Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 146

Văn bản gốc(Tây Tạng)

Trang 7 / 19 (50.000 ký tự/trang)
་མིག་གི་དབང་པོ་སྟེ། འདི་ཙམ་ལ་མི་ཞེས་བྱའོ། །དེ་ལ་སེམས་ཅན་དང་མི་དང་ཤེད་ལས་སྐྱེས་
དང་ཤེད་བུ་དང་གང་ཟག་དང་སྲོག་དང་གསོ་བ་ཞེས་འདོགས་སོ། །དགེ་སློང་དེ་ལ་བདག་གི་མིག་གིས་གཟུགས་རྣམས་མཐོང་ངོ་ཞེས་བྱ་བ་ནས། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་སོ་ཞེས་བྱ་བའི་བར་དུ་ཉེ་བར་འདོགས་སོ། །དེ་ལ་འདི་དག་ཀྱང་ཐ་སྙད་དེ་ཚེ་དང་ལྡན་པའི་མིང་ནི་
འདི་ཞེས་བྱ། རུས་ནི་འདི་ལྟ་བུ། རིགས་ནི་འདི་ལྟ་བུ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་། ཚེ་རིང་ཞིང་ཡུན་རིང་པོ་འདི་ཙམ་ཞིག་ཏུ་གནས། ཚེའི་མཐའ་ནི་འདི་ཙམ་ཞིག་ཏུ་གྱུར་ཞེས་བྱ་བ་འདི་ནི་དགེ་སློང་གང་འདུ་ཤེས་ཙམ་འདི་ནི་དམ་བཅས་པ་ཙམ་མོ། །ཇི་ལྟར་
འདི་ཐམས་ཅད་ཐ་སྙད་ཙམ་ཡིན་ཞེ་ན། དགེ་སློང་ཆོས་འདི་དག་ཐམས་ཅད་ནི་མི་རྟག་པ་དང་མངོན་པར་འདུས་བྱས་པ་དང་། སེམས་ལས་བྱུང་བ་དང་། བརྟེན་ཏེ་སྐྱེས་པའོ། །གང་མི་རྟག་པ། མངོན་པར་འདུས་བྱས་པ་སེམས་ལས་བྱུང་བ་བརྟེན་ཏེ་སྐྱེས་པ་དེ་དག་ནི་སྡུག་
བསྔལ་བ། དེ་ནི་སྡུག་བསྔལ་སྐྱེ་བ། སྡུག་བསྔལ་གནས་པ་དང་། མངོན་པར་འཕེལ་བ་དང་། གང་སྡུག་བསྔལ་ཡང་དང་ཡང་དུ་རབ་ཏུ་འབྱུང་བའོ། །གང་སྡུག་བསྔལ་འདི་མ་ལུས་པར་སྤངས་པ། བྱང་བར་གྱུར་པ། ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ།

རྣམ་པར་ཞི་བ། ནུབ་པ། སྡུག་བསྔལ་གཞན་དང་ཉིང་མཚམས་སྦྱོར་བ་མེད་པ། ལེན་པ་མེད་པ་འབྱུང་བ་མེད་པ་གང་ཡིན་པ་འདི་ལྟ་སྟེ། ཕུང་པོ་ཐམས་ཅད་ངེས་པར་སྤངས་པ། སྲིད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། མྱ་ངན་ལས་འདས་པ་
སྟེ། དགེ་སློང་གང་འགའ་ཞིག་ཆོས་འདི་རྣམས་ལ་སེམས་ཤིང་འཇལ་བ་དང་གནས་པ་འདི་ནི་ཕྱིས་ཡིད་ལ་ཡོངས་སུ་གདུང་བ་མི་འཇུག་ཅིང་ལེན་པ་མེད་པ་ཞེས་བྱའོ། །དགེ་སློང་ཅི་སྟེ་གང་བདག་གིས་བདག་འདི་ལྟར་ཤེས་ཤིང་འདི་ལྟར་མཐོང་བ་དེ་ཆོས་མངོན་པར་འགྱུར་རོ། །རྣ་བ་དང་།
སྣ་དང་། ལྕེ་དང་། ལུས་དང་རེག་བྱ་ལ་བརྟེན་ནས་སྐྱེས་པ་ལུས་ཀྱི་རྣམ་པར་ཤེས་པ་དང་། གསུམ་འདུས་པའི་རེག་པ་དང་ལྷན་ཅིག་སྐྱེས་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་ཞེས་བྱ་བ་འདི་ནི་བདག་གི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་དང་། གཟུགས་ཅན་ལུས་ཀྱི་དབང་
པོ་སྟེ་འདི་ཙམ་ལ་མི་ཞེས་བྱའོ། །དེ་ལ་སེམས་ཅན་དང་མི་དང་ཤེད་ལས་སྐྱེས་པ་དང་ཤེད་བུ་དང་སྐྱེས་བུ་དང་གང་ཟག་དང་སྲོག་དང་གསོ་བ་ཞེས་ཐ་སྙད་འདོགས་སོ། །དགེ་སློང་དེ་ལ་བདག་གི་མིག་གིས་གཟུགས་རྣམས་མཐོང་ངོ་ཞེས་བྱ་བ་ནས། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་སོ་
ཞེས་བྱ་བའི་བར་དུ་ཐ་སྙད་འདོགས་ཏེ། །དེ་ལ་འདི་དག་ཀྱང་ཐ་སྙད་དེ་ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ནས། དགེ་སློང་གང་འདི་ལྟར་ཤེས་ཤིང་འདི་ལྟར་མཐོང་བ་དེ་ཆོས་མཐོང་བར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དགེ་སློང་ཡིད་དང་ཆོས་ལ་བརྟེན་ནས་སྐྱེས་པ་ཡིད་ཀྱི་རྣམ་པར་ཤེས་པ་དང་།
གསུམ་འདུས་པའི་རེག་པ་དང་། ལྷན་ཅིག་སྐྱེས་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་ཞེས་བྱ་བ་འདི་ནི་དགེ་སློང་བདག་གི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ཡིན་ལ། འབྱུང་བ་ཆེན་པོ་བཞིའི་ལུས་ཏེ་འདི་ཙམ་ལ་མི་ཞེས་བྱའོ། །དེ་ལ་སེམས་ཅན་དང་མི་དང་ཤེད་
ལས་སྐྱེས་པ་དང་ཤེད་བུ་དང་སྐྱེས་བུ་དང་གང་ཟག་དང་སྲོག་དང་གསོ་བ་ཞེས་འདོགས་སོ། །དགེ་སློང་དེ་ལ་བདག་གི་མིག་གིས་གཟུགས་རྣམས་མཐོང་ངོ་ཞེས་བྱ་བ་ནས། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་སོ་ཞེས་བྱ་བའི་བར་དུ་ཉེ་བར་འདོགས་སོ། །དེ་ལ་འདི་དག་ཀྱང་ཐ་

སྙད་དེ། ཚེ་དང་ལྡན་པ་མིང་ནི་འདི་ཞེས་བྱ་བ་ནས། དགེ་སློང་གང་འདི་ལྟར་ཤེས་ཤིང་འདི་ལྟར་མཐོང་བ་དེས་ཆོས་མཐོང་བར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེགས་པས་དེ་སྐད་གསུངས་ནས།
སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །མིང་དང་གཟུགས་དག་གཉིས་ལ་བརྟེན་ནས་ནི། །སྐྱེས་པར་གྱུར་པ་སེམས་ལས་བྱུང་བའི་ཆོས། །རྣམ་ཤེས་རེག་དང་ལྷན་ཅིག་ཚོར་བ་དང་། །འདུ་ཤེས་སེམས་པ་དང་ནི་རྒྱུ་དང་བཅས། །གང་ཟག་ཤེད་ལས་སྐྱེས་དང་
ཤེད་བུ་དང་། །འདི་ན་བདག་གམ་བདག་གི་བྱ་བ་མེད། །ཕུང་པོ་སྡུག་བསྔལ་ཡོངས་སུ་འགྱུར་བའི་ཆོས། །སྐྱེ་བའི་ཆོས་ཅན་འཇིག་པའི་ཆོས་ཅན་ཡིན། །སེམས་ཅན་མིང་དང་ཤེད་སྐྱེས་ཤེད་བུ་སྟེ། །འདི་དག་ཡོད་ཅེས་འདིར་ནི་བཏགས་པ་ཡིན། །ཕུང་པོ་རྒྱུ་མཚན་རྒྱུ་
ལས་དེ་དག་ལས། །གཞན་ཡང་རྣམ་མང་འདུ་ཤེས་སྐྱེ་བར་འགྱུར། །ཅི་སྟེ་དགེ་སྦྱོང་བྲམ་ཟེ་གཞན་གང་དག །བདག་ཅག་གཉིས་ལས་གཞན་གཉིས་འཆད་སྨྲས་པ། །ཚིག་གིས་མངོན་པར་བརྗོད་པའི་སྐལ་བ་ཅན། །འདྲི་བའི་ལན་དག་རབ་ཏུ་མི་ཤེས་ཡིན། །ལས་དང་སྲེད་པ་
དང་ནི་མ་རིག་པ། །ཕྱི་མའི་ཚེ་ལ་འདུ་བྱེད་རྣམས་ཀྱི་རྒྱུ། །ཕུང་པོ་དག་ལས་ཕུང་པོ་ཡང་གཞན་དུ། །ཉིང་མཚམས་སྦྱོར་བ་གང་ཟག་ཅེས་སྨྲའོ། །སྲིད་པ་མ་ལུས་ཉེ་བར་ཞི་བ་དང་། །མ་རིག་ནུབ་ཅིང་རབ་ཏུ་འགགས་པ་ན། །སྲེད་པ་ཟད་པས་སྡུག་བསྔལ་རབ་ཟད་པར། །འདི་ལྟར་
སྤྱན་དང་ལྡན་པའི་སངས་རྒྱས་གསུང་། །ཞེས་བཀའ་སྩལ་ཏོ། །མར་མེ་ཤི་བར་གྱུར་པ་ལྟར། །ཞེས་བྱ་བ་ལ་སོགས་པ་ལ། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་དང་། དབྱངས་ཀྱི་ཚོགས་ཀྱི་མདོ་ལས་ཚངས་པའི་སྒོའི་མདོར་འདོན་པ་ལྟ་བུ་སྟེ། སངས་རྒྱས་བཅོམ་
ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་མ་ཐག་པ་ཉིད་དུ་ཚེ་དང་ལྡན་པ་མ་འགགས་པས་ཚིགས་སུ་བཅད་པ་<སྨས་‚སྨྲས་>པ། དབུགས་རྔུབ་པ་དང་དབུགས་འབྱུང་དང་། །སེམས་བརྟན་པར་ནི་སྐྱོབ་པ་གནས། །མི་གཡོ་ཞི་བ་རྟོགས་ནས་ནི། །སྤྱན་ལྡན་ཡོངས་སུ་མྱ་ངན་འདས། །གང་

ཚེ་རྣམ་ཀུན་སྟོབས་ལྔ་པ། །སྟོན་པ་དུས་མཛད་གྱུར་པ་ན། །དེ་ཚེ་འཇིགས་པའི་སྒྲ་བྱུང་ཞིང་། །བ་སྤུ་ལྡང་བ་བྱུང་བར་གྱུར། །ཞུམ་པ་མེད་པའི་སེམས་ཀྱིས་ན། །ཚོར་བ་ཡོངས་སུ་བཟོད་མཛད་ཅིང་། །མར་མེ་ཤི་བར་གྱུར་པ་ལྟར། །དེ་ཡི་སེམས་ནི་རྣམ་པར་
ཐར། །ལམ་གྱི་ཚོགས་ལས་ཀྱང་བསླབ་པའི་སྒོའི་མདོ་འདི་ལྟར་ཚིགས་སུ་བཅད་པ་འདོན་ཏེ། དེ་དག་སྲོག་དང་བྲལ་གྱུར་ཅིང་། །རྣམ་པར་སྲེད་ཟད་རྣམ་པར་གྲོལ། །མར་མེ་ཤི་བར་གྱུར་པ་ལྟར། །དེ་ཡི་སེམས་ནི་རྣམ་པར་ཐར། །ཞེས་མཛོད་ཀྱི་གནས་བརྒྱད་པ་ཚུལ་
ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རང་བཞིན་ཞེས་མདོ་འཆད་པར་འགྱུར་རོ། །མདོ་ལས་རྐྱེན་ཉིད་ནི་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་ལ། བཞི་ལས་འཕྲོས་པའི་མདོ་ལས། རབ་ཏུ་རིག་དང་རྐྱེན་དང་ནི། །ཞེས་བྱ་བར་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ་ཞེས་འདོན་པ་
ལྟ་བུའོ། །བཅོམ་ལྡན་འདས་ཀྱིས་ཀྱང་བསམ་གཏན་རྣམས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པོ་ཞེས་གསུངས་སོ་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །བཞི་པོ་འདི་ནི་བསམ་གྱིས་མི་ཁྱབ་པའི་གནས་ཏེ། བསམ་པར་བྱེད་ན་སྨྱོ་བར་འགྱུར་ཞིང་
མགོ་རྨོངས་པ་དང་སེམས་གཡེངས་པ་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན། བདག་བསམ་པ་དང་། འཇིག་རྟེན་བསམ་པ་དང་། སེམས་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་དང་། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་ལོ་ཞེས་བཀའ་སྩལ་ཏོ། །མི་སྡུག་པ་དང་
ལྷན་ཅིག་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་མི་སྡུག་པ་སྒོམ་པར་བྱེད་ཅིང་ཀུན་དུ་བསྟེན་ཅིང་ལན་མང་དུ་བྱས་ན་འབྲས་བུ་ཆེན་པོར་འགྱུར་ཞིང་བསྔགས་པ་ཆེ་བར་འགྱུར་རོ། །ཇི་ལྟར་འབྲས་བུ་ཆེ་བ་དང་
བསྔགས་པ་ཆེ་བའི་མི་སྡུག་པ་བསྒོམ་པར་འགྱུར་ཞེ་ན། དགེ་སློང་འདི་ལ་མི་སྡུག་པ་དང་ལྷན་ཅིག་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་སྒྱུར་བ་སྒོམ་པར་བྱེད་

