Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 146

Văn bản gốc(Tây Tạng)

Trang 13 / 19 (50.000 ký tự/trang)
གང་སྨྲས་པ་དེ་ནི་མི་བདེན་པ་སོ་སོར་མ་བརྟགས་པར་སྨྲ་བ་སྟེ། ཇི་ལྟར་བྱིས་པ་རྨོངས་པ་རྣམས་འདི་སྐད་དུ་སྨྲ་སྟེ། བྲམ་ཟེ་རྣམས་ནི་རིགས་མཆོག་སྟེ། །གཞན་ནི་རིགས་དམན་པའོ། །
བྲམ་ཟེ་རྣམས་ཀྱི་རིགས་དཀར་བ་སྟེ། གཞན་ནི་རིགས་གནག་པའོ། །བྲམ་ཟེ་རྣམས་ནི་དག་པར་བྱེད་པ། བྲམ་ཟེ་རྣམས་ཚངས་པའི་བུ་སྟེ་ཁ་ལས་སྐྱེས་པ་ལྟོ་ལས་སྐྱེས་པ་ཚངས་པ་ལས་སྐྱེས་པ་ཚངས་པས་བྱིན་པའོ་ཞེས་སྨྲ་སྟེ། དེ་ཅིའི་ཕྱིར་ཞེ་ན། གནས་འཇོག་འདི་ལྟར་བྲམ་ཟེ་
རྣམས་བག་མ་ལེན་པ་དང་། བག་མ་གཏོང་བ་དང་། སྦྲུམ་པ་དང་། བཙའ་བ་དང་། འོ་མ་བསྣུན་པ་དང་བྲམ་ཟེ་ལས་སྐྱེས་པ་མཐོང་ཞིང་འདི་ལྟར་མངལ་ནས་སྐྱེས་པར་མཐོང་བཞིན་དུ་བརྫུན་དུ་སྨྲ་བ་སྟེ། མི་བདེན་པ་བརྗོད་བྱ་མ་ཡིན་པ་བརྫུན་དུ་སྨྲ་བ་འདི་སྐད་དུ་བྲམ་ཟེ་རྣམས་ཀྱི་རིགས་ནི་མཆོག་སྟེ།
རིགས་གཞན་ནི་དམན་པའོ། །བྲམ་ཟེ་རྣམས་ཀྱི་རིགས་ནི་དཀར་བ་སྟེ། རིགས་གཞན་ནི་ནག་པའོ། །བྲམ་ཟེ་རྣམས་ཚངས་པས་བྱིན་པ་ཞེས་སྨྲའོ། །གནས་འཇོག་འདི་ཇི་སྙམ་དུ་སེམས། རྗེའུ་རིགས་དང་དམངས་རིགས་དག་ལུས་ཀྱིས་ཉེས་པར་སྤྱོད་པ་དང་། ངག་གིས་ཉེས་པར་སྤྱོད་པ་དང་།
ཡིད་ཀྱིས་ཉེས་པར་སྤྱོད་པར་བྱེད་ལ་འོན་ཏེ་བྲམ་ཟེ་རྣམས་མ་ཡིན་ནམ། བཙུན་པ་བྲམ་ཟེ་དང་དམངས་རིགས་དང་རྗེའུ་རིགས་དག་ཀྱང་ལུས་ཀྱིས་ཉེས་པར་སྤྱོད་པ་དང་། ངག་གིས་ཉེས་པར་སྤྱོད་པ་དང་། ཡིད་ཀྱིས་ཉེས་པར་སྤྱོད་པ་དག་སྤྱོད་པར་བགྱིད་དོ། །གནས་འཇོག་ཇི་སྙམ་དུ་སེམས། བྲམ་ཟེ་རྣམས་
ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་གིས་ལེགས་པར་སྤྱད་པ་དང་། ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱོད་ཅིང་འོན་ཏེ་རྗེའུ་རིགས་དང་། དམངས་རིགས་དག་མ་ཡིན་ནམ། བཙུན་པ་བྲམ་ཟེ་རྣམས་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱོད་ཅིང་<དག་‚ངག་>གིས་ལེགས་པར་སྤྱད་པ་དང་ཡིད་ཀྱིས་ལེགས་

པར་སྤྱད་པ་སྤྱོད་ལ་རྗེའུ་རིགས་དང་དམངས་རིགས་རྣམས་ཀྱང་ངོ་། །གནས་འཇོག་འདི་ཇི་སྙམ་དུ་སེམས། རྗེའུ་རིགས་དང་དམངས་རིགས་དག་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱོད་ཅིང་ངག་གིས་ཉེས་པར་སྤྱད་པ་དང་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱད་ནས་དེའི་རྒྱུ་དང་དེའི་རྐྱེན་གྱིས་
ལུས་ཞིག་སྟེ་ཤི་བའི་རྐྱེན་གྱིས་ངན་སོང་ངན་འགྲོ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཞིང་བྲམ་ཟེ་རྣམས་མ་ཡིན་ནམ། འོན་ཏེ་བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ་རིགས་ཀྱང་ཡིན། བཙུན་པ་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་དག་ཀྱང་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱད། ངག་གིས་
ཉེས་པར་སྤྱད་པ་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱད་ནས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །གནས་འཇོག་དེ་ཇི་སྙམ་དུ་སེམས་བྲམ་ཟེ་རྣམས་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱད་ཅིང་ངག་དང་ཡིད་ཀྱིས་ལེགས་པར་
སྤྱད་པ་སྤྱད་ནས་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞིང་རྗེའུ་རིགས་དང་དམངས་རིགས་དག་མ་ཡིན་ནམ། འོན་ཏེ་རྗེའུ་རིགས་དང་དམངས་རིགས་ཀྱང་ཡིན། བཙུན་པ་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་རྣམས་ཀྱང་ལུས་
ཀྱིས་ལེགས་པར་སྤྱད་པ་སྤྱད་ཅིང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱད་ནས་དེ་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །གནས་འཇོག་དེ་ཇི་སྙམ་དུ་སམས། རྗེའུ་རིགས་དང་དམངས་རིགས་དག་བརྣབ་སེམས་དང་།
གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་འགྱོད་པ་དང་། ཐེ་ཚོམ་རྣམས་དང་ལྡན་ཞིང་བྲམ་ཟེ་རྣམས་མ་ཡིན་ནམ། འོན་ཏེ་བྲམ་ཟེ་རྣམས་ཀྱང་ཡིན། བཙུན་པ་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་རྣམས་ཀྱང་བརྣབ་སེམས་དང་། གནོད་སེམས་དང་། རྨུགས་
པ་དང་། གཉིད་དང་། རྒོད་པ་དང་འགྱོད་པ་དང་། ཐེ་ཚོམ་རྣམས་དང་ལྡན་ནོ། །གནས་འཇོག་དེ་ཇི་སྙམ་དུ་སེམས་བྲམ་ཟེ་རྣམས་ལ་བརྣབ་སེམས་མེད་ཅིང་གནོད་སེམས་དང་། རྨུགས་པ་དང་གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་རྣམས་མེད་ཅིང་རྗེའུ་རིགས་དང་དམངས་

རིགས་དག་མ་ཡིན་ནམ། འོན་ཏེ་རྗེའུ་རིགས་དང་དམངས་རིགས་རྣམས་ཀྱང་ཡིན། བཙུན་པ་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་རྣམས་ཀྱང་བརྣབ་སེམས་མེད་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་མེད་པ་དང་ལྡན་ནོ། །
བ་སེ་སྠ་དེ་ཇི་སྙམ་དུ་སེམས། དམངས་རིགས་རྣམས་ལུས་ཀྱིས་གཉིས་བྱེད་ཅིང་ངག་དང་ཡིད་ཀྱིས་གཉིས་བྱེད་ལ་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་ཞིང་བྲམ་ཟེ་རྣམས་མ་ཡིན་ནམ། འོན་ཏེ་བྲམ་ཟེ་རྣམས་ཀྱང་ཡིན། བཙུན་པ་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་རྣམས་ཀྱང་ལུས་ཀྱིས་གཉིས་
བྱེད་ཅིང་ངག་དང་ཡིད་ཀྱིས་གཉིས་བྱེད་ལ་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་ངོ་། །གནས་འཇོག་འདི་ལྟ་བུའི་རང་བཞིན་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་བསྟན་པ་དེ་དག་དང་། རྗེའུ་རིགས་དང་དམངས་རིགས་དག་དང་ལྡན་ཞིང་བྲམ་ཟེ་རྣམས་མ་ཡིན་པ་དང་། གང་ངས་དགེ་བའི་ཆོས་རྣམ་པ་མང་
པོ་ཡོངས་སུ་བཤད་པ་དེ་དག་ལས་ཆ་ཙམ་དང་བྲམ་ཟེ་རྣམས་ལྡན་ཞིང་རྗེའུ་རིགས་དང་དམངས་རིགས་དག་མ་ཡིན་ན། བྲམ་ཟེ་རྣམས་ཀྱི་རིགས་ནི་མཆོག་སྟེ་གཞན་ནི་དམན་པའོ། །བྲམ་ཟེ་རྣམས་ཀྱི་རིགས་ནི་དཀར་བ་སྟེ་གཞན་ནི་རིགས་ནག་པོའོ། །བྲམ་ཟེ་རྣམས་ནི་དག་པར་བྱེད་པ་ཚངས་པའི་
བུ་སྟེ་ཁ་ལས་སྐྱེས་པ་སྐྱེ་བ་ལས་སྐྱེས་པ་ཚངས་པས་བྱིན་པའོ་ཞེས་བརྗོད་པ་ལེགས་པར་འགྱུར་ན། གནས་འཇོག་གང་བྲམ་ཟེ་རྣམས་ནི་ཚངས་པའི་བུ་སྟེ་ཁ་ལས་སྐྱེས་པ་སྙིང་ལས་སྐྱེས་པ་ཚངས་པ་ལས་སྐྱེས་པ་ཚངས་པས་སྤྲུལ་པ་ཚངས་པས་བྱིན་པའོ་ཞེས་ཡང་དག་པར་སྨྲ་བས་སྨྲ་བ་དེ་ནི་ང་ལ་
ཡང་དག་པར་སྨྲ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དགས་ཏེ། འདི་ལྟར་ཚངས་པ་ཞི་ཞིང་བསིལ་བར་གྱུར་པ་ཞེས་བྱ་བ་ལ་སོགས་པའོ། །གནས་འཇོག་ཇི་སྙམ་དུ་སེམས། དེ་ལ་བྲམ་ཟེ་རྣམས་བག་མ་ལེན་པ་
དང་གཏོང་བར་གདགས་པ་དང་། ཆུ་དང་སྔགས་དང་བསམ་གཏན་དག་བྱ་བར་འོས་པ་ཡིན་ནམ། བཙུན་པ་བྲམ་ཟེ་རྣམས་བག་མ་ལེན་པ་དང་གཏོང་བ་དང་ཆུ་དང་། སྔགས་དང་བསམ་གཏན་དག་བྱ་བར་འོས་པ་ཡིན་ནོ། །གནས་འཇོག་གང་ལས་བག་མ་ལེན་པ་དང་གཏོང་བར་གདགས་པ་ཤེས་ཤིང་

རིགས་སུ་སྨྲ་བ་དང་རུས་སུ་སྨྲ་བ་དང་ལང་ཚོར་སྨྲ་བ་ཡང་ཤེས་སམ། གནས་འཇོག་སེམས་ཅན་གང་རིས་སུ་སྨྲ་བས་བཅིངས་པ་དང་། རྩོད་པར་སྨྲ་བས་བཅིངས་པ་དག་བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་མངོན་དུ་བྱས་པ་དང་མངོན་དུ་བྱེད་པར་མི་རིགས་སོ། །གནས་
འཇོག་རིགས་སུ་སྨྲ་བ་དང་ལང་ཚོར་སྨྲ་བ་བཏང་སྟེ། བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་མངོན་དུ་བྱས་ཤིང་མངོན་དུ་བྱེད་པར་འགྱུར་རོ། །གནས་འཇོག་འདི་ཇི་སྙམ་དུ་སེམས། རྒྱལ་པོ་གསལ་རྒྱལ་ལ་ཀོ་ས་ལ་བ་རྣམས་ཀྱིས་མངོན་པར་དགའ་བར་བྱས་ཤིང་བསྙེན་བཀུར་དང་ཕྱག་བྱ་ཞིང་
ཐལ་མོ་སྦྱར་བར་བྱེད་དམ། བཙུན་པ་དེ་དེ་བཞིན་ཏེ། རྒྱལ་པོ་གསལ་རྒྱལ་སྡེ་རབ་ཏུ་ཕམ་བྱེད་ལ་ཀོ་ས་ལ་པ་རྣམས་ཀྱིས་མངོན་པར་དགའ་བར་བྱ་ཞིང་བསྙེན་བཀུར་བ་དང་ཐལ་མོ་སྦྱར་ཞིང་ཕྱག་འཚལ་བར་བྱེད་དོ། །བསེ་སྠ་འདི་ཇི་སྙམ་དུ་སེམས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དེ་བཞིན་
གཤེགས་པ་ལ་མངོན་པར་དགའ་བ་དང་བསྙེན་བཀུར་བ་དང་ཐལ་མོ་སྦྱར་ཞིང་ཕྱག་འཚལ་བར་བྱེད་དམ། བཙུན་པ་དེ་དེ་བཞིན་ཏེ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ལ་གུས་ཞིང་རབ་ཏུ་གུས་པར་བྱེད་དོ། །གནས་འཇོག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དེ་བཞིན་གཤེགས་
པ་ལ་གུས་པ་གུས་པར་འཇུག་པ་མ་ཡིན་གྱི། འདི་ལྟར་དགེ་སྦྱོང་གཽ་ཏ་མ་ནི་རིགས་མཐོན་པོ་བདག་ནི་རིགས་དམའ་བ། དགེ་སྦྱོང་གཽ་ཏ་མ་ནི་གྲགས་པ་ཆེ་བ་བདག་ནི་གྲགས་པ་ཆུང་བ། དགེ་སྦྱོང་གཽ་ཏ་མ་ནི་ནུས་པ་ཆེ་བ། བདག་ནི་ནུས་པ་ཆུང་བ། དགེ་སྦྱོང་གཽ་ཏ་མ་ནི་ལོངས་སྤྱོད་ཆེ་བ། བདག་
ནི་ལོངས་སྤྱོད་ཆུང་བ་ཞེས་མ་ཡིན་གྱི། འོན་ཀྱང་ཆོས་ཉིད་དེ་ལ་དེ་བཞིན་གཤེགས་པ་ལ་ཀོ་ས་ལའི་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་བསྙེན་བཀུར་ཞིང་བླ་མར་བྱེད་མཆོད་པར་བྱེད་དེ་གུས་པ་ལས་ཀྱང་གུས་པར་འཇུག་གོ། །གནས་འཇོག་དཀྱིལ་འཁོར་གསུམ་པོ་འདི་དག་ནི་འདྲེས་ཤིང་རབ་ཏུ་འདྲེས་པ་
སྟེ། གལ་ཏེ་དགེ་བ་དང་མི་དགེ་བའི་ཆོས་སེམས་ཅན་ཐམས་ཅད་མངོན་པའི་ང་རྒྱལ་མེད་པ་འདི་ལྟ་སྟེ་མི་ཉིད་དོ། །གསུམ་གང་ཞེ་ན། རྒྱལ་རིགས་ཀྱི་དཀྱིལ་འཁོར་དང་། བྲམ་ཟེའི་དཀྱིལ་འཁོར་དང་། རྗེའུ་རིགས་ཀྱི་དཀྱིལ་འཁོར་ཏེ། གནས་འཇོག་རྒྱལ་རིགས་ཀྱི་དཀྱིལ་འཁོར་གྱི་

