་སློབ་པར་བྱེད་པར་འགྱུར་བ་བླ་མའི་ཆོས་བཅས་པ་དྲུག་པའོ། །ཀུན་དགའ་བོ་དགེ་སློང་མ་བླ་མའི་ཆོས་ལས་འདས་ནས་ཟླ་བ་ཕྱེད་དུ་གཉི་གའི་དགེ་འདུན་མགུ་བ་སྤྱད་པར་བྱ་བ་སྟེ། ཀུན་དགའ་བོ་འདི་ནི་ངས་བུད་མེད་ཀྱི་ཚོགས་ཡོངས་སུ་བསྲུང་ཞིང་ ཡོངས་སུ་མི་འདའ་བར་བྱ་བ་དག་ལས་གང་བུད་མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ་སློབ་པར་བྱེད་པར་འགྱུར་བ་བླ་མའི་ཆོས་བཅས་པ་བདུན་པའོ། །དགེ་སློང་མ་ལོ་བརྒྱ་ལོན་པས་ཀྱང་དེ་རིང་བསྙེན་པར་རྫོགས་པའི་དགེ་སློང་ལ་མངོན་པར་བརྗོད་ཅིང་ཕྱག་འཚལ་བ་དང་། སྟན་ལས་ ལྡང་བ་དང་། འདུད་པའི་ལས་དག་བྱ་བ་སྟེ། ཀུན་དགའ་བོ་འདི་ནི་ངས་བུད་མེད་ཀྱི་ཚོགས་ཡོངས་སུ་བསྲུང་ཞིང་ཡོངས་སུ་མི་འདའ་བ་དང་། གང་ལས་བུད་མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ་སློབ་པར་བྱེད་པར་འགྱུར་བ་བླ་མའི་ཆོས་བཅས་པ་བརྒྱད་པའོ། །ཀུན་དགའ་བོ་སྐྱེ་ དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་གལ་ཏེ་བླ་མར་གྱུར་པའི་ཆོས་བརྒྱད་པོ་འདི་དག་ཡང་དག་པར་བསྒྲུབས་ན་དེ་ཉིད་ཀྱིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ ཞིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་སྟེ། སྐྱེ་དགུའི་བདག་མོ་གཽ་ཏ་མཱི་གང་ན་བ་དེར་སོང་སྟེ་ཉེ་བར་སོང་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་འདི་སྐད་ཅེས་སྨྲས་སོ། ། གཽ་ཏ་མཱི་བུད་མེད་ཀྱི་ཚོགས་ཀྱིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོ་རྙེད་མོད་ཀྱི་འོན་ཀྱང་བཅོམ་ལྡན་འདས་ཀྱིས་བུད་མེད་ཀྱི་ཚོགས་ཡོངས་སུ་བསྲུང་ཞིང་ཡོངས་སུ་མི་འདའ་བར་བྱ་བ་དང་། གང་ལས་བུད་མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ་སློབ་པར་འགྱུར་བ་ བླ་མའི་ཆོས་བརྒྱད་བཅས་པ་དེ་ཉོན་ཅིག་དང་བཤད་པར་བྱའོ་ཞེས་གསུངས་སོ། །ཕོ་ཉས་ནི་ཆོས་སྦྱིན་ནོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །མཉན་ཡོད་ན་ཁྱིམ་བདག་རི་དགས་དང་སྦྱིན་པ་ཞེས་བྱ་བ་གཉིས་གནས་ཏེ། དེ་གཉིས་བཤེས་པོར་གྱུར་པ་ནས། ཇི་སྲིད་དུ་མ་སྐྱེས་ པའི་གཉེན་འབྲེལ་བྱས་པའི་བར་དུ་སྟེ། རི་དགས་རྩེ་ཞིང་དགའ་བ་དང་ཡོངས་སུ་སྤྱོད་པར་བྱེད་པ་ལས་བུ་ཕོ་ཅིག་བཙས་ཏེ། དེས་དེའི་མིང་ས་ག་ཞེས་བཏགས་སོ། །སྦྱིན་པས་རི་དགས་ལ་བུ་ཕོ་གཅིག་སྐྱེས་སོ་ཞེས་ཐོས་ནས་བདག་གི་བཤེས་པོ་ལ་བུ་ཕོ་སྐྱེས་པ་དེ་བདག་གི་མག་ པར་འགྱུར་བའི་གནས་ཡོད་དོ་ཞེས་ཡང་དག་པར་རིག་ནས་དེས་དེ་ལ་གོས་དང་རྒྱན་དག་བསྐུར་རོ། །སྦྱིན་པ་རྩེ་ཞིང་དགའ་བ་དང་ཡོངས་སུ་སྤྱོད་པར་བྱེད་པ་ལས་བུ་མོ་ཞིག་བཙས་སོ། །གང་གི་ཚེ་དགེ་སློང་མ་དག་དེར་ཞུགས་ཏེ་ཆོས་སྟོན་པར་བྱེད་པ་དེའི་ཚེ་བུ་མོ་དེ་རྣ་བ་གཏད་དེ་ཆོས་ ཉན་པར་བྱེད་དོ། །དེའི་གཉེན་གྱི་ཚོགས་དག་འདུས་ཏེ། བུ་མོ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་པ་ན་བུ་མོ་འདི་ཆོས་འདོན་ཅིང་རྣ་བ་གཏད་དེ་ཆོས་ཉན་པར་བྱེད་ལ་ཁྱིམ་བདག་སྦྱིན་པའི་ཁྱིམ་དུ་སྐྱེས་པས་ཆོས་སྦྱིན་ཞེས་གདགས་སོ་ཞེས་ཆོས་སྦྱིན་དུ་བཏགས་སོ། ། ཁྱིམ་བདག་སྦྱིན་པ་ལ་བུ་མོ་ཞིག་སྐྱེས་སོ་ཞེས་རི་དགས་ཀྱིས་ཐོས་ནས་བདག་གི་བཤེས་པོ་ལ་བུ་མོ་སྐྱེས་པ་གང་ཡིན་པ་དེ་ནི་བདག་གི་མནའ་མར་འགྱུར་བའི་གནས་ཡོད་དོ་ཞེས་ཡང་དག་པར་རིག་ནས་དེས་དེ་ལ་གོས་དང་རྒྱན་དག་བསྐུར་རོ། །ཆོས་སྦྱིན་གསོས་ཤིང་བསྐྱེད་པ་ ལས་ཆེར་སྐྱེས་པ་དང་། དེ་ཕ་དང་མའི་དྲུང་དུ་སོང་ནས་སྨྲས་པ། ཡབ་ཡུམ་མཁྱེན་པར་མཛོད་ཅིག །བདག་ནི་དད་པས་ཡང་དག་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་། །དེ་གཉིས་ཀྱིས་སྨྲས་པ། ཁྱེད་མ་སྐྱེས་པར་ངེད་ཅག་གིས་རི་དགས་ཀྱི་བུ་ལ་སྦྱིན་ཟིན་གྱིས་ཁྱོད་ རང་ལ་དབང་མེད་དོ། །དེ་ན་དགེ་སློང་མ་ཨུཏྤ་ལའི་མདོག་ཡང་དང་ཡང་དུ་ཆོས་སྟོན་པར་བྱེད་དེ། དེ་ལ་ཆོས་སྦྱིན་གྱིས་སྨྲས་པ། འཕགས་མ་བདག་དད་པས་ཡང་དག་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་འདོད་ན་ཕ་དང་མས་མ་གནང་གིས། ཁྱོད་ཀྱིས་བདག་འདི་ཉིད་དུ་མ་ ཚོར་བར་རབ་ཏུ་དབྱུང་དུ་གསོལ། དེས་སྨྲས་པ། བཅོམ་ལྡན་འདས་ལ་དྲིའོ་ཞེས་དེས་རྣམ་པ་དེ་དག་དགེ་སློང་རྣམས་ལ་བསྙད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཨུཏྤ་ལའི་ཕོ་ཉས་ཆོས་སྦྱིན་རབ་ཏུ་ དབྱུང་བར་བྱ་ཞེས་ཆོས་སྦྱིན་གནས་དེ་ན་གནས་བཞིན་དུ་གསུམ་ལ་སྐྱབས་སུ་འགྲོ་བ་དང་དགེ་བསྙེན་གྱི་སྡོམ་པ་སྦྱིན་པར་བྱའོ། །དེས་ཁྱོད་ལ་དགེ་འདུན་གྱིས་གསུམ་ལ་སྐྱབས་སུ་འགྲོ་བ་སྦྱིན་ཞིང་དགེ་བསྙེན་གྱི་སྡོམ་པ་དག་བྱིན་གྱིས་ཁྱོད་གོ་རིམས་བཞིན་དུ་རབ་ཏུ་བྱུང་བ་ཉིད་དུ་འགྱུར་ རོ་ཞེས་སྨྲས་སོ། །དེ་ལ་ཆོས་གོས་བསྐོན་ནས་ཨུཏྤ་ལའི་མདོག་གིས་ཆོས་བསྟན་པ་དང་རབ་ཏུ་བྱུང་བ་ཙམ་གྱིས་ཆོས་སྦྱིན་གྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཨུཏྤ་ལའི་མདོག་གིས་བཅོམ་ལྡན་འདས་ལ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཨུཏྤ་ལའི་མདོག་ཕོ་ཉར་བྱས་ཏེ་ཆོས་སྦྱིན་ལ་བསླབ་པ་སྦྱིན་པར་བྱ་ཞིང་ཆོས་སྦྱིན་གནས་དེ་ན་གནས་པ་དེ་ཉིད་དུ་བསླབ་པ་སྦྱིན་པར་བྱའོ། །ཨུཏྤ་ལའི་མདོག་སོང་ནས་ཆོས་སྦྱིན་ལ་སྨྲས་ཤིང་བསླབ་པ་སྦྱིན་ཏེ་ཆོས་བསྟན་པ་དང་། དེས་ལན་ཅིག་ཕྱིར་འོང་བའི་འབྲས་ བུ་མངོན་སུམ་དུ་བྱས་སོ། །ཨུཏྤ་ལའི་མདོག་གིས་བཅོམ་ལྡན་འདས་ལ་ཆོས་སྦྱིན་གྱིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུཏྤ་ལའི་མདོག་ཕོ་ཉར་བྱས་ཏེ། ཆོས་སྦྱིན་ལ་ཚངས་པར་སྤྱོད་པ་ ཡོངས་སུ་རྫོགས་པ་སྦྱིན་པར་བྱ་ཞིང་ཆོས་སྦྱིན་གནས་དེ་ཉིད་ན་གནས་བཞིན་དུ་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར་བ་སྦྱིན་པར་བྱའོ། །ཨུཏྤ་ལའི་མདོག་སོང་སྟེ་སྨྲས་ཤིང་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་བྱིན་ཞིང་ཆོས་བསྟན་པ་དང་། དེས་ ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཨུཏྤ་ལའི་མདོག་གིས་བཅོམ་ལྡན་འདས་ལ་ཆོས་སྦྱིན་གྱིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུཏྤ་ལའི་མདོག་ཕོ་ཉར་བྱས་ཏེ་ཆོས་སྦྱིན་ལ་བསྙེན་ པར་རྫོགས་པ་སྦྱིན་པར་བྱ་ཞིང་ཆོས་སྦྱིན་ཁྱིམ་གྱི་གནས་དེ་ཉིད་ན་གནས་བཞིན་དུ་བསྙེན་པར་རྫོགས་པར་བྱའོ། །ཨུཏྤ་ལའི་མདོག་སོང་ནས་དགེ་འདུན་གྱིས་ཁྱོད་ལ་བསྙེན་པར་རྫོགས་པར་བྱིན་ནོ་ཞེས་ཆོས་སྦྱིན་ལ་སྨྲས་ཤིང་ཆོས་བསྟན་པ་དང་། དེས་དགྲ་བཅོམ་པའི་འབྲས་བུ་ མངོན་སུམ་དུ་བྱས་སོ། །དགྲ་བཅོམ་པ་ཁྱིམ་གྱི་ནང་དུ་གནས་པ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་ལ་སོག་འཇོག་གིས་ཡོངས་སུ་ལོངས་སྤྱོད་ཅིང་འདོད་པ་སྤྱོད་པ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་པས་དེས་ཕ་དང་མ་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ་མཆིས་ལགས་སོ་ ཞེས་སྨྲས་སོ། །བུ་མོ་རེ་ཞིག་སྡོད་གོ་རིམས་བཞིན་བྱ་ཞེས་ནས་སྦྱིན་པས་སངས་རྒྱས་དགེ་སློང་གི་དགེ་འདུན་དང་ལྷན་ཅིག་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་ཏེ། ས་ག་ལ་ཡང་ཕྲིན་བསྐུར་བ། འདི་ནས་ཆོས་སྦྱིན་འགྲོ་ཞིང་འདུག་པ། གལ་ཏེ་ནུས་པ་ཡོད་ན་ཟུང་ཅིག །དེ་ཡང་འཁོར་དང་བཅས་ པ་འོངས་ཏེ་སྒོ་དྲུང་ན་འདུག་གོ །བཅོམ་ལྡན་འདས་གདུགས་ཚོད་གསོལ་ནས་ཆོས་བསྟན་ཏེ་གཤེགས་སོ། །ཆོས་སྦྱིན་ཕྱི་ནས་ཆ་བར་བརྩམས་པ་དང་། ས་གས་ཆོས་སྦྱིན་གཟུང་བར་བྱ་བའི་ཕྱིར་ལག་པ་བརྐྱང་བ་དང་། དེ་ནམ་མཁའ་ལ་མངོན་པར་འཕགས་ཏེ། འབར་བ་དང་། སྲེག་པ་ དང་། གློག་འབྱིན་པ་དང་ཆར་འབེབས་པ་དང་རྫུ་འཕྲུལ་བྱ་བར་བརྩམས་པ་དང་། དེ་སེམས་མངོན་པར་དད་ནས་འཕགས་མ་ཁྱོད་འདི་ལྟ་བུའི་ཡོན་ཏན་གྱི་ཆོས་ལྷག་པར་རྟོགས་སམ་ཞེས་སྨྲས་ཏེ། དེས་དེ་ལ་ཇི་སྲིད་འཚོའི་བར་དུ་ཉེ་བར་མཁོ་བ་ཐམས་ཅད་ཕུལ་ལོ། །རང་བྱུང་གི་བསྙེན་པར་ རྫོགས་པ་ནི་དཔེ་བརྗོད་གསལ་པོ་མ་རྙེད་པས་མ་བྲིས་སོ། །དགེ་སློང་འོད་སྲུངས་ཆེན་པོ་ནི་འདུལ་བ་ལས་བཤད་དོ། །ལེགས་སྦྱིན་ནི་སྙིགས་མ་ལྔའི་མདོ་ལས་སོ། །སྡེ་བཟང་དྲུག་ཅུའི་ཚོགས་ནི་རེག་པ་དྲུག་པ་ལས་འདོན་ཏེ། དེའི་དྲུག་པ་དང་བཞི་པའི་མདོ་ལས་སོ། །ཉིན་ཞག་གཅིག་ པ་ནི་མདོ་ལས་བཤད་དེ་ཞེས་བྱ་བ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་འཕགས་པའི་ལམ་ཡན་ལག་བརྒྱད་དང་ཡང་དག་པར་ལྡན་པའི་གསོ་སྦྱོང་དག་ཡང་དག་པར་བསྟན་པར་བྱ་ཡིས། དེ་ལེགས་པར་ཉོན་ཞེས་བྱ་བ་ནས། བཤད་པར་བྱའོ་ཞེས་བྱ་བའི་བར་དུའོ། ། འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་གང་ཞེ་ན། འདི་ན་འཕགས་པ་ཉན་ཐོས་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ལ་གནས་པར་འདོད་པ་དག་ལ་ཡན་ལག་བརྒྱད་པ་སྦྱིན་པར་བྱ་སྟེ། བརྒྱད་གང་ཞེ་ན། ཇི་ལྟར་དགྲ་བཅོམ་པ་དག་ཇི་ སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་ལོག་པ་དང་། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ་ངོ་ཚ་བ་དང་བཅས་པས་སེམས་ཅན་སྲོག་ཆགས་འབྱུང་པོར་གྱུར་པ་ཡན་ཆད་ཀྱི་སྲོག་ཉེ་བར་བཟུང་སྟེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ ཞེས་བྱ་བ་དུས་འདི་ནས་བཟུང་སྟེ། མཚན་མོ་འདས་ཤིང་ཉི་མ་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤོང་ཞིང་སྲོག་གཅོད་པ་ལས་སླར་ལོག་སྟེ། ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པ་ལ་རྗེས་སུ་སློབ་པོ་རྗེས་སུ་བསྒྲུབ་པོ། །གཞན་ཡང་ཇི་ལྟར་དགྲ་ བཅོམ་པ་དག་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་སྤངས་ཤིང་མ་སྦྱིན་པར་ལེན་པ་ལས་ལོག །སྦྱིན་པ་པོའི་སྦྱིན་པ་དང་སྦྱིན་པ་བར་པ་དག་ལ་འདོད་ཅིང་མི་རྒྱུ་ལ་སེར་སྣ་མེད་ཅིང་དག་ཅིང་གཙང་ལ་བདག་ཉིད་ཡོངས་སུ་བསྲུངས་ཏེ། མ་བྱིན་པར་ལེན་པ་སྤངས་ཏེ་མ་བྱིན་པར་ལེན་པ་ལས་ ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བྱ་བ་མ་བྱིན་པར་ལེན་པ་སྤངས་ཤིང་མ་བྱིན་པར་ལེན་པ་ལས་ལོག་སྟེ། ཡན་ལག་གཉིས་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པ་ལ་རྗེས་སུ་སློབ་པོ། །རྗེས་སུ་བསྒྲུབ་པོ། །གཞན་ཡང་དགྲ་བཅོམ་པ་དག་ཇི་སྲིད་འཚོའི་ བར་དུ་མི་ཚངས་པར་སྤྱོད་པ་སྤངས་ཤིང་མི་ཚངས་པར་སྤྱོད་པ་ལས་ལོག་ཅིང་ཚངས་པར་སྤྱོད་པ་དགའ་བར་སྤྱོད་ཅིང་དག་པ་དང་གཙང་བར་སྤྱོད་པ་དང་ལྡན་པ་འགྲོ་བའི་ཆོས་སྤངས་ཤིང་ལོག་པར་གཡེམ་པ་དང་བྲལ་བ་དང་མི་ཚངས་པར་སྤྱོད་པ་སྤངས་ཏེ་མི་ཚངས་པར་སྤྱོད་པ་ ལས་སླར་ལོག་པ་དེ་བཞིན་དུ་ཞེས་བྱ་བ་ནས་བདག་མིང་འདི་ཞེས་བྱ་བ་ཞེས་བྱ་བ་ནས། ཡན་ལག་གསུམ་པའོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུའོ། །གཞན་ཡང་དགྲ་བཅོམ་པ་དག་བརྫུན་དུ་སྨྲ་བ་སྤངས་ཤིང་བརྫུན་དུ་སྨྲ་བ་ལས་སླར་ལོག་པ་དད་པ། ཡིད་ཆེས་པ་དང་བརྟན་པ་དང་འཇིག་ རྟེན་ལ་སྒྲོ་མི་འདོགས་ཤིང་བརྫུན་དུ་སྨྲ་བ་སྤངས་ཤིང་། བརྫུན་དུ་སྨྲ་བ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བྱ་བ་ཞེས་བྱ་བ་ནས་ཡན་ལག་བཞི་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །གཞན་ཡང་དགྲ་བཅོམ་པ་དག་ཇི་སྲིད་འཚོའི་བར་དུ་མྱོས་པར་འགྱུར་བ་བག་མེད་པའི་ གནས་སྤངས་ཤིང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བྱ་བ་ཞེས་བྱ་བ་ནས། ཡན་ལག་ལྔ་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །གཞན་ཡང་ཇི་ལྟར་དགྲ་བཅོམ་པ་དག་ཇི་སྲིད་འཚོའི་བར་དུ་མལ་སྟན་མཐོན་པོ་དང་མལ་སྟན་ཆེན་པོ་དང་། དྲི་ དང་། ཕྲེང་བ་དང་། གར་དང་ཁ་དོག་སྒྱུར་བ་སྤངས་ཏེ་ཞེས་བྱ་བ་ནས། ཡན་ལག་དྲུག་པ་འདིས་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུའོ། །གཞན་ཡང་དགྲ་བཅོམ་པ་དག་ཇི་སྲིད་འཚོའི་བར་དུ་གླུ་གར་དང་རོལ་མོ་སྤངས་ཏེ་གླུ་གར་དང་རོལ་མོ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་ བྱ་བ་ནས། ཡན་ལག་བདུན་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །གཞན་ཡང་དགྲ་བཅོམ་པ་དག་ཇི་སྲིད་འཚོའི་བར་དུ་དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ་དུས་མ་ཡིན་པའི་ཁ་ཟས་ལས་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བྱ་བ་ནས་དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ་དུས་མ་ཡིན་པའི་ཁ་ཟས་ ལས་སླར་ལྡོག་སྟེ། ཡན་ལག་བརྒྱད་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གིས་རྗེས་སུ་སློབ་བོ་རྗེས་སུ་བསྒྲུབ་བོ། །ལན་གཉིས་ལན་གསུམ་དུ་བརྗོད་པར་བྱ་སྟེ། འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ཞེས་བྱའོ་ཞེས་གསུངས་སོ། །ཤན་པ་དང་བྱི་ བ་བྱེད་པ་ཉིན་པར་དང་མཚན་མོ་ཞེས་བྱ་བ་ལ། འདུལ་བའི་ཀོ་ལྤགས་ཀྱི་གཞི་ལས་འདོན་པ་ལྟ་བུ་སྟེ། རྒྱ་མཚོའི་ངོས་སུ་དོན་མཐུན་དང་བྲལ་ཞིང་ཉམས་པའི་རྣ་བ་བྱེ་བ་རི་ཡི་དགས་ཀྱི་གྲོང་གཉིས་སུ་ཞུགས་ཤིང་དེ་ལས་ཡང་དག་པར་འདས་པ་ནས་ཇི་སྲིད་དུ་ཉི་མ་ནུབ་པ་ན་གཞལ་ཡས་ཁང་ ཅིག་མཐོང་སྟེ། དེ་ན་བུད་མེད་མཛེས་པ་གཟུགས་བཟང་བ་བཞི་དང་། སྐྱེས་བུ་མཛེས་པ་གཟུགས་བཟང་བ་བལྟ་ན་སྡུག་པ་ཡན་ལག་གི་རྒྱན་དང་། རྣ་ཆ་དང་། ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་ཅིང་ཀླུབས་པ་ན་འདུག་སྟེ། དེ་དག་དང་ལྷན་ཅིག་རྩེ་ཞིང་དགའ་ལ་ཡོངས་སུ་སྤྱོད་པར་བྱེད་དོ། ། དེ་དག་གིས་དེ་རིང་པོ་ནས་འོང་བ་མཐོང་ནས་དེ་ལ་སྨྲས་པ། བྱེ་བ་རི་བདེ་བར་འོངས་པ་ལེགས་སོ། །མི་ལྟོགས་སམ་མི་སྐོམ་མམ་ཞེས་སྨྲས་སོ། །དེ་འདི་སྙམ་དུ་ཅི་འདི་ངེས་པར་ན་ལྷའམ་ཀླུའམ་གནོད་སྦྱིན་ཞིག་ཡིན་སྙམ་ནས། སྨྲས་པ་བདག་ལྟོགས་ཤིང་སྐོམ་མོ། །དེ་དག་གིས་དེ་ལ་ ཁྲུས་བྱས་ཤིང་ཟན་བྱིན་ཏེ། དེ་གཞལ་ཡས་ཁང་དེ་ཉིད་ན་འདུག་པ་ནས་ཅི་ཙམ་ན་ཉི་མ་ཤར་བའི་དུས་ན། དེ་དག་གིས་དེ་ལ་སྨྲས་པ། བྱེ་བ་རི་སོང་ཤིག་འདིར་གནོད་པ་དག་འབྱུང་བར་འགྱུར་རོ། །དེ་དེ་ནས་བྱུང་ནས་ཕྱོགས་གཅིག་ཏུ་སོང་སྟེ་འདུག་པ་དང་། དེའི་རྗེས་ལ་ཉི་མ་ཤར་བའི་ དུས་ན། གཞལ་ཡས་ཁང་དེ་ནུབ་པར་གྱུར་ཅིང་བུད་མེད་བཞི་པོ་ནུབ་ནས་ཁྲོ་ཞིང་སྲེ་བའི་ཁྱི་བཞི་བྱུང་བར་གྱུར་ཏེ། དེ་དག་གིས་དེའི་མགོ་ཐུར་དུ་བསྟན་ཏེ་ཇི་སྲིད་དུ་སོས་བཅད་ཅིང་དུམ་བུ་དུམ་བུར་ཟོས་པ་ནས་ཇི་ཙམ་དགོངས་ཀ་ཉི་མ་ནུབ་པའི་དུས་ན་གཞལ་ཡས་ཁང་ཡང་ཕྱིར་བྱུང་ཞིང་བུད་མེད་ བཞི་པོ་ཡང་བྱུང་བར་གྱུར་ཏེ། སྐྱེས་བུ་དེ་ཡང་མཛེས་པ་གཟུགས་བཟང་བ་བལྟ་ན་སྡུག་པ་ཡན་ལག་གི་རྒྱན་དང་རྣ་ཆ་དང་ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་ཅིང་ཀླུབས་པར་གྱུར་ཏེ། དེ་དེ་དག་དང་ལྷན་ཅིག་རྩེ་ཞིང་དགའ་ལ་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་དེ་དག་གི་དྲུང་དུ་སོང་སྟེ། ཀྱེ་ཁྱེད་ཅག་གིས་ལས་ ཅི་ཞིག་བྱས་ནས་འདིར་སྐྱེས། དེ་དག་གི་སྨྲས་པ། བྱེ་བ་རི་འཛམ་བུའི་གླིང་གི་མི་རྣམས་ནི་ཡིད་ཆེས་པར་དཀའ་བ་ཡིན་པས་དད་པར་མི་འགྱུར་རོ། །དེས་སྨྲས་པ། ངས་མངོན་སུམ་དུ་མཐོང་ན་ཅིའི་ཕྱིར་དད་པར་མི་འགྱུར། དེ་དག་གིས་སྨྲས་པ། བྱེ་བ་རི་བདག་གྲོང་གི་ཤན་པར་གྱུར་ནས་ ལུག་དག་བསད་ཅིང་བཙོངས་ཤིང་བསྒྱུར་ཏེ་འཚོ་བར་བྱེད་པ་ལས་འཕགས་པ་ཀཱ་ཏྱཱ་ཡ་ན་བདག་ལ་ཐུགས་བརྩེ་བས་འོངས་ཏེ་སྨྲས་པ། བཞིན་བཟངས་ཆོས་མ་ཡིན་པ་སྡིག་པ་ཅན་གྱི་ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་ནི་མི་འདོད་ཅིང་མི་སྡུག་པ་ཡིན་ནོ་ཞེས་སྨྲས་ ཀྱང་བདག་གིས་དེའི་ཚིག་མ་མཉན་ནོ། །དེ་ཡང་ཡང་དགོངས་ཤིང་བསྐུལ་ཏེ། བཞིན་བཟངས་ཆོས་མ་ཡིན་པ་སྡིག་པ་ཅན་གྱི་ལས་འདིའི་འབྲས་བུ་ནི་མི་འདོད་པ་ཡིན་ནོ་ཞེས་སྨྲས་ཀྱང་བདག་གིས་དེའི་ཚིག་མ་མཉན་པ་དང་། དེས་སྨྲས་པ། བཞིན་བཟངས་ཁྱོད་ལུག་དག་ཉིན་པར་གསོད་ དམ་འོན་ཏེ་མཚན་མོ། །བདག་གིས་སྨྲས་པ། འཕགས་པ་ཉིན་པར་རོ་ཞེས་སྨྲས་སོ། །དེས་སྨྲས་པ། མཚན་མོ་བདག་ལ་ཚུལ་ཁྲིམས་དག་ལོང་ཤིག །བདག་གིས་དེ་ལ་མཚན་མོ་ཚུལ་ཁྲིམས་དག་བླངས་སོ། །དེ་ལས་དེའི་རྣམ་པར་སྨིན་པ་ནི་མཚན་མོ་འདི་ལྟ་བུའི་བདེ་བ་དག་ཉམས་ སུ་མྱོང་ངོ་། གང་ཉིན་པར་ལུག་དག་བསད་པའི་ལས་དེའི་རྣམ་པར་སྨིན་པས་ཉིན་པར་རྣམ་པ་འདི་ལྟ་བུའི་སྡུག་བསྔལ་དག་ཉམས་སུ་མྱོང་ངོ་ཞེས་ཚིགས་སུ་བཅད་པ་སྨྲས་པ། ཉིན་པར་གཞན་གྱི་སྲོག་བཅད་ཅིང་། །མཚན་མོའི་ཚུལ་ཁྲིམས་ཡོན་ཏན་ལྡན། །དེ་དག་ལས་དེའི་འབྲས་ བུ་ནི། །བདེ་དང་མི་བདེ་ཉམས་སུ་མྱོང་། །བྱེ་བ་རི་ཁྱོད་གྲོང་དུ་འགྲོ་བ་ན། །དེ་ན་ངའི་བུ་ཤན་པ་ཡོད་ཀྱིས་དེ་ལ་འདི་སྐད་ཅེས་སྨྲོས་ཤིག །ངས་ཁྱེད་ཅག་གི་ཕ་མཐོང་སྟེ། དེ་འདི་སྐད་དུ་ཆོས་མ་ཡིན་པ་སྡིག་པ་ཅན་གྱི་ལས་འདིའི་འབྲས་བུ་ནི་མི་འདོད་པ་དང་མི་སྡུག་པ་ཡིན་ནོ་ཞེས་སྨྲའོ། ། དེས་སྨྲས་པ། ཀྱེ་སྐྱེས་བུ་ཁྱོད་འདི་སྐད་སྨྲ་ལ་འཛམ་བུའི་གླིང་གི་མི་རྣམས་ནི་ཡིད་ཆེས་པར་དཀའ་བ་ཡིན་པས་དད་པར་མི་འགྱུར་རོ། །དེ་དག་གིས་སྨྲས་པ། གལ་ཏེ་དད་པར་མི་འགྱུར་ན་འདི་སྐད་དུ་སྨྲ་བར་བྱ་སྟེ། ཁྱོད་ཀྱི་ཕའི་གདང་བུའི་འོག་ན་གསེར་གྱི་བུམ་པ་གང་བ་ཅིག་འདུག་གིས་ དེ་ཐོན་ལ་ཁྱེད་ཅག་རང་ཡང་བདེ་བར་གནས་ཤིང་དུས་དུས་སུ་འཕགས་པ་ཀཱ་ཏྱཱ་ཡ་ན་ལ་ཡང་བསོད་སྙོམས་ཕུལ་ཅིག །བདག་གི་མིང་གིས་ཡོན་དག་ཕུལ་ཞིང་ཆོས་བཤད་པ་བྱས་ན་ལས་དེ་མ་ལུས་པར་ཟད་ཅིང་ཡོངས་སུ་བྱང་བ་དང་གཏུགས་པར་འགྱུར་རོ་ཞེས་སྨྲའོ། །དེ་དེ་ལས་ཡང་དག་པར་འདས་ པ་ནས་ཇི་ཙམ་ན་ཉི་མ་འཆར་བའི་དུས་ན་གཞལ་ཡས་ཁང་ཞིག་གི་ནང་ན་བུད་མེད་མཛེས་པ་གཟུགས་བཟང་བ་བལྟ་ན་སྡུག་པ་ཞིག་དང་སྐྱེས་བུ་མཛེས་པ་གཟུགས་བཟང་བ་བལྟ་ན་སྡུག་པ་ཞིག་ཡན་ལག་གི་རྒྱན་དང་། རྣ་ཆ་དང་། ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་ཞིང་ཀླུབས་པ་ ཞིག་མཐོང་སྟེ། དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་ཡོངས་སུ་སྤྱོད་པ་མཐོང་ངོ་། །དེ་དག་གིས་དེ་རྒྱང་རིང་པོ་ནས་མཐོང་ནས་གུས་པས་སྨྲས་པ། བྱེ་བ་རི་འོངས་པ་ལེགས་སོ། །མི་ལྟོགས་སམ། མི་སྐོམ་མམ་ཞེས་སྨྲས་སོ། །དེ་འདི་སྙམ་དུ་ཅི་འདི་ངེས་པར་ལྷའམ། ཀླུའམ་གནོད་ སྦྱིན་ཞིག་སྙམ་ནས་སྨྲས་པ། བདག་སྐོམ་མོ། །ལྟོགས་སོ། །དེ་དག་གིས་དེ་ལ་ཁྲུས་བྱས་ཤིང་ཟན་བྱིན་ཏེ། དེ་གཞལ་ཡས་ཁང་དེ་ཉིད་ན་གནས་སོ། །ཇི་ཙམ་ན་ཉི་མ་ནུབ་པའི་དུས་ན་དེ་དག་གིས་སྨྲས་པ། འདིར་གནོད་པ་དག་འབྱུང་བར་འགྱུར་གྱིས་བྱེ་བ་རི་སོང་ཤིག །དེ་སའི་ཕྱོགས་ གཅིག་མཐོང་བ་ཅིག་ཏུ་བྱུང་སྟེ་འདུག་པ་དང་། དེའི་འོག་ཏུ་དགོངས་ཀ་ཉི་མ་ནུབ་པའི་དུས་ན་གཞལ་ཡས་ཁང་དེ་ཡང་ནུབ་ཅིང་བུད་མེད་དེ་ཡང་ནུབ་སྟེ། སྲིན་བུ་རྐང་པ་བརྒྱ་པ་ཆེན་པོ་ཞིག་བྱུང་སྟེ། དེ་སྐྱེས་བུ་དེའི་ལུས་དག་ལན་བདུན་དུ་གཡོགས་ཤིང་དཀྲིས་ཏེ། སྐྲ་ནས་རྐང་པའི་བར་དུ་ཟོས་ སོ། །ཇི་ཙམ་དུ་ཉི་མ་འཆར་བའི་དུས་ན་གཞལ་ཡས་ཁང་དེ་ཡང་ཕྱིར་བྱུང་ཞིང་བུད་མེད་ཀྱང་བྱུང་ཞིང་སྐྱེས་བུ་དེ་ཡང་མཛེས་པ་གཟུགས་བཟང་བ་བལྟ་ན་སྡུག་པ་ཡན་ལག་གི་རྒྱན་དང་། རྣ་ཆ་དང་ཕྲེང་བ་སྣ་ཚོགས་ཀྱིས་ཀླུབས་པར་གྱུར་ཏེ། དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་བ་ཡོངས་སུ་ སྤྱོད་པར་བྱེད་དོ། །དེ་དེ་དག་གི་དྲུང་དུ་སོང་སྟེ། ཀྱེ་ཁྱེད་ཅག་གིས་ལས་ཅི་ཞིག་བྱས་པས་འདིར་སྐྱེས། དེས་སྨྲས་པ། བྱེ་བ་རི་འཛམ་བུའི་གླིང་གི་<ནི་‚མི་>རྣམས་ཡིད་ཆེས་པར་དཀའ་བ་ཡིན་པས་དད་པར་མི་འགྱུར་རོ། །དེས་སྨྲས་པ། ངས་མངོན་སུམ་དུ་མཐོང་ན་ཅིའི་ཕྱིར་དད་པར་མི་འགྱུར། དེས་སྨྲས་པ། བདག་སྔོན་གྲོང་གི་བྲམ་ཟེ་བྱི་བ་བྱེད་པར་གྱུར་ལ། འཕགས་པ་ཀཱ་ཏྱཱ་ཡ་ན་བདག་ལ་ཐུགས་བརྩེ་བས་འོངས་ཏེ་སྨྲས་པ། བཞིན་བཟངས་ཆོས་མ་ཡིན་པ་སྡིག་པ་ཅན་གྱི་ལས་དེའི་འབྲས་བུ་ནི་མི་འདོད་པ་དང་ཡིད་དུ་མི་འོང་བ་ཡིན་ནོ་ཞེས་སྨྲས་ཀྱང་བདག་གིས་དེའི་ཚིག་མ་ མཉན་ནོ། །དེ་ཡང་ནས་ཡང་དུ་འོངས་ཏེ་སྐུལ་བར་བྱེད་དེ། བཞིན་བཟངས་ཆོས་མ་ཡིན་པ་སྡིག་པ་ཅན་གྱི་ཆོས་འདིའི་འབྲས་བུ་ནི་མི་འདོད་ཅིང་ཡིད་དུ་མི་འོང་བ་ཡིན་ནོ་ཞེས་སྨྲས་ཀྱང་བདག་གིས་དེའི་ཚིག་མ་མཉན་པ་དང་དེས་སྨྲས་པ། བཞིན་བཟངས་ཁྱོད་བྱི་བ་ཉིན་ པར་བྱེད་དམ། འོན་ཏེ་མཚན་མོ་བྱེད། ངས་སྨྲས་པ། འཕགས་པ་མཚན་མོ་བྱེད་དོ། །དེས་སྨྲས་པ་བཞིན་བཟངས་དེ་ལྟ་ན་ཉིན་པར་ཚུལ་ཁྲིམས་ཀྱི་སྡོམ་པ་དག་ཟུང་ཅིག །ངས་དེ་ལས་ཉིན་པར་ཚུལ་ཁྲིམས་ཀྱི་སྡོམ་པ་བླངས་ཏེ། ལས་དེའི་འབྲས་བུ་རྣམ་པར་སྨིན་པས་ཉིན་པར་རྣམ་པ་འདི་ ལྟ་བུའི་བདེ་བ་ཉམས་སུ་མྱོང་ལ། གང་མཚན་མོ་བྱི་བ་བྱས་པའི་ལས་དེའི་འབྲས་བུ་རྣམ་པར་སྨིན་པས་མཚན་མོ་རྣམ་པ་འདི་ལྟ་བུའི་སྡུག་བསྔལ་དག་ཉམས་སུ་མྱོང་ངོ་ཞེས་ཚིགས་སུ་བཅད་པ་སྨྲས་པ། མཚན་མོ་བྱི་བ་བྱེད་པས་མྱོས། །ཉིན་མོ་ཚུལ་ཁྲིམས་ཡོན་ཏན་ལྡན། །དེ་དག་ ལས་དེའི་འབྲས་བུ་ནི། །བདེ་དང་མི་བདེ་ཉམས་སུ་མྱོང་། བྱེ་བ་རི་ཁྱོད་གྲོང་དུ་འགྲོ་ན་བྲམ་ཟེ་བྱི་བ་བྱེད་པ་བདག་གི་བུ་ཡོད་ཀྱིས་དེ་ལ་འདི་སྐད་དུ་སྨྲ་བར་བྱ་སྟེ། ཁྱོད་ཅག་གི་ཕ་བདག་གིས་མཐོང་སྟེ་དེ་ལ་འདི་སྐད་དུ། ཆོས་མ་ཡིན་པ་སྡིག་པ་ཅན་གྱི་ཆོས་འདིའི་རྣམ་པར་སྨིན་པ་ནི་མི་འདོད་ཅིང་ཡིད་དུ་མི་ འོང་བ་ཡིན་ནོ་ཞེས་སྨྲོས་ཤིག །ཀྱེ་སྐྱེས་བུ་ཁྱོད་འདི་སྐད་སྨྲ་བ་ལ་འཛམ་བུའི་གླིང་གི་མི་རྣམས་ནི་ཡིད་ཆེས་པར་དཀའ་བ་ཡིན་པས་དད་པར་མི་འགྱུར་རོ། །དེས་སྨྲས་པ། བྱེ་བ་རི་གལ་ཏེ་མི་དད་ན་འདི་སྐད་དུ་ཁྱོད་ཀྱི་ཕའི་ཧོམ་ཁུང་གི་འོག་ན་གསེར་གྱི་བུམ་པ་གང་བ་ཞིག་འདུག་གིས་དེ་ཐོན་ལ་བདག་ཉིད་ཀྱང་ བདེ་བར་གྱིས་ལ་འཕགས་པ་ཀཱ་ཏྱཱ་ཡ་ན་ལ་ཡང་བསོད་སྙོམས་ཕུལ་ཅིག་བདག་ཅག་གི་མིང་གིས་ཡོན་ཕུལ་ཞིང་ཆོས་བསྟན་པ་དག་གྱིས་དང་། ལས་དེ་མ་ལུས་པར་ཟད་ཅིང་ཡོངས་སུ་བྱང་བ་དང་གཏུགས་པར་འགྱུར་རོ་ཞེས་སྨྲའོ་ཞེས་གསུངས་སོ། །དེ་ལྟར་མ་ཡིན་ན་སྔར་གསོ་སྦྱོང་གི་མདོ་ནས་ཇི་སྐད་གསུངས་ པ་བཞིན་ན་མདོའི་འདོན་པ་འདི་མི་རིགས་སོ། །གང་ཡང་མིང་ཆེན་གྱི་མདོ་ལས་ཞེས་བྱ་བ་ལ། བཅོམ་ལྡན་འདས་སེར་སྐྱའི་གཞི་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ཤཱཀྱ་མིང་ཆེན་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ། །བཙུན་པ་ཇི་ཙམ་གྱིས་ན་དགེ་བསྙེན་དུ་འགྱུར་ལགས། མིང་ཆེན་ཁྱིམ་པ་གོས་དཀར་པོ་ཅན་སྐྱེས་པ་ཕོའི་དབང་པོ་དང་ལྡན་པ་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ །ཆོས་ལ་སྐྱབས་སུ་འགྲོ །དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བདག་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་ཚིག་ཏུ་ཡང་སྨྲ་བར་བྱེད་ ན། མིང་ཆེན་འདི་ཙམ་གྱིས་ན་དགེ་བསྙེན་དུ་འགྱུར་རོ། །བཙུན་པ་འདི་ཙམ་གྱིས་ན་དགེ་བསྙེན་དུ་འགྱུར་རམ། བཙུན་པ་ཇི་ཙམ་གྱིས་ན་སྣ་གཅིག་ལ་སློབ་པར་བྱེད་པའི་དགེ་བསྙེན་དུ་འགྱུར། མིང་ཆེན་དགེ་བསྙེན་གང་ཞིག་སྲོག་གཅོད་པ་སྤོང་ཞིང་སྲོག་གཅོད་པ་ལས་སླར་ལྡོག་པར་བྱེད་ན། འདི་ཙམ་གྱིས་ན་སྣ་གཅིག་ལ་སློབ་པར་བྱེད་པའི་དགེ་བསྙེན་དུ་འགྱུར་རོ། །བཙུན་པ་འདི་ཙམ་གྱིས་ན་སྣ་གཅིག་ལ་སློབ་པའི་དགེ་བསྙེན་དུ་འགྱུར་ལགས་སམ། བཙུན་པ་ཇི་ཙམ་གྱིས་ན་བསླབ་པ་ཕྱོགས་གཅིག་བསྲུང་བའི་དགེ་བསྙེན་དུ་འགྱུར་ཞེ་ན། མིང་ཆེན་དགེ་བསྙེན་གང་ཞིག་སྲོག་ གཅོད་པ་སྤོང་ཞིང་སྲོག་གཅོད་པ་ལས་སླར་ལྡོག་པར་བྱེད་པ། མ་བྱིན་པར་ལེན་པ་སྤོང་ཞིང་མ་བྱིན་པར་ལེན་པ་ལས་སླར་ལྡོག་པར་བྱེད་ན་མིང་ཆེན་འདི་ཙམ་གྱིས་ན་ཕྱོགས་གཅིག་ལ་སློབ་པའི་དགེ་བསྙེན་དུ་འགྱུར་རོ། །བཙུན་པ་འདི་ཙམ་གྱིས་ཕྱོགས་གཅིག་ལ་སློབ་པའི་དགེ་བསྙེན་དུ་འགྱུར་རམ། བཙུན་པ་ཇི་ཙམ་གྱིས་ན་ཕལ་ཆེར་སློབ་པའི་དགེ་བསྙེན་དུ་འགྱུར། མིང་ཆེན་དགེ་བསྙེན་གང་སྲོག་གཅོད་པ་སྤོང་ཞིང་སྲོག་གཅོད་པ་ལས་སླར་ལྡོག་པ་དང་། མ་བྱིན་པར་ལེན་པ་སྤོང་ཞིང་མ་བྱིན་པར་ལེན་པ་ལས་སླར་ལྡོག་པ་དང་། འདོད་པས་ལོག་པར་གཡེམ་པ་སྤོང་ཞིང་འདོད་པས་ལོག་པར་ གཡེམ་པ་ལས་སླར་ལྡོག་པར་བྱེད་ན་མིང་ཆེན་འདི་ཙམ་གྱིས་ན་ཕལ་ཆེར་བསླབ་པའི་དགེ་བསྙེན་དུ་འགྱུར་རོ། །བཙུན་པ་འདི་ཙམ་གྱིས་ན་ཕལ་ཆེར་སྤྱོད་པའི་དགེ་བསྙེན་དུ་འགྱུར་རམ། བཙུན་པ་ཇི་ཙམ་གྱིས་ན་བསླབ་པ་ཡོངས་སུ་རྫོགས་པའི་དགེ་བསྙེན་དུ་འགྱུར་ཞེ་ན། དགེ་བསྙེན་གང་ ཞིག་སྲོག་གཅོད་པ་སྤོང་ཞིང་སྲོག་གཅོད་པ་ལས་སླར་ལྡོག་པ་དང་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་ བ་བག་མེད་པའི་གནས་ལས་སླར་ལྡོག་པར་བྱེད་ན། མིང་ཆེན་འདི་ཙམ་གྱིས་ན་སློབ་པ་ཡོངས་སུ་རྫོགས་པའི་དགེ་བསྙེན་དུ་འགྱུར་རོ། །བཙུན་པ་འདི་ཙམ་གྱིས་ན་བསླབ་པ་ཡོངས་སུ་རྫོགས་པའི་དགེ་བསྙེན་དུ་འགྱུར་རམ། དེ་ནས་ཤཱཀྱ་མིང་ཆེན་ཞེས་བྱ་བ་ནས། ལངས་ཏེ་སོང་ངོ་ཞེས་བྱ་བའི་བར་དུའོ། །འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཞེས་བྱ་བ་ལ་ཆོ་འཕྲུལ་ཆེན་པོའི་མདོ་ལས་འདི་སྐད་དུ་འདོན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱི་གཡས་དང་གཡོན་གྱི་ལོགས་ནས་པདྨ་དག་བྱུང་སྟེ། དེ་དག་ལ་སངས་རྒྱས་ ཀྱི་སྤྲུལ་པའི་སྐུ་དག་བཞུགས་ཏེ། དེ་དག་གི་ཡང་གཡས་དང་གཡོན་གྱི་ལོགས་དག་ནས་པདྨ་དག་བྱུང་སྟེ་ཞེས་བྱ་བ་ནས་འོག་མིན་གྱི་བར་དུ་དེ་བཞིན་དུ་སྟེ། དེ་དག་ལ་བཅོམ་ལྡན་འདས་ཁ་ཅིག་ནི་འབར་བར་བྱེད་ལ། སྲེག་པ་དང་ཆར་འབེབས་པ་དང་། གློག་འབྱིན་པར་བྱེད་ལ། ཁ་ཅིག་ནི་ལུང་ སྟོན་པར་མཛད། ཁ་ཅིག་ནི་དྲི་བ་འདྲི་བར་མཛད། ཁ་ཅིག་ནི་ལན་འདེབས་པར་མཛད། ཁ་ཅིག་ནི་གཤེགས་པར་མཛད། ཁ་ཅིག་ནི་བཞུགས་པར་མཛད། ཁ་ཅིག་ནི་གཟིམས་པར་མཛད་པ་ལྟ་བུར་སྣང་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་ བཀའ་སྩལ་ཏོ། །བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་པར་འགྱུར། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་ བསྔལ་ཐ་མར་བྱེད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཁྱེའུ་དང་བུ་མོས་ཀྱང་འོག་མིན་གྱི་བར་དུ་སངས་རྒྱས་ཀྱི་སྤྲུལ་པ་བསྒྲིབས་པ་མེད་པར་མཐོང་བ་དེ་བཞིན་དུ་བྱིན་རླབས་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་མཚན་མ་ འདི་དག་ཟུང་ཤིག་ཅེས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཀྱིས་མུ་སྟེགས་ཅན་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་བཅོམ་ལྡན་འདས་ཀྱིས་མིའི་ཆོས་ལས་ཁྱད་པར་དུ་འཕགས་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་དག་དང་། མིའི་ཆོས་ལས་བླ་ན་མེད་པའི་རྫུ་འཕྲུལ་དག་ བསྟན་པ་མཐོང་ངམ། ད་ནི་ཁྱེད་ཅག་གི་རེས་ལ་བབ་ཀྱིས་ཁྱེད་ཅག་གིས་ཀྱང་མིའི་ཆོས་ལས་ཁྱད་པར་དུ་འཕགས་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་དག་སྟོན་ཅིག་ཅེས་སྨྲས་པ་དང་། འོད་སྲུངས་རྫོགས་བྱེད་དང་། ཀུན་དུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་ཡང་དག་པར་རྒྱལ་བ་ཅན་ དང་། མི་འཕམ་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་རྣམས་ཕན་ཚུན་དཔུང་པ་དག་བསྣུན། འགྱེལ་ཏེ་ཁ་རོག་པར་གྱུར། དཔའ་ཞུམ་པར་གྱུར། ཕྲག་པ་ཞུམ་པར་གྱུར། སྤོབས་པ་མེད་པར་གྱུར་ཏེ་སེམས་པ་ལ་ཞུགས་ཏེ་གནས་སོ། །སྟོན་ པས་<འད་‚འདི་>སྐད་ཅེས་བཀའ་སྩལ་ཏོ། །ཇི་སྲིད་ཉི་མ་མ་བྱུང་བ། །དེ་སྲིད་སྲིན་བུས་སྣང་བར་བྱེད། །ཉི་མ་ཤར་བར་གྱུར་པ་ན། །སྣང་བ་མེད་ཅིང་ནག་པོར་གྱུར། །ཇི་སྲིད་དེ་བཞིན་གཤེགས་པ་ནི། །མ་བྱུང་བར་དུ་རྟོག་གེ་སྣང་། །རྫོགས་སངས་འཇིག་རྟེན་སྣང་བ་ན། །རྟོག་གེ་མི་སྣང་ ཉན་ཐོས་མིན། །དེ་ནས་ཕྱག་ན་རྡོ་རྗེ་འདི་སྙམ་དུ་སྐྱེས་བུ་རྨོངས་པ་འདི་དག་དེ་བཞིན་གཤེགས་པ་ལ་ཡུན་རིང་བ་ནས་ཉེ་བར་འཚོའོ་སྙམ་པས་གང་གིས་ན་མུ་སྟེགས་ཅན་གྱི་རྫུ་འཕྲུལ་གྱི་ཁང་པ་མི་སྣང་བར་གནས་པར་འགྱུར་བའི་རླུང་དམར་དང་ཆར་པ་དག་བཏང་བ་དང་། དེ་ལས་ཁ་ཅིག་ནི་ འཇིགས་ནས་རི་ཕུག་ཏུ་ཞུགས་སོ། །ཁ་ཅིག་ནི་རྩྭའི་ཕུག་ཏུ། ཁ་ཅིག་ནི་ནགས་ཀྱི་ཕུག་ཏུ། ཁ་ཅིག་ནི་ཀུན་དགའ་ར་བར། ཁ་ཅིག་ནི་ལྷ་ཁང་དུ། ཁ་ཅིག་ནི་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཁང་པར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་དང་སངས་རྒྱས་ཀྱི་ རྫུ་འཕྲུལ་ཆེན་པོ་དང་ལྷ་དང་ལྷ་རྣམས་ཀྱི་མཐུ་ཆེན་པོས་ཇི་ལྟར་རྫུ་འཕྲུལ་གྱི་ཁང་པ་ལ་ཆར་ཐིགས་པ་གཅིག་ཙམ་ཡང་མི་འབབ་པ་རྣམ་པ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇིགས་པས་ སྐྲག་པའི་མི་རྣམས་ནི། ཞེས་བྱ་བ་ནས། སྡུག་བསྔལ་ཀུན་ལས་གྲོལ་མི་འགྱུར། །ཞེས་བྱ་བའི་བར་དུའོ། །གང་ཡང་འདི་ལྟར་འདོན་ཏེ་ཞེས་བྱ་བ་ལ། རེ་ཞིག་རེག་པ་བཞི་པའི་མདོ་དེ་དང་དེ་ལས་ཏེ། དེ་ནས་ཁྱིམ་བདག་རིགས་མཆོག་གྲགས་པའི་བུ་ཆོས་མཐོང་བ། ཆོས་ཐོབ་ པ། ཆོས་རིག་པ། ཆོས་ཀྱི་རྣམ་གྲངས་རྟོགས་པ། ཆོས་ལ་ཐེ་ཚོམ་ལས་བརྒལ་ཞིང་སོམ་ཉི་ལས་བརྒལ་བ། གཞན་གྱི་རྐྱེན་གྱིས་མི་འགྲོ་བ་ཆོས་ལ་མི་འཇིགས་པ་ཐོབ་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་མངོན་པར་འཕགས་སོ། །རབ་ཏུ་འཕགས་སོ། །བཙུན་པ་བདག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ། །དགེ་བསྙེན་དུ་གཟུང་དུ་གསོལ། འདི་ནས་བཟུང་ སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་ཞིང་སྐྱབས་སུ་འགྲོ་སྟེ་མངོན་པར་དད་དོ་ཞེས་གསུངས་ཏེ། འདི་ཡང་མཛོད་ཀྱི་གནས་གཉིས་པར་ཚེ་ཟད་པས་འཆི་བ་ཞེས་བྱ་བ་ལ་སོགས་པས་བྲིས་ཟིན་ཏོ། །གང་ཡང་མདོ་ལས་ཇི་སྐད་དུ་དགེ་འདུན་ཞེས་བྱ་བ་འབྱུང་བར་འགྱུར་བ་དེ་ལ་ཡང་སྐྱབས་སུ་སོང་ ཤིག་ཅེས་བྱ་བ་ལ་རེག་པ་བཞི་པའི་མདོ་དེ་ལས་འདི་སྐད་འདོན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚོང་པ་ག་གོན་དང་བཟང་པོ་གཉིས་ལ་བོས་ཏེ། ཁྱེད་ཅག་སངས་རྒྱས་ལ་སྐྱབས་སུ་སོང་ཤིག །ཆོས་ལ་སྐྱབས་སུ་སོང་ཤིག་མ་འོངས་པའི་དུས་ན་དགེ་འདུན་ཞེས་བྱ་བ་འབྱུང་བར་འགྱུར་བ་དེ་ ལ་ཡང་སྐྱབས་སུ་སོང་ཤིག །དེ་དག་གིས་སྨྲས་པ། བཙུན་པ་དེ་བཞིན་ཏེ། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །མ་འོངས་པའི་དུས་ན་དགེ་འདུན་ཞེས་བྱ་བ་འབྱུང་བར་འགྱུར་བ་དེ་ལ་ཡང་སྐྱབས་སུ་མཆིའོ་ཞེས་གསུངས་སོ། །བསྟན་བཅོས་ལས་འདི་སྐད་ དུ་ཞེས་བྱ་བ་ལ་ཡེ་ཤེས་ལ་འཇུག་པ་ལས་གང་ཇི་སྐད་དུ་གང་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་ཅི་ཞིག་ལ་སྐྱབས་སུ་འགྲོ་ཞེ་ན། ཆོས་གང་དག་དང་ལྡན་ནས་སངས་རྒྱས་ཞེས་བརྗོད་པ་དང་འདོགས་པ་དང་མིང་དང་ཐ་སྙད་དུ་བྱ་བ་སྟེ། སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ལ་སྐྱབས་སུ་འགྲོ་ཞེས་ གསུངས་སོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་འདུལ་བ་ཕྲན་ཚེགས་ཀྱི་སྒོ་བཞི་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་ལྔ་པར་རྫུ་འཕྲུལ་གྱི་རྣམ་པ་འདི་ལྟར་འདོན་ཏོ། །བཙུན་པ་ཇི་ལྟར་ནད་པ་ཞེས་བྱ་བ་ལ་འདུལ་བ་ཕྲན་ཚེགས་ཀྱི་སྒོ་བཞི་པའི་སྡོམ་གྱི་ཚིགས་སུ་བཅད་པ་བཞི་པ་ ལས། ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་བཅོམ་ལྡན་འདས་ལ་དྲིས་པ། བཙུན་པ་བཅོམ་ལྡན་འདས་ཇི་སྐད་དུ་ནད་པ་བསྐྱང་ཞིང་ཇི་ལྟར་ནད་པ་གསོ་བར་བགྱི། ཉེ་བ་འཁོར་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་གཏོགས་པར་ཇི་ལྟར་བདེ་བར་ནད་པ་བསྐྱང་བར་བྱའོ་ཞེས་གསུངས་སོ། །ཤཱཀྱ་ནང་ པ་རྣམས་ཞེས་བྱ་བ་ལ་འདུལ་བ་མུ་ཏིག་གི་སྒོ་དང་པོའི་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་པ་ལས་ཏེ། དེ་ལས་ཇི་སྐད་དུ་མྱོས་པར་འགྱུར་བའི་ཆོས་བཞི་པོ་འདི་དག་དང་ལྡན་པ་ནི་བྱིས་པ་རྨོངས་པ་མི་གསལ་བ་སྐྱེས་བུ་དམ་པ་མ་ཡིན་པ་ཉིད་དུ་རིག་པར་བྱ་སྟེ། བཞི་གང་ཞེ་ན། སྲོག་གཅོད་པ་ མ་སྤངས་ཤིང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་མ་སྤངས་པའོ། །ཆོས་བཞི་པོ་འདི་རྣམས་དང་ལྡན་པ་ནི་མཁས་པ་གསལ་བ་སྐྱེས་བུ་དམ་པ་ཞེས་བྱ་སྟེ། བཞི་གང་ཞེ་ན། སྲོག་གཅོད་པ་སྤངས་ ཤིང་སྲོག་གཅོད་པ་ལས་སླར་ལོག་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལས་ལོག་པར་གཡེམ་པ་དང་། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །ཆོས་བཞི་པོ་འདི་དག་དང་ལྡན་ པ་ནི་བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པ་སྐྱེས་བུ་དམ་པ་མ་ཡིན་པ་ཞེས་བྱ་སྟེ། བརྫུན་དུ་སྨྲ་བ་དང་། ཕྲ་མའི་ཚིག་དང་། ཚིག་རྩུབ་མོ་དང་། ཚིག་ཀྱལ་པ་མ་སྤངས་པའོ། །ཆོས་བཞི་པོ་འདི་རྣམས་དང་ལྡན་པ་ནི་མཁས་པ་གསལ་བ་སྐྱེས་བུ་དམ་པ་སྟེ། བཞི་གང་ཞེ་ན། བརྫུན་དུ་ སྨྲ་བ་སྤངས་པ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་སྤངས་པའོ་ཞེས་གསུངས་སོ། །ལུས་དང་ངག་གི་ཉེས་པར་སྤྱོད་པའི་ཚོམས་ལས་འདོན་པས་སྲོག་གཅོད་པ་དང་ཕྲ་མ་བཞིན་དུ་མྱོས་པར་འགྱུར་བ་འཐུང་བ་ཡང་ཉེས་པར་སྤྱོད་པ་ཞེས་བྱའོ། །གང་ཡང་བཅོམ་ལྡན་ འདས་ཀྱིས་ཇི་སྐད་དུ་ཞེས་བྱ་བ་ལ་འདུལ་བའི་རབ་ཏུ་བྱུང་བའི་གཞི་ལས་འདི་ལྟར་འདོན་ཏེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་འདི་ལྟར་རབ་ཏུ་བྱུང་ ཞིང་བསྙེན་པར་རྫོགས་པའི་དགེ་སློང་གི་ལྟུང་བར་འགྱུར་བའི་ཆོས་སུ་གསུངས་ཏེ། དེ་དག་ལས་གང་ཡང་རུང་བ་ཞིག་གིས་ལྟུང་བས་དགེ་སློང་ལྟུང་བ་དང་བཅས་པར་འགྱུར་ན། དགེ་སློང་མ་ཡིན། དགེ་སྦྱོང་མ་ཡིན། ཤཱཀྱའི་བུ་མ་ཡིན་ཏེ། དགེ་སློང་ གི་དངོས་པོ་ཉམས་ཤིང་བཅོམ་པར་འགྱུར་ཏེ། དགེ་སྦྱོང་གི་དངོས་པོ་ཞིག་ཅིང་ལྟུང་བ་དང་ཕམ་པ་དང་ཕྱིར་གསོར་མི་རུང་བར་འགྱུར་ཏེ། འདི་ལྟ་སྟེ། ཤིང་ཏ་ལའི་མགོ་བཅད་པ་བཅོས་སུ་མེད་ཅིང་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་དེ་བཞིན་དུ་དགེ་སློང་ འདི་ལྟ་བུའི་ངོ་བོའི་མྱོས་པར་འགྱུར་བ་འཐུང་ན་ཡང་དགེ་སློང་མ་ཡིན། དགེ་སྦྱོང་མ་ཡིན། ཤཱཀྱའི་བུ་མ་ཡིན་ཏེ། དགེ་སློང་གི་དངོས་པོ་ལས་ཉམས་ཤིང་བཅོམ་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་དངོས་པོ་ཞིག་ཅིང་ལྷུང་བ་དང་། ཕམ་པ་དང་། ཕྱིར་བཅོས་སུ་མི་རུང་བར་འགྱུར་རོ་ཞེས་ གསུངས་སོ། །འདི་དག་ནི་འདུལ་བ་ལས་བསྟན་ཏེ་ཞེས་བྱ་བ་ལ། རྣམ་པར་འབྱེད་པའི་ཕམ་པ་དང་པོ་ལས་འདི་སྐད་དུ་འདོན་ཏེ། ཡང་དགེ་སློང་གང་ཞེས་བྱ་བ་ནས། དགེ་སློང་ནི་རྣམ་པ་བཞི་སྟེ། མིང་གི་དགེ་སློང་དང་། ཁས་འཆེས་པའི་དགེ་སློང་དང་། སློང་བས་ན་དགེ་སློང་དང་། ཉོན་ མོངས་པ་བཅོམ་པའི་དགེ་སློང་ངོ་། །