དེ། དགེ་སློང་འདི་ལ་མི་སྡུག་པ་དང་ལྷན་ཅིག་པར་གྱུར་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། དགའ་བ་དང་ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་
པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་སྒྱུར་བ་སྒོམ་པར་བྱེད་དེ། དགེ་སློང་འདི་ལྟ་བུ་འབྲས་བུ་ཆེ་བ་དང་བསྔགས་པ་ཆེ་བའི་མི་སྡུག་པ་སྒོམ་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །ཆོས་མངོན་པ་མཛོད་ཀྱི་མདོ་དང་སྦྱར་བའི་ཊཱི་ཀ་ཉེ་བར་མཁོ་བ་ཞེས་བྱ་བ་ལས་གནས་གཉིས་པ་
ཕལ་ཆེར་མདོ་དང་སྦྱར་བའོ།། །།འཇིག་རྟེན་སྣ་ཚོགས་གང་དེ་འདོད་པ་མིན། །ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་ཚེ་དང་ལྡན་པ་འདོད་པ་ཅན་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་ཕྱོགས་གཅིག་ཏུ་འདུག་པའི་བར་
དུའོ། །དེ་ནས་ཚེ་དང་ལྡན་པ་འདོད་པ་ཅན་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདོད་པ་འདོད་པ་ཞེས་བགྱི་བ་འདི་ལྟ་སྟེ། འདོད་པ་འདོད་པ་ཞེས་བགྱི་བ་དེ་གང་གི་ཚིག་བླ་དྭགས་ལགས། བཀའ་སྩལ་པ་འདོད་པ་འདོད་པ་ཞེས་བྱ་བ་འདི་ནི་འདོད་པའི་
ཡོན་ཏན་ལྔའི་ཚིག་བླ་དྭགས་མ་ཡིན་གྱི། འོན་ཀྱང་འདུན་པའི་འདོད་ཆགས་འདི་ལ་འདོད་པ་ཞེས་བྱའོ། །འཇིག་རྟེན་སྣ་ཚོགས་གང་དེ་འདོད་པ་མིན། །སྐྱེས་བུའི་ཀུན་རྟོག་འདོད་ཆགས་འདོད་པ་ཡིན། །འཇིག་རྟེན་དག་ན་སྣ་ཚོགས་དེ་བཞིན་གནས། །འོན་ཀྱང་བརྟན་རྣམས་
འདི་ལ་འདུན་པ་འདུལ། །བཙུན་པ་འོན་ཀྱང་ལམ་རྟོགས་ཤིང་བསྟན་པ་དང་། བསྒོམས་པ་དང་། ལན་མང་དུ་བྱས་ན་འདུན་པ་དང་འདོད་ཆགས་སྤོང་བར་འགྱུར་བ་ཡོད་དམ། འདོད་པ་ཅན་ཡོད་དེ། འདི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པའི་ལྟ་
བ་ནས། ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དུའོ། །བཙུན་པ་རབ་ཏུ་རྟོགས་པ་དང་། བསྟེན་པ་དང་། བསྒོམས་པ་དང་། ལན་མང་དུ་བྱས་ན་འདོད་པ་སྤོང་བའི་ལམ་འདི་ནི་བཟང་ངོ་། །དེ་ནས་ཚེ་དང་ལྡན་པ་འདོད་པ་ཅན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་

རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཞབས་དྲུང་ནས་སོང་ངོ་། །འདོད་པ་ནི་འདོད་ཆགས་ཞེས་རྟོགས་པར་ནུས་ཀྱང་ཆོས་མངོན་པའི་བསྟན་བཅོས་དེ་དང་དེ་ལས་འདོད་པའི་འདོད་ཆགས་ཉིད་དུ་རྟོགས་པར་བྱ་བའི་ཕྱིར་ཀུན་དུ་རྒྱུ་འཚོ་བྱེད་ལ་
འཕགས་པ་ཤཱ་རིའི་བུས་ཇི་སྐད་དུ་ཚིགས་སུ་བཅད་པ་གཉིས་འཐད་པ་དང་བཅས་པ་བཀོད་པ་སློབ་དཔོན་གྱིས་བྲིས་པ་བཞིན་དུ་བལྟ་བར་བྱའོ། །མདོ་ལས་དཔེར་ན་ཆར་གྱི་རྒྱུན་གཉའ་ཤིང་ཙམ་འབབ་པ་ན་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་གྱི་
གཙུག་ལག་ཁང་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། །དགེ་སློང་དག་སེམས་ཅན་མ་རིག་པས་བསྒྲིབས་ཤིང་སྲེད་པས་ཀུན་དུ་སྦྱོར་ཞིང་སྲེད་པས་གཏུམས་ཤིང་ཡུན་རིང་པོར་འཁོར་བར་མཚམས་སྦྱོར་ཞིང་སྡུག་བསྔལ་གྱི་སྔོན་གྱི་མཐའ་མི་
ཤེས་པ་རྣམས་ཀྱི་འཁོར་བ་ཐོག་མ་དང་ཐ་མ་མེད་དེ། དཔེར་ན་ཆར་གྱི་རྒྱུན་གཉའ་ཤིང་ཙམ་འབབ་པ་ན་བར་སྣང་ལ་ཆུའི་རྒྱུན་འབབ་པ་རྣམས་ཀྱི་བར་མཚམས་མེད་དེ། དེ་བཞིན་དུ་ཤར་གྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཆགས་པ་དང་། འཇིག་པ་དང་། གཞན་ཞིག་ནས་
འདུག་པ་དང་། གཞན་ཆགས་པ་དང་། གཞན་ཆགས་ནས་གནས་པ་རྣམས་ཀྱི་བར་དང་མཚམས་མེད་དེ། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་འཇིག་པ་དང་ཆགས་པ་དང་། གཞན་འཇིག་པ་དང་། གཞན་ཞིག་ནས་འདུག་པ་དང་། གཞན་
ཆགས་པ་དང་། གཞན་ཆགས་ནས་གནས་པ་རྣམས་ཀྱི་བར་དང་མཚམས་མེད་དོ། །དགེ་སློང་དག་སེམས་ཅན་མ་རིག་པས་བསྒྲིབས་ཤིང་སྲེད་པས་ཀུན་དུ་སྦྱོར་ཞིང་སྲེད་པས་གཏུམས་ཏེ། ཡུན་རིང་པོར་འཁོར་བར་མཚམས་སྦྱོར་བ་ནི་སྡུག་བསྔལ་གྱི་མཐའ་མི་ཤེས་པ་རྣམས་
ཀྱི་འཁོར་བ་ཐོག་མ་དང་ཐ་མ་མེད་དོ། །དགེ་སློང་དག་དེའི་ཕྱིར་འདི་ལྟར་བསླབ་པར་བྱ་སྟེ། གང་ལས་སྲེད་པ་ཆད་པ་དང་གང་རྟོགས་པས་སྲེད་པ་མངོན་པར་མི་གྲུབ་པ་དེ་ལྟར་དགེ་སློང་དག་ཁྱེད་ཀྱིས་བསླབ་པར་བྱའོ། །འོ་ན་ཚེ་དང་ལྡན་པ་ཆོས་དེ་དག་ལས་མ་གཏོགས་པའི་

དམྱལ་བ་མ་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་དུ་ཁ་ཆེ་བ་མདོ་འདོན་གྱི། ཉི་འོག་པ་རྣམས་ནི་མ་ཡིན་པས་འདི་ནི་མ་རྙེད་དོ། །ཡང་སྙིགས་མ་རྣམ་པ་ལྔ་མདོ་དེ་དང་དེ་ལས་འདོན་པ་ལྟ་བུ་སྟེ། རེ་ཞིག་ཇི་ལྟར་ཡང་དག་པར་ལྡན་པའི་ལས་དེའི་མདོ་ལས་
བཙུན་པ་རྒྱུ་གང་དང་རྐྱེན་གང་གིས་བཅོམ་ལྡན་འདས་ཀྱིས་སྔོན་ནི་བསླབ་པའི་གཞི་ཆེས་ཉུང་ངུ་དག་བཅས་ཀྱང་དགེ་སློང་རབ་ཏུ་མང་པོ་དག་དགྲ་བཅོམ་པ་ཉིད་ཐོབ་ཅིང་གནས་ལ་བཅོམ་ལྡན་འདས་ཀྱིས་ད་ལྟར་ནི་བསླབ་པའི་གཞི་ཆེས་མང་པོ་བཅས་ཀྱང་དགེ་སློང་ཆེས་ཉུང་ངུ་དག་དགྲ་
བཅོམ་པ་ཐོབ་ཅིང་གནས་པར་གྱུར། དགའ་བྱེད་དེ་བཞིན་ནོ། །ཇི་ལྟར་ད་ལྟར་ཚེའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མ་དང་། དུས་ཀྱི་སྙིགས་མ་དང་། ལྟ་བའི་སྙིགས་མ་དང་། སེམས་ཅན་གྱི་སྙིགས་མ་དག་གིས་དགའ་བྱེད་སེམས་ཅན་རྣམས་ཉམས་པར་བྱས་ཤིང་དམ་པའི་
ཆོས་ཀྱང་ནུབ་པའི་དུས་ན་སྟོན་པས་ཉན་ཐོས་ཀྱི་འདུལ་བའི་བསླབ་པའི་གཞི་ཆེས་མང་པོ་བཅས་ཀྱང་དགེ་སློང་ཆེས་ཉུང་ངུ་དག་དགྲ་བཅོམ་པ་ཉིད་ཐོབ་ཅིང་གནས་པར་འགྱུར་རོ་ཞེས་འབྱུང་ངོ་། །རྣམ་ཤེས་གནས་པ་བདུན་ཞེས་བྱ་བ་ལ། བདུན་ལས་འཕྲོས་པའི་བདུན་པའི་སྡོམ་གྱི་
ཚིགས་སུ་བཅད་པ་བརྒྱད་ཅུ་པ་ལ་སོགས་པ་ལ་ལྟ་བར་བྱའོ། །འདི་ཉིད་དུ་ཡང་མཛོད་ཀྱི་གནས་དང་པོར། དེ་ལས་གཞན་ཡང་ཅི་རིགས་པར། །ཞེས་བྱ་བའི་སྐབས་སུ་སྐྱེ་མཆེད་གཉིས་པོ་ཞེས་བྱ་བ་འགྲེལ་པར་བྲིས་ཟིན་པ་དང་། སེམས་ཅན་གྱི་གནས་འཆད་པར་
འགྱུར་བ་ལས་མིང་གཞན་དུ་བྱས་པ་རྟོགས་པར་བྱའོ། །མདོ་ལས་སེམས་ཅན་དེ་དག་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་ནི་མཛོད་ཀྱི་གནས་གསུམ་པ་འདི་ཉིད་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐབས་སུ་ཚངས་པའི་དྲ་བ་ལས་ལྟ་བ་དྲུག་ཅུ་རྩ་གཉིས་བཤད་པ། ཇི་སྐད་དུ་ཚངས་
པའི་དྲ་བ་ལས་ཞེས་བྱ་བ་འབྱུང་བར་འགྱུར་ཏེ། དེ་ལ་སྔོན་གྱི་མཐའ་ལ་རྣམ་པར་རྟོག་པ་རྣམས་ཀྱི་དང་པོའི་གཞི་ལས་འདི་སྐད་དུ་འདོན་ཏེ། དགེ་སློང་དག་འཇིག་རྟེན་འཇིག་པར་འགྱུར་བའི་དུས་ཡོད་དེ། འཇིག་རྟེན་འདི་འཇིག་པར་གྱུར་པ་ན་སེམས་ཅན་ཕལ་ཆེར་འོད་གསལ་

གྱི་ལྷའི་རིགས་སུ་སྐྱེ་བར་འགྱུར་ཏེ། ཡིད་ལས་བྱུང་བའི་གཟུགས་ཅན་དབང་པོ་མ་ཚངས་པ་མེད་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། ཁ་དོག་དང་དབྱིབས་མཛེས་པ། རང་གི་འོད་ཅན་ནམ་མཁའ་ལ་ཐོགས་པ་མེད་པར་འགྲོ་བ། དགའ་
བ་ཟ་ཞིང་དགའ་བའི་ཟས་དང་ལྡན་པ་ཚེ་རིང་ཞིང་དུས་རིང་པོར་གནས་པར་འགྱུར་རོ། །དགེ་སློང་དག་འཇིག་རྟེན་འདི་འཆགས་པར་འགྱུར་བའི་དུས་ཡོད་དེ། འཇིག་རྟེན་འདི་འཆགས་པ་ན་ནམ་མཁའ་སྟོང་པ་ལ་ཚངས་པའི་གཞལ་མེད་ཁང་མངོན་པར་འགྲུབ་པར་འགྱུར་རོ། །དེ་
ནས་སེམས་ཅན་གཞན་གང་ཡང་རུང་བ་ཞིག་ཚེ་ཟད་ལས་ཟད་བསོད་ནམས་ཟད་པས་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ཏེ། ཚངས་པའི་གཞལ་མེད་ཁང་སྟོང་པའི་ནང་དུ་སྐྱེ་བར་འགྱུར་རོ། །དེ་དེ་ན་གཅིག་པུ་ཟླ་མེད་ཅིང་གྲོགས་མེད་པར་གྱུར་པ་ཡུན་རིང་ཞིང་དུས་རིང་པོ་
ཞིག་ཏུ་གནས་ཏེ། དེ་ནས་སེམས་ཅན་དེ་དུས་རིང་པོར་གནས་པ་ན་ཀྱེ་མ་བདག་དང་སྐལ་བ་མཉམ་པའི་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་ན་ཅི་མ་རུང་ཞེས་སྲེད་པ་སྐྱེ་ཞིང་མངོན་པར་དགའ་བ་ཡང་དག་པར་སྐྱེས་སོ། །སེམས་ཅན་དེ་དེ་ལྟར་སེམས་ལ་སྨོན་ཅིང་གནས་པ་ན་སེམས་
ཅན་དེ་དང་སྐལ་བ་མཉམ་པ་སེམས་ཅན་གཞན་ཞིག་ཚེ་ཟད་ཅིང་ལས་ཟད་པ་བསོད་ནམས་ཟད་པས་འོད་གསལ་གྱི་ལྷའི་རིས་དེ་ནས་ཤི་འཕོས་ནས་ཚངས་པའི་གཞལ་མེད་ཁང་དུ་སྐྱེས་པར་གྱུར་ཏོ། །དེ་ནས་སེམས་ཅན་དེ་འདི་སྙམ་དུ་སེམས་པར་འགྱུར་ཏེ། བདག་གཅིག་པུ་ཟླ་མེད་ཅིང་གྲོགས་
མེད་པར་ཚེ་རིང་ཞིང་ཡུན་རིང་བར་གནས་ཏེ། ཀྱེ་མ་བདག་དང་སྐལ་བ་མཉམ་པའི་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་ན་ཅི་མ་རུང་ཞེས་དུས་རིང་པོར་སྲེད་པ་སྐྱེས་ཤིང་དགའ་བ་ཡང་དག་པར་སྐྱེས་ཤིང་བདག་གི་སེམས་ལ་དེ་ལྟར་སྨོན་པས་བདག་དང་སྐལ་བ་མཉམ་པའི་སེམས་ཅན་
འདིར་སྐྱེས་ལ་སེམས་ཅན་འདི་དག་ནི་བདག་གིས་སྤྲུལ་པ། བདག་ནི་སེམས་ཅན་འདི་དག་གི་དབང་ཕྱུག །བྱེད་པ་པོ། སྤྲུལ་པ་པོ། །རབ་ཏུ་འབྱིན་པ་པོ། །དངོས་པོ་རྣམས་ཀྱི་ཕ་ལྟ་བུར་གྱུར་པའོ། །སེམས་ཅན་དེ་དག་ཀྱང་འདི་སྙམ་དུ་སེམས་ཅན་འདི་གཅིག་པུ་ཟླ་མེད་ཅིང་

གྲོགས་མེད་པར་གྱུར་པ་ཚེ་རིང་ཞིང་ཡུན་རིང་པོར་གནས་པ་སེམས་ཅན་དེ་ཚེ་རིང་ཞིང་ཡུན་རིང་པོར་གནས་ཏེ། ཀྱེ་མ་བདག་དང་སྐལ་བ་མཉམ་པའི་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་ན་ཅི་མ་རུང་ཞེས་སྲེད་པ་སྐྱེས་ཤིང་ཡང་དག་པར་དགའ་བ་སྐྱེས་པ་སེམས་ཅན་དེའི་སེམས་ལ་འདི་ལྟར་
སྨོན་པས་སེམས་ཅན་དེ་དང་སྐལ་བ་མཉམ་པར་བདག་ཅག་ཀྱང་འདིར་སྐྱེས་ཤིང་སེམས་ཅན་འདི་ནི་བདག་ཅག་གི་སྤྲུལ་པ་པོ། སེམས་ཅན་འདི་ནི་བདག་ཅག་གི་དབང་ཕྱུག །བྱེད་པ་པོ། འབྱིན་པ་པོ། རབ་ཏུ་འབྱིན་པར་བྱེད་པ། དངོས་པོ་རྣམས་ཀྱི་ཕ་ལྟ་བུར་གྱུར་པའོ་ཞེས་
འབྱུང་ངོ་། །འོད་གསལ་གྱི་ལྷའི་རིས་དེ་ན་སེམས་ཅན་གང་དག་ཅེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཡངས་པ་ཅན་སྤྲེའུའི་རྫིང་གི་འགྲམ་གྱི་གཙུག་ལག་ཁང་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་འདུ་བྱེད་
ཐམས་ཅད་ནི་མི་རྟག་པ་མི་བརྟན་པ། ཡིད་བརྟན་པར་བྱ་བ་མ་ཡིན་པ་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་པས་སྤོང་བར་བྱའོ། །དགེ་སློང་དག་འདུས་བྱས་ཐམས་ཅད་ལ་ཡོངས་སུ་སྐྱོ་བར་བྱའོ། །འདོད་ཆགས་དང་བྲལ་བར་བྱའོ། །རྣམ་པར་གྲོལ་བར་བྱའོ། །དགེ་
སློང་དག་འདི་ལྟ་བུར་འགྱུར་བའི་དུས་ཡོད་དེ་དུས་རིང་པོར་གྱུར་པ་ན་ལྷ་རྣམས་ཀྱིས་ཆར་གྱི་རྒྱུན་མི་འབེབས་པར་འགྱུར་ཏེ། ལྷ་རྣམས་ཀྱི་ཆར་གྱི་རྒྱུན་མ་ཕབ་པས་ས་ཆེན་པོའི་ས་བོན་གྱི་ཚོགས་དང་། འབྱུང་པོའི་ཚོགས་དང་། སྨན་དང་རྩྭ་དང་ནགས་ཚལ་ཐམས་ཅད་སྐམས་པར་
འགྱུར་ཞིང་མི་འབྱུང་བར་འགྱུར་རོ། །དགེ་སློང་དག་འདུས་བྱས་འདི་དག་ནི་མི་རྟག་པ་མི་བརྟན་པ་ཡིད་བརྟན་པར་བྱ་བ་མ་ཡིན་པ་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་པས་ཡོངས་སུ་སྤོང་བར་བྱའོ། །དགེ་སློང་དག་འདུས་བྱས་ཐམས་ཅད་ལ་སྐྱོ་བར་བྱའོ། །འདོད་ཆགས་དང་
བྲལ་བར་བྱའོ། །རྣམ་པར་གྲོལ་བར་བྱའོ། །དགེ་སློང་དག་གང་ལས་དུས་རིང་པོར་གྱུར་པ་ན་ཉི་མ་གཉིས་འཆར་བའི་དུས་ཡོད་དེ། འཇིག་རྟེན་དུ་ཉི་མ་གཉིས་ཤར་བ་ན་ས་ཆེན་པོ་འདི་ངམ་གྲོག་ཆུང་ངུ་དང་། ངམ་གྲོག་ཆེན་པོ་ཐམས་ཅད་སྐམས་པར་འགྱུར་ཞིང་མི་འབྱུང་བར་འགྱུར་

རོ། །དགེ་སློང་དག་འདུས་བྱས་ཐམས་ཅད་ནི་འདི་ལྟར་མི་རྟག་པ་མི་བརྟན་པ། ཡིད་བརྟན་པར་བྱ་བ་མ་ཡིན་པ་ཡོངས་སུ་གྱུར་པའི་ཆོས་ཅན་ཡིན་པས་ཡོངས་སུ་སྤང་བར་བྱའོ། །དགེ་སློང་དག་འདུས་བྱས་ཐམས་ཅད་ལས་ཡོངས་སུ་སྐྱོ་བར་བྱའོ། །འདོད་ཆགས་དང་
བྲལ་བར་བྱའོ། །རྣམ་པར་གྲོལ་བར་བྱའོ། །དགེ་སློང་དག་གང་ལས་དུས་རིང་པོར་གྱུར་པ་ན་འཇིག་རྟེན་འདིར་ཉི་མ་གསུམ་འཆར་བར་འགྱུར་བའི་དུས་དེ་ཡོད་དེ། དགེ་སློང་དག་འཇིག་རྟེན་ན་ཉི་མ་གསུམ་འཆར་བ་ན་ས་ཆེན་པོ་འདིའི་ཆུ་ཀླུང་ཆུང་ངུ་དང་ཆུ་ཀླུང་ཆེན་པོ་ཐམས་ཅད་སྐམས་ཤིང་
མི་འབྱུང་བར་འགྱུར་ཏེ། དགེ་སློང་དག་འདུས་བྱས་འདི་དག་ནི་འདི་ལྟར་མི་རྟག་པ་མི་བརྟན་པ། ཡིད་བརྟན་པར་བྱ་བ་མ་ཡིན་པ་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་པས་ཡོངས་སུ་སྤང་བར་བྱའོ། །དགེ་སློང་དག་འདུས་བྱས་ཐམས་ཅད་ལས་ཡོངས་སུ་སྐྱོ་བར་བྱའོ། །འདོད་ཆགས་དང་བྲལ་
བར་བྱའོ། །རྣམ་པར་གྲོལ་བར་བྱའོ། །དགེ་སློང་དག་གང་ལས་དུས་རིང་པོར་གྱུར་པ་ན། འཇིག་རྟེན་འདིར་ཉི་མ་བཞི་འཆར་བའི་དུས་ཡོད་དེ། དགེ་སློང་དག་འཇིག་རྟེན་འདིར་ཉི་མ་བཞི་འཆར་བ་ན་མཚོ་ཆུང་ངུ་དང་གང་མཚོ་ཆེན་པོ་མ་དྲོས་པ་ཞེས་བྱ་བ་དང་། ཆུ་ཀླུང་ཆེན་པོ་འདི་ལྟ་སྟེ། གང་
གཱ་དང་། སིནྡྷུ་དང་། སི་ཏ་དང་། པཀྵུ་ཞེས་བྱ་བ་དེ་དག་ཀྱང་དེའི་ཚེ་སྐམས་པར་འགྱུར་ཞིང་མི་འབྱུང་བར་འགྱུར་རོ། །དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པ་མི་བརྟན་པ། ཡིད་བརྟན་པར་བྱ་བ་མ་ཡིན་པ། ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་པས་ཡོངས་སུ་སྤང་བར་བྱའོ། །
དགེ་སློང་དག་འདུས་བྱས་ཐམས་ཅད་ལ་ཡོངས་སུ་སྐྱོ་བར་བྱའོ། །འདོད་ཆགས་དང་བྲལ་བར་བྱའོ། །རྣམ་པར་གྲོལ་བར་བྱའོ། །དགེ་སློང་དག་དུས་རིང་པོར་གྱུར་པ་ན་འཇིག་རྟེན་འདིར་ཉི་མ་ལྔ་འཆར་བར་འགྱུར་བའི་དུས་ཡོད་དེ། འཇིག་རྟེན་འདིར་ཉི་མ་ལྔ་ཤར་བ་ན་རྒྱ་མཚོ་ཆེན་པོ་ལས་
ཆུ་དཔག་ཚད་བརྒྱ་ཕྲག་གཅིག་སྐམས་པར་འགྱུར་ཞིང་ཉམས་པ་དང་མི་འབྱུང་བར་འགྱུར་རོ། །དཔག་ཚད་བརྒྱ་ཕྲག་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་གྱི་ཆུ་སྐམས་ཤིང་ཉམས་པ་དང་མི་འབྱུང་བར་འགྱུར་རོ། །དགེ་སློང་དག་ཉི་མ་ལྔ་པ་འཇིག་རྟེན་འདིར་

ཤར་བ་ན། རྒྱ་མཚོ་ཆེན་པོ་ལས་ཆུ་དཔག་ཚད་སྟོང་ཕྲག་གཅིག་སྐམས་པར་འགྱུར་ཞིང་ཉམས་པ་དང་མི་འབྱུང་བར་འགྱུར་ཞིང་དཔག་ཚད་སྟོང་ཕྲག་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་གྱི་ཆུ་བསྐམས་ཤིང་ཉམས་པ་དང་མི་འབྱུང་བར་འགྱུར་རོ། །
དགེ་སློང་དག་ཉི་མ་ལྔ་པ་འཇིག་རྟེན་འདིར་ཤར་བ་ན་རྒྱ་མཚོ་ཆེན་པོ་ལས་དཔག་ཚད་སྟོང་ཕྲག་བདུན་གྱི་ཆུ་ལས་པར་འགྱུར་ཞིང་། དཔག་ཚད་སྟོང་ཕྲག་དྲུག་དང་ལྔ་དང་བཞི་དང་གསུམ་དང་གཉིས་དང་གཅིག་གི་ཆུ་ལས་པར་འགྱུར་ཏེ། དགེ་སློང་དག་ཉི་མ་ལྔ་འཇིག་རྟེན་འདི་ན་ཤར་བ་ན་རྒྱ་མཚོ་ཆེན་
པོ་ལས་དཔག་ཚད་བདུན་གྱི་ཆུ་ལས་པར་འགྱུར་ཞིང་དྲུག་དང་ལྔ་དང་བཞི་དང་གསུམ་དང་དཔག་ཚད་གཉིས་དང་གཅིག་གི་ཆུ་ལས་པར་འགྱུར་རོ། །དགེ་སློང་དག་ཉི་མ་ལྔ་པ་འཇིག་རྟེན་འདིར་ཤར་བ་ན་རྒྱ་མཚོ་ཆེན་པོ་བདུན་ལས་རྒྱང་གྲགས་བདུན་གྱི་ཆུ་ལས་པར་འགྱུར་ཞིང་དྲུག་དང་ལྔ་དང་བཞི་དང་
གསུམ་དང་གཉིས་དང་རྒྱང་གྲགས་གཅིག་གི་ཆུ་ལས་པར་འགྱུར་རོ། །དགེ་སློང་དག་ཉི་མ་ལྔ་པ་འཇིག་རྟེན་འདིར་ཤར་བ་ན་རྒྱ་མཚོ་ཆེན་པོ་ལ་ཏ་ལ་བདུན་ཙམ་གྱི་ཆུ་ལས་པར་འགྱུར་ཞིང་དྲུག་དང་ལྔ་དང་བཞི་དང་གསུམ་དང་གཉིས་དང་ཏ་ལ་གཅིག་ཙམ་གྱི་ཆུ་ལས་པར་འགྱུར་རོ། །དགེ་
སློང་དག་ཉི་མ་ལྔ་པ་འཇིག་རྟེན་འདིར་ཤར་བ་ན་རྒྱ་མཚོ་ཆེན་པོ་ལས་མི་འགྲེང་བདུན་ཙམ་གྱི་ཆུ་ལས་པར་འགྱུར་ཞིང་། དྲུག་དང་ལྔ་དང་བཞི་དང་གསུམ་དང་གཉིས་དང་མི་འགྲེང་གཅིག་ཙམ་གྱི་ཆུ་ལས་པར་འགྱུར་རོ། །དགེ་སློང་དག་ཉི་མ་ལྔ་འཇིག་རྟེན་འདིར་ཤར་བ་ན་རྒྱ་མཚོ་ཆེན་པོ་ལས་
འགུལ་བ་ཙམ་གྱི་ཆུ་ལས་པར་འགྱུར་ཞིང་མཆན་ཁུང་ཙམ་དང་ལྟེ་བ་ཙམ་དང་། དབྱི་ཟུར་ཙམ་དང་། བརླ་ཙམ་དང་། རྗེ་ངར་ཙམ་དང་། ལོང་བུ་ནུབ་པ་ཙམ་གྱི་ཆུ་ལས་པར་འགྱུར་རོ། །དགེ་སློང་དག་ཉི་མ་ལྔ་པ་འཇིག་རྟེན་འདིར་ཤར་བ་ན་རྒྱ་མཚོ་ཆེན་པོའི་ཆུ་ཐམས་ཅད་ཀྱི་ཐམས་ཅད་དུ་
བསྐམས་ཤིང་ཉམས་པ་དང་མི་འབྱུང་བར་འགྱུར་ཏེ། སོར་མོའི་རྩེ་མོ་ནུབ་པ་ཙམ་དུ་འགྱུར་ཏེ། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་འདི་ལྟར་མི་རྟག་པ་མི་བརྟན་པ། ཡིད་བརྟན་པར་བྱ་བ་མ་ཡིན་པ། ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་པས་ཡོངས་སུ་སྤང་བར་བྱའོ། །དགེ་

སློང་དག་འདུས་བྱས་ཐམས་ཅད་ལས་ཡོངས་སུ་སྐྱོ་བར་བྱའོ། །འདོད་ཆགས་དང་བྲལ་བར་བྱའོ། །རྣམ་པར་གྲོལ་བར་བྱའོ། །དགེ་སློང་དག་གང་ལས་དུས་རིང་པོར་གྱུར་པ་ན་འཇིག་རྟེན་འདིར་ཉི་མ་དྲུག་འཆར་བར་འགྱུར་བའི་དུས་ཡོད་དེ། དགེ་སློང་དག་
ཉི་མ་དྲུག་ཤར་བ་ན་ས་ཆེན་པོ་འདི་དང་རིའི་རྒྱལ་པོ་རི་རབ་ལས་དུ་བ་འབྱུང་བར་འགྱུར་ཞིང་། དུ་བ་རབ་ཏུ་འཐུལ་བ་དང་། རབ་ཏུ་དུ་བ་འཐུལ་བར་འགྱུར་ཏེ། འདི་ལྟ་སྟེ་རྫ་མཁན་གྱི་བསྲེག་ཁང་ལ་དང་པོ་མེ་སྦར་བས། དང་པོ་དུ་བ་འབྱུང་བར་འགྱུར་ཞིང་། དུ་བ་རབ་ཏུ་འཐུལ་
བ་དང་། དུ་བ་ཀུན་དུ་འཐུལ་བར་འགྱུར་བ་དེ་བཞིན་དུ་དགེ་སློང་དག་ཉི་མ་དྲུག་པོ་འཇིག་རྟེན་འདིར་ཤར་བ་ན་ས་ཆེན་པོ་འདི་རིའི་རྒྱལ་པོ་རི་རབ་དང་བཅས་པ་ལ་དུ་བ་འབྱུང་བར་འགྱུར་ཞིང་། དུ་བ་རབ་ཏུ་འཐུལ་བ་དང་། དུ་བ་ཀུན་དུ་འཐུལ་བར་འགྱུར་རོ། །དགེ་སློང་དག་འདུས་
བྱས་ཐམས་ཅད་ནི་མི་རྟག་པ། མི་བརྟན་པ། ཡིད་བརྟན་པར་བྱ་བ་མ་ཡིན་པ། ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་པས་ཡོངས་སུ་སྤང་བར་བྱའོ། །དགེ་སློང་དག་འདུས་བྱས་ཐམས་ཅད་ལ་ཡོངས་སུ་སྐྱོ་བར་བྱའོ། །འདོད་ཆགས་དང་བྲལ་བར་བྱའོ། །རྣམ་པར་གྲོལ་བར་བྱའོ། །དགེ་
སློང་དག་གང་ལས་དུས་རིང་པོར་གྱུར་པ་ན་འཇིག་རྟེན་འདིར་ཉི་མ་བདུན་འཆར་བར་འགྱུར་བའི་དུས་ཡོད་དེ། དགེ་སློང་དག་འཇིག་རྟེན་འདིར་ཉི་མ་བདུན་ཤར་བ་ན་ས་ཆེན་པོ་འདི་རིའི་རྒྱལ་པོ་རི་རབ་དང་བཅས་པ་འབར་ཞིང་རབ་ཏུ་འབར་ཏེ་ཀུན་དུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པར་
བྱེད་དོ། །འདི་ལྟ་སྟེ་ཤིང་གི་ཁུར་པོ་བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། ཤིང་ཁུར་བརྒྱ་དང་། ཤིང་གི་ཁུར་པོ་བརྒྱ་སྟོང་ཕྲག་དུ་མ་དང་། ཤིང་གི་ཁུར་པོ་གཞན་བརྒྱ་སྟོང་ཕྲག་དུ་མ་དང་། ཤིང་གི་ཁུར་པོ་སྟོང་ཕྲག་དུ་མ་དང་། ཤིང་གི་ཁུར་པོ་གཞན་
བརྒྱ་སྟོང་ཕྲག་དུ་མ་ལས་བྱུང་བའི་མེའི་ཕུང་པོ་ཆེན་པོ་སྲེག་པར་བྱེད་པ་དེ་བཞིན་དུ་དགེ་སློང་དག་འཇིག་རྟེན་འདིར་ཉི་མ་བདུན་ཤར་བ་ན་ས་ཆེན་པོ་རིའི་རྒྱལ་པོ་རི་རབ་དང་བཅས་པ་འབར་ཞིང་རབ་ཏུ་འབར་ཏེ་ཀུན་དུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པར་བྱེད་དོ། །དགེ་སློང་དག་ས་ཆེན་

པོ་རིའི་རྒྱལ་པོ་རི་རབ་དང་བཅས་པ་འབར་ཞིང་རབ་ཏུ་འབར་ཏེ། ཀུན་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པའི་རྩེ་མོ་རླུང་གིས་གཡེངས་པས་ཚངས་པའི་གཞལ་མེད་ཁང་སྟོང་པ་སྲེག་པར་བྱེད་དོ། །དགེ་སློང་དག་འོད་གསལ་གྱི་ལྷའི་རིས་དེ་ན་སེམས་ཅན་གང་དག་སྐྱེས་ནས་རིང་
དུ་མ་ལོན་པ་འཇིག་རྟེན་འདི་འཇིག་པ་ལ་མི་མཁས་ཤིང་འཆགས་པ་ལ་མི་མཁས་པ་དེ་དག་མེ་ལྕེ་དེ་མཐོང་ནས་མེ་ལྕེས་ཚངས་པའི་གཞལ་མེད་ཁང་སྟོང་པ་བསྲེག་པ་འདར་འོངས་པར་གྱུར་ན་མི་རུང་ངོ་ཞེས་སྐྲག་ནས་ཡི་ཆད་ཅིང་སྐྱོ་བར་འགྱུར་རོ། །དགེ་སློང་དག་འོད་གསལ་གྱི་ལྷའི་རིས་
དེ་ན་སེམས་ཅན་དག་སྐྱེས་ནས་རིང་དུ་ལོན་པ་འཇིག་རྟེན་འཇིག་པ་ལ་མཁས་ཤིང་འཆགས་པ་ལ་མཁས་པ་དེ་དག་སེམས་ཅན་སྐྲག་པ་དེ་དག་ལ་གྲོགས་པོ་དག་མ་འཇིགས་ཤིག །གྲོགས་པོ་དག་མ་འཇིགས་ཤིག །མེ་ལྕེ་འདི་སྔོན་ཡང་ཚངས་པའི་གཞལ་མེད་ཁང་སྟོང་པ་
བསྲེགས་ནས་དེ་ཉིད་དུ་མེད་པར་གྱུར་ཏོ་ཞེས་དབུགས་འབྱིན་པར་བྱེད་དོ། །དགེ་སློང་དག་རིའི་རྒྱལ་པོ་རི་རབ་འབར་ཞིང་རབ་ཏུ་འབར་ཏེ་ཀུན་དུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་ཅིང་བསྲེགས་པ་ན་དཔག་ཚད་སྟོང་ཕྲག་གཅིག་གི་གཞལ་མེད་ཁང་ཚིག་ཅིང་ཉམས་པ་དང་མི་འབྱུང་བར་འགྱུར་རོ། །
གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་དང་དཔག་ཚད་སྟོང་ཕྲག་བདུན་གྱི་གཞལ་མེད་ཁང་ཚིག་ཅིང་ཉམས་པ་དང་མི་འབྱུང་བར་འགྱུར་རོ། །དགེ་སློང་དག་ས་ཆེན་པོ་དང་རིའི་རྒྱལ་པོ་རི་རབ་ཚིག་ཅིང་བསྲེགས་པ་ན་ཐལ་བ་ཙམ་གྱི་ལྷག་མ་ཡང་མ་ལུས་པར་འགྱུར་རོ། །དཔེར་ན་མར་
རམ་ཏིལ་བསྲེགས་ཚིག་པ་དག་རྗེས་ཙམ་ཡང་དྲི་མ་ཙམ་ཡང་མ་ལུས་པར་འགྱུར་བ་དེ་བཞིན་དུ། དགེ་སློང་དག་ས་ཆེན་པོ་དང་རིའི་རྒྱལ་པོ་རི་རབ་ཚིག་ཅིང་བསྲེགས་པ་ན་རྗེས་ཙམ་གྱིའམ་གྲིབ་མ་ཙམ་གྱི་མ་ལུས་པར་འགྱུར་རོ། །དགེ་སློང་དག་དེ་ལ་རྒྱ་མཚོ་ཆེན་པོ་བསྐམས་པར་འགྱུར་
ཞིང་། ཉམས་པ་དང་མི་འབྱུང་བར་འགྱུར་ཞེས་བྱ་བ་ལ་མངོན་དུ་མཐོང་བ་མ་གཏོགས་པར་སུ་ཞིག་དད་ཅིང་ཡིད་ཆེས་པར་འགྱུར། དགེ་སློང་དག་དེ་ལ་གང་ཡང་རིའི་རྒྱལ་པོ་རི་རབ་ཚིག་ཅིང་རབ་ཏུ་ཚིག་པ་དང་ཉམས་པ་དང་མི་འབྱུང་བར་འགྱུར་ཞེས་བྱ་བ་ལ་མངོན་དུ་མཐོང་བ་མ་གཏོགས་

པར་སུ་ཞིག་དད་ཅིང་ཡིད་ཆེས་པར་འགྱུར། དགེ་སློང་དག་དེ་ལ་ས་ཆེན་པོ་ཚིག་ཅིང་རབ་ཏུ་ཚིག་པ་དང་ཉམས་པ་དང་མི་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ་མངོན་དུ་མཐོང་བ་མ་གཏོགས་པ་སུ་ཞིག་དད་ཅིང་ཡིད་ཆེས་པར་འགྱུར། དགེ་སློང་དག་སྔོན་བྱུང་བ་སྟོན་པ་མིག་
བཟངས་ཞེས་བྱ་བ་ཕྱི་རོལ་མུ་སྟེགས་པ་རྫུ་འཕྲུལ་དང་ལྡན་པ་འདོད་པ་ལས་འདོད་ཆགས་དང་བྲལ་བ་བྱུང་སྟེ། དགེ་སློང་དག་སྟོན་པ་མིག་བཟངས་ཀྱི་ཉན་ཐོས་བརྒྱ་ཕྲག་དུ་མ་དང་། ཉན་ཐོས་སྟོང་ཕྲག་དུ་མ་དང་། ཉན་ཐོས་བརྒྱ་སྟོང་ཕྲག་དུ་མ་བྱུང་སྟེ། སྟོན་པ་མིག་བཟངས་ཉན་
ཐོས་རྣམས་ལ་ཤིན་ཏུ་དྲི་མ་དང་བྲལ་བ་དང་། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་སྟོན་པར་མི་བྱེད་ཀྱི། ཚངས་རིས་ཀྱི་ལྷ་དང་སྐལ་བ་མཉམ་པ་སྟོན་ཏེ། དགེ་སློང་དག་སྟོན་པ་མིག་བཟངས་ཀྱིས་ཉན་ཐོས་བསླབ་པ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་རྫོགས་པ་དེ་དག་ཚངས་པའི་གནས་
བཞི་བསྒོམས་ནས་འདོད་པ་ལ་འདུན་པའི་འདོད་ཆགས་སྤངས་ཤིང་ཕལ་ཆེར་གནས་ཏེ། ཚངས་པའི་འཇིག་རྟེན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཏོ། །གང་གི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་ཡིན་པ་དེ་དག་ལས་ཁ་ཅིག་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་
དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཞིང་། ཁ་ཅིག་ནི་འཕྲུལ་དགའ་དང་། ཁ་ཅིག་ནི་འཐབ་བྲལ་དང་། ཁ་ཅིག་ནི་སུམ་ཅུ་རྩ་གསུམ་དང་། ཁ་ཅིག་ནི་རྒྱལ་ཆེན་རིགས་བཞི་དང་། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་
རྣམས་དང་། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཏོ། །དེ་ནས་སྟོན་པ་མིག་བཟངས་འདི་སྙམ་དུ་བདག་ཉན་ཐོས་རྣམས་དང་ལྷན་ཅིག་འགྲོ་བ་དང་སྙོམས་པར་འཇུག་པ་ནི་ཚུལ་དང་མཐུན་པ་མ་ཡིན་གྱིས་བདག་གོང་མ་བསམ་གཏན་གཉིས་
པ་བསྒོམས་ནས་འོད་གསལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་བྱའོ་སྙམ་མོ། །དེ་ནས་སྟོན་པ་མིག་བཟངས་གོང་མ་བསམ་གཏན་གཉིས་པ་བསྒོམས་ནས་འོད་གསལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ། །དགེ་སློང་དག་ཁྱོད་ཅག་དེའི་ཚེ་དེའི་དུས་ན་སྟོན་པ་མིག་

བཟངས་ཞེས་བྱ་བ་ཕྱི་རོལ་མུ་སྟེགས་ཅན་རྫུ་འཕྲུལ་དང་ལྡན་པ་འདོད་པ་ལས་འདོད་ཆགས་དང་བྲལ་བ་བྱུང་བར་གྱུར་ཅིང་། དེའི་ཉན་ཐོས་གཞན་བརྒྱ་ཕྲག་དུ་མ་དང་། སྟོང་ཕྲག་དུ་མ་དང་། བརྒྱ་སྟོང་ཕྲག་དུ་མ་བྱུང་བར་གྱུར་པ་ལ་གང་འདི་ཉན་ཐོས་རྣམས་ཤིན་ཏུ་མཐར་ཐུག་པ་དང་ཤིན་ཏུ་
དྲི་མ་དང་བྲལ་བ་དང་། ཚངས་པར་སྤྱོད་པས་ཡོངས་སུ་རྫོགས་པའི་ཆོས་སྟོན་པར་མི་བྱེད་ཀྱི། ཚངས་པའི་འཇིག་རྟེན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྟོན་པ་དེ་གཞན་ཞིག་ཡིན་སྙམ་ན། དེ་ལྟར་མི་བལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་སྟོན་པ་མིག་བཟངས་ཞེས་བྱ་བ་ཕྱི་
རོལ་མུ་སྟེགས་ཅན་རྫུ་འཕྲུལ་དང་ལྡན་པ་འདོད་པ་ལས་འདོད་ཆགས་དང་བྲལ་བར་གྱུར་ཅིང་ངའི་ཉན་ཐོས་གཞན་བརྒྱ་ཕྲག་དུ་མ་དང་། སྟོང་ཕྲག་དུ་མ་དང་། བརྒྱ་སྟོང་ཕྲག་དུ་མ་བྱུང་བར་གྱུར་ཅིང་ང་ཉིད་དེའི་ཚེ་དེའི་དུས་ན་ཉན་ཐོས་རྣམས་ཤིན་ཏུ་མཐར་ཐུག་པ་དང་། ཤིན་ཏུ་དྲི་མ་དང་བྲལ་
བ་དང་། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པའི་ཆོས་མི་སྟོན་གྱི་ཚངས་པའི་འཇིག་རྟེན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པ་སྟོན་པར་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་འདོད་ཆགས་དང་བཅས་པར་འགྱུར་ཞིང་ཞེ་སྡང་དང་གཏི་མུག་དང་བཅས་ཤིང་མ་གྲོལ་ལ།
སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་ཡོངས་སུ་མ་གྲོལ་ཞིང་སྡུག་བསྔལ་དང་བཅས་པར་སྨྲའོ། །དགེ་སློང་དག་ད་ལྟར་ནི་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་
བྱུང་ཞིང་འདོད་ཆགས་དང་བྲལ་ཞིང་ཞེ་སྡང་དང་གཏི་མུག་དང་བྲལ་བ། ཡོངས་སུ་གྲོལ་བ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་ལས་གྲོལ་བར་ང་

སྨྲའོ། །དགེ་སློང་དག་ང་ད་ལྟར་ནི་ཉན་ཐོས་རྣམས་ལ་ཤིན་ཏུ་མཐར་ཐུག་པ་དང་། ཤིན་ཏུ་དྲི་མ་དང་བྲལ་བ་དང་། ཤིན་ཏུ་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པའི་ཆོས་བསྟན་ནས་ད་ལྟར་བདག་ཉན་ཐོས་རྣམས་བསླབ་པ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་རྫོགས་པ་དེ་དག་ནི་
སྡུག་བསྔལ་འདི་དག་ཡོངས་སུ་ཟད་པར་འགྱུར་རོ། །གང་གི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་ཡིན་པ་དེ་དག་ལས་ཁ་ཅིག་ནི་འོག་མའི་ཆ་དང་མཐུན་པ་ཀུན་དུ་སྦྱོར་བ་ལྔ་སྤངས་ཏེ། རྫུས་ཏེ་སྐྱེ་ཞིང་དེར་ཡོངས་སུ་མྱ་ངན་ལས་འདའ་བ་མི་ལྟུང་བའི་ཆོས་ཅན་དུ་འགྱུར་རོ། །གང་གི་རྣམ་པ་
ཐམས་ཅད་ཀྱི་ཐམས་ཅད་དུ་མ་ཡིན་པ་དེ་དག་ལས་ཁ་ཅིག་ནི་ཀུན་དུ་སྦྱོར་བ་གསུམ་པོ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བསྲབས་ཏེ་ལན་ཅིག་ཕྱིར་འོང་བ་འཇིག་རྟེན་འདིར་ལན་ཅིག་ཕྱིར་འོངས་ནས་སྡུག་བསྔལ་མཐར་བྱེད་པར་འགྱུར་རོ། །གང་གི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་ཡིན་
པ་དེ་དག་ལས་ཁ་ཅིག་ནི་ཀུན་དུ་སྦྱོར་བ་གསུམ་སྤངས་ཏེ་རྒྱུན་དུ་ཞུགས་པ་མི་ལྟུང་བའི་ཆོས་ཅན་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་སྲིད་པ་ལན་བདུན་པར་འགྱུར་ཏེ། ལྷ་རྣམས་དང་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱར་ནས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་ཏེ། དགེ་སློང་དག་དེའི་ཚེ་ད་
ལྟར་གཉིས་ཀར་ཡང་ངའི་ཉན་ཐོས་རྣམས་འབྲས་བུ་དང་བཅས་ཤིང་རབ་ཏུ་བྱུང་བས་འབྲས་བུ་དང་བཅས་ལ་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་གྱུར་ཏོ་ཞེས་བཀའ་སྩལ་ཏོ། །སེམས་ཅན་གྱི་ནི་གནས་དགུར་འདོད། །ཅེས་པ་ལ། གླེང་གཞི་ནི་མཉམ་དུ་ཡོད་པ་ནའོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་སེམས་ཅན་གྱི་གནས་ནི་དགུ་སྟེ། དགུ་གང་ཞེ་ན། སེམས་ཅན་ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་མི་རྣམས་དང་ལྷ་ཁ་ཅིག་སྟེ། འདི་ནི་སེམས་ཅན་གྱི་གནས་དང་པོའོ། །སེམས་
ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་ཚངས་རིས་ཀྱི་ལྷ་དེ་དག་ལས་དང་པོར་བྱུང་བ་རྣམས་སོ། །འདི་ནི་སེམས་ཅན་གྱི་གནས་གཉིས་པའོ། །སེམས་ཅན་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་འོད་

གསལ་གྱི་ལྷ་རྣམས་ཏེ། འདི་ནི་རྣམ་པར་ཤེས་པ་སེམས་ཅན་གྱི་གནས་གསུམ་པའོ། །སེམས་ཅན་ལུས་གཅིག་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། དགེ་རྒྱས་ཀྱི་ལྷ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གནས་བཞི་པའོ། །སེམས་ཅན་གཟུགས་ཅན་འདུ་ཤེས་མེད་
ཅིང་འདུ་ཤེས་དང་མི་ལྡན་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། འདུ་ཤེས་མེད་པ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གནས་ལྔ་པའོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཤིང་ཐོགས་པའི་འདུ་ཤེས་རྣམས་ནུབ་
པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ནམ་མཁའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པའི་སེམས་ཅན་གྱི་
གནས་དྲུག་པའོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་ཤེས་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་དག་ཀྱང་ཡོད་དེ། །འདི་ལྟ་སྟེ་རྣམ་ཤེས་
མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་སོ། །འདི་ནི་སེམས་ཅན་གྱི་གནས་བདུན་པའོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མེད་དོ་སྙམ་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་
བསྒྲུབས་ཏེ་གནས་པ་དག་ཀྱང་ཡོད་དེ་འདི་ལྟ་སྟེ་ཅི་ཡང་མེད་པའི་སྐྱེ་མཆེད་དུ་འགྲོ་བའི་ལྷ་རྣམས་སོ། །འདི་ནི་སེམས་ཅན་གྱི་གནས་བརྒྱད་པའོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་
མཆེད་བསྒྲུབས་ཏེ་གནས་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་འགྲོ་བའི་ལྷ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གནས་དགུ་པའོ་ཞེས་བཀའ་སྩལ་ཏོ། །གནས་པ་དག་ནི་ཡང་བཞི་སྟེ་ཞེས་བྱ་བ་ལ། གླེང་གཞི་ནི་གཉན་དུ་ཡོད་པ་ནའོ། །དགེ་སློང་

དག་ཟས་བཞི་པོ་འདི་དག་ནི་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་ཅིང་འཚོ་བ་དང་། སྲེད་པ་ཚོལ་བ་རྣམས་ལ་ཕན་འདོགས་པར་བྱེད་པ་སྟེ། བཞི་གང་ཞེ་ན། རགས་པ་དང་ཕྲ་བའི་ཁམས་ཀྱི་ཟས་དང་། གཉིས་པ་ནི་རེག་པའོ། །གསུམ་པ་ནི་ཡིད་ལ་སེམས་
པའོ། །བཞི་པ་ནི་རྣམ་པར་ཤེས་པའི་ཟས་ཏེ། དགེ་སློང་དག་ཟས་བཞི་པོ་འདི་རྣམས་ལ་དགའ་བ་དང་འདོད་ཆགས་པར་འགྱུར་རོ། །གང་ལ་དགའ་བ་དང་འདོད་ཆགས་པ་ཡོད་པ་དེ་ལ་རྣམ་པར་ཤེས་པ་གནས་པ་དང་བརྟན་པར་འགྱུར་རོ། །གང་ལ་རྣམ་པར་ཤེས་པ་གནས་ཤིང་བརྟན་པ་
དེ་ལ་མིང་དང་གཟུགས་འབྱུང་བར་འགྱུར་རོ། །གང་ལ་མིང་དང་གཟུགས་ཡོད་པ་དེ་ལ་འདུ་བྱེད་འཕེལ་བར་འགྱུར་རོ། །གང་ལ་འདུ་བྱེད་འཕེལ་བ་དེ་ལ་མ་འོངས་པའི་ཡང་སྲིད་པ་མངོན་པར་འགྲུབ་པར་འགྱུར་ཞིང་འབྱུང་བར་འགྱུར་རོ། །གང་ལ་མ་འོངས་པའི་ཡང་སྲིད་པ་མངོན་པར་འགྲུབ་
ཅིང་འབྱུང་བ་དེ་ལ་མ་འོངས་པའི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཀུན་ཏུ་འབྱུང་བར་འགྱུར་རོ། །
དགེ་སློང་དག་ཟས་བཞི་པོ་འདི་དག་ལ་དགའ་བ་དང་འདོད་ཆགས་མེད་པར་གྱུར་ན་གང་ལ་དགའ་བ་དང་འདོད་ཆགས་མེད་པ་དེ་ལ། རྣམ་པར་ཤེས་པ་གནས་ཤིང་བརྟན་པར་མི་འགྱུར་རོ། །གང་ལ་རྣམ་པར་ཤེས་པ་གནས་ཤིང་བརྟན་པ་མེད་པ་དེ་ལ་མིང་དང་གཟུགས་འབྱུང་བར་མི་འགྱུར་རོ། །གང་
ལ་མིང་དང་གཟུགས་མེད་པ་དེ་ལ་འདུ་བྱེད་འཕེལ་བར་མི་འགྱུར་རོ། །གང་ལ་འདུ་བྱེད་འཕེལ་བ་མེད་པ་དེ་ལ་མ་འོངས་པའི་ཡང་སྲིད་པ་མངོན་པར་འགྲུབ་པར་མི་འགྱུར་རོ། །གང་ལ་མ་འོངས་པའི་ཡང་སྲིད་པ་མངོན་པར་འགྲུབ་པར་མི་འགྱུར་བ་དེ་ལ་མ་འོངས་པའི་སྐྱེ་བ་དང་། རྒ་བ་དང་།
ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ཉེ་བར་འགག་པར་འགྱུར་རོ། །དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་དེ་ལྟར་འགག་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ། གཞན་

ཡང་བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པའི་གནས་བཞི་ནི་ཞིང་གི་ངོ་བོར་བསྟན་ལ། ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་ཟད་པར་ནི་ས་བོན་གྱི་ངོ་བོར་བསྟན་ཏེ་ཞེས་བྱ་བ་ལ། ཆོས་ཀྱི་ཕུང་པོ་ལས་གཟུགས་བདག་མ་ཡིན་ཞེས་བྱ་བར་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་
པའི་ས་བོན་གྱི་དཔེ་ལས་བཤད་པ་དང་། མཛོད་ཀྱི་གནས་དྲུག་པ་འདི་ཉིད་དུ་ཡང་ཀུན་འབྱུང་གི་བདེན་པ་བཤད་པའི་སྐབས་སུ། ས་བོན་གྱི་ནི་རྣམ་པ་ལྔ། །ཞེས་བྱ་བ་ལ། འདི་ནི་ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པའི་ཚིག་བླ་དགས་སོ་ཞེས་བྱ་བ་ལ་སོགས་པ་རང་
བཞིན་གཅིག་པར་བཤད་པ་དང་། མཛོད་ཀྱི་གནས་དང་པོར་ཡང་ཕུང་པོའི་གོ་རིམས་བརྗོད་པར་ཡང་དག་པར་བཤད་པར་བལྟ་བར་བྱའོ། །ཡི་དགས་མངལ་ནས་སྐྱེ་བའང་ཡིན། །ཞེས་བྱ་བ་ལ། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་དང་། རྒྱལ་པོའི་བློན་པོ་དང་། གྲོང་མི་
དང་། ཡུལ་མི་དང་། ཕྱུག་པོ་དང་། དེད་དཔོན་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རྗེད་པར་བྱས་ཤིང་མཆོད་དེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་
ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དག་གིས་བཀུར་ཞིང་སངས་རྒྱས་བཅོམ་ལྡན་འདས་གྲགས་པ་དང་། བསོད་ནམས་ཆེན་པོ་དང་། རྙེད་པ་དང་། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་།
ཉེ་བར་སྦྱར་བ་ཐམས་ཅད་དང་ལྡན་པ་ཉན་ཐོས་ཀྱི་དགེ་འདུན་དང་། ཐབས་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་སྨྱིག་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པ་ན་བརྟེན་ཅིང་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་
ཀྱི་ཕྱིར་ཞུགས་སོ། །རྒྱལ་པོའི་ཁབ་ཏུ་བསོད་སྙོམས་སྤྱད་ནས་ཟས་ཀྱི་བྱ་བ་བྱས་ཏེ་ཟོས་པའི་འོག་ཏུ་ལྷུང་བཟེད་བླངས་ནས། ལྷུང་བཟེད་དང་ཆོས་གོས་མཐའ་གཅིག་ཏུ་བཞག་ནས་ཡི་དགས་རྒྱུ་བའི་ཕྱིར་སོང་བ་དང་། དེ་བྱ་རྒོད་ཕུང་པོའི་རིའི་དྲུང་དུ་སོང་ནས་ཡི་དགས་མོས་གཤིན་རྗེ་སྲིན་

མོ་ལྟ་བུར་ཁྲག་གི་ཐིགས་པས་འབགས་པ། རུས་པ་ཡོངས་སུ་བསྐོར་བ། དུར་ཁྲོད་ན་གནས་པ། ཉིན་མཚན་དུ་བུ་ལྔ་ལྔ་སྐྱེ་བ་དེ་ལྟ་བུ་སྡུག་བསྔལ་ཉམས་སུ་མྱོང་ཞིང་བུ་ལ་ཡོངས་སུ་གདུང་བ་དང་བཅས་ཀྱང་ལྟོགས་པའི་དབང་གིས་དེ་དག་ཀྱང་ཟ་བ་
ཞིག་མཐོང་ངོ་། །དེ་ནས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོས་ཁྱོད་ཀྱིས་སྡིག་པའི་ལས་ཅི་ཞིག་བྱས་ན་འདི་ལྟ་བུའི་སྡུག་བསྔལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་གྱུར་ཞེས་དེ་ལ་དྲིས་པ་དང་། ཡི་དགས་མོས་སྨྲས་པ། ཉི་མ་ཡོད་བཞིན་དུ་སྒྲོན་མས་དགོས་པ་ཅི་ཞིག་ཡོད་ཅེས་བཅོམ་
ལྡན་འདས་ལ་དྲིས་དང་། བདག་ཅག་གིས་ལས་ཇི་ལྟ་བུ་བསགས་པ་སྟོན་པར་འགྱུར་རོ། །དེ་ཐོས་ནས་སེམས་ཅན་སྡིག་པ་བྱེད་པ་དག་ལས་ལྡོག་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་ངོ་། །དེའི་ཚེ་ན་བཅོམ་
ལྡན་འདས་ནང་དུ་ཡང་དག་པར་འཇོག་པ་ལས་བཞེངས་ཏེ། འཁོར་རྣམས་ལ་ཞིམ་ཞིང་རབ་ཏུ་ཞིམ་པ་སྦྲང་རྩི་མ་བསྐོལ་བ་ལྟ་བུའི་ཆོས་སྟོན་པར་བྱེད་དེ་འཁོར་བརྒྱ་ཕྲག་དུ་མས་བཅོམ་ལྡན་འདས་ལ་དབང་པོ་མི་གཡེངས་པར་ཞིམ་པའི་ཆོས་ཉན་ཏོ། །དེ་ནས་སངས་རྒྱས་
བཅོམ་ལྡན་འདས་མདུན་དུ་གསུང་བ་དང་། དགའ་བར་གསུངས་པས་ལེགས་པར་འོངས་སམ་ཞེས་མདུན་དུ་འགྲོ་བས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ལ་བོས་ཏེ། མཽད་གལ་གྱི་བུ་ད་ལྟར་གང་ནས་འོངས། མཽད་གལ་གྱི་བུས་སྨྲས་པ། བཙུན་པ་
བཅོམ་ལྡན་འདས་བདག་ཡི་དགས་རྒྱུ་བ་ཅན་མཆིས་ཏེ། དེར་བདག་གིས་ཡི་དགས་མོ་གཤིན་རྗེ་སྲིན་མོ་ལྟ་བུ་ཁྲག་གི་ཐིགས་པས་འབགས་པ། རུས་པས་ཡོངས་སུ་བསྐོར་བ། དུར་ཁྲོད་ན་གནས་པ་མཐོང་སྟེ། བདག་ལ་འདི་སྐད་དུ། །བདག་གི་ཉིན་མོ་བུ་ལྔ་དང་། དེ་བཞིན་
མཚན་མོ་བུ་ལྔ་དག །སྐྱེས་ནས་དེ་དག་ཟ་མོད་ཀྱི། །འོན་ཀྱང་བདག་ལ་ཚིམ་པ་མེད། །ཅེས་སྨྲའོ། །འདིས་སྡིག་པའི་ལས་ཅི་ཞིག་བྱས་ན་མིའི་འཇིག་རྟེན་དུ་དྲག་ཅིང་རྩུབ་པའི་སྡུག་བསྔལ་རྣམ་པ་དུ་མ་ཉམས་སུ་མྱོང་ཞིང་འཇིག་པར་འགྱུར། བཅོམ་ལྡན་འདས་ཀྱིས་མཽད་གལ་གྱི་བུ་

སྡིག་པའི་ལས་སྤྱོད་པའི་ཡི་དགས་མོ་དེའི་ལས་ཅི་ཞིག་བྱས་པ་ཉན་པར་འདོད་དམ། བཙུན་པ་དེ་བཞིན་ནོ། །དེས་ན་མཽད་གལ་གྱི་བུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་པར་བྱའོ། །སྔོན་བྱུང་བ་འདས་པའི་དུས་ན་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་ཁྱིམ་བདག་ཕྱུག་པར་
གྱུར་ཅིང་ནོར་མང་བ་ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་བྱུང་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། ཡོངས་
སུ་སྤྱོད་པར་བྱེད་པ་ལས་བུ་ཕོ་ཡང་མེད་བུ་མོ་ཡང་མེད་དོ། །དེ་ལག་པ་འགྲམ་པ་ལ་གཏད་དེ། བདག་གི་ཁྱིམ་ན་ནོར་མང་པོ་ཡོད་ཅིང་བུ་ཕོ་ཡང་མེད་བུ་མོ་ཡང་མེད་པས་བདག་གི་ནོར་ཐམས་ཅད་བུད་མེད་ཅེས་རྒྱལ་པོས་ཁྱེར་བར་འགྱུར་རོ་ཞེས་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །
དེ་བུ་དང་བུ་མོ་འདོད་པའི་ཕྱིར་ཞི་བ་དང་། ཆུ་ལྷ་དང་། རྣམ་ཐོས་ཀྱི་བུ་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པའི་ལྷ་ཁྱད་པར་ཅན་གཞན་དང་གཞན་དག་ལ་གསོལ་བ་འདེབས་པར་བྱེད་དོ། །འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དང་། ཚལ་གྱི་ལྷ་དང་། བཞི་མདོའི་ལྷ་དང་།
སུམ་མདོའི་ལྷ་དང་། གཏོར་མ་ཟ་བའི་ལྷན་ཅིག་སྐྱེས་པའི་ཆོས་ཅན་དང་། རྟག་པར་རྒྱུན་དུ་འབྲང་བའི་ལྷ་དག་ལ་གསོལ་བ་འདེབས་པར་བྱེད་དེ། འཇིག་རྟེན་ན་གསོལ་བ་འདེབས་པའི་རྒྱུས་བུ་དང་བུ་མོ་སྐྱེའོ་ཞེས་གྲགས་པ་ཡོད་མོད་ཀྱི། དེ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་གྱུར་ན་
འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེའང་བུ་སྟོང་སྟོང་ལྡན་པར་འགྱུར་རོ། །འོན་ཀྱང་གནས་གསུམ་མངོན་དུ་གྱུར་ན་བུ་ཕོ་དང་བུ་མོ་དག་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་དང་། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་ཉེ་བར་གནས་པ་
སྟེ། གནས་གསུམ་མངོན་དུ་གྱུར་ན་བུ་ཕོ་དང་བུ་མོ་དག་སྐྱེ་བར་འགྱུར་གྱི། ལྷ་ལ་གསོལ་བ་འདེབས་པས་བུ་དང་བུ་མོ་དག་སྐྱེ་བ་མ་ཡིན་ནོ། །དེ་འདི་སྙམ་དུ་བློ་བྱུང་སྟེ། གལ་ཏེ་སེམས་ཅན་དང་ལྡན་པར་འགྱུར་སྲིད་ཀྱིས་ཆུང་མ་གཉིས་པ་ཞིག་བླང་བར་བྱའོ་སྙམ་ནས་དེས་རིགས་མཉམ་

པ་ལས་ཆུང་མ་གཉིས་པ་ཞིག་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད་དགའ་བར་བྱེད་ཡོངས་སུ་སྤྱོད་པར་བྱེད་དོ། །རྩེ་བར་བྱེད་དགའ་བར་བྱེད་ཡོངས་སུ་སྤྱོད་པར་བྱེད་པ་ལས་དུས་གཞན་ཞིག་ན་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེ་དགའ་བ་དང་ཡིད་བདེ་བ་
དང་དགའ་བས་བདག་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྗེའི་སྲས་དགའ་བར་མཛོད་ཅིག །བདག་སེམས་ཅན་དང་ལྡན་པར་གྱུར་ཏེ། ཇི་ལྟར་བདག་གིས་དཀུ་གཡས་པར་རྟེན་ཅིང་གནས་པས་ན་ངེས་པར་ཁྱེའུར་འགྱུར་རོ། །དེ་དགའ་ཞིང་རབ་ཏུ་དགའ་ནས་ལུས་ཀྱི་སྟོད་བཏེག་
ནས་ལག་པ་བརྐྱང་ནས་ཆེད་དུ་བརྗོད་པ། ང་ཡུན་རིང་པོ་ནས་མངོན་པར་འདོད་པའི་བུའི་གདོང་མཐོང་ཞིང་རིགས་དང་རྗེས་སུ་མཐུན་ཞིང་མི་མཐུན་པ་མ་ཡིན་པ་དང་། ངའི་བྱ་བ་བྱེད་ཅིང་ཆེར་སྐྱེས་ནས་ང་གསོ་བའི་བྱ་བ་བྱེད་པ་དང་། ངའི་རིགས་རྒྱུད་ཡུན་རིང་དུ་གནས་ཤིང་བདག་
ཅག་ཤི་ཞིང་དུས་ལས་འདས་པའི་འོག་ཏུ་ཉུང་ངུའམ་མང་པོ་ཡང་རུང་། སྦྱིན་པ་དག་སྦྱིན་བསོད་ནམས་དག་བྱས་ཏེ། འདི་དག་ཕ་མ་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འབྲང་བར་གྱུར་ཅིག་ཅེས་ཡོན་དག་སྦྱིན་པར་གྱུར་ཅིག་ཅེས་བརྗོད་དོ། །དེ་སེམས་ཅན་དང་ལྡན་པར་རིགས་ནས།
སྟེང་གི་ཁང་བཟངས་ཀྱི་གཞི་དང་ལྡན་པར་བཞག་སྟེ། གྲང་བ་དང་། གྲང་བ་ལ་ཕན་པ་དང་། དྲོ་བ་དང་དྲོ་བ་ལ་ཕན་པ་དག་རིག་པར་བྱས་ཏེ། སྨན་པས་བསྒོ་བའི་ཁ་ཟས་ཧ་ཅང་ཁ་བ་མ་ཡིན་པ་དང་། ཧ་ཅང་མངར་བ་མ་ཡིན་པ་དང་། ཧ་ཅང་སྐྱུར་བ་མ་ཡིན་པ་དང་། ཧ་ཅང་མངལ་
བ་མ་ཡིན་པ་དང་། ཁ་བ་དང་། མངར་བ་དང་། སྐྱུར་བ་དང་། མངལ་བ་དག་སྤངས་པའི་ཁ་ཟས་ཟ་ཞིང་གནས་ཏེ། མུ་ཏིག་དང་མུ་ཏིག་གི་ཕྲེང་བས་བརྒྱན་ཅིང་གནས་ཏེ། ལྷ་མོ་དགའ་བའི་ཚལ་ན་རྒྱུ་བ་བཞིན་དུ་ཁྲི་ནས་ཁྲི་དང་། ཁྲིའུ་ནས་ཁྲིའུར་འོག་གིས་གཞི་ལ་མི་འབབ་ཅིང་སྒྲ་མི་སྙན་
པ་ཅུང་ཟད་ཀྱང་མི་ཐོས་པར་ཇི་སྲིད་དུ་མངལ་ཡོངས་སུ་སྨིན་པར་བྱེད་དོ། །དེ་ནས་དེའི་ཚེ་ཆེན་མས་དེའི་རིམ་གྲོ་དེ་དག་མཐོང་ནས་ཕྲག་དོག་གི་སེམས་སྐྱེས་ཏེ། གལ་ཏེ་འདི་ལ་སྐྱེས་བུ་སྐྱེས་ན་ངེས་པར་ང་ལ་གནོད་པར་འགྱུར་གྱི་ཐབས་ཤིག་བྱའོ་སྙམ་ནས་འདོད་པ་བསྟེན་པ་རྣམས་ནི་སྡིག་

པའི་ལས་མི་བྱེད་པ་ཅུང་ཟད་ཀྱང་མེད་པས་དེས་མི་འདོད་པའི་གཡང་སར་མ་ལྷུང་བར་བྱེད་ཅིང་འཛག་པར་བྱེད་པ་རྣམ་པ་དེ་ལྟ་བུའི་མངལ་འཇིག་པར་བྱེད་པའི་རྫས་སྦྱིན་ཏོ། །དེས་འཐུངས་མ་ཐག་ཏུ་མངལ་རླུགས་པར་འགྱུར་རོ། །དེ་ནས་ཆུང་མ་གཉིས་པས་དེ་ཐམས་ཅད་བསྡུས་ནས་ཆེན་མ་ལ་སྨྲས་
པ་ཁྱོད་ཀྱིས་ང་ལ་གང་གིས་ན་མངལ་རླུགས་པའི་སྨན་བྱིན་ཏོ། །དེ་ནས་ཆེན་མས་གཉེན་རྣམས་ཀྱི་ནང་དུ་མནའ་དོར་བར་བརྩམས་པ། གལ་ཏེ་ངས་ཁྱོད་ཀྱི་མངལ་རླུགས་པར་བྱས་ན་ང་ཡི་དགས་སུ་གྱུར་ཅིག །སྐྱེ་བ་ནས་སྐྱེ་བར་བུ་ཟ་བར་གྱུར་ཅིག་ཅེས་སྨྲས་སོ། །མཽད་གལ་གྱི་བུ་ཇི་སྙམ་དུ་སེམས།
ཕྱུག་པོའི་ཆུང་མ་དེ་ནི་ཡི་དགས་མོ་འདི་ཉིད་ཡིན་ཏེ། ཕྲག་དོག་གི་དབང་གིས་མངལ་རླུགས་པའི་སྨན་བྱིན་ཏེ། དེས་ཡི་དགས་སུ་སྐྱེས་ཤིང་གང་བརྫུན་དུ་སྨྲ་བ་བྱས་པའི་ལས་ཀྱི་རྣམ་པར་སྨིན་པས་ཉིན་མཚན་དུ་བུ་ལྔ་ལྔ་སྐྱེས་ཤིང་ཟ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེའི་ཕྱིར་ངག་གི་ཉེས་པ་སྤྱད་
པ་སྤང་བའི་ཕྱིར་འབད་པར་བྱ་སྟེ། མཽད་གལ་གྱི་བུ་ཇི་ལྟར་རྣམ་པ་འདི་ལྟ་བུའི་རྐྱེན་ཡི་དགས་སུ་སྐྱེ་བར་འགྱུར་བ་སྤང་བའི་ཕྱིར་བསླབ་པར་བྱའོ། །བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་དང་། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་།
ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ངོ་། །ཇི་ལྟར་ན་མདོ་ལས་རྫུས་ཏེ་སྐྱེས་པའི་ནམ་མཁའ་ལྡིང་གིས་རྫུས་ཏེ་སྐྱེས་པའི་ཀླུ་ཟ་བའི་ཕྱིར་འདྲེན་ཏོ་ཞེས་གསུངས་ཤེ་ན་ཞེས་བྱ་བ་ལ། ཀླུ་ནི་རྣམ་
པ་བཞི་སྟེ། སྒོ་ང་ལས་སྐྱེས་པ་དང་། མངལ་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པའོ། །ནམ་མཁའ་ལྡིང་ཡང་རྣམ་པ་བཞི་སྟེ། སྒོ་ང་ལས་སྐྱེས་པའི་ནམ་མཁའ་ལྡིང་དང་། མངལ་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པའི་
ནམ་མཁའ་ལྡིང་ངོ་། །སྒོ་ང་ལས་སྐྱེས་པའི་ནམ་མཁའ་ལྡིང་གིས་སྒོ་ང་ལས་སྐྱེས་པའི་ཀླུ་བཟའ་བའི་ཕྱིར་འབྱིན་པར་བྱེད་ཀྱི། མངལ་ནས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་ནི་མ་ཡིན་ཏེ། གལ་ཏེ་འབྱིན་པར་བྱེད་ན་དེ་ཐལ་བར་བྱེད་པར་འགྱུར་རོ། །དྲོད་གཤེར་ལས་

སྐྱེས་པའི་ནམ་མཁའ་ལྡིང་གིས་སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པའི་ཀླུ་བཟའ་བའི་ཕྱིར་འབྱིན་པར་བྱེད་ཀྱི། རྫུས་ཏེ་སྐྱེས་པ་ནི་མ་ཡིན་ཏེ། གལ་ཏེ་འབྱིན་པར་བྱེད་ན་དེ་ཐལ་བར་བྱེད་པར་འགྱུར་རོ། །རྫུས་ཏེ་སྐྱེས་པའི་
ནམ་མཁའ་ལྡིང་གིས་སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པའི་ཀླུ་བཟའ་བའི་ཕྱིར་འབྱིན་ཏོ་ཞེས་གསུངས་སོ། །མདོ་ལས་སྲིད་པ་ནི་བདུན་ཏེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །སྲིད་པ་ནི་བདུན་ཏེ། དམྱལ་བའི་
སྲིད་པ་དང་། དུད་འགྲོའི་སྲིད་པ་དང་། ཡི་དགས་ཀྱི་སྲིད་པ་དང་། ལྷའི་སྲིད་པ་དང་། མིའི་སྲིད་པ་དང་། ལས་ཀྱི་སྲིད་པ་དང་། སྲིད་པ་བར་མའོ་ཞེས་གསུངས་སོ། །དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ནའོ་ཞེས་བྱ་བ་ལ། ཇི་ལྟར་རེ་ཞིག་མཛོད་ཀྱི་གནས་གཉིས་པ་འདི་ཉིད་དུ་
མངལ་དུ་འཇུག་པའི་མདོ་ལས་བཤད་པ་དང་གོ་རིམས་ལས་བཟློག་པའི་རིམ་པ་གསུམ་པ་ཡི་དགས་སྔར་བསྟན་པ་བཞིན་དང་། སྲིད་པ་བར་མ་རྟ་ལེན་གྱི་བུའི་མདོ་དེ་དང་དེ་ལས་འདོན་པ་བཞིན་ནོ། །གལ་ཏེ་དེ་ལྟ་ན་རྟ་ལེན་གྱི་བུའི་མདོ་ཞེས་བྱ་བ་ལ། ཚངས་པ་འདུས་པའི་དང་པོའི་སྡོམ་
གྱི་ཚིགས་སུ་བཅད་པ་ཐམས་ཅད་ཀྱི་མཐར་བཅོམ་ལྡན་འདས་རྟ་ལེན་གྱི་བུ་གཞོན་ནུ་ལས་བརྩམས་ཏེ། བྲམ་ཟེ་གཞོན་ནུ་སྔོན་བྱུང་བ་རི་འོར་གྱི་དགོན་པ་གཞན་ཞིག་ན། དྲང་སྲོང་རབ་ཏུ་མང་པོ་དག་དགོན་པ་ན་གནས་ཏེ། དེ་དག་ལ་འདི་ལྟ་བུའི་སྡིག་པ་ཅན་གྱི་ལྟ་བ་བྲམ་ཟེ་ནི་རིགས་མཆོག་
ཡིན་ཏེ་གཞན་ནི་དམན་པ་ཡིན་ནོ། །བྲམ་ཟེའི་རིགས་ནི་དཀར་བ་གཞན་ནི་ནག་པའོ། །བྲམ་ཟེས་ནི་དག་པར་བྱེད་དེ་གཞན་གྱིས་ནི་མ་ཡིན་ནོ། །བྲམ་ཟེ་ནི་ཚངས་པའི་སྙིང་ལས་སྐྱེས། ཁ་ལས་སྐྱེས། ཚངས་པ་ལས་སྐྱེས་པ་ཚངས་པས་བྱིན་པ་ཞེས་བྱ་བ་སྐྱེས་སོ། །དགོན་པ་ན་གནས་
པའི་དྲང་སྲོང་རབ་ཏུ་མང་པོ་དེ་དག་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་བྲམ་ཟེ་རྣམས་ནི་རིགས་མཆོག་ཅེས་བྱ་བ་ནས། ཚངས་པས་བྱིན་པའི་ཞེས་བྱ་བའི་བར་དུ་སྐྱེས་པ་ན། ལྷ་མ་ཏང་གའི་རིགས་སུ་སྐྱེས་པའི་དྲང་སྲོང་ཨ་སེ་ཏས་ཐོས་ཏེ། ཐོས་ནས་ཆོས་གོས་གྱོན་ཅིང་ཆོས་གོས་སྟེང་དུ་

བཀབ་སྟེ། ཆོས་གོས་ཀྱིས་གཏུམས་ནས། མང་དུ་རི་བའི་མཆིལ་ལྷམ་དང་། མུ་ཏིག་དང་ནོར་བུའི་ཡུ་བ་ཅན་གྱི་བསིལ་ཡབ་གཡོབ་ཅིང་རང་གི་གནས་ནས་མི་སྣང་བར་གྱུར་ཏེ། དྲང་སྲོང་རབ་ཏུ་མང་པོ་དགོན་པ་ན་སྦྱིན་སྲེག་བྱེད་པའི་གནས་དང་སྲེག་ཁང་གང་ན་བ་དེར་སོང་ངོ་། །དེ་ནས་དགོན་པའི་
དྲང་སྲོང་དེ་ལས་གཞན་ཞིག་གིས་ལྷ་མ་ཏང་གའི་རིགས་སུ་སྐྱེས་པའི་དྲང་སྲོང་ཨ་སེ་ཏས་ཆོས་གོས་གྱོན་ཅིང་ཆོས་གོས་སྟེང་དུ་གཡོགས་ཏེ། ཆོས་གོས་ཀྱིས་གཏུམས་ནས་མང་དུ་རི་བའི་མཆིལ་ལྷམ་དང་། མུ་ཏིག་དང་ནོར་བུའི་ཡུ་བ་ཅན་གྱི་བསིལ་ཡབ་གཡོབ་ཅིང་དྲང་སྲོང་རབ་ཏུ་མང་པོ་
སྦྱིན་སྲེག་བྱེད་པའི་གནས་དང་སྲེག་ཁང་ན་འདུག་པ་མཐོང་ངོ་། །མཐོང་ནས་དགོན་པའི་དྲང་སྲོང་རབ་ཏུ་མང་པོ་གང་ན་བ་དེར་ཉེ་བར་སོང་སྟེ། དེ་དག་གི་དྲུང་དུ་ཉེ་བར་སོང་ནས་དགོན་པའི་དྲང་སྲོང་རབ་ཏུ་མང་པོ་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །དེ་ལྟར་བདག་ཅག་གི་སྦྱིན་སྲེག་བྱེད་པའི་གནས་
དང་། སྲེག་ཁང་ན་ཆོས་གོས་གྱོན་ཅིང་ཞེས་བྱ་བ་ནས། འདུག་པ་ཞེས་བྱ་བའི་བར་དུ་སྟེ། བདག་ཅག་དེའི་དྲུང་དུ་སོང་ནས་མངོན་དུ་ཕྱོགས་ཤིང་ཁྱོད་ཐལ་བར་གྱུར་ཅིག་ཅེས་དམོད་པ་དོར་བར་བྱའོ། །དེའི་ཚེ་དགོན་པའི་དྲང་སྲོང་རབ་ཏུ་མང་པོ་དེ་དག་ལས་གང་དང་གང་ལ་མངོན་དུ་
ཕྱོགས་ཏེ། ཁྱོད་ཐལ་བར་གྱུར་ཅིག་ཁྱོད་ཐལ་བར་གྱུར་ཅིག་ཅེས་དམོད་པ་བོར་བ་ན་དེ་དག་ཐལ་བར་འགྱུར་རོ། །དེ་ནས་དགོན་པའི་དྲང་སྲོང་རབ་ཏུ་མང་པོ་དེ་དག་ལྷ་མ་ཏང་གའི་རིགས་སུ་སྐྱེས་པའི་དྲང་སྲོང་ཨ་སེ་ཏ་གང་ན་བ་དེར་སོང་སྟེ་ཉེ་བར་སོང་ནས་ལྷ་མ་ཏང་གའི་རིགས་སུ་སྐྱེས་པའི་
དྲང་སྲོང་ཨ་སེ་ཏ་ལ་མངོན་དུ་ཕྱོགས་ཏེ། ཁྱོད་ཐལ་བར་གྱུར་ཅིག་ཁྱོད་ཐལ་བར་གྱུར་ཅིག་ཅེས་དམོད་པ་དོར་རོ། །ཇི་ལྟ་ཇི་ལྟར་དགོན་པའི་དྲང་སྲོང་རབ་ཏུ་མང་པོ་དེ་དག་ལྷ་མ་ཏང་གའི་རིགས་སུ་སྐྱེས་པའི་དྲང་སྲོང་ཨ་སེ་ཏ་ལ་ཁྱོད་ཐལ་བར་གྱུར་ཅིག་ཅེས་དམོད་པ་བོར་བ་དེ་ལྟ་དེ་ལྟར་ལྷ་མ་ཏང་
གའི་རིགས་སུ་སྐྱེས་པའི་དྲང་སྲོང་ཨ་སེ་ཏ་ཤིན་ཏུ་གཟུགས་བཟང་བ་དང་། ཤིན་ཏུ་བལྟ་བར་བྱ་བ་དང་། ཤིན་ཏུ་རབ་ཏུ་དང་བར་གྱུར་ཏོ། །དེ་ནས་དགོན་པའི་དྲང་སྲོང་རབ་ཏུ་མང་པོ་དེ་དག་འདི་སྙམ་དུ་བདག་ཅག་གི་སྔོན་གང་དང་གང་ལ་མངོན་དུ་ཕྱོགས་ཏེ། ཁྱོད་ཐལ་བར་གྱུར་ཅིག་ཁྱོད་ཐལ་བར་

གྱུར་ཅིག་ཅེས་དམོད་པ་དོར་བ་དེ་ཐལ་བར་གྱུར་ན་ད་ལྟ་འདི་ཅི་སྟེ། ཇི་ལྟ་ཇི་ལྟར་བདག་ཅག་གིས་མངོན་དུ་ཕྱོགས་ཏེ། ཁྱོད་ཐལ་བར་གྱུར་ཅིག་ཁྱོད་ཐལ་བར་གྱུར་ཅིག་ཅེས་དམོད་པ་དོར་བ་དེ་ལྟ་དེ་ལྟར་ཤིན་ཏུ་གཟུགས་བཟང་བ་དང་། ཤིན་ཏུ་བལྟ་བར་བྱ་བ་དང་། ཤིན་ཏུ་རབ་ཏུ་དད་
པར་གྱུར་པ་ཅི་ལས་གྱུར་ཞེས་བདག་དྲི་བར་བྱའོ། །དེས་དགོན་པའི་དྲང་སྲོང་རབ་ཏུ་མང་པོ་དེ་དག་ལྷ་མ་ཏང་གའི་རིགས་སུ་སྐྱེས་པའི་དྲང་སྲོང་ཨ་སེ་ཏ་ལ་འདི་སྐད་ཅེས་གསོལ་ཏོ། །ཁྱོད་སུ་ཞིག །ཁྱོད་ཅག་གི་ལྷ་མ་ཏང་གའི་རིགས་སུ་སྐྱེས་པའི་དྲང་སྲོང་ཨ་སེ་ཏ་ཐོས་སམ་ཐོས་སོ། །
བདག་ཡིན་ནོ། །བཟོད་པར་མཛོད་ཅིག །བཟོད་དོ། །ཁྱེད་ཅག་ལ་འདི་ལྟ་བུའི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་བྲམ་ཟེ་ནི་རིགས་མཆོག་ཡིན་ནོ་ཞེས་བྱ་བ་ནས། ཚངས་པས་བྱིན་ཞེས་བྱ་བ་སྐྱེས་པ་བདེན་ནམ། དེ་བཞིན་ནོ། །ཁྱོད་ཅག་གིས་བདག་ཅག་མ་བྲམ་ཟེ་མོ་ཡིན་ཞིང་བྲམ་
ཟེ་དང་ལྷན་ཅིག་འགྲོ་ཞིང་བྲམ་ཟེ་མོ་ཡིན་པ་དང་། མ་ཡིན་པ་དང་། དེའི་ཡང་མ་དང་། དེའི་མ་དང་། དེའི་ཡང་མ་དང་ཞེས་བྱ་བ་མའི་བདུན་རྒྱུད་ཀྱི་བར་དུ་བྲམ་ཟེ་མ་ཡིན་ཞིང་། བྲམ་ཟེ་དང་ལྷན་ཅིག་འགྲོ་བ་ཡིན་ཞིང་བྲམ་ཟེ་མ་ཡིན་པ་དང་མ་ཡིན་པ་དེ་ལྟ་བུ་ཤེས་སམ་མ་ཡིན་ནོ། །ཡང་ཁྱེད་
ཅག་གིས་བདག་ཅག་གི་ཕ་བྲམ་ཟེ་ཡིན་ཞིང་། བྲམ་ཟེ་མོ་དང་ལྷན་ཅིག་ཏུ་འགྲོ་ཞིང་བྲམ་ཟེ་མོ་ཡིན་པ་དང་། མ་ཡིན་པ་དང་། དེའི་ཡང་ཕ་དང་། དེའི་ཡང་ཕ་དང་། དེའི་ཡང་ཕའི་བར་དུ་ཕའི་བདུན་རྒྱུད་ཀྱི་བར་དུ་བྲམ་ཟེ་ཡིན་ཞིང་བྲམ་ཟེ་མོ་དང་ལྷན་ཅིག་འགྲོ་བ་དང་། བྲམ་ཟེ་མོ་མ་ཡིན་པ་དང་མ་ཡིན་པ་དེ་ལྟ་བུ་
ཤེས་སམ། མ་ཡིན་ནོ། །ཁྱེད་ཅག་གི་མངལ་དུ་འཇུག་པ་ཐོས་སམ་ཐོས་སོ། །ཇི་ལྟ་ཇི་ལྟར་ཐོས། གནས་རྣམ་པ་གསུམ་མངོན་དུ་གྱུར་ན་མའི་མངལ་དུ་འཇུག་པར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་དང་མ་ཆགས་པར་གྱུར་ཅིང་འདུས་པ་དང་། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང་། དྲི་
ཟ་ཉེ་བར་གནས་པར་གྱུར་ན་སྟེ། གནས་རྣམ་པ་འདི་གསུམ་མངོན་དུ་གྱུར་པས་མངལ་དུ་འཇུག་པར་འགྱུར་རོ། །ཁྱེད་ཅག་གི་དྲི་ཟ་ཉེ་བར་གནས་པ་ནི་གང་ཡིན། རྒྱལ་རིགས་སམ། བྲམ་ཟེའི་རིགས་སམ། རྗེའུ་འི་རིགས་སམ། དམངས་རིགས་སམ། འོན་ཏེ་ཤར་ཕྱོགས་ནས་

འོངས་པ་ཞིག་གམ། འོན་ཏེ་ལྷོ་དང་ནུབ་དང་བྱང་ཕྱོགས་ནས་འོངས་པ་ཞིག་ཤེས་སམ། མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་ཁྱེད་ཅག་གིས་བདག་གི་མ་བྲམ་ཟེ་མོ་ཡིན་ཞིང་བྲམ་ཟེ་དང་ལྷན་ཅིག་འགྲོ་ལ་བྲམ་ཟེ་མ་ཡིན་པ་ལ་མ་ཡིན་པ་ཞེས་བྱ་བ་ནས། རྒྱས་པར་སྔ་མ་བཞིན་དུ་བདག་ཅག་གི་ཕ་བྲམ་ཟེ་ཡིན་ཞིང་
ཞེས་བྱ་བ་ནས། སྔ་མ་བཞིན་དུ་རྒྱས་པར་བྱས་ཏེ་མི་ཤེས་སམ། དྲི་ཟ་ཉེ་བར་གནས་པ་ཞེས་བྱ་བ་ནས། བྲམ་ཟེ་ཞེས་བྱ་བའི་བྱང་ཕྱོགས་ནས་འོངས་པ་ཅིའི་ཕྱིར་མི་ཤེས། གལ་ཏེ་གང་ངམ་དེའམ་གང་དུའམ་གང་དུ་འགྲོ་བ་དེ་བཞིན་ནོ། ཅི་སྟེ་ཁྱེད་ཅག་ལ་འདི་ལྟ་བུའི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་
བྲམ་ཟེ་ནི་རིགས་མཆོག་ཡིན་ནོ་ཞེས་བྱ་བ་ནས་ཚངས་པས་བྱིན་པ་ཡིན་ནོ་ཞེས་བྱ་བའི་བར་དུ་སྐྱེས། དེ་སྐད་ཅེས་སྨྲས་པ་དང་། དགོན་པའི་དྲང་སྲོང་རབ་ཏུ་མང་པོ་དེ་དག་ཅང་མི་སྨྲ་བར་གྱུར་ཏེ། དེའི་ཕྱིར་རེ་ཞིག་དགོན་པའི་དྲང་སྲོང་མང་པོ་དེ་དག་རེས་འགའ་ལྷ་མ་ཏང་གའི་རིགས་སུ་སྐྱེས་པའི་དྲང་སྲོང་
ཨ་སེ་ཏས་བྲམ་ཟེའི་དྲི་བ་དྲིས་པ་ལན་ཡོངས་སུ་རྫོགས་པར་འདེབས་མ་ནུས་ན། ཁྱོད་ཀྱི་དགོན་པའི་དྲང་སྲོང་མང་པོ་དེ་དག་ནི་དཱུར་བ་འཛིན་པ་ཙམ་དུ་ཡང་མི་རིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཞོན་ནུ་དཱུར་བ་འཛིན་པའི་དཔེས་སྤྱོད་ཅིང་སྨད་ནས་ཁ་རོག་པོར་གྱུར་ཅིང་ཡི་མུག་ནས་
ཕྲག་པ་སྨད་ནས་ཐུར་དུ་ལྟ་ཞིང་སྤོབས་པ་མེད་པ་དང་། རབ་ཏུ་སེམས་ཤིང་གནས་པར་གྱུར་ཏོ་ཞེས་འབྱུང་ངོ་། །སྔར་གསུངས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །ལྔ་གང་ཞེ་ན། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་
བ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བའོ་ཞེས་བཀའ་སྩལ་ཏོ། །འགྲོ་མོད་ཅེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་སྐྱེས་བུ་དམ་པའི་འགྲོ་བ་བདུན་པ་བསྟན་པར་བྱས་ཏེ། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །སྐྱེས་བུ་དམ་པའི་འགྲོ་བ་བདུན་གང་ཞེ་ན། འདི་ལ་དགེ་

སློང་འདི་ལྟར་བདག་མེད་དོ། །བདག་གི་མེད་དོ། །བདག་འབྱུང་བར་མི་འགྱུར་རོ། །བདག་གི་འབྱུང་བར་མི་འགྱུར་རོ་ཞེས་རབ་ཏུ་སྒྲུབ་སྟེ། གང་ཡོད་ཅིང་གང་འབྱུང་བ་དེ་སྤོང་ཞིང་བཏང་སྙོམས་ཐོབ་པར་འགྱུར་ཏེ། །དེ་སྲིད་པ་འདིས་མ་གོས་ཤིང་སྲིད་པ་འདིས་མ་
འབགས་པ་གཞན་ཡང་བླ་ན་མེད་པ་ཞི་བའི་གོ་འཕང་རབ་ཏུ་ཤེས་ཤིང་རྟོགས་ལ། གོ་འཕང་འདི་ཉིད་ལུས་ཀྱིས་མངོན་དུ་བྱས་ཏེ། འདི་ལྟར་སྒྲུབ་པའི་དགེ་སློང་གི་འགྲོ་བ་ནི་གང་། སྐྱེ་བ་ནི་གང་། འཇིག་རྟེན་ཕ་རོལ་ནི་གང་ཞེས་ཡོངས་སུ་འདྲི་ན། དཔེར་ན་ཞོགས་མའི་མེ་ཆུང་ངུ་མངོན་
པར་འགྲུབ་པ་བཞིན་དུ་འཆི་བར་འགྱུར་བ་དེ་བཞིན་དུ་རེ་ཞིག་ང་རྒྱལ་གྱི་ལྷག་མ་སྤང་བར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་དེ་དག་གང་ང་རྒྱལ་གྱི་ལྷག་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་སྔ་མ་རྣམས་སྤངས་ཏེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་
བར་འགྱུར་བ་འདི་ནི་དགེ་སློང་དག་སྐྱེས་བུ་དམ་པའི་འགྲོ་བ་དང་པོ་ཞེས་བཤད་དོ། །གཞན་ཡང་དགེ་སློང་འདི་ལྟར་བདག་མེད་དོ། །བདག་གི་མེད་དོ། །བདག་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་འདི་ལྟར་ཡོངས་སུ་བསྒྲུབ་པའི་དགེ་སློང་གི་འགྲོ་བ་ནི་གང་སྐྱེ་བ་ནི་གང་། འཇིག་རྟེན་ཕ་
རོལ་ནི་གང་ཞེས་ཡོངས་སུ་འདྲི་ན། འདི་ལྟ་སྟེ། ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བ་བཞིན་དུ་འཆི་བར་འགྱུར་བ་དེ་བཞིན་དུ། རེ་ཞིག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་སྤང་བར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་དེ་དག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཐ་མའི་ཆ་དང་
མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་ཤིང་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་འདི་ནི་དགེ་སློང་དག་སྐྱེས་བུ་དམ་པའི་འགྲོ་བ་གཉིས་པ་ཞེས་བཤད་དོ། །གཞན་ཡང་དགེ་སློང་འདི་ལྟར་ཞེས་བྱ་བ་ནས། སྔ་མ་བཞིན་དུ་འདི་ལྟར་སྒྲུབ་པའི་དགེ་སློང་གི་འགྲོ་བ་ནི་གང་། སྐྱེ་བ་ནི་
གང་། ཕ་རོལ་ནི་གང་ཞིག་ཅེས་འདྲི་ན། འདི་ལྟ་སྟེ། དེ་བཞིན་ང་རེ་ཞིག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་སྤང་བར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་དེ་དག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་མ་སྤངས་ཤིང་། ཡོངས་སུ་མ་ཤེས་པ་དེ་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་ཡོངས་སུ་སྤངས་ཏེ།

བར་མ་དོར་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་འདི་ནི་དགེ་སློང་དག་སྐྱེས་བུ་དམ་པའི་འགྲོ་བ་གསུམ་པ་ཞེས་བཤད་དོ། །གཞན་ཡང་དགེ་སློང་འདི་ལྟར་ཞེས་བྱ་བ་ནས། སྔ་མ་བཞིན་དུ་འདི་ལྟར་སྒྲུབ་པའི་དགེ་སློང་གི་འགྲོ་བ་ནི་གང་། སྐྱེ་བ་ནི་གང་། ཕ་རོལ་ནི་གང་ཞིག་ཅེས་འདྲི་ན།
འདི་ལྟ་སྟེ། དེ་བཞིན་དུ་རེ་ཞིག་<བརྒྱལ་‚ང་རྒྱལ་>གྱི་ལྷག་མ་ཡོངས་སུ་སྤང་བར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་དེ་ང་རྒྱལ་གྱི་ལྷག་མ་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་རྣམས་ཡོངས་སུ་སྤངས་ཏེ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་
འདི་ནི་དགེ་སློང་དག་སྐྱེས་བུ་དམ་པའི་འགྲོ་བ་བཞི་པ་ཞེས་བཤད་དོ། །གཞན་ཡང་དགེ་སློང་འདི་ལྟར་ཞེས་བྱ་བ་ནས། སྔ་མ་བཞིན་དུ་འདི་ལྟར་སྒྲུབ་པའི་དགེ་སློང་གི་འགྲོ་བ་ནི་གང་། སྐྱེ་བ་ནི་གང་། ཕ་རོལ་ནི་གང་ཞིག་ཅེས་འདྲི་ན་འདི་ལྟ་སྟེ། དེ་བཞིན་དུ་རེ་ཞིག་ང་རྒྱལ་གྱི་ལྷག་མ་
ཡོངས་སུ་སྤང་བར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་དེ་དག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་པོ་རྣམས་ཡོངས་སུ་སྤངས་ཏེ། མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་འདི་ནི་
དགེ་སློང་དག་སྐྱེས་བུ་དམ་པའི་འགྲོ་བ་ལྔ་པ་ཞེས་བཤད་དོ། །གཞན་ཡང་དགེ་སློང་འདི་ལྟར་ཞེས་བྱ་བ་ནས་སྔ་མ་བཞིན་དུ་འདི་ལྟར་སྒྲུབ་པའི་དགེ་སློང་གི་འགྲོ་བ་ནི་གང་། སྐྱེ་བ་ནི་གང་། འཇིག་རྟེན་ཕ་རོལ་ནི་གང་ཞིག་ཅེས་འདྲི་ན། འདི་ལྟ་སྟེ། ལྕགས་ཀྱི་གོང་བུའམ། ལྕགས་ཀྱི་སྡོང་པོ་མེ་
འབར་ཞིང་རབ་ཏུ་འབར་བ་དང་། བརྡུངས་ཏེ་བརྡུངས་པ་ན་ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བ་བཞིན་དུ་རྒྱ་ཆེན་པོ་རྩྭའི་ནང་དུ་ལྷུང་སྟེ་དུ་བར་འཐུལ་ཞིང་མེ་འབར་ཞིང་དེ་དེར་དུ་བ་དག་འཐུལ་ཞིང་མེ་ལྕེ་འབར་ནས་ཤིན་ཏུ་རྒྱ་ཆེན་པོའི་རྩྭ་དང་ཤིང་དག་བསྲེགས་ཏེ་མ་ལུས་པར་ཡོངས་སུ་འགགས་པས་དེ་
བཞིན་དུ་རེ་ཞིག་གང་ང་རྒྱལ་གྱི་ལྷག་མ་ཡོངས་སུ་སྤང་བར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་དེ་དག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་ཡོངས་སུ་སྤངས་ཤིང་མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་

བར་འགྱུར་བ་ནི་དགེ་སློང་དག་སྐྱེས་བུ་དམ་པའི་འགྲོ་བ་དྲུག་པ་ཡིན་ནོ་ཞེས་བཤད་དོ། །གཞན་ཡང་དགེ་སློང་འདི་ལྟར་ཞེས་བྱ་བ་ནས། སྔ་མ་བཞིན་དུ་འདི་ལྟར་སྒྲུབ་པའི་དགེ་སློང་གི་འགྲོ་བ་ནི་གང་། སྐྱེ་བ་ནི་གང་། འཇིག་རྟེན་ཕ་རོལ་ནི་གང་ཞིག་ཅེས་འདྲི་ན། འདི་ལྟ་སྟེ།
ལྕགས་ཀྱི་གོང་བུའམ་ལྕགས་ཀྱི་སྡོང་པོ་མེ་རབ་ཏུ་འབར་བ་དག་བརྡུངས་པ་ལས་ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བས་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་དང་ཤིང་དུ་ལྷུང་ནས་དུ་བ་དག་འཐུལ་ཞིང་མེ་ལྕེ་དག་འབར་ནས་ཤིན་ཏུ་ཡངས་ཤིང་རྒྱ་ཆེན་པོར་གྱུར་པའི་རྩྭ་དང་ཤིང་གི་ཕུང་པོ་དག་བསྲེགས་ཏེ། གྲོང་
དང་གྲོང་གི་ཕྱོགས་གཅིག་དང་གྲོང་ཁྱེར་གྱི་ཕྱོགས་གཅིག་དང་། ལྗོངས་དང་ལྗོངས་ཀྱི་ཕྱོགས་གཅིག་དང་། རྩྭ་དང་། ར་བ་དང་། གླིང་དང་། ནགས་ཚལ་དག་བསྲེགས་ཏེ། གྲོང་དང་། གྲོང་གི་ཕྱོགས་གཅིག་བསྲེགས་ཤིང་། གྲོང་ཁྱེར་དང་། གྲོང་ཁྱེར་གྱི་ཕྱོགས་གཅིག་བསྲེགས། ལྗོངས་དང་།
ལྗོངས་ཀྱི་ཕྱོགས་གཅིག་དང་། རྩྭ་དང་། ར་བ་དང་། གླིང་དང་། ནགས་ཚལ་དག་བསྲེགས་ཏེ། ལམ་གྱི་མཐའ་དང་ཆུའི་མཐར་འོངས་ཏེ་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་མ་ལུས་པར་འགགས་ཤིང་ཤི་བ་དེ་བཞིན་དུ་རེ་ཞིག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་སྤང་བར་བྱ་བ་དང་། ཡོངས་སུ་ཤེས་པར་
བྱ་བ་དེ་དག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་ཡོངས་སུ་སྤོང་ཞིང་གང་དུ་འགྲོ་བར་འགྱུར་བ་འདི་ནི་དགེ་སློང་དག་སྐྱེས་བུ་དམ་པའི་འགྲོ་བ་བདུན་པ་ཞེས་བཤད་དོ། །ཉེ་བར་ལེན་པ་མེད་པ་ཡོངས་སུ་མྱ་ངན་ལས་འདའ་བ་གང་
ཞེ་ན། དགེ་སློང་འདི་ལྟར་བདག་མེད་དོ། །བདག་གི་མེད་དོ། །བདག་འབྱུང་བར་མི་འགྱུར་རོ། །བདག་གི་འབྱུང་བར་མི་འགྱུར་རོ་ཞེས་སྒྲུབ་ཅིང་གང་ཡོད་ཅིང་གང་འབྱུང་བ་དེ་སྤང་བར་བྱའོ་ཞེས་སོ་སོར་བཏང་སྙོམས་ཐོབ་ཅིང་དེ་སྲིད་པ་འདིས་མ་གོས་ལ་དེ་སྲིད་པ་འདིས་མ་འབགས་པར་གྱུར་ཏེ།
དེ་ནས་གོང་མ་ཞི་བའི་གནས་ཡོངས་སུ་ཤེས་ཤིང་ཡོངས་སུ་རྟོགས་པར་འགྱུར་ཏེ། གནས་དེ་འདིས་ལུས་ཀྱི་མངོན་སུམ་དུ་བྱེད་དེ་འདི་ལྟར་སྒྲུབ་པའི་དགེ་སློང་ནི་ཤར་ཕྱོགས་སུ་འགྲོ་བར་ང་མི་སྨྲའོ། །ལྷོ་ཕྱོགས་སུ་མ་ཡིན། ནུབ་ཕྱོགས་སུ་མ་ཡིན། བྱང་ཕྱོགས་སུ་མ་ཡིན། སྟེང་དུ་མ་ཡིན།

འོག་ཏུ་མ་ཡིན། ཕྱོགས་མཚམས་སུ་མ་ཡིན། གཞན་དུ་ན་མཐོང་བའི་ཆོས་འདི་ཉིད་ལ་འདུན་པ་ལོག་ཅིང་ཞི་བ་དང་། བསིལ་བར་གྱུར་པ་ཚངས་པར་སྤྱོད་པར་འགྱུར་རོ་ཞེས་ང་སྨྲ་སྟེ། འདི་ནི་ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱའོ། །དགེ་སློང་དག་ངས་ཁྱོད་ལ་
སྐྱེས་བུ་དམ་པའི་འགྲོ་བ་བདུན་དང་། ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་བཤད་པར་བྱའོ་ཞེས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ། །བསམ་གཏན་དག་གི་བཅུ་ཚན་བཞི། །ཞེས་བྱ་བ་ལ་སོགས་པ་ལ། ཉན་ཐོས་ཀྱི་རྣམ་པར་བཤད་པའི་སྡོམ་གྱི་ཚིགས་སུ་བཅད་པ་
ཉི་ཤུ་པ་ལས། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་འདི་ན་དགེ་སློང་རྣམ་པ་གང་དང་རྟགས་གང་དང་མཚན་མ་གང་གིས་འདོད་པ་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ། རྟོགས་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་
ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་པར་འགྱུར་བ་དེ་ཉིད་ཀྱི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་མཚན་མ་དེ་དག་ཡིད་ལ་མི་བྱེད་ཀྱི། འོན་ཀྱང་གང་དེ་ན་དམིགས་པའི་གཟུགས་ཀྱི་རྣམ་པའམ། ཚོར་བའི་རྣམ་པའམ། འདུ་ཤེས་ཀྱི་རྣམ་པའམ། འདུ་བྱེད་ཀྱི་རྣམ་
པའམ། རྣམ་པར་ཤེས་པའི་རྣམ་པའམ། ཆོས་དེ་དག་འགྲོ་བ་མེད་པར་ཡིད་ལ་བྱེད་དེ། ནད་དང་འབྲས་དང་། ཟུག་རྔུ་དང་། གནོད་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡིད་ལ་བྱེད་དེ། དེ་ཆོས་དེ་དག་ལ་འགྲོ་བ་མེད་པར་ཡིད་ལ་བྱས་
ཤིང་ནད་དང་། འབྲས་དང་། ཟུག་རྔུ་དང་། གནོད་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡིད་ལ་བྱས་པས་ཆོས་རྣམས་ལ་སེམས་སྐྱོ་བ་དང་། སྐྲག་པ་དང་། སྔངས་པར་འགྱུར་ཏེ། ཆོས་དེ་དག་ལ་སེམས་སྐྱོ་བ་དང་། སྐྲག་པ་དང་། སྔང་
བ་དང་། འདི་ནི་ཞི་བ། འདི་ནི་གྱ་ནོམ་པ་སྟེ། འདི་ལྟ་སྟེ། ཉེ་བར་ལེན་པ་ཐམས་ཅད་ལས་ངེས་པར་འབྱུང་བ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པའོ་ཞེས་འཆི་བ་མེད་པའི་དབྱིངས་ལ་གཏོད་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །དེ་བཞིན་དུ་མདོ་རྒྱས་

པ་འགོག་པ་མྱ་ངན་ལས་འདས་པའི་བར་དུ་བལྟའོ། །དེ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ནས་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཞིང་སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་ཏེ། བདག་གི་སྐྱེ་བ་ཟད་དོ། །
ཚངས་པར་སྤྱོད་པ་བསྟན་ཏོ། །བྱ་བ་བྱས་སོ། །གང་སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་རོ། །མདོ་དེ་ཉིད་འགོག་པ་དང་། མྱ་ངན་ལས་འདས་པའི་བར་དུའོ། །རྣམ་པར་གྲོལ་བར་མི་འགྱུར་མོད་ཀྱི། འོན་
ཀྱང་ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་ལ་ཆགས་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱིས་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་ཏེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །བར་མ་དོར་ཡོངས་སུ་མྱ་ངན་
ལས་འདའ་བར་མི་འགྱུར་མོད་ཀྱི། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་མོད་ཀྱི། མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་
མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི་གོང་ནས་གོང་དུ་འཕོ་བར་འགྱུར་རོ། །གོང་དུ་འཕོ་བར་མི་འགྱུར་གྱི། འོན་
ཀྱང་ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་ལ་སྲེད་པ་དེ་ཉིད་དང་། ཆོས་ལ་