Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 146

Văn bản gốc(Tây Tạng)

Trang 2 / 19 (50.000 ký tự/trang)
་དང་། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོའོ། །གཟུགས་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། གཟུགས་གང་ཅི་ཡང་རུང་བ་དེ་
ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་སྟེ། འདི་ནི་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །གཟུགས་ཉེ་བར་ལེན་པའི་ཕུང་པོ་དེ་ཡང་མི་རྟག་པ། སྡུག་བསྔལ་བ། ཡོངས་སུ་འགྱུར་བའི་ཆོས་ཅན་ཏེ། གང་གཟུགས་ཉེ་
བར་ལེན་པའི་ཕུང་པོ་མ་ལུས་པར་སྤངས་ཤིང་ངེས་པར་འབྱུང་བ། བཅོམ་པ། ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། ཉེ་བར་ཞི་བ། ནུས་པ། གཟུགས་ཉེ་བར་ལེན་པའི་ཕུང་པོ་གཞན་དང་ཉིང་མཚམས་མི་སྦྱོར་བ། ཉེ་བར་ལེན་པ་མེད་པ། མི་འབྱུང་བ་འདི་
ཉིད་མཆོག་ཡིན་ཏེ། འདི་ལྟ་སྟེ། ཉེ་བར་ལེན་པ་ཐམས་ཅད་ལས་ངེས་པར་འབྱུང་བ། སྲིད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། མྱ་ངན་ལས་འདས་པའོ། །ཚོར་བ་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། ཚོར་བའི་ཚོགས་དྲུག་སྟེ། མིག་གི་འདུས་
ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང་། རྣ་བ་དང་། སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་སྟེ། འདི་ནི་ཚོར་བ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཚོར་བ་ཉེ་བར་ལེན་པའི་ཕུང་པོ་དེ་ཡང་སྔ་མ་བཞིན་དུ་མྱ་ངན་ལས་འདས་པའི་བར་དུའོ། །

འདུ་ཤས་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། འདུ་ཤེས་ཀྱི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་འདུ་ཤེས་དང་། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་འདུ་ཤེས་ཏེ། འདུ་ཤེས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །
དེ་ཡང་སྔ་མ་བཞིན་དུ་མྱ་ངན་ལས་འདས་པའི་བར་དུའོ། །འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། སེམས་པའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་འདུ་ཤེས་དང་། རྣ་བ་དང་། སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་
འདུ་ཤེས་ཏེ། འདི་ནི་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །དེ་ཡང་སྔ་མ་བཞིན་དུ་མྱ་ངན་ལས་འདས་པའི་བར་དུའོ། །རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་།
སྣ་དང་། ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། འདི་ནི་རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །དེ་ཡང་སྔ་མ་བཞིན་དུ་མྱ་ངན་ལས་འདས་པའི་བར་དུའོ། །དགེ་སློང་དག་གང་ཆོས་འདི་རྣམས་ཤེས་རབ་ཆུང་ངུས་འབྱེད་ཅིང་བཟོད་ལ།
སོ་སོའི་སྐྱེ་བོའི་ས་ལས་ཡང་དག་པར་འདས་ཏེ་ཡང་དག་པ་ཉིད་དུ་ངེས་པའི་ས་ནོན་ཅིང་རྒྱུན་དུ་ཞུགས་པའི་འབྲས་བུ་མ་ཐོབ་ལ། རྒྱུན་དུ་ཞུགས་པའི་འབྲས་བུ་མ་ཐོབ་པར་བར་སྐབས་སུ་དུས་བྱེད་པར་མི་རིགས་པ་འདི་ནི་དད་པའི་རྗེས་སུ་འབྲང་བ་ཞེས་བྱའོ། །དགེ་སློང་དག་
གང་ཆོས་འདི་རྣམས་ལ་ཤེས་རབ་ཆེན་པོས་འབྱེད་ཅིང་བཟོད་ལ། ཡང་དག་པ་ཉིད་དུ་ངེས་པའི་ས་ནོན་ཅིང་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའི་བར་སྔ་མ་བཞིན་ནོ། །དགེ་སློང་དག་གང་ཆོས་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་ལྟ་བར་གྱུར་ཅིང་འདི་ནི་ཀུན་ཏུ་
སྦྱོར་བ་གསུམ་སྤངས་ཤིང་ཡོངས་སུ་ཤེས་པར་འགྱུར་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་མོ། །འདི་ནི་རྒྱུན་དུ་ཞུགས་པ་བྱང་ཆུབ་པའི་མཐར་མི་ལྟུང་བ་ཉིད་དུ་ངེས་པའི་ཆོས་ཅན་མཆོག་ཏུ་ཐོགས་ན་