ཐོག་མར་བྱུང་བ་གང་ཞེ་ན། གནས་འཇོག་གང་འཇིག་རྟེན་འདི་འཇིག་པར་འགྱུར་བའི་དུས་ཡོད་དེ། འཇིག་རྟེན་འདི་འཇིག་པར་གྱུར་པ་ན་སེམས་ཅན་ཕལ་ཆེར་འོད་གསལ་གྱི་ལྷའི་རིས་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་ན་དེ་དག་གཟུགས་ཅན་ཡིད་ལས་བྱུང་བ། དབང་པོ་མ་ཉམས་ཤིང་
ཚང་བ། ཡན་ལག་དང་ཉིང་ལག་ཐམས་ཅད་རྫོགས་པ། མཛེས་ཤིང་ཁ་དོག་དང་ལྡན་པ། རང་གི་འོད་ཅན། ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་ཅན། ཚེ་རིང་ཞིང་ཡུན་རིང་དུ་གནས་པ་དག་སྟེ། དེའི་དུས་ན་ས་ཆེན་པོ་འདི་ཆུས་གང་ཞིང་རྒྱ་མཚོ་དང་ཆའི་རང་བཞིན་
གཅིག་ཏུ་འགྱུར་རོ། །ས་ཆེན་པོ་འདི་རྒྱ་མཚོ་གཅིག་ཏུ་གྱུར་པའི་སྟེང་དུ་རླུང་གིས་མཁྲང་ཞིང་སྤྲིས་མ་ལྟ་བུར་གྱུར་ཏེ། འདི་ལྟ་སྟེ་འོ་མ་སྐོལ་བ་བསིལ་མོར་གྱུར་པ་ན་སྟེང་དུ་རླུང་གིས་སྤྲིས་མ་མཁྲང་པོར་གྱུར་པ་ལྟ་བུ་སྟེ། དེ་བཞིན་དུ་ས་ཆེན་པོ་རྒྱ་མཚོ་དང་ཆུའི་རང་བཞིན་དུ་གྱུར་པའི་སྟེང་དུ་རླུང་
གིས་མཁྲང་ཞིང་སྤྲིས་མ་ལྟ་བུར་གྱུར་ཏེ། དེ་ནས་ས་ཆེན་པོ་འདི་ཁ་དོག་ཕུན་སུམ་ཚོགས་པ་དྲི་དང་རོ་ཕུན་སུམ་ཚོགས་པ། འདི་ལྟ་བུའི་ཁ་དོག་དང་གཟུགས་དང་ལྡན་པ་སྟེ། འདི་ལྟ་སྟེ། སྦྲང་མའི་སྦྲང་རྩི་མ་བསྐོལ་བ་ལྟ་བུའོ། །གནས་འཇོག་འཇིག་རྟེན་འདི་ཆགས་པ་ན་འཇིག་རྟེན་
འདིར་འོད་གསལ་གྱི་ལྷའི་རིས་ནས་སེམས་ཅན་ཚེ་ཟད་ལས་ཟད་བསོད་ནམས་ཟད་པ་ཁ་ཅིག་གནས་དེ་ནས་ཤི་འཕོས་ཏེ་མི་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་འོང་བར་འགྱུར་རོ། །གཟུགས་ཅན་ཡིད་ལས་བྱུང་བ་དབང་པོ་ཚང་ཞིང་མ་ཉམས་པ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ།
མཛེས་ཤིང་ཁ་དོག་དང་ལྡན་པ་རང་གི་འོད་ཅན་ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་དང་ལྡན་པ། ཚེ་རིང་ཞིང་ཡུན་རིང་དུ་གནས་པ་དག་གོ། །དེའི་དུས་ན་ཉི་མ་དང་ཟླ་བ་འཇིག་རྟེན་དུ་རབ་ཏུ་མ་བྱུང་སྟེ། རྒྱུ་སྐར་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། ཉིན་
ཞག་དང་། ཟླ་བ་ཕྱེད་དང་། ཟླ་བ་དང་། ལོ་དག་འཇིག་རྟེན་དུ་མ་བྱུང་ཞིང་སྐྱེས་པ་དང་བུད་མེད་དུ་གདགས་པ་ཡང་མེད་དེ། གཞན་དུ་ན་སེམས་ཅན་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ན་སེམས་ཅན་བརྐམ་པའི་རང་བཞིན་ཅན་གང་ཡང་རུང་བ་ཞིག་གིས་སོར་མོའི་རྩེ་མོས་དེའི་རོ་མྱངས་

སོ། ཇི་ལྟ་ཇི་ལྟར་རོ་མྱངས་པ་དེ་ལྟ་དེ་ལྟར་འདོད་པར་གྱུར་ཏོ། །ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་རིམ་གྱིས་ཁམ་གྱི་ཟས་ཡོངས་སུ་སྤྱོད་པར་གྱུར་ཏོ། །སེམས་ཅན་དེ་སོར་མོའི་རྩེ་མོས་སའི་རོ་མྱོང་བར་བྱེད་ཅིང་། ཇི་ལྟ་ཇི་ལྟར་མྱང་བ་དེ་ལྟ་དེ་ལྟར་འདོད་པར་གྱུར་
ཅིང་ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་རིམ་གྱིས་ཁམ་གྱི་ཟས་ཡོངས་སུ་སྤྱོད་པར་བྱེད་པ་སེམས་ཅན་གཞན་དེ་རྣམས་ཀྱིས་མཐོང་སྟེ། མཐོང་ནས་སའི་རོ་ལ་སོར་མོའི་རྩེ་མོས་རོ་མྱོང་བར་བྱེད་དོ། །ཇི་ལྟ་ཇི་ལྟར་མྱང་བ་དེ་ལྟ་དེ་ལྟར་འདོད་པར་གྱུར་ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་རིམ་གྱིས་
ཁམ་གྱི་ཟས་ཡོངས་སུ་སྤྱོད་པར་བྱེད་དོ། །གང་ཡང་སེམས་ཅན་དེ་དག་སའི་རོའི་ཁམ་གྱི་ཟས་རིམ་གྱིས་ཡོངས་སུ་སྤྱོད་པར་བྱེད་པ་ན། སེམས་ཅན་དེ་དག་གི་ལུས་ལ་ལྕི་བ་ཉིད་དང་རྩུབ་པ་ཉིད་དུ་ཞུགས་ཤིང་མཛེས་པ་དང་འོད་ནུབ་ཅིང་མུན་པ་དག་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། འཇིག་
རྟེན་དུ་མུན་པ་བྱུང་ན་ཉི་མ་དང་ཟླ་བ་འབྱུང་བར་འགྱུར་བ་འདི་ནི་ཆོས་ཉིད་ཡིན་ཏེ། རྒྱུ་སྐར་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། ཉིན་ཞག་དང་། ཟླ་བ་ཕྱེད་པ་དང་། ཟླ་བ་དང་། ལོ་ཡང་འཇིག་རྟེན་དུ་རབ་ཏུ་བྱུང་བར་གྱུར་ཏེ། །དེ་དག་ཁ་ཟས་དེ་ཟ་ཞིང་དུས་རིང་ཞིང་ཡུན་
རིང་དུ་གནས་ཏེ། དེ་དག་ལས་ཉུང་ཞིང་ཆེས་ཉུང་བར་ཟ་བ་དེ་ནི་ཁ་དོག་དང་ལྡན་པར་གྱུར་ལ། གང་མང་ཞིང་ཆེས་མང་བར་ཟ་བ་དེ་དག་ནི་ཁ་དོག་ངན་པར་གྱུར་ཏེ། ཟས་རྣམ་པ་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་སུ་གྱུར་ཏེ། ཁ་དོག་རྣམ་པ་གཉིས་ལས་སེམས་ཅན་དེ་དག་ཁྱོད་ནི་ཁ་དོག་
ངན་ཞིང་ང་ནི་ཁ་དོག་བཟང་པོ་ཡིན་ནོ་ཞེས་ཕན་ཚུན་བརྙས་པ་བྱེད་པར་གྱུར་ཏོ། །སེམས་ཅན་དེ་དག་ཁ་དོག་གི་མངོན་པའི་ང་རྒྱལ་གྱིས་སྡིག་པ་མི་དགེ་བའི་ཆོས་རྟག་ཏུ་བྱེད་པའི་རྒྱུས་སའི་རོ་དེ་དག་ནུབ་པར་གྱུར་ཏོ། །སའི་རོ་དེ་ནུབ་པ་དང་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་འདི་སྐད་དུ་
ཀྱི་ཧུད་རོ་ཀྱི་ཧུད་རོ་ཞེས་ཉམ་ཐག་པའི་སྨྲེ་སྔགས་འདོན་ཏོ། །འདི་ལྟ་སྟེ། མིའི་ནང་ན་རྔན་པ་ཅུང་ཟད་ཙམ་ཐོབ་ནས་སྔོན་གྱི་མི་རྣམས་ཀྱི་ཡི་གེ་དང་ཚིག་འབྲུའི་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་ལྟ་བུ་སྟེ། ཀྱི་ཧུད་རོ་ཀྱི་ཧུད་རོ་ཞེས་དེ་སྐད་དུ་སྨྲ་བར་བྱེད་དོ། །གནས་འཇོག་འདི་ལྟར་སའི་རོ་དེ་ནུབ་

པ་དང་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་འདི་སྐད་དུ་ཀྱི་ཧུད་རོ་ཀྱི་ཧུད་རོ་ཞེས་སྨྲེ་སྔགས་འདོན་ཅིང་འདི་སྐད་དུ་རྗོད་པར་བྱེད་ཀྱང་དེ་དག་གིས་ངས་སྨྲས་པའི་སྒྲ་ནི་འདི། ངས་སྨྲས་པའི་དོན་ནི་འདི་ཞེས་སྒྲ་དང་དོན་ནི་མི་ཤེས་སོ། །གནས་འཇོག་སའི་རོ་དེ་ནུབ་པ་དང་སེམས་ཅན་དེ་དག་ལ་
སའི་ཞག་ཅིག་བྱུང་བར་གྱུར་ཏེ། ཁ་དོག་ཕུན་སུམ་ཚོགས་པ་རོ་ཕུན་སུམ་ཚོགས་པ་ཞིག་བྱུང་སྟེ། འདི་ལྟ་བུའི་ཁ་དོག་དང་རོ་དང་ལྡན་པ་སྟེ། འདི་ལྟ་སྟེ། དོང་ཀའི་མེ་ཏོག་ལྟ་བུ། རོ་འདི་ལྟ་སྟེ་སྦྲང་རྩི་མ་བསྐོལ་བ་ལྟ་བུའོ། །དེ་དག་ཟས་དེ་ལ་ཟ་ཞིང་དུས་རིང་ཞིང་ཡུན་རིང་དུ་གནས་ཏེ། དེ་དག་ལས་གང་ཉུང་ཞིང་
ཆེས་ཉུང་བར་ཟ་བ་དེ་དག་ནི་ཁ་དོག་དང་ལྡན་པར་གྱུར་ལ། གང་མང་ཞིང་ཆེས་མང་བར་ཟ་བ་དེ་དག་ནི་ཁ་དོག་ངན་པར་གྱུར་ཏེ། ཟས་རྣམ་པ་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་སུ་གྱུར་ཏེ། ཁ་དོག་རྣམ་པ་གཉིས་ལས་སེམས་ཅན་དེ་དག་ཁྱེད་ནི་ཁ་དོག་ངན་ཞིང་ང་ནི་ཁ་དོག་བཟང་བ་ཡིན་
ནོ་ཞེས་ཕན་ཚུན་བརྙས་པ་བྱེད་པར་གྱུར་ཏེ། སེམས་ཅན་དེ་དག་ཁ་དོག་གི་མངོན་པའི་ང་རྒྱལ་གྱིས་སྡིག་པ་མི་དགེ་བའི་ཆོས་རྟག་ཏུ་བྱེད་པའི་རྒྱུས་སའི་ཞག་དེ་ཡང་ནུབ་པར་གྱུར་ཏོ། །སའི་ཞག་དེ་ནུབ་པ་དང་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་འདི་སྐད་དུ་ཀྱི་ཧུད་རོ་ཀྱི་ཧུད་རོ་ཞེས་ཉམ་
ཐག་པའི་སྨྲེ་སྔགས་འདོན་ཏེ། འདི་ལྟ་སྟེ། དེ་ལྟར་མི་རྣམས་ཀྱི་ནང་ན་རྔན་པ་ཅུང་ཟད་ཙམ་ཐོབ་ནས་སྔོན་གྱི་མི་རྣམས་ཀྱི་ཡི་གེ་དང་ཚིག་འབྲུའི་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་ལྟ་བུ་སྟེ། ཀྱི་ཧུད་རཱ་ས་ཀྱི་ཧུད་རཱ་ས་ཞེས་སྨྲེ་སྔགས་འདོན་པར་བྱེད་དོ། །གནས་འཇོག་སའི་ཞག་དེ་ནུབ་པ་
དང་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་འདི་སྐད་དུ་ཀྱི་ཧུད་རོ་ཀྱི་ཧུད་རོ་ཞེས་སྨྲེ་སྔགས་འདོན་ཞིང་རྗོད་པར་བྱེད་ཀྱང་ངས་སྨྲེས་པའི་སྒྲ་ནི་འདི། ངས་སྨྲས་པའི་དོན་ནི་འདི་ཞེས་སྒྲ་དང་དོན་དག་ནི་མི་ཤེས་སོ། །གནས་འཇོག་སའི་ཞག་དེ་ནུབ་པ་དང་སེམས་ཅན་དེ་དག་ལ་མྱུ་གུའི་ཚལ་
ཁ་དོག་ཕུན་སུམ་ཚོགས་པ་རོ་ཕུན་སུམ་ཚོགས་པ་ཞིག་བྱུང་སྟེ། འདི་ལྟ་བུའི་ཁ་དོག་དང་རོ་དང་ལྡན་པ་སྟེ། འདི་ལྟ་སྟེ། ཀ་དམྤའི་མེ་ཏོག་ལྟ་བུ། འདི་ལྟ་བུའི་རོ་སྟེ་འདི་ལྟ་སྟེ་སྦྲང་མའི་སྦྲང་རྩི་མ་བསྐོལ་བ་ལྟ་བུའོ། །དེ་དག་ཁ་ཟས་དེ་ཟ་ཞིང་དུས་རིང་ཞིང་ཡུན་རིང་དུ་གནས་ཏེ། དེ་

དག་ལས་གང་ཉུང་ཞིང་ཆེས་ཉུང་བར་ཟ་བ་དེ་དག་ཁ་དོག་དང་ལྡན་པར་གྱུར་ལ། གང་མང་ཞིང་ཆེས་མང་བར་ཟ་བ་དེ་དག་ནི་ཁ་དོག་ངན་པར་གྱུར་ཏེ། ཟས་རྣམ་པ་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་སུ་གྱུར་ཏེ། ཁ་དོག་རྣམ་པ་གཉིས་ལས་སེམས་ཅན་དེ་དག་
ལ་ཁྱོད་ནི་ཁ་དོག་ངན་ཞིང་ང་ནི་ཁ་དོག་བཟང་བ་ཡིན་ནོ་ཞེས་བརྙས་པ་བྱེད་པར་གྱུར་ཏེ། སེམས་ཅན་དེ་དག་ཁ་དོག་གི་མངོན་པའི་ང་རྒྱལ་གྱིས་སྡིག་པ་མི་དགེ་བའི་ཆོས་རྟག་ཏུ་བྱེད་པའི་རྒྱུས་མྱུ་གུའི་ཚལ་དེ་ཡང་ནུབ་པར་གྱུར་ཏོ། །གནས་འཇོག་མྱུ་གུའི་ཚལ་ནུབ་པ་དང་སེམས་ཅན་དེ་དག་འདུས་
ཤིང་ཚོགས་ནས་འདི་སྐད་དུ་མདུན་དུ་སོང་མདུན་དུ་སོང་ཞེས་སྨྲེ་སྔགས་འདོན་པར་བྱེད་དོ། །འདི་ལྟ་སྟེ་ད་ལྟར་མི་རྣམས་ལ་གང་ཅུང་ཟད་ཙམ་རྩ་རྣོ་བ་དེ་དག་གིས་སྐྲོད་ཅིང་སྐྲོད་པར་བྱེད་ནས་སྔོན་གྱི་མི་རྣམས་ཀྱི་ཡི་གེ་དང་ཚིག་འབྲུའི་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་ལྟ་བུ་སྟེ། མདུན་དུ་སོང་མདུན་དུ་སོང་ཞེས་
སྨྲེ་སྔགས་འདོན་པར་བྱེད་དོ། །གནས་འཇོག་མྱུ་གུའི་ཚལ་དེ་ནུབ་པ་དང་། སེམས་ཅན་དེ་དག་འདུས་ཤིང་ཚོགས་ཤིང་མདུན་དུ་སོང་མདུན་དུ་སོང་ཞེས་སྨྲེ་སྔགས་འདོན་པར་བྱེད་ཀྱང་ངས་སྨྲས་པའི་སྒྲ་ནི་འདི། ངས་སྨྲས་པའི་དོན་ནི་འདི་ཡིན་ཞེས་སྨྲས་པའི་སྒྲ་དང་དོན་ནི་མི་ཤེས་སོ། །གནས་
འཇོག་མྱུ་གུའི་ཚལ་དེ་ནུབ་པ་དང་། སེམས་ཅན་དེ་དག་ལ་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་པགས་པ་དང་ཤུན་པ་མེད་ཅིང་གཙང་ལ་དག་པ་སོར་མོ་བཞིའི་ཚད་ཙམ་གྱིས་འཁྲིགས་པ་དགོངས་ཀ་བརྔས་ན་ནང་པར་སྐྱེ་ཞིང་། ནང་པར་བརྔས་ན་དགོངས་ཀ་སྐྱེ་བ། བརྔས་ཤིང་བརྔས་ཤིང་སྐྱེ་བ།
བརྔས་པ་དང་སྐྱེ་བ་ཡང་མི་ཤེས་པ་དག་བྱུང་བར་གྱུར་ཏོ། །དེ་དག་དེ་ཟ་ཞིང་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །གང་ཡང་སེམས་ཅན་དེ་དག་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་ཟས་སུ་ཟ་བ་དང་ཡོངས་སུ་སྤྱོད་པ་ན་དབང་པོ་ཐ་དད་པ་དག་བྱུང་བར་གྱུར་ཏེ། གཅིག་ལ་ནི་ཕོའི་དབང་པོ། གཅིག་ལ་ནི་མོའི་
དབང་པོ། དེ་དག་ཕོ་དང་མོའི་དབང་པོ་དང་ལྡན་པའི་སེམས་ཅན་དེ་དག་ཕན་ཚུན་དུ་མིག་གིས་མིག་ལ་བཙུགས་ཏེ་ལྟ་བར་བྱེད་དོ། །ཇི་ལྟ་ཇི་ལྟར་མིག་གིས་མིག་ལ་བཙུགས་ཏེ་ལྟ་བ་དེ་ལྟ་དེ་ལྟར་ཀུན་ཏུ་ཆགས་སོ། །ཇི་ལྟ་ཇི་ལྟར་ཆགས་པ་དེ་ལྟ་དེ་ལྟར་སྲེད་དོ། །ཇི་ལྟ་ཇི་ལྟར་སྲེད་པ་དེ་ལྟ་དེ་ལྟར་

ལོག་པར་ཞུགས་སོ། །སེམས་ཅན་དེ་དག་ལོག་པར་ཞུགས་པ་སེམས་ཅན་གཞན་གྱིས་མཐོང་ནས་རྡུལ་དག་གཏོར་བར་བྱེད། གསེག་མ་དང་གྱོ་མོ་དག་འཐོར་ཞིང་འདི་སྐད་དུ། ཀྱེ་སེམས་ཅན་གྲོང་པ་བྱ་བ་མ་ཡིན་པ་བྱེད་པ། སེམས་ཅན་གྲོང་པ་བྱ་བ་མ་ཡིན་པ་བྱེད་པ་ད་ལྟར་སེམས་ཅན་
སུན་འབྱིན་པ་བྱེད་དམ། ཞེས་སྨྲ་བར་བྱེད་དོ། །འདི་ལྟ་སྟེ། ད་ལྟར་མིའི་ནང་ནས་བག་མ་གཏོང་བ་ན་ཕྱེ་མ་དག་འཐོར་བར་བྱེད། སྤོས་དང་། ཕྲེང་བ་དང་། གོས་དག་ཀྱང་འཐོར་ཞིང་བུ་མོ་བདེ་བར་གྱུར་ཅིག །བུ་མོ་བདེ་བར་གྱུར་ཅིག་ཅེས་སྨྲ་བ་ལྟ་བུ་སྟེ། དེ་བཞིན་དུ་སེམས་ཅན་དེ་དག་ལོག་
པར་ཞུགས་པ་སེམས་ཅན་གཞན་གྱིས་མཐོང་ནས་རྡུལ་དག་འཐོར་བར་བྱེད་ཅིང་གྱོ་མོ་དང་གསེག་མ་དག་ཀྱང་འཐོར་ཞིང་འདི་སྐད་དུ། ཀྱེ་སེམས་ཅན་གྲོང་པ་བྱ་བ་མ་ཡིན་པར་བྱེད་པ། གྲོང་པ་བྱ་བ་མ་ཡིན་པ་བྱེད་པ་ད་ལྟར་སེམས་ཅན་དག་སུན་འབྱིན་པར་བྱེད་དམ་ཞེས་སྨྲ་བར་བྱེད་དོ། །གནས་
འཇོག་གང་སྔོན་ཆོས་མ་ཡིན་པར་འདོད་པ་དེ་ནི་ད་ལྟར་ཆོས་སུ་མངོན་པར་འདོད་ལ། གང་སྔོན་འདུལ་བ་མ་ཡིན་པ་དེ་ནི་ད་ལྟར་འདུལ་བར་མངོན་པར་འདོད་ཅིང་། གང་སྔོན་སྨད་པ་གང་ཡིན་པ་དེ་ནི་ད་ལྟར་རྗེས་སུ་བསྔགས་ཏེ། ལན་གཅིག་དང་ལན་གཉིས་དང་གསུམ་དང་བདུན་གྱི་བར་དུ་སྟེན་
བར་བྱེད་དོ། །གང་ཡང་སེམས་ཅན་འདི་དག་ཆོས་མ་ཡིན་པའི་ཤིན་ཏུ་སྡིག་པ་ཅན་གྱི་བརྟུལ་ཞུགས་ལེན་ཅིང་གནས་པ་ན་འདི་སྐད་དུ་བདག་ཅག་ཁྱིམ་དག་བྱས་ལ་དེར་བྱ་བ་མ་ཡིན་པ་བྱའོ་ཞེས་ཁྱིམ་བྱ་བའི་འདུ་ཤེས་སྐྱེས་སོ། །ཁྱིམ་གྱི་རྩོམ་པ་འཇིག་རྟེན་དུ་བྱུང་བའི་དང་པོ་ནི་དེ་ཡིན་ནོ། །དེ་དག་
ནི་ཆོས་དང་ཆོས་མ་ཡིན་པ་ཡིན་ལ། འདི་ནི་ཆོས་དང་ཆོས་ཏེ། མཆོག་ཏུ་གྱུར་པ་ནི་རྒྱལ་པོའི་དབང་པོའོ། །དེ་དག་ནུབ་མོ་བཟའ་བར་བྱ་བའི་སཱ་ལུ་ནུབ་མོ་ལེན་ཅིང་ནང་པར་བཟའ་བར་བྱ་བ་ནང་པར་ལེན་དུ་འགྲོ་བ་ལས། དེ་ནས་སེམས་ཅན་བརྐམ་པའི་རང་བཞིན་ཅན་གང་ཡང་རུང་བ་ཞིག་གིས་
དགོངས་ཀ་དང་ནང་པར་གཉིས་དུས་གཅིག་ཏུ་བླངས་སོ། །དེ་ནས་སེམས་ཅན་གཞན་དེ་དག་གིས་སེམས་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་བདག་ཅག་སཱ་ལུ་ལེན་པའི་ཕྱིར་ཆ་བར་བྱའོ། །དེས་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་དག་ཤེས་པར་གྱིས་ཤིག །བདག་

གིས་ནི་དགོངས་ཀ་དང་ནང་པར་དུས་གཅིག་ཏུ་བླངས་སོ། །དེ་ནས་སེམས་ཅན་དེ་དག་འདི་སྙམ་དུ་གྱུར་ཏེ། ཀྱེ་མ་ཐབས་འདི་རབ་ཏུ་ལེགས་ཏེ། བདག་ཅག་གིས་ནི་ཉིན་ཞག་གཅིག་ནས་ཉིན་ཞག་བདུན་གྱི་བར་དུ་བླང་བར་བྱའོ་ཞེས་སེམས་ཅན་དེ་དག་གིས་ཉིན་ཞག་གཅིག་
ནས་ཉིན་ཞག་བདུན་གྱི་བར་དུ་སཱ་ལུ་བླངས་སོ། །གང་ཡང་སེམས་ཅན་དེ་དག་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་སོག་འཇོག་གིས་སྤྱོད་ཅིང་ཉེ་བར་ལོངས་སྤྱོད་པ་ན་སཱ་ལུ་དེ་དག་ཤུན་པ་དང་སྦུན་པ་ཅན་དུ་གྱུར་ཅིང་བརྔས་ཤིང་བརྔས་པ་དག་ཀྱང་ཕྱིར་མི་སྐྱེ་ལ་བརྔས་པ་དག་ཀྱང་ཤེས་པར་གྱུར་ཏེ།
སཱ་ལུ་དེ་དག་རིས་སུ་ཆད་ཅིང་རིས་སུ་གནས་པར་གྱུར་ཏེ། དེ་ནས་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་སྨྲེ་སྔགས་འདོན་པར་བྱེད་དེ། བདག་ཅག་སྔོན་གཟུགས་ཅན་ཡིད་ལས་བྱུང་བ། དབང་པོ་མ་ཉམས་ཤིང་ཚང་བ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། མཛེས་ཤིང་ཁ་དོག་
དང་ལྡན་པ། ནམ་མཁའ་ལ་ཐོགས་པ་མེད་པར་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་དང་ལྡན་པ་རིང་དུ་གནས་ཏེ། བདག་ཅག་ལ་སའི་ཞག་ཁ་དོག་ཕུན་སུམ་ཚོགས་པ་རོ་ཕུན་སུམ་ཚོགས་པ་དག་བྱུང་ལ་བདག་ཅག་གིས་རོ་དེ་ཁམ་གྱི་ཟས་སུ་རིམ་གྱིས་ཡོངས་སུ་ལོངས་སྤྱད་པ་ལས་ལྕི་བ་དང་
མཁྲང་བ་ལུས་ལ་ཞུགས་པས་མཛེས་པ་དང་འོད་ནུབ་ཅིང་མུན་པ་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །བདག་ཅག་དེ་དག་ཟ་ཞིང་དུས་རིང་ཞིང་ཡུན་རིང་དུ་གནས་ཏེ། བདག་ཅག་དེ་དག་ཉུང་བར་ཟ་བ་དེ་དག་ནི་ཁ་དོག་དང་ལྡན་པར་གྱུར་ལ། གང་ཆེས་མང་བར་ཟ་བ་དེ་དག་ནི་ཁ་དོག་ངན་པར་གྱུར་ཏེ། ཟས་
རྣམ་པ་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་ལས་སེམས་ཅན་དེ་དག་ཁྱོད་ནི་ཁ་དོག་ངན་ཞིང་ང་ནི་ཁ་དོག་བཟང་བ་ཡིན་ནོ་ཞེས་ཕན་ཚུན་བརྙས་པ་བྱེད་པར་གྱུར་ཏེ། དེ་དག་བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་གྱིས་སྡིག་པ་མི་དགེ་བའི་ཆོས་རྟག་ཏུ་བྱེད་པའི་རྒྱུས་སའི་རོ་དེ་ནུབ་སྟེ། སའི་ཞག་
བྱུང་བར་གྱུར་ཏེ། ཁ་དོག་ཕུན་སུམ་ཚོགས་པ་དྲི་ཕུན་སུམ་ཚོགས་པ་རོ་ཕུན་སུམ་ཚོགས་པ་སྟེ། བདག་ཅག་དེ་ཟ་ཞིང་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །བདག་ཅག་དེ་དག་ལས་ཆེས་ཉུང་བར་ཟ་བ་དེ་དག་ནི་ཁ་དོག་དང་ལྡན་ལ། གང་ཆེས་མང་བར་ཟ་བ་དེ་དག་ནི་ཁ་དོག་དང་མི་ལྡན་པར་གྱུར་ཏེ། ཟས་

རྣམ་པ་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་སུ་གྱུར་ཏོ། །དེ་དག་བདག་ཅག་ཁ་དོག་རྣམ་པ་གཉིས་ལས་སེམས་ཅན་དེ་དག་ཁྱོད་ནི་ཁ་དོག་ངན་ཞིང་ང་ནི་ཁ་དོག་བཟང་བ་ཡིན་ནོ་ཞེས་ཕན་ཚུན་བརྙས་པ་བྱེད་པར་གྱུར་ཏེ། བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་གྱིས་སྡིག་པ་མི་དགེ་བའི་ཆོས་
རྟག་ཏུ་བྱེད་པའི་རྒྱུས་སའི་ཞག་དེ་ནུབ་པར་གྱུར་ཏོ། །མྱུ་གུའི་ཚལ་ཞིག་བྱུང་བར་གྱུར་ཏེ་ཁ་དོག་ཕུན་སུམ་ཚོགས་པ་དྲི་ཕུན་སུམ་ཚོགས་པ་རོ་ཕུན་སུམ་ཚོགས་པ་སྟེ། བདག་ཅག་དེ་ཟ་ཞིང་ཚེ་རིང་ཞིང་དུས་རིང་དུ་གནས་ཏེ། བདག་ཅག་དེ་ལས་གང་ཆེས་ཉུང་བར་ཟ་བ་དེ་དག་ནི་ཁ་དོག་དང་ལྡན་པར་
གྱུར་ལ། གང་མང་བར་ཟ་བ་དེ་དག་ནི་ཁ་དོག་ངན་པར་གྱུར་ཏེ། ཟས་རྣམ་པ་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་སུ་གྱུར་ཏེ། ཁ་དོག་རྣམ་པ་གཉིས་ལས་དེ་དག་ཁྱོད་ནི་ཁ་དོག་ངན་ཞིང་ང་ནི་ཁ་དོག་བཟང་བ་ཡིན་ནོ་ཞེས་ཕན་ཚུན་བརྙས་པ་བྱེད་པར་གྱུར་ཏེ། བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་གྱིས་སྡིག་པ་མི་དགེ་བའི་ཆོས་རྟག་ཏུ་
བྱེད་པའི་རྒྱུས་མྱུ་གུའི་ཚལ་དེ་དག་ནུབ་སྟེ་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་དག་བྱུང་སྟེ། སྦུན་པ་དང་ལྐོག་མེད་ཅིང་གཙང་བ་སོར་བཞི་ཙམ་གྱི་འཁོར་བ་ནང་བརྔས་ན་ནུབ་སྐྱེས་ཞིང་ནུབ་བརྔས་ན་ནང་སྐྱེ་བ་བརྔས་ཤིང་བརྔས་ཤིང་ཡང་སྐྱེ་བ་བརྔས་པ་དང་སྐྱེས་པ་ཡང་མི་ཤེས་པ་དག་བྱུང་སྟེ། བདག་
ཅག་དེ་ཟ་ཞིང་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །གང་ཡང་བདག་ཅག་འབྲས་སཱ་ལུ་སོག་འཇོག་ཏུ་ལོངས་སྤྱོད་པར་བྱེད་པ་ན་སཱ་ལུ་དེ་དག་སྦུན་པ་དང་ཤུན་པ་དང་བཅས་པར་གྱུར་ཅིང་བརྔས་ཤིང་བརྔས་པ་དག་ཀྱང་མི་སྐྱེ་ལ། བརྔས་པ་དང་སྐྱེས་པར་ཡང་ཤེས་སོ། །རིས་དང་རིས་སུ་གནས་པར་གྱུར་
ཏོ། །ད་ནི་བདག་ཅག་འདུས་ཤིང་ཚོགས་ཏེ་ཞིང་དག་བགོ་བར་བྱ། མུ་དང་མཚམས་དག་གཅད་པར་བྱའོ་ཞེས་སྨྲས་ཏེ། དེ་འདུས་ཤིང་ཚོགས་ནས་ཞིང་དག་འགོད་པར་བྱེད། མུ་འདྲེན་ཅིང་མཚམས་དག་འཇོག་པར་བྱེད་དོ། །གནས་འཇོག་འདི་ནི་འཇིག་རྟེན་ན་མཚམས་བྱུང་བ་རྣམས་ཀྱི་དང་པོ་
ནི་འདི་ཡིན་ཏེ། ཆོས་དང་ཆོས་མ་ཡིན་པའོ་དེ་ལ་ཆོས་ཀྱི་ཆོས་ནི་འདི་ཡིན་ཏེ། རྒྱལ་བའི་དབང་པོའི་ཆོས་མཆོག་གོ། །དེ་ནས་སེམས་ཅན་གཞན་གང་ཡང་རུང་བ་ཞིག་གིས་རང་ལ་སཱ་ལུ་ཡོད་བཞིན་དུ་གཞན་གྱི་ལ་མ་བྱིན་པར་བླངས་སོ། །དེ་ནས་སེམས་ཅན་དེ་སཱ་ལུ་རང་ལ་ཡོད་བཞིན་དུ་མ་བྱིན་པར་

ལེན་པ་བྱེད་པ་མཐོང་ངོ་། །མཐོང་ནས་སེམས་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་ཁྱེད་རང་ལ་སཱ་ལུ་ཡོད་བཞིན་དུ་ཅིའི་ཕྱིར་གཞན་གྱི་ལ་མ་བྱིན་པར་ལེན་པར་བྱེད། སེམས་ཅན་ཁྱོད་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་སྨྲ་བར་བྱེད་དེ། དེས་ལན་གཉིས་ལན་གསུམ་དུ་
རང་ལ་སཱ་ལུ་ཡོད་བཞིན་དུ་གཞན་གྱི་ལ་མ་བྱིན་པར་བླངས་པ་དང་། སེམས་ཅན་དེ་དག་གིས་ལན་གཉིས་ལན་གསུམ་དུ་མཐོང་ནས་སེམས་ཅན་དེ་ལ། ཀྱེ་ཁྱོད་རང་ལ་སཱ་ལུ་ཡོད་བཞིན་དུ་གཞན་གྱི་ལ་ཅིའི་ཕྱིར་མ་བྱིན་པར་ལེན་པ་སོང་ཤིག་ཅེས་སྨྲས་སོ། །དེ་དག་གིས་ཕར་འདྲེན་ཚུར་འདྲེན་བྱེད་ཅིང་
ཚོགས་ཀྱི་ནང་དུ་སྨོད་ཅིང་བཤུང་བའི་བར་དུ་བྱེད་དོ། །ཀྱེ་སེམས་ཅན་ཁྱོད་རང་ལ་སཱ་ལུ་ཡོད་བཞིན་དུ་གཞན་གྱི་ལ་ཅིའི་ཕྱིར་མ་བྱིན་པར་ལེན་པར་བྱེད་ཅེས་སྨྲས་སོ། །དེ་ནས་སེམས་ཅན་དེ་དག་ལ་སེམས་ཅན་དེས་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་དག་སེམས་ཅན་འདིས་སཱ་ལུའི་ཕྱིར་ཕར་
འདྲེན་ཚུར་འདྲེན་ཅིང་ཚོགས་ཀྱི་ནང་དུ་སྨད་པའི་བར་དུ་བྱས་སོ། །དེ་ནས་སེམས་ཅན་དེ་དག་གིས་སེམས་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་ཁྱོད་རང་ལ་སཱ་ལུ་ཡོད་བཞིན་དུ་གཞན་གྱི་ལ་ཅིའི་ཕྱིར་མ་བྱིན་པར་ལེན་ཏེ། ཁྱོད་སཱ་ལུའི་རྒྱུ་ལས་འདྲེན་པ་དང་ཚོགས་ཀྱི་ནང་དུ་སྨོད་པའི་བར་དུ་
བྱུང་གིས་ཕར་སོང་ཤིག །ཕྱིན་ཆད་དེ་ལྟར་མ་བྱེད་ཅེས་སྨྲས་སོ། །དེ་ནས་སེམས་ཅན་དེ་དག་འདི་སྙམ་དུ་གྱུར་ཏེ། སཱ་ལུའི་རྒྱུ་ལས་འདྲེན་པ་དང་ཕན་ཚུན་ཚོགས་ཀྱི་ནང་དུ་སྨོད་པའི་བར་དུ་བྱུང་བ་མ་མཐོང་ངམ། བདག་ཅག་རྣམས་འདུས་ཤིང་ཚོགས་ཏེ་བདག་ཅག་ལས་གཟུགས་བཟང་བ་
མཛེས་པ་བལྟ་ན་སྡུག་པ། ནུས་པ་ཆེ་བ་ཞིག་བཏུས་ཏེ་ཞིང་གི་དཔོན་པོར་བསྐོས་ཏེ་གང་བདག་ཅག་ལས་ཆད་པས་གཅད་པར་བྱ་བ་དེ་དག་ཆད་པས་གཅོད་ཅིང་། ཕན་གདགས་པར་བྱ་བ་དེ་དག་ལ་ཕན་འདོགས་པར་བྱ་ཞིང་བདག་ཅག་གི་ཞིང་ཕུན་སུམ་ཚོགས་པར་འགྱུར་བ་དེ་ལ་ཆོས་དང་ལྡན་པའི་དཔྱ་
དག་སྦྱིན་པར་བྱའོ་ཞེས་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་སེམས་ཅན་དེ་དག་ལ་མཛེས་པ་གཟུགས་བཟང་བ་བལྟ་ན་སྡུག་པ་སྟོབས་ཆེ་བ་ཞིག་བཏུས་ཏེ་ཞིང་གི་དཔོན་པོར་བསྐོས་སོ། །དེས་སེམས་ཅན་ཆད་པས་གཅད་པར་བྱ་བ་དག་ཆད་པས་གཅོད་ཅིང་ཕན་གདགས་པར་བྱ་བ་དག་

ཕན་འདོགས་པར་བྱེད་ཅིང་སེམས་ཅན་དེ་དག་གི་ཞིང་ཕུན་སུམ་ཚོགས་པར་འགྱུར་བ་ཆོས་དང་ལྡན་པའི་དཔྱ་དག་འབུལ་བར་བྱེད་དོ། །སྐྱེ་བོ་མང་པོས་བཀུར་བས་མང་པོས་བཀུར་བ་མང་པོས་བཀུར་བ་ཞེས་བྱ་བའི་མིང་བྱུང་ངོ་། །ཞིང་སྲུང་པས་རྒྱལ་རིགས་རྒྱལ་རིགས་ཞེས་བྱ་བའི་མིང་བྱུང་
ངོ་། །ཚུལ་ཁྲིམས་འཕེལ་ཞིང་རྒྱས་པར་སྤྱོད་པ་དང་། ཤེས་རབ་འཕེལ་ཞིང་རྒྱས་པར་སྤྱོད་པ་སྟེ། ཆོས་ཀྱི་སྐྱེ་དགུ་དགའ་བར་བྱེད་པས་རྒྱལ་པོ་ཞེས་བྱ་བའི་མིང་བྱུང་ངོ་། །གནས་འཇོག་འཇིག་རྟེན་དུ་རྒྱལ་རིགས་ཀྱི་དཀྱིལ་འཁོར་བྱུང་བ་རྣམས་ཀྱི་དང་པོ་ནི་འདི་ཡིན་ནོ། །དེ་ཡང་ཆོས་ཀྱི་སྟེ་ཆོས་མ་
ཡིན་པས་ནི་མ་ཡིན་ཏེ། དེ་ལ་ཆོས་ནི་འདི་ཡིན་ཏེ། ཆོས་རྒྱལ་བའི་དབང་པོའི་ཆོས་སོ། །གནས་འཇོག་བྲམ་ཟེ་རྣམས་ཀྱི་དཀྱིལ་འཁོར་འཇིག་རྟེན་དུ་བྱུང་བ་རྣམས་ཀྱི་དང་པོ་གང་ཞེ་ན། དེ་ནས་སེམས་ཅན་དེ་དག་ལས་སེམས་ཅན་ཁ་ཅིག་ཡོངས་སུ་འཛིན་པ་ནི་ནད། ཡོངས་སུ་འཛིན་པ་ནི་འབྲས།
ཡོངས་སུ་འཛིན་པ་ནི་ཟུག་རྔུ། ཡོངས་སུ་འཛིན་པ་ནི་སྡུག་བསྔལ་གྱི་རྩ་བ་ཞེས་རིག་ནས་གྲོང་ལས་དགོན་པར་སོང་སྟེ། ཡལ་ག་དང་འདབ་མ་དག་བསྡུས་ཏེ་ཁང་པ་བྱེད་དེ། ནང་ཟ་བ་ནང་པར་གྲོང་དུ་བསོད་སྙོམས་ཀྱི་ཕྱིར་འཇུག་ཅིང་ནུབ་ཟ་བ་ནུབ་མོ་གྲོང་དུ་བསོད་སྙོམས་ཀྱི་ཕྱིར་འཇུག་པ་ན།
དེ་ནས་སེམས་ཅན་དེ་དག་སེམས་ཅན་དེ་ལ་འདི་སྙམ་དུ་ཀྱེ་མ་སེམས་ཅན་འདི་ནི་དཀའ་བ་སྤྱོད་པ་སྟེ་ཡོངས་སུ་འཛིན་པ་ནི་ནད། ཡོངས་སུ་འཛིན་པ་ནི་ཟུག་རྔུ། ཡོངས་སུ་འཛིན་པ་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཞེས་རིག་ནས་གྲོང་ལས་དགོན་པར་སོང་སྟེ། ཡལ་ག་དང་འདབ་མ་དག་
བསྡུས་ཏེ་ཁང་པ་བྱེད་དོ། །དེ་ནང་པར་ཟ་བ་ནང་པར་གྲོང་དུ་བསོད་སྙོམས་ཀྱི་ཕྱིར་འཇུག དགོངས་ཀ་ཟ་བའི་ཕྱིར་དགོངས་ཀ་གྲོང་དུ་བསོད་སྙོམས་ཀྱི་ཕྱིར་འཇུག་པར་བྱེད་དེ། དེ་ལ་སྦྱིན་པར་བྱ་ཞིང་མཆོད་པར་བྱ་བ་ཡིན་ནོ་ཞེས་ཤེས་སོ། །དེ་ནས་སེམས་ཅན་ཁ་ཅིག་བསམ་གཏན་གྱི་བདེ་བ་
དང་རབ་ཏུ་དབེན་པའི་བདེ་བ་མ་རྟོགས་ཏེ། ཕྱོགས་གཅིག་ཏུ་སོང་ནས་སའི་ཁང་པ་བྱས་ཏེ་བདག་ཅག་འདིར་གསང་སྔགས་དག་བཅིང་བར་བྱ། རིག་བྱེད་དག་བཅིང་བར་བྱའོ་ཞེས་དེ་དག་དེ་ན་གསང་སྔགས་དག་འཆིང་ཞིང་རིག་བྱེད་དག་འཆིང་བར་བྱེད་དོ། །དེ་ནས་སེམས་ཅན་ཁ་ཅིག་བསམ་གཏན་གྱི་བདེ་བ་

དང་། རབ་ཏུ་དབེན་པའི་བདེ་བ་དག་མངོན་པར་མ་རྟོགས་ཏེ། གསང་སྔགས་འཆིང་བ་དང་རིག་བྱེད་འཆིང་བ་དག་མངོན་པར་མ་རྟོགས་ན་སླར་ཡང་གྲོང་གི་མཐར་སོང་སྟེ་ཁང་པ་སྒོ་བཞི་པ་དག་བྱས་ཏེ་གནས་པར་བྱེད་དོ། །བདག་ཅག་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱ་སྟེ། དགེ་སྦྱོང་
དང་བྲམ་ཟེ་འགྲོ་བ་དང་འོང་བ་དག་ལ་ཇི་ལྟར་ནུས་པ་སྟོབས་ཇི་ལྟ་བར་བསོད་སྙོམས་དག་སྦྱིན་པར་བྱའོ་ཞེས་དེ་དེ་ན་སྦྱིན་པ་དག་གཏོང་། བསོད་ནམས་དག་བྱེད་ཅིང་དགེ་སྦྱོང་དང་བྲམ་ཟེ་འགྲོ་ཞིང་འོང་བ་ལ་ནུས་པ་ཇི་ལྟ་བ་དང་སྟོབས་ཇི་ལྟ་བར་བསོད་སྙོམས་དག་སྦྱིན་པར་བྱེད་དོ། །གྲོང་ལས་དགོན་པ་རྟེན་ཅིང་
གནས་ཡིད་ཕྱིར་ཕྱོགས་ཤིང་ཡིད་ཕྱོགས་པས་བྲམ་ཟེ་བྲམ་ཟེ་ཞེས་བྱ་བའི་མིང་བྱུང་ངོ་། །ཡང་དངོས་པོ་གང་བསམ་གཏན་བྱེད་པ་དེ་དག་ལ་བསམ་གཏན་ཞེས་བྱ་བའི་མིང་བྱུང་ངོ་། །དགོན་པ་ལས་སླར་ཡང་གྲོང་དུ་ཞུགས་པ་དེ་དག་ནི་གྲོང་པ་ཞེས་བྱ་བའི་མིང་བྱུང་ངོ་། །གནས་འཇོག་འཇིག་
རྟེན་དུ་བྲམ་ཟེའི་དཀྱིལ་འཁོར་བྱུང་བ་རྣམས་ཀྱི་དང་པོ་ནི་འདི་ཡིན་ནོ། །དེ་ཡང་ཆོས་ཡིན་གྱི་ཆོས་མ་ཡིན་པས་ནི་མ་ཡིན་ནོ། །དེ་ལ་འདི་ནི་ཆོས་ཆོས་ཀྱི་མཆོག་རྒྱལ་བའི་དབང་པོའི་ཆོས་སོ། །གནས་འཇོག་དམངས་རིགས་ཀྱི་དཀྱིལ་འཁོར་འཇིག་རྟེན་དུ་བྱུང་བ་རྣམས་ཀྱི་དང་པོ་གང་ཡིན་ཞེ་ན།
དེ་ནས་སེམས་ཅན་བརྩོན་འགྲུས་ཅན་ཁ་ཅིག་ཁང་པ་སོ་སོར་བྱས་ནས་བཟོའི་གནས་ཀྱི་ལས་ལ་གནས་པར་བྱེད་དེ། ཀྱེ་སེམས་ཅན་འདི་དག་ནི་བརྩོན་འགྲུས་བརྩམས་ཤིང་ཁང་པ་སོ་སོར་བྱས་ནས་བཟོའི་གནས་ཀྱི་ལས་ལ་གནས་པས་དེ་ཡང་དམངས་རིགས་དམངས་རིགས་ཞེས་བྱ་བའི་མིང་བྱུང་
ངོ་། །གནས་འཇོག་འཇིག་རྟེན་དུ་དམངས་རིགས་ཀྱི་དཀྱིལ་འཁོར་བྱུང་བ་རྣམས་ཀྱི་དང་པོ་ནི་འདི་ཡིན་ནོ། །དེ་ཡང་ཆོས་ཡིན་གྱི་ཆོས་མ་ཡིན་པས་ནི་མ་ཡིན་ཏེ། དེ་ལ་ཆོས་ནི་འདི་ཡིན་ཏེ་རྒྱལ་བའི་དབང་པོའི་ཆོས་སོ། །དཀྱིལ་འཁོར་རྣམ་པ་གསུམ་འཇིག་རྟེན་དུ་བྱུང་བ་ན་དཀྱིལ་འཁོར་བཞི་
པ་ཡང་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །རྒྱལ་རིགས་ཀྱི་རིགས་ཀྱི་བུ་སྐྲ་དང་ཁ་སྤུ་བྲེགས་གོས་ངུར་སྨྲིག་བགོས་ཏེ། ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནི་རྒྱལ་རིགས་རྣམས་ཀྱིས་མངོན་པར་བརྗོད་ཅིང་ཕྱག་བཙལ་བ་དང་ཐལ་མོ་སྦྱར་བའི་ལས་བྱ་བར་རིགས་པ་ཡིན་ཞིང་།

བྲམ་ཟེའི་རིགས་དང་དམངས་རིགས་ཀྱིས་ཀྱང་མངོན་པར་བརྗོད་ཅིང་ཐལ་མོ་སྦྱར་བའི་ལས་བྱ་བར་རིགས་པ་ཡིན་ནོ། །བྲམ་ཟེའི་རིགས་དང་རྗེའུའི་རིགས་དང་དམངས་རིགས་ཀྱི་རིགས་ཀྱི་བུ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་
རབ་ཏུ་བྱུང་བ་ནི་རྒྱལ་རིགས་ཀྱིས་མངོན་པར་བརྗོད་ཅིང་ཕྱག་བྱ་བ་དང་ཐལ་མོ་སྦྱར་བའི་ལས་བྱ་བར་རིགས་པ་མ་ཡིན་ཞིང་། བྲམ་ཟེའི་རིགས་དང་རྗེའུ་རིགས་དང་དམངས་རིགས་ཀྱིས་ཀྱང་མངོན་པར་བརྗོད་ཅིང་ཕྱག་བཙལ་བ་དང་ཐལ་མོ་སྦྱར་ཞིང་འདུད་པའི་ལས་བྱ་བར་འོས་པ་ཡིན་ནོ། །
གནས་འཇོག་རིགས་དང་རུས་དང་ཆོ་འབྲང་རྣམས་ཀྱི་ནང་ན་རྒྱལ་རིགས་མཆོག་ཡིན་གྱི། བྲམ་ཟེ་ནི་མ་ཡིན་ཏེ། གནས་འཇོག་ཚངས་པ་སྟོང་གི་བདག་པོས་ཚིགས་སུ་བཅད་པ་སྨྲས་པ། རིགས་སུ་གྱུར་པའི་རྟེན་བྱེད་པའི། །རྐང་གཉིས་རྣམས་ལ་རྒྱལ་རིགས་མཆོག །རིག་པ་དང་ནི་རྐང་
པར་ལྡན། །ལྷ་དང་མི་ཡི་ནང་ན་མཆོག །ཅེས་ཚངས་པ་སྟོང་གི་བདག་པོས་ཚིགས་སུ་བཅད་པ་སྨྲས་པ། གང་ཡིན་པ་དེ་ནི་ལེགས་པར་བཤད་པ་ཡིན་ཞིང་ཉེས་པར་བཤད་པ་མ་ཡིན་ལ། ལེགས་པར་བརྗོད་པ་ཡིན་ཞིང་ཉེས་པར་བརྗོད་པ་མ་ཡིན་ཏེ། ང་ཡང་འདི་སྐད་དུ། རིགས་སུ་གྱུར་
པ་རྟེན་བྱེད་པའི། །རྐང་གཉིས་རྣམས་ལ་རྒྱལ་རིགས་མཆོག །རིག་པ་དང་ནི་རྐང་པར་ལྡན། །ལྷ་དང་མི་ཡི་ནང་ན་མཆོག །ཅེས་སྨྲའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཚེ་དང་ལྡན་པ་གནས་འཇོག་དང་། ཚེ་དང་ལྡན་པ་བ་ར་དྭ་ཛ་གཉིས་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་
ལོ་ཞེས་གསུངས་སོ། །བསྐལ་པ་མཚོན་དང་ནད་དང་ནི། །ཞེས་བྱ་བ་ལ་སོགས་པ་ལ་འདུས་པ་གསུམ་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་ལས་སྔོན་གྱི་སློབ་དཔོན་མདོ་འདོན་པ་བཞིན་ཏེ། གནས་རྣམ་པ་གསུམ་གྱིས་བསྐལ་པ་མཐར་འབྱིན་པར་བྱེད་དེ། མཚོན་དང་ནད་དང་མུ་གེའོ། །གསུམ་
པོ་དེ་དག་ནི་བར་གྱི་བསྐལ་པ་སྟེ། མཚོན་གྱི་བར་གྱི་བསྐལ་པ་དང་། །ནད་ཀྱི་བསྐལ་པ་བར་མ་དང་མུ་གེའི་བསྐལ་པ་བར་མའོ། །འཇིག་པ་ནི་རྣམ་པ་གསུམ་སྟེ། མེས་འཇིག་པ་དང་ཆུས་འཇིག་པ་དང་། རླུང་གིས་འཇིག་པའོ། །འཇིག་པའི་རྩེ་མོ་ནི་རྣམ་པ་གསུམ་སྟེ། འོད་གསལ་

དང་དགེ་རྒྱས་དང་འབྲས་བུ་ཆེ་བ་དག་སྟེ། གང་གི་ཚེ་འཇིག་རྟེན་མེས་འཇིག་པ་དེའི་ཚེ་འོད་གསལ་གྱི་ལྷ་དག་འཇིག་པའི་རྩེ་མོར་འགྱུར་རོ། །གང་གི་ཚེ་འཇིག་རྟེན་ཆུས་འཇིག་པ་དེའི་ཚེ་དགེ་རྒྱས་ཀྱི་ལྷ་དག་འཇིག་པའི་རྩེ་མོར་འགྱུར་རོ། །གང་གི་ཚེ་འཇིག་རྟེན་རླུང་གིས་
འཇིག་པ་དེའི་ཚེ་འབྲས་བུ་ཆེ་བའི་ལྷ་རྣམས་འཇིག་པའི་རྩེ་མོར་འགྱུར་རོ། །མདོ་ལས་ཇི་སྐད་དུ་སྡུག་བསྔལ་གྱི་དབང་པོ་འགགས་སོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་ལྔ་པོ་འདི་དག་ནི་དབང་པོ་སྟེ། ལྔ་གང་ཞེ་ན། ཡིད་མི་བདེ་བའི་དབང་པོ་དང་། སྡུག་བསྔལ་གྱི་
དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོའོ། །དགེ་སློང་ཡིད་མི་བདེ་བའི་དབང་པོ་ནི་སྐྱེ་བ་ཡིན་ཞིང་ཡིད་བདེ་བའི་དབང་པོ་ནི་སྐྱེ་བ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་ཡང་རྒྱུ་དང་བཅས་ཤིང་རྐྱེན་དང་བཅས་པ་
རྣམ་པ་དང་བཅས་པ་མངོན་པར་འདུ་བྱེད་པ་དང་བཅས་པ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་འདི་སྙམ་དུ་འགྱུར་ཏེ། རྒྱུ་གང་དང་རྐྱེན་གང་གིས་ཡིད་མི་བདེ་བའི་དབང་པོ་སྐྱེད་པར་བྱེད་པའི་རྒྱུ་དེ་དང་རྐྱེན་དེ་དག་རྟག་པ་ཞིག་གམ་མི་རྟག་པ་ཞིག །ཡང་དེ་འདི་སྙམ་དུ་གྱུར་ཏེ། གང་
ཡིད་མི་བདེ་བའི་དབང་པོ་སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དང་རྐྱེན་གང་ཡིན་པའི་ཡིད་མི་བདེ་བ་སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དང་རྐྱེན་གང་ཡིན་པ་དེ་དག་གང་ལས་རྟག་པར་འགྱུར་ཞེས་དེ་ཡིད་མི་བདེ་བའི་དབང་པོ་སྐྱེས་ཤིང་བྱུང་བ་དག་མི་རྟག་པར་རྗེས་སུ་ལྟ་ཞིང་གནས་སོ། །རྩོལ་བ་དང་བཅས་
པར་རྗེས་སུ་ལྟ་བ་དང་། འགོག་པར་རྗེས་སུ་ལྟ་བ་དང་། སོ་སོར་རབ་ཏུ་ཞི་བར་རྗེས་སུ་ལྟ་ཞིང་གནས་ཏེ། དེ་ལ་འདིའི་སེམས་ཉེ་བར་སྡུད་དོ། །གང་དུ་འདིའི་ཡིད་མི་བདེ་བའི་དབང་པོ་སྐྱེས་ཤིང་བྱུང་བ་མ་ལུས་པར་ཡོངས་སུ་འགག་པར་འགྱུར་ཞིང་མ་ལུས་པར་ཡོངས་སུ་ཟད་ཅིང་གཏུགས་
པར་འགྱུར། གང་དུ་འདིའི་སེམས་སྡུད་པར་འགྱུར། གང་དུ་འདིའི་ཡིད་མི་བདེ་བའི་དབང་པོ་མ་ལུས་པར་ཡོངས་སུ་འགག་པར་འགྱུར་ཞེ་ན། འདི་ནི་དགེ་སློང་འདོད་པ་ལས་དབེན་ཞེས་བྱ་བ་ནས་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུ་སྟེ། འདིར་འདིའི་སེམས་ཉེ་བར་བསྡུས་

ཤིང་འདིར་འདིའི་ཡིད་མི་བདེ་བའི་དབང་པོ་མ་ལུས་པར་ཡོངས་སུ་འགགས་ཤིང་མ་ལུས་པར་ཡོངས་སུ་ཟད་ཅིང་གཏུགས་པར་གྱུར་ཏེ། འདི་ནི་དགེ་སློང་འདི་ལྟ་སྟེ་ཡིད་མི་བདེ་བའི་དབང་པོ་ངེས་པར་འབྱུང་བ་ལ་མཁས་ཤིང་ལྷག་པར་བྱའོ་ཞེས་བྱའོ། །དགེ་སློང་སྡུག་བསྔལ་གྱི་དབང་པོ་ནི་སྐྱེ་བ་
ཡིན་ཞིང་སྡུག་བསྔལ་གྱི་དབང་པོ་ནི་འབྱུང་བ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ཡང་རྒྱུ་དང་བཅས་ཤིང་རྐྱེན་དང་བཅས་པ་རྣམ་པ་དང་བཅས་པ་འདུ་བྱེད་པ་དང་བཅས་པ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་འདི་སྙམ་དུ་རྒྱུ་གང་དང་རྐྱེན་གང་
གིས་སྡུག་བསྔལ་གྱི་དབང་པོ་སྐྱེད་པར་བྱེད་པའི་རྒྱུ་དེ་དང་རྐྱེན་དེ་དག་རྟག་པ་ཞིག་གམ་མི་རྟག་པ་ཞིག །དེ་འདི་སྙམ་དུ་གང་སྡུག་བསྔལ་གྱི་དབང་པོ་སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དང་རྐྱེན་གང་ཡིན་པའི་སྡུག་བསྔལ་གྱི་དབང་པོ་སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དང་རྐྱེན་གང་ཡིན་པ་དེ་དག་རྟག་
པར་ལྟ་ག་ལ་འགྱུར་ཞེས་དེ་སྡུག་བསྔལ་གྱི་དབང་པོ་སྐྱེས་ཤིང་བྱུང་བ་དག་མི་རྟག་པར་རྗེས་སུ་ལྟ་ཞིང་གནས་སོ། །རྩོལ་བ་དང་བཅས་པར་རྗེས་སུ་ལྟ་བ་དང་། འགོག་པར་རྗེས་སུ་ལྟ་བ་དང་། སོ་སོར་ནུབ་པར་རྗེས་སུ་ལྟ་ཞིང་གནས་པ་སྟེ། དེ་ལ་དེའི་སེམས་ཉེ་བར་སྡུད་དོ། །གང་འདིའི་སྡུག་
བསྔལ་གྱི་དབང་པོ་སྐྱེས་ཤིང་བྱུང་བ་མ་ལུས་པར་ཡོངས་སུ་འགག་པར་འགྱུར་ཞིང་མ་ལུས་པར་ཡོངས་སུ་ཟད་ཅིང་གཏུགས་པར་འགྱུར་བ་དང་། གང་དུ་འདིའི་སེམས་ཉེ་བར་སྡུད་ཅིང་གང་དུ་འདིའི་སྡུག་བསྔལ་གྱི་དབང་པོ་མ་ལུས་པར་ཡོངས་སུ་འགག་པར་འགྱུར་ཞེ་ན་འདི་ན་དགེ་སློང་རྟོག་པ་དང་
དཔྱོད་པ་ཉེ་བར་ཞི་ནས་ཞེས་བྱ་བ་ནས་བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུའོ། །འདིར་འདིའི་སེམས་ཉེ་བར་སྡུད་ཅིང་འདིར་འདིའི་སྡུག་བསྔལ་གྱི་དབང་པོ་མ་ལུས་པར་ཡོངས་སུ་འགག་ཤིང་མ་ལུས་པར་ཡོངས་སུ་ཟད་ཅིང་གཏུགས་པར་འགྱུར་ཏེ། འདི་ནི་དགེ་སློང་
འདི་ལྟ་སྟེ་སྡུག་བསྔལ་གྱི་དབང་པོའི་ངེས་པར་འབྱུང་བ་ལ་མཁས་ཤིང་ལྷག་པར་བྱང་བ་ཞེས་བྱའོ། །དགེ་སློང་ཡིད་བདེ་བའི་དབང་པོ་ནི་སྐྱེ་བ་ཡིན་ཞིང་ཡིད་བདེ་བའི་དབང་པོ་ནི་འབྱུང་བ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ཡང་རྒྱུ་དང་བཅས་ཤིང་རྐྱེན་དང་བཅས་པ་རྣམ་པ་དང་

བཅས་པ་མངོན་པར་འདུ་བྱེད་པ་དང་བཅས་པ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་འདི་སྙམ་དུ་འགྱུར་ཏེ། གང་ཡིད་བདེ་བའི་དབང་པོ་སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དང་རྐྱེན་གང་ཡིན་པ་ཞེས་བྱ་བ་ནས། སྡུག་བསྔལ་གྱི་དབང་པོ་བཞིན་རྒྱས་པར་
བྱ་སྟེ། གང་དུ་འདིའི་སེམས་སྡུད་པར་འགྱུར་གང་དུ་འདིའི་ཡིད་བདེ་བའི་དབང་པོ་སྐྱེས་པ་དག་མ་ལུས་པར་ཡོངས་སུ་འགག་ཅིང་མ་ལུས་པར་ཡོངས་སུ་ཟད་ཅིང་གཏུགས་པར་འགྱུར་ཞེ་ན། འདི་ན་དགེ་སློང་དགའ་བ་ལས་འདོད་ཆགས་དང་བྲལ་ཞིང་ཞེས་བྱ་བ་ནས། བསམ་གཏན་གསུམ་པ་
བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུའོ། །འདིར་འདིའི་སེམས་ཉེ་བར་སྡུད་ཅིང་འདིར་འདིའི་ཡིད་བདེ་བའི་དབང་པོ་སྐྱེས་པ་དག་མ་ལུས་པར་ཡོངས་སུ་འགག་ཅིང་མ་ལུས་པར་ཡོངས་སུ་ཟད་ཅིང་གཏུགས་པར་གྱུར་ཏེ། དགེ་སློང་འདི་ལྟ་སྟེ་ཡིད་བདེ་བའི་དབང་པོ་ངེས་པར་འབྱུང་བ་ལ་
མཁས་ཤིང་ལྷག་པར་བྱ་བ་ཞེས་བྱའོ། །དགེ་སློང་བདེ་བའི་དབང་པོ་སྐྱེས་ཤིང་བྱུང་བ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བ་སྡུག་བསྔལ་གྱི་དབང་པོ་བཞིན་བརྗོད་པར་བྱའོ། །གང་དུ་འདིའི་སེམས་ཉེ་བར་སྡུད་ཅིང་གང་དུ་འདིའི་སྡུག་བསྔལ་གྱི་དབང་པོ་མ་ལུས་པར་ཡོངས་སུ་
འགག་ཅིང་མ་ལུས་པར་ཡོངས་སུ་ཟད་ཅིང་གཏུགས་པར་འགྱུར་ཞེ་ན། འདི་ན་དགེ་སློང་བདེ་བ་སྤངས་ཤིང་ཞེས་བྱ་བ་ནས། བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུ་སྟེ། འདིར་འདིའི་སེམས་ཉེ་བར་སྡུད་ཅིང་། འདིར་འདིའི་བདེ་བའི་དབང་པོ་མ་ལུས་པར་ཡོངས་སུ་འགག་
ཅིང་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བདེ་བའི་དབང་པོའི་ངེས་པར་འབྱུང་བ་ལ་མཁས་ཤིང་ལྷག་པར་བྱང་བ་ཞེས་བྱ་བའི་བར་དུའོ། །དགེ་སློང་བཏང་སྙོམས་ཀྱི་དབང་པོ་སྐྱེས་ཤིང་བྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་ཡང་རྒྱུ་དང་བཅས་པ་ཞེས་བྱ་བ་ནས། སྡུག་བསྔལ་གྱི་དབང་པོ་
བཞིན་དུ་རྒྱས་པར་བྱ་སྟེ། གང་དུ་འདིའི་སེམས་ཉེ་བར་སྡུད་ཅིང་གང་དུ་འདིའི་བཏང་སྙོམས་ཀྱི་དབང་པོ་མ་ལུས་པར་ཡོངས་སུ་འགག་ཅིང་མ་ལུས་པར་ཟད་ཅིང་གཏུགས་པར་འགྱུར་ཞེ་ན། འདི་ནི་དགེ་སློང་རྒྱུ་མཚན་ཐམས་ཅད་དང་། ཡིད་ལ་བྱེད་པ་དང་། སེམས་ཀྱི་རྒྱུ་མཚན་གྱི་ཏིང་ངེ་འཛིན་ལུས་

ཀྱིས་མངོན་སུམ་དུ་བྱས་ཤིང་གནས་ཏེ། འདིར་འདིའི་སེམས་ཉེ་བར་སྡུད་ཅིང་འདིར་འདིའི་བཏང་སྙོམས་ཀྱི་དབང་པོ་མ་ལུས་པར་ཡོངས་སུ་འགག་ཅིང་མ་ལུས་པར་ཟད་ཅིང་གཏུགས་པར་འགྱུར་ཏེ། དགེ་སློང་འདི་ལྟ་སྟེ་འདི་ནི་བཏང་སྙོམས་ཀྱི་དབང་པོའི་ངེས་པར་འབྱུང་བ་ལ་མཁས་ཤིང་ལྷག་
པར་བྱང་བ་ཞེས་བྱའོ་ཞེས་གསུངས་སོ། །བསམ་གཏན་བཞི་པ་ནི་ནང་བདག་ཉིད་ཀྱི་སྐྱོན་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་བར་མ་ཡང་དག་པར་ལྡན་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པ་ལས། འཇིག་རྟེན་དང་པོ་ཞེས་བྱ་བའི་མདོ་ལས་ཏེ། འཆར་བྱེད་འདི་ན་དགེ་སློང་འདོད་པ་ལས་
དབེན་ཞེས་བྱ་བ་ནས། བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུ་སྟེ། འདི་ནི་འདིར་འཕགས་པ་རྣམས་ཀྱིས་གཡོ་བ་དང་བཅས་པར་གསུངས་ཏེ། གང་འདིར་འཕགས་པ་རྣམས་ཀྱིས་གཡོ་བ་དང་བཅས་པར་གསུངས་ཞེ་ན་འདི་ན་རྟོག་པ་དང་དཔྱོད་པ་དག་ནི་
འཕགས་པ་རྣམས་ཀྱིས་གཡོ་བ་དང་བཅས་པར་གསུངས་སོ། །གཞན་ཡང་དགེ་སློང་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་ནས་ཞེས་བྱ་བ་ནས་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་ཉེ་བར་གནས་སོ་ཞེས་བྱ་བའི་བར་དུ་སྟེ། འདི་ནི་འཕགས་པ་རྣམས་ཀྱིས་གཡོ་བ་དང་བཅས་པར་གསུངས་
པ་སྟེ། གང་འདིར་འཕགས་པ་རྣམས་ཀྱིས་གཡོ་བ་དང་བཅས་པར་གསུངས་ཤེ་ན། དགའ་བ་དང་བཅས་པ་ནི་འཕགས་པ་རྣམས་ཀྱིས་གཡོ་བ་དང་བཅས་པར་གསུངས་སོ། །གཞན་ཡང་དགེ་སློང་དགའ་བ་ལས་འདོད་ཆགས་དང་བྲལ་ཞིང་བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་
ཏེ་གནས་སོ་ཞེས་བྱ་བའི་བར་དུ་སྟེ། འདིར་འདི་དག་འཕགས་པ་རྣམས་ཀྱིས་གཡོ་བ་དང་བཅས་པར་གསུངས་པ་སྟེ། གང་འདིར་འཕགས་པ་རྣམས་ཀྱིས་གཡོ་བ་དང་བཅས་པར་གསུངས་ཤེ་ན། འདི་ནི་བདེ་བ་འདི་ནི་བདེ་བ་ཞེས་བྱ་བ་སྟེ་འདི་འཕགས་པ་རྣམས་ཀྱིས་གཡོ་བ་དང་
བཅས་པར་གསུངས་སོ། །གཞན་ཡང་བདེ་བ་སྤངས་ཏེ། བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཤིང་གནས་སོ་ཞེས་བྱ་བའི་བར་དུ་སྟེ་འདི་ཙམ་ནི་འཕགས་པ་རྣམས་ཀྱིས་མི་གཡོ་བར་གསུངས་སོ། །ཆོས་མངོན་པ་མཛོད་ཀྱི་རྣམ་པར་བཤད་པ་ཉེ་བར་མཁོ་བ་ཞེས་བྱ་བ་ལས་མཛོད་ཀྱི་

གནས་གསུམ་པ་ཕལ་ཆེར་མདོ་དང་སྦྱར་བ་རྫོགས་སོ།། །།ལས་ནི་གཉིས་ཏེ། སེམས་པའི་ལས་དང་བསམས་པའི་ལས་སོ་ཞེས་བྱ་བ་ནི་གཉིས་པའི་མདོ་ལས་རིག་པར་བྱ་སྟེ། རྣམ་གྲངས་རྣམ་པར་བཤད་པ་མཐའི་སྡོམ་གྱི་ཚིགས་སུ་བཅད་པ་
བདུན་པ་ཡིད་འབྱུང་བའི་མདོ་ལས་འདི་ལྟར་འདོན་ཏེ། དགེ་སློང་དག་ལས་རིག་པར་བྱ་ཞིང་ལས་འབྱུང་བའི་རྒྱུ་དང་། ལས་ཀྱི་རྣམ་པར་སྨིན་པ་དང་། ལས་ཀྱི་རྣམ་པར་དབྱེ་བ་དང་། ལས་འགགས་པ་དང་། ལས་རྣམས་འགག་པར་འགྱུར་བ་རྟོགས་ཤིང་རིག་པར་བྱའོ། །དགེ་སློང་དག་ལས་
རིག་པར་བྱའོ་ཞེས་བྱ་བ་ལ་ལས་གང་ཞེ་ན། སེམས་པའི་ལས་དང་བསམས་པའི་ལས་ཏེ། ལས་འདི་དང་ལས་འདི་འདི་ལྟར་རིག་པར་བྱའོ། །ལས་འབྱུང་བའི་རྒྱུ་རིག་པར་བྱའོ་ཞེས་བྱ་བ་ལས་འབྱུང་བའི་རྒྱུ་གང་ཞེ་ན་ཞེས་བརྗོད་པར་བྱ་སྟེ། དགེ་སློང་དག་མ་རིག་པ་ནི་ལས་ཀྱི་ཀུན་འབྱུང་བའི་
རྒྱུའོ། །འདི་ནི་ལས་ཀུན་འབྱུང་བའི་རྒྱུའོ། །འདི་ལྟར་ནི་ལས་ཀུན་འབྱུང་བའི་རྒྱུའོ་ཞེས་རིག་པར་བྱའོ། །ལས་ཀྱི་རྣམ་པར་སྨིན་པ་རིག་པར་བྱའོ་ཞེས་བྱ་བ་ལས་ཀྱི་རྣམ་པར་སྨིན་པ་གང་ཞེ་ན། གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ཀྱང་ཡོད། དཀར་ལ་རྣམ་པར་སྨིན་པ་དཀར་བའི་
ལས་ཀྱང་ཡོད། དཀར་གནག་ལ་རྣམ་པར་སྨིན་པ་དཀར་གནག་གི་ལས་ཀྱང་ཡོད། །མི་དཀར་མི་གནག་ཅིང་རྣམ་པར་སྨིན་པ་མེད་པ་ལས་དེ་དག་ཟད་པར་བྱེད་པའི་ལས་ཀྱང་ཡོད། འདི་ནི་ལས་ཀྱི་རྣམ་པར་སྨིན་པ་འདི་ལྟར་ལས་ཀྱི་རྣམ་པར་སྨིན་པ་ཞེས་རིག་པར་བྱའོ། །ལས་ཀྱི་རབ་ཏུ་དབྱེ་བ་
རིག་པར་བྱའོ་ཞེས་བྱ་བ་ལས་ཀྱི་རབ་ཏུ་དབྱེ་བ་གང་ཞེ་ན། ལས་གཞན་གྱིས་ནི་དམྱལ་བར་སྐྱེ་བ་མངོན་པར་འགྲུབ་པར་བྱེད་ལ། ལས་གཞན་གྱིས་ནི་དུད་འགྲོར་སྐྱེ་བ་དང་། ལས་གཞན་གྱིས་ནི་ཡི་དགས་སུ་སྐྱེ་བ་དང་། ལས་གཞན་གྱིས་ནི་མི་རྣམས་སུ་སྐྱེ་བ་མངོན་པར་འགྲུབ་པར་བྱེད་དེ།
འདི་ནི་ལས་རྣམས་ཀྱི་རྣམ་པར་དབྱེ་བ་འདི་ལྟར་ལས་རྣམས་ཀྱི་རྣམ་པར་དབྱེ་བ་ཡིན་ནོ་ཞེས་རིག་པར་བྱའོ། །ལས་འགོག་པ་རིག་པར་བྱའོ་ཞེས་བྱ་བ་ལས་རྣམས་ཀྱི་འགོག་པ་གང་ཞེ་ན། མ་རིག་པ་འགགས་པ་ལས་ལས་འགག་པར་འགྱུར་ཏེ། འདི་ནི་ལས་རྣམས་ཀྱི་འགོག་པ་འདི་

ལས་རྣམས་འགོག་གོ་ཞེས་རིག་པར་བྱའོ། །ལས་རྣམས་འགོག་པར་འགྱུར་བའི་ལམ་རིག་པར་བྱའོ་ཞེས་བྱ་བ་ལས་རྣམས་འགོག་པར་འགྱུར་བའི་ལམ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པོ་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་ནས་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དག་
སྟེ། འདི་ནི་ལས་རྣམས་འགོག་པར་འགྲོ་བའི་ལམ། འདི་ལྟར་ལས་རྣམས་འགོག་པར་འགྲོ་བའི་ལམ་ཡིན་ནོ་ཞེས་རིག་པར་བྱའོ། །གང་ཡང་དགེ་སློང་འདི་ལྟར་ལས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་ལས་ཀུན་འབྱུང་བའི་རྒྱུ་དང་། ལས་ཀྱི་རྣམ་པར་སྨིན་པ་དང་། ལས་ཀྱི་
རབ་ཏུ་དབྱེ་བ་དང་། ལས་འགོག་པ་དང་། ལས་འགོག་པར་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ནི་འདི་ལྟ་སྟེ། དགེ་སློང་ལས་ཀྱི་མཚན་ཉིད་ཡང་དག་པར་མཐོང་ཞིང་། ཡང་དག་པར་ཤེས་པ་ཚངས་པར་སྤྱོད་ལ་སྐྱོ་བ་དང་བཅས་པ་ཞེས་བྱའོ་ཞེས་གསུངས་སོ། །མདོ་
ལས་གཟུགས་རྣམ་པ་གསུམ་པ་གསུངས་ཏེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །གནས་རྣམ་པ་གསུམ་གྱིས་གཟུགས་བསྡུས་ཏེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་
དུ་མེད་ལ་ཐོགས་པ་མེད་པའི་གཟུགས་ཀྱང་ཡོད་ཅེས་བཀའ་སྩལ་ཏོ། །གཟུགས་ཟག་པ་མེད་པ་ཡང་གསུངས་ཏེ་ཞེས་བྱ་བ་ལ། ཕུང་པོ་ཅན་ལ། དད་པ་གཉིས་དང་དགའ་བོ་གཉིས། །རབ་ཏུ་འཇིག་དང་འཕོ་བ་ཅན། །ས་ལ་སེར་དང་དམར་པོ་ཅན། །ཕུང་པོ་ཆོས་དང་ཟག་བཅས་སོ། །ཞེས་སྡོམ་གྱི་
ཚིགས་སུ་བཅད་པའི་མདོ་མཛོད་ཀྱི་གནས་དང་པོར། གང་དག་ཟག་བཅས་ཉེར་ལེན་པའི། །ཞེས་བྱ་བར་བྲིས་ཟིན་ཏོ།། །།འཕེལ་བར་ཡང་གསུངས་ཏེ་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀཽ་ཤཱམྤཱི་ན་སྒྲ་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོ་བཅོམ་ལྡན་
འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རྫས་ལས་བྱུང་བའི་བསོད་

ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ་དག་ཉན་པའི་སྐབས་རྙེད་དམ། བཅོམ་ལྡན་འདས་ཀྱིས་སྐུལ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐུལ་བྱེད་རྙེད་དེ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་པོ་འདི་དག་
ནི་འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ་དག་སྟེ། གང་དང་ལྡན་ན་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འགྲོ་བ་དང་འདུག་པ་དང་གཉིད་ལོག་པ་དང་སད་ན་ཡང་རུང་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་སྐྱེ་ཞིང་བསོད་ནམས་ཉེ་བར་སྐྱེ་བ་དག་སྟེ། བདུན་གང་ཞེ་ན། སྐུལ་
བྱེད་འདི་ན་དད་པའི་རིགས་ཀྱི་བུའམ་དད་པའི་རིགས་ཀྱི་བུ་མོ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་བར་བྱེད་པ་འདི་ནི་རྫས་ལས་བྱུང་བའི་བསོད་ནམས་དང་པོ་སྟེ། འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ་དག་སྟེ། གང་དང་ལྡན་པའི་དད་པའི་རིགས་ཀྱི་བུའམ་
རིགས་ཀྱི་བུ་མོ་འགྲོ་བ་དང་འདུག་པ་དང་། གཉིད་ལོག་པ་དང་སད་པ་ན་ཡང་རུང་རྟག་པར་རྒྱུན་མི་འཆད་པར་བསོད་ནམས་སྐྱེ་ཞིང་བསོད་ནམས་སྐྱེ་བའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཀུན་དགའ་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་པར་བྱེད་པ་འདི་ནི་སྐུལ་བྱེད་རྫས་
ལས་བྱུང་བའི་བསོད་ནམས་གཉིས་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་བསོད་ནམས་ཉེ་བར་སྐྱེ་བ་དག་གོ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུའམ་དད་པའི་རིགས་ཀྱི་བུ་མོ་གནས་དེ་ཉིད་དུ་མལ་ཆ་དང་སྟན་དག་འབུལ་བར་བྱེད་པ་འདི་ལྟ་སྟེ། ཁྲི་དང་
ཁྲིའུ་དང་སྟན་གྲུ་བཞི་པ་དག་འབུལ་བར་བྱེད་པ་འདི་ནི་སྐུལ་བྱེད་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གསུམ་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་བསོད་ནམས་ཉེ་བར་སྐྱེའོ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུའམ་དད་པའི་རིགས་ཀྱི་བུ་མོ་གནས་དེ་
ཉིད་དུ་རྗེས་སུ་མཐུན་པའི་འཚོ་བ་ནར་མ་འབུལ་བར་བྱེད་པ་འདི་ནི་སྐུལ་བྱེད་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བཞི་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བསོད་ནམས་ཉེ་བར་སྐྱེ་བ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུའམ་རིགས་

ཀྱི་བུ་མོ་གློ་བུར་འོངས་པ་དག་ལ་སྦྱིན་པ་སྦྱིན་པར་བྱེད་པ་འདི་ནི་སྐུལ་བྱེད་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལྔ་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་བསོད་ནམས་ཉེ་བར་སྐྱེ་བའི་བར་དུའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་
མོ་ནད་པ་དང་ནད་གཡོག་དག་ལ་སྦྱིན་པ་སྦྱིན་པར་བྱེད་ན། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བའི་བསོད་ནམས་དྲུག་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བསོད་ནམས་ཉེ་བར་སྐྱེ་བའོ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུའམ་མ་དད་པའི་རིགས་
ཀྱི་བུ་མོ་རླུང་དམར་དང་ལྷགས་པ་དང་གྲང་བ་དེ་ལྟ་བུའི་རང་བཞིན་དག་བྱུང་བ་ན་རླུང་དམར་དང་ལྷགས་པ་དང་ཆར་འབབ་པ་དང་གྲང་བའི་དུས་སུ་དགེ་སློང་གི་དགེ་འདུན་ལ་འཕགས་པ་སྐུ་མ་གཤེར་ཞིང་ཆོས་གོས་མ་གཤེར་བར་འདི་དག་བཞེས་ལ་བདེ་བ་ལ་རེག་པར་གནས་པར་མཛོད་ཅིག་
ཅེས་བཟའ་བ་དང་སྐྱོ་མ་དང་ཐུག་པ་དག་ཕྱི་རོལ་ཏུ་སོང་སྟེ་འབུལ་བར་བྱེད་དོ། །སྐུལ་བྱེད་འདི་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བསོད་ནམས་ཉེ་བར་སྐྱེའོ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་བསོད་ནམས་བྱ་བའི་
དངོས་པོ་བདུན་པོ་འདི་རྣམས་དང་ལྡན་པའི་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའི་བསོད་ནམས་དང་བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་འདི་ཙམ་ཞེས་བསོད་ནམས་ཀྱི་ཚད་གཟུང་བར་མི་ནུས་ཏེ། འོན་ཀྱང་བསོད་ནམས་མང་ཞིང་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་
གྲངས་སུ་འགྲོའོ། །སྐུལ་བྱེད་འདི་ལྟ་སྟེ་ཆུ་བོ་ཆེན་པོ་ལྔ་པོ་འདི་དག་ནི་མ་འདྲེས་པར་རྒྱ་མཚོར་འབབ་པ་སྟེ། འདི་ལྟ་སྟེ་གང་གཱ་དང་། ཡ་མུ་ན་དང་། ས་ར་ཡུ་དང་། ཨ་ཛེ་ར་བ་ཏི་དང་། ཆེན་པོ་དག་སྟེ། དེ་ལ་ཆུ་རྫ་མ་འདི་ཙམ་དང་། ཆུ་རྫ་མ་བརྒྱ་ཕྲག་དང་། ཆུ་རྫ་མ་བརྒྱ་སྟོང་ཕྲག་འདི་ཙམ་
ཡོད་དོ་ཞེས་ཆུའི་ཚད་ཡོངས་སུ་གཟུང་བར་མི་ནུས་ཀྱི། འོན་ཀྱང་ཆུ་མང་པོ་དང་ཆུའི་ཕུང་པོ་ཆེན་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །སྐུལ་བྱེད་དེ་བཞིན་དུ་གང་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འདི་རྣམས་དང་ལྡན་པའི་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོའི་

བསོད་ནམས་དང་། བསོད་ནམས་ཀྱི་འབྲས་བུ་དང་། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདི་ཙམ་ཡིན་ནོ་ཞེས་བསོད་ནམས་ཀྱི་ཚད་གཟུང་བར་མི་ནུས་ཀྱི། འོན་ཀྱང་བསོད་ནམས་མང་ཞིང་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །
ལན་གཉིས་སུ་ཡང་ཚེ་དང་ལྡན་པ་སྐུལ་བྱེད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ་དག་མཉན་པའི་སྐབས་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་
སྐུལ་བྱེད་ལ་བཀའ་སྩལ་པ། སྐུལ་བྱེད་ཡོད་དེ་སྐུལ་བྱེད་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་བདུན་པོ་འདི་དག་ནི་འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ། དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དང་ལྡན་ན་འགྲོ་བའམ་འདུག་པའམ་གཉིད་ལོག་པ་
པའམ་སད་པ་ན་ཡང་རུང་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་ཉེ་བར་སྐྱེ་བ་ཉིད་དུ་འགྱུར་བ་དག་སྟེ། བདུན་གང་ཞེ་ན། སྐུལ་བྱེད་འདི་ན་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྲོང་ངམ་ཞིང་གཞན་དག་ན་བརྟེན་ཅིང་བཞུགས་
སོ་ཞེས་ཐོས་ནས་ཐར་པ་དགེ་བ་ཡང་དག་པར་སྡུད་པར་བྱེད་པའི་དགའ་བ་དང་རབ་ཏུ་དགའ་བ་འཐོབ་པ་སྟེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་དང་པོ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བསོད་ནམས་ཉེ་བར་སྐྱེའོ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་
གཞན་ཡང་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དེ་ཉིད་འདིར་འོང་བར་རྩོམ་པ་ཐོས་ནས་ཐར་པ་དགེ་བ་ཡང་དག་པར་སྡུད་པར་བྱེད་པའི་དགའ་བ་དང་རབ་ཏུ་དགའ་བ་འཐོབ་པ་སྟེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་
པའི་བསོད་ནམས་བྱ་བའི་དངོས་པོ་གཉིས་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བསོད་ནམས་ཉེ་བར་སྐྱེའོ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་འམ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དེ་ཉིད་ལམ་དུ་ཞུགས་

པ་ཐོས་ནས་ཐར་པ་དགེ་བ་ཡང་དག་པར་སྡུད་པའི་དགའ་བ་དང་རབ་ཏུ་དགའ་བ་འཐོབ་པ་སྟེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་གསུམ་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བསོད་ནམས་ཉེ་བར་སྐྱེའོ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་
གཞན་ཡང་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེ་བཞིན་གཤེགས་པ་འམ་དེ་བཞིན་གཤེགས་པའི་ཉན་ཐོས་དེ་ཉིད་གྲོང་ངམ་ཞིང་ཆེ་གེ་མོ་ཞིག་ཏུ་གཤེགས་ནས་བཞུགས་སོ་ཞེས་ཐོས་ནས་ཐར་པ་དགེ་བ་ཡང་དག་པར་སྡུད་པར་བྱེད་པའི་དགའ་བ་དང་རབ་ཏུ་དགའ་བ་འཐོབ་པ་སྟེ། སྐུལ་བྱེད་
འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་བཞི་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བསོད་ནམས་ཉེ་བར་སྐྱེའོ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་
ཉན་ཐོས་ཀྱི་དགེ་འདུན་དེ་ཉིད་བལྟ་བའི་ཕྱིར་འགྲོ་ཞིང་མཐོང་ནས་ཐར་པ་དགེ་བ་ཡང་དག་པར་སྡུད་པའི་དགའ་བ་དང་རབ་ཏུ་དགའ་བ་འཐོབ་པ་སྟེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་ལྔ་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བསོད་ནམས་
ཉེ་བར་སྐྱེའོ་ཞེས་བྱ་བའི་བར་དུའོ། །གཞན་ཡང་སྐུལ་བྱེད་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དེ་ཉིད་ལས་ཆོས་ཐོས་ནས་ཐར་པ་དགེ་བ་ཡང་དག་པར་སྡུད་པར་བྱེད་པའི་དགའ་བ་དང་རབ་ཏུ་དགའ་བ་འཐོབ་པ་སྟེ། སྐུལ་བྱེད་
འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་དྲུག་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བསོད་ནམས་སྐྱེའོ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་དེ་ཉིད་ལས་
ཆོས་ཐོས་ནས་སངས་རྒྱས་ལ་སྐྱབས་སུ་འགྲོ། ཆོས་ལ་སྐྱབས་སུ་འགྲོ། དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བསླབ་པའི་གནས་ཡང་དག་པར་འཛིན་པ་སྟེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་བདུན་པ་སྟེ། འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ་གཟི་བརྗིད་ཆེ་བ་དད་

པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དང་ལྡན་ན་འགྲོ་བ་འམ། འདུག་པའམ་གཉིད་ལོག་པའམ། སད་པ་ན་ཡང་རུང་རྟག་པར་རྒྱུན་མི་འཆད་པར་བསོད་ནམས་ཉེ་བར་སྐྱེ་བར་འགྱུར་བ་དག་གོ། །སྐུལ་བྱེད་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་
པོ་འདི་དག་དང་ལྡན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའི་བསོད་ནམས་དང་། བསོད་ནམས་ཀྱི་འབྲས་བུ་དང་། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་ཚད་ནི་གཟུང་བར་མི་ནུས་ཀྱི། འོན་ཀྱང་བསོད་ནམས་མང་པོ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །སྐུལ་
བྱེད་འདི་ལྟ་སྟེ། ཆུ་བོ་ཆེན་པོ་ལྔ་པོ་འདི་དག་ནི་འདྲེས་ཤིང་རྒྱ་མཚོར་འབབ་པ་དག་སྟེ། འདི་ལྟ་སྟེ། གང་གཱ་དང་། ཡ་མུ་ན་དང་། མ་ར་ཡུ་དང་། ཨ་ཛེ་ར་བ་ཏི་དང་། ཆེན་པོ་དག་སྟེ། དེ་དག་ལ་ཆུ་རྫ་མའམ། ཆུ་རྫ་མ་བརྒྱ་འམ། ཆུ་རྫ་མ་སྟོང་ངམ་ཆུ་རྫ་མ་སྟོང་ཕྲག་འདི་ཙམ་ཡོད་དོ་ཞེས་ཆུའི་
ཚད་གཟུང་བར་མི་ནུས་ཀྱི། འོན་ཀྱང་ཆུ་མང་པོ་དང་ཆུའི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །སྐུལ་བྱེད་དེ་བཞིན་དུ་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་འདི་དག་དང་ལྡན་པ་དེའི་བསོད་ནམས་དང་། བསོད་ནམས་ཀྱི་
འབྲས་བུ་དང་། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་འདི་ཙམ་མོ་ཞེས་བསོད་ནམས་ཀྱི་ཚད་གཟུང་བར་མི་ནུས་ཀྱི། འོན་ཀྱང་བསོད་ནམས་མང་པོ་དང་བསོད་ནམས་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །འདིར་སྨྲས་པ། ཇི་ལྟར་གཙང་དག་འཇུག་ངོགས་བདེ། རིན་ཆེན་འབྱུང་གནས་
བཀྲ་ཤིས་མཚོར། །མི་དང་རི་དགས་ཚོགས་དག་གིས། །བསྟེན་པའི་ཆུ་བོ་སོ་སོར་འབབ། །དེ་བཞིན་མལ་སྟན་གདིང་བའི་དངོས། །སྦྱིན་པའི་མི་ལ་བསོད་ནམས་རྒྱུན། །ཇི་ལྟར་རྒྱ་མཚོའི་ཆུ་བཞིན་འབབ། །ཅེས་བཀའ་སྩལ་ཏོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཆོས་རྟོགས་པར་
བྱ་ཞེས་བྱ་བ་ལ་སྐྱེ་མཆེད་དྲུག་གི་ཚོགས་ཀྱིས་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པའི་མཐར་འདི་ལྟར་འདོན་ཏེ། ཐམས་ཅད་ཐམས་ཅད་ཡོད་དོ་ཞེས། །ཆོས་རྣམས་ཐམས་ཅད་དྲིས་པ་དང་། །བྲམ་ཟེ་དགེ་སློང་ཀུན་དགའ་བོ། །སྟོན་པས་དགེ་སློང་རྣམས་ལ་ནི། །ལེགས་པར་བཤད་པ་གོ་བྱས་

ནས། ཚོམས་སུ་ཡང་དག་བསྡེབས་པ་ཡིན། །ཞེས་མཛོད་ཀྱི་གནས་དང་པོར། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དང་བ་རྣམས། །ཞེས་བྱ་བ་དེར་བྲིས་ཟིན་ཏོ། །གང་འདི་སྐད་དུ་ཤེས་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཀོ་ཏུ་བ་ན་ཀ་ལམ་ཤ་མྱ་
ཞེས་བྱ་བའི་ཀོ་ཏུ་པའི་གྲོང་ཁྱེར་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ཐོག་མར་དགེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ཚངས་པར་སྤྱོད་པ་ཡོངས་སུ་གསལ་བར་བྱེད་པའི་སྐྱེ་མཆེད་དྲུག་གི་ཚོགས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་
བཤད་པར་བྱ་སྟེ། དེ་ལེགས་པར་ཉོན་ཞེས་བྱ་བ་ནས་བཤད་པར་བྱ་བའི་བར་དུའོ། །སྐྱེ་མཆེད་དྲུག་གི་ཚོགས་ཀྱི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། དགེ་སློང་དག་མིག་དང་གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་ཤིང་མ་མཐོང་བ་དང་། མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། མིག་གི་
འདུས་ཏེ་རེག་པའི་རྐྱེན་གྱིས་སྐྱེས་པའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་ཤིང་མ་མཐོང་ནས། མིག་དང་གཟུགས་ལ་ཡང་དག་པར་དགའ་ཞིང་མིག་གི་རྣམ་པར་ཤེས་པ་དང་
མིག་གི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་སྐྱེས་པའི་ཚོར་བ་བདེ་བ་དང་། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ལ་ཡང་དག་པར་དགའ་བར་འགྱུར་རོ། །དེ་དེ་ལ་ཡང་དག་པར་ཆགས་ཤིང་རྨོངས་ལ་སོ་སོར་རྟོག་པ་དང་སེམས་བཅིངས་ཤིང་
ཉེ་བར་ལེན་པའི་ཕུང་པོ་ལྔ་ཉེ་བར་སོགས་པར་འགྱུར་ཏེ། དགའ་བའི་འདོད་ཆགས་དང་ལྷན་ཅིག་པའི་སྲིད་པ་ལས་ཡང་སྲིད་པར་འགྲོ་བ་དེ་དང་དེར་དགའ་བའི་འདོད་ཆགས་འཇུག་ཅིང་དེ་དེ་དག་ཏུ་སྐྱེ་བར་འགྱུར་ཏེ། ལུས་ངལ་བ་དང་། སེམས་ངལ་བ་དང་། ལུས་ཀྱི་རིམས་ནད་དང་། སེམས་ཀྱི་རིམས་
ནད་དང་། ལུས་ཡོངས་སུ་སྲེག་པ་དང་། སེམས་ཡོངས་སུ་སྲེག་པ་དང་། ལུས་ཀྱི་འབད་རྩོལ་དང་། སེམས་ཀྱི་འབད་རྩོལ་དང་། ལུས་ཀྱི་སྡུག་བསྔལ་བ་སོ་སོར་ཉམས་སུ་མྱོང་བ་དང་། སེམས་ཀྱི་སྡུག་བསྔལ་བ་སོ་སོར་ཉམས་སུ་མྱོང་བར་ཡང་འགྱུར་ཞིང་དེ་ལུས་དང་སེམས་ཀྱི་སྡུག་བསྔལ་སོ་སོར་

ཉམས་སུ་མྱོང་བས་འདི་ལྟར་མ་འོངས་པའི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་
འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར་རོ། །དགེ་སློང་དག་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཆོས་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་ཤིང་མ་མཐོང་ལ། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་
བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་ཤིང་མ་མཐོང་ན། དེ་ལ་ཡང་དག་པར་དགའ་བར་འགྱུར་རོ། །དེ་དེ་ལ་ཡང་དག་པར་ཆགས་ཤིང་རྨོངས་ལ་སོ་སོར་རྟོག་ཅིང་སེམས་བཅིངས་པ་དང་ཉེ་བར་ལེན་པའི་ཕུང་
པོ་ལྔ་ཉེ་བར་སོགས་པར་འགྱུར་ཏེ། དགའ་བའི་འདོད་ཆགས་དང་ལྷན་ཅིག་པའི་སྲེད་པ་ལས་ཡང་སྲེད་པར་འགྲོ་བ་དེ་དང་དེར་སྐྱེ་བར་འགྱུར་ཏེ། ལུས་ངལ་བ་དང་། སེམས་ངལ་བ་དང་། ལུས་ཀྱི་རིམས་ནད་དང་། སེམས་ཀྱི་རིམས་ནད་དང་། ལུས་ཡོངས་སུ་སྲེག་པ་དང་། སེམས་
ཡོངས་སུ་སྲེག་པ་དང་། ལུས་ཀྱི་འབད་པ་དང་། སེམས་ཀྱི་འབད་པ་དང་། ལུས་ཀྱི་སྡུག་བསྔལ་སོ་སོར་ཉམས་སུ་མྱོང་བ་དང་། སེམས་ཀྱི་སྡུག་བསྔལ་སོ་སོར་ཉམས་སུ་མྱོང་བར་ཡང་འགྱུར་ཞིང་དེ་ལུས་དང་སེམས་ཀྱི་སྡུག་བསྔལ་སོ་སོར་ཉམས་སུ་མྱོང་བས་འདི་ལྟར་མ་འོངས་པའི་སྐྱེ་བ་དང་།
རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར་རོ། །དགེ་སློང་དག་མིག་དང་གཟུགས་ཡང་དག་
པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་། མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བ་འམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ནས། དེ་

ལ་ཡང་དག་པར་དགའ་བར་མི་འགྱུར་རོ། །དེ་དེ་ལ་ཡང་དག་པར་མི་ཆགས་ཤིང་མི་རྨོངས་ལ་སོ་སོར་མི་རྟོག་ཅིང་སེམས་མི་འཆིང་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉེ་བར་མི་སོགས་ཏེ། དགའ་བའི་འདོད་ཆགས་དང་ལྷན་ཅིག་པའི་སྲེད་པ་ལས་འགྲོ་བ་དེ་དང་དེར་སྐྱེ་བར་མི་འགྱུར་ཞིང་། ལུས་
ཀྱི་ངལ་བ་དང་། སེམས་ཀྱི་ངལ་བ་དང་། ལུས་ཀྱི་རིམས་ནད་དང་། སེམས་ཀྱི་རིགས་ནད་དང་། ལུས་ཀུན་ཏུ་སྲེག་པ་དང་། སེམས་ཀུན་དུ་སྲེག་པ་དང་། ལུས་ཀྱི་འབད་རྩོལ་དང་། སེམས་ཀྱི་འབད་རྩོལ་དང་། ལུས་ཀྱི་སྡུག་བསྔལ་སོ་སོར་མྱོང་བ་དང་། སེམས་ཀྱི་སྡུག་བསྔལ་སོ་སོར་ཉམས་
སུ་མྱོང་བར་ཡང་མི་འགྱུར་ཞིང་ལུས་དང་སེམས་ཀྱི་སྡུག་བསྔལ་སོ་སོར་མྱོང་བས་མ་འོངས་པའི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་མི་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་
གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་མི་འགྱུར་རོ། །དགེ་སློང་དག་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཆོས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་མཐོང་ལ། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་
ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ན། དེ་དེ་ལ་ཡང་དག་པར་དགའ་བར་མི་འགྱུར་རོ། །དེ་དེ་ལ་མི་ཆགས་ཤིང་མི་རྨོངས་ལ་སོ་སོར་མི་རྟོག་ཅིང་སེམས་མི་འཆིང་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉེ་
བར་མི་སྩོགས་ཏེ། དགའ་བའི་འདོད་ཆགས་དང་ལྷན་ཅིག་པའི་སྲེད་པ་ལས་ཡང་སྲེད་པར་འགྲོ་བ་དེ་དང་དེར་སྐྱེ་བར་མི་འགྱུར་ཞིང་ལུས་ངལ་བ་དང་། སེམས་ངལ་བ་དང་། ལུས་ཀྱི་རིམས་ནད་དང་། སེམས་ཀྱི་རིམས་ནད་དང་། ལུས་ཡོངས་སུ་སྲེག་པ་དང་། སེམས་ཡོངས་སུ་སྲེག་པ་དང་། ལུས་ཀྱི་
འབད་རྩོལ་དང་། སེམས་ཀྱི་འབད་རྩོལ་དང་། ལུས་ཀྱི་སྡུག་བསྔལ་སོ་སོར་མྱོང་བ་དང་། སེམས་ཀྱི་སྡུག་བསྔལ་སོ་སོར་ཉམས་སུ་མྱོང་བར་ཡང་མི་འགྱུར་ཏེ། ལུས་དང་སེམས་ཀྱི་སྡུག་བསྔལ་སོ་སོར་མྱོང་བས་མ་འོངས་པའི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་

འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་མི་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་མི་འགྱུར་རོ། །དེ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ན་འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་
པ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཡང་དག་པའི་ལྟ་བ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞིང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། འདིའི་
ཡང་དག་པའི་ལས་ཀྱི་མཐའ་དང་། འཚོ་བ་དག་ནི་སྔོན་ཉིད་དུ་ཡོངས་སུ་དག་ཅིང་བྱང་བར་གྱུར་ཏེ། དེ་ལྟར་ན་གོ་རིམས་ལས་ཟློག་པར་འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཡང་
དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞི་གནས་དང་ལྷག་མཐོང་འདྲིས་ཤིང་མཉམ་པར་འཇུག་སྟེ། དེ་ཆོས་གང་དག་མངོན་པར་ཤེས་པར་བྱ་བ་དང་ཡོངས་སུ་ཤེས་
པར་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་སོ། །ཆོས་གོང་མངོན་པར་ཤེས་ནས་སྤང་བར་བྱ་བ་དེ་དག་མངོན་པར་ཤེས་ནས་རབ་ཏུ་སྤོང་ངོ་། །ཆོས་གང་དག་མངོན་པར་ཤེས་ནས་མངོན་སུམ་དུ་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ནས་མངོན་དུ་བྱེད་དོ། །ཆོས་གང་དག་མངོན་པར་
ཤེས་ནས་བསྒོམ་པར་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ནས་སྒོམ་པར་བྱེད་དོ། །ཆོས་གང་དག་མངོན་པར་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བའི་ཆོས་དེ་དག་མངོན་པར་ཤེས་པར་བྱ་བ་དང་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། མིང་དང་གཟུགས་སོ། །འདི་ནི་ཆོས་གང་དག་མངོན་པར་
ཤེས་པ་དང་ཡོངས་སུ་ཤེས་པར་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་པ་ཞེས་བྱའོ། །ཆོས་གང་དག་མངོན་པར་ཤེས་ནས་ཡོངས་སུ་སྤང་བར་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ནས་ཡོངས་སུ་སྤོང་བ་གང་ཞེ་ན། མ་རིག་པ་དང་སྲིད་པའི་སྲེད་པ་སྟེ། འདི་ནི་ཆོས་གང་དག་

མངོན་པར་ཤེས་ནས་ཡོངས་སུ་སྤང་བའི་ཆོས་དེ་དག་མངོན་པར་ཤེས་ནས་ཡོངས་སུ་སྤོང་བ་ཞེས་བྱའོ། །ཆོས་གང་དག་མངོན་པར་ཤེས་ནས་མངོན་སུམ་དུ་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ནས་མངོན་དུ་བེད་པ་གང་ཞེ་ན། རིག་པ་དང་རྣམ་པར་གྲོལ་བ་སྟེ། འདི་ནི་མངོན་པར་ཤེས་ནས་
མངོན་དུ་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ནས་མངོན་དུ་བྱེད་པ་ཞེས་བྱའོ། །ཆོས་གང་དག་མངོན་པར་ཤེས་ནས་བསྒོམ་པར་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ནས་སྒོམ་པར་བྱེད་པ་གང་ཞེ་ན། ཞི་གནས་དང་ལྷག་མཐོང་སྟེ། འདི་ནི་ཆོས་གང་དག་མངོན་པར་ཤེས་ནས་བསྒོམ་པར་བྱ་བའི་
ཆོས་དེ་དག་མངོན་པར་ཤེས་ནས་སྒོམ་པར་བྱེད་པའོ། །དགེ་སློང་དག་དགེ་སློང་གང་དག་མངོན་པར་ཤེས་པར་བྱ་བ་དང་ཡོངས་སུ་ཤེས་པར་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ཤིང་