སྲིད་པ་བདུན་དུ་མི་དང་ལྷའི་ནང་དུ་ཉིང་མཚམས་སྦྱར་ནས་སྡུག་བསྔལ་མཐར་བྱེད་པར་འགྱུར་བ་འདི་ནི་མཆོག་ཏུ་ཐོགས་ན་སྲིད་པ་བདུན་ཞེས་བྱའོ། །དགེ་སློང་དག་གང་གིས་ཆོས་འདི་རྣམས་ཡང་དག་པའི་ཤེས་རབ་ཀྱིས་ལྟ་བར་འགྱུར་ཞིང་འདོད་ཆགས་དང་ཞེ་སྡང་དང་
གཏི་མུག་སྲབ་མོར་གྱུར་ཅིང་འཇིག་རྟེན་འདིར་ལན་ཅིག་འོངས་ནས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་བ་འདི་ནི་ལན་ཅིག་ཕྱིར་འོང་བ་ཞེས་བྱའོ། །དགེ་སློང་དག་གང་གིས་ཆོས་འདི་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་ལྟ་བར་འགྱུར་ཞིང་ཐ་མའི་ཆ་དང་མཐུན་པའི་
ཀུན་སྦྱོར་ལྔ་སྤངས་ཤིང་ཡོངས་སུ་ཤེས་པར་འགྱུར་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་མོ། འདི་ནི་སྐྱེས་ནས་དེར་མྱ་ངན་ལས་འདས་ཏེ།
འཇིག་རྟེན་འདིར་ཕྱིར་མི་ལྡོག་པའི་ཆོས་ཅན་ཕྱིར་མི་འོང་བ་ཞེས་བྱའོ། །དགེ་སློང་དག་གང་གིས་ཆོས་འདི་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་ཤིན་ཏུ་མཐོང་བར་གྱུར་པ་ནི་ཉེ་བར་ལེན་པ་མེད་པར་ཟག་པ་དག་ལས་སེམས་རྣམ་པར་བྲལ་ཞིང་གྲོལ་བར་གྱུར་པ། བྱ་བ་
བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་རབ་ཀྱིས་སེམས་རྣམ་པར་གྲོལ་བར་གྱུར་ཏོ་ཞེས་བཀའ་སྩལ་ཏོ། །དགེ་སློང་དག་ཆོས་གཅིག་མངོན་པར་ཤེས་ཤིང་ཡོངས་སུ་མ་ཤེས་ན་ཞེས་བྱ་བ་ལ།
གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཐམས་ཅད་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་པར་བྱ་ཡིས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བཤད་པར་བྱའོ། །ཐམས་ཅད་མངོན་པར་ཤེས་ཤིང་ཡོངས་སུ་
ཤེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། དགེ་སློང་དག་མིག་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་ཏེ། གཟུགས་དང་། མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བ་དང་།

སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་དེ་དག་ཀྱང་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་སོ། །དགེ་སློང་དག །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་པ་དང་། ཡིད་ཀྱི་རྣམ་པར་
ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་དེ་དག་ཀྱང་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་ཏེ། རྣ་བ་དང་། སྣ་དང་།
ལྕེ་དང་། ལུས་དང་། ཡིད་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བའི་བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་
བ་ཡང་མ་ཡིན་པ་དེ་ཡང་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་ཏེ། དགེ་སློང་དག་ཆོས་གཅིག་མངོན་པར་མ་ཤེས་ཤིང་ཡོངས་སུ་མ་ཤེས་ན་སྡུག་བསྔལ་གྱི་མཐར་བྱེད་པར་ང་མི་སྨྲའོ། །འདི་ནི་ཐམས་ཅད་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཏེ། དགེ་སློང་
དག་ཐམས་ཅད་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ཇི་སྐད་དུ་བཤད་པ་འདི་ངས་རྒྱས་པར་རབ་ཏུ་བཤད་དོ། །གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཐམས་ཅད་མངོན་པར་ཤེས་ཤིང་ཡོངས་སུ་སྤང་བར་བྱ་བ་ཞེས་བྱ་བའི་
ཆོས་ཀྱི་རྣམ་གྲངས་ངས་བསྟན་པར་བྱ་ཡིས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཐམས་ཅད་མངོན་པར་ཤེས་ཤིང་སྤང་བར་བྱ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། དགེ་སློང་དག་མིག་མངོན་པར་ཤེས་ཤིང་ཡོངས་སུ་སྤང་བར་
བྱ་བ་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་ནས། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་བར་དུ་མངོན་པར་ཤེས་ཤིང་ཡོངས་སུ་

སྤང་བར་བྱའོ། །དགེ་སློང་དག །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་ཡིད་མངོན་པར་ཤེས་ཤིང་ཡོངས་སུ་སྤང་བར་བྱའོ། །ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ནང་གི་རྐྱེན་བདག་
ཉིད་ཀྱི་རྐྱེན་ལས་བྱུང་བའི་ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ནི་མངོན་པར་ཤེས་ཤིང་ཡོངས་སུ་སྤང་བར་བྱའོ། །དགེ་སློང་དག་ཆོས་གཅིག་མངོན་པར་མ་ཤེས་ཤིང་ཡོངས་སུ་མ་སྤངས་ན་སྡུག་
བསྔལ་གྱི་མཐར་བྱེད་པར་ང་མི་སྨྲའོ། །འདི་ནི་ཐམས་ཅད་མངོན་པར་ཤེས་ཤིང་ཡོངས་སུ་སྤང་བར་བྱ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སོ། །དགེ་སློང་དག་ཐམས་ཅད་མངོན་པར་ཤེས་ཤིང་ཡོངས་སུ་སྤང་བར་བྱ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་པ་འདི། །ངས་
རྒྱས་པར་རབ་ཏུ་བཤད་དོ་ཞེས་བཀའ་སྩལ་ཏོ། །དཔེར་ན་བསྡུ་བའི་དངོས་པོ་བཞི་པོ་དག་གིས་འཁོར་རྣམས་སྡུད་པ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དགོན་པའི་གནས་ཀྱི་བསྟི་གནས་ན་བཞུགས་ཏེ། དེ་ནས་དགོན་པ་པ་ལག་པ་ཅན་ཞེས་བྱ་བ་འཁོར་ལྔ་བརྒྱ་
དང་བཅོམ་ལྡན་འདས་གང་ན་བ་དེར་འོངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་དགོན་པ་པ་ལག་པ་ཅན་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་བསྙེན་ལག་པ་ཅན་འཁོར་
མང་པོ་དང་འདུག་ཅིང་ཉེ་བར་གནས་པ་ཇི་ལྟར་གང་གིས་བསྡུ་བར་བྱ་སྙམ་དུ་སེམས། བཙུན་པ་གང་འདི་བཅོམ་ལྡན་འདས་ཀྱིས་བསྡུ་བའི་དངོས་པོ་བཞི་གསུངས་པ་འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་མཐུན་པ་དང་། དོན་སྤྱོད་པའོ། །དེ་རྣམས་ལས་གང་ཡང་རུང་
ཞིང་གང་ཡང་རུང་བ་ཞིག་གིས་བསྡུ་བར་བྱ་སྙམ་དུ་སེམས་ཏེ། ཁ་ཅིག་ལ་ནི་སྦྱིན་པ། ཁ་ཅིག་ལ་ནི་སྙན་པར་སྨྲ་བ། ཁ་ཅིག་ལ་ནི་དོན་མཐུན་པ། ཁ་ཅིག་ལ་ནི་དོན་སྤྱོད་པས་སོ། །ལག་པ་ཅན་ལེགས་སོ་ལེགས་སོ། །ཆོས་འདི་དག་གིས་འཁོར་སྡུད་པ་སྟེ། འདི་ལྟ་སྟེ་བསྡུ་

བའི་དངོས་པོ་བཞི་པོ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་མཐུན་པ་དང་། དོན་སྤྱོད་པའོ། །གང་ཁ་ཅིག་ཆོས་དང་མཐུན་པར་འཁོར་སྡུད་པ་དེ་ཐམས་ཅད་ནི་བསྡུ་བའི་དངོས་པོ་བཞི་པོ་འདིས་ཏེ། ཁ་ཅིག་ལ་ནི་སྦྱིན་པ། ཁ་ཅིག་ལ་ནི་སྙན་པར་སྨྲ་བ། ཁ་ཅིག་ལ་ནི་དོན་མཐུན་པ།
ཁ་ཅིག་ལ་ནི་དོན་སྤྱོད་པས་སོ། །འདས་པའི་དུས་ན་ཡང་གང་ཁ་ཅིག་ཆོས་དང་མཐུན་པར་འཁོར་སྡུད་པ་དེ་ཐམས་ཅད་བསྡུ་བའི་དངོས་པོ་བཞི་པོ་འདིས་ཏེ་ཁ་ཅིག་ལ་ནི་སྦྱིན་པ། ཁ་ཅིག་ལ་ནི་སྙན་པར་སྨྲ་བ། ཁ་ཅིག་ལ་ནི་དོན་མཐུན་པ། ཁ་ཅིག་ལ་ནི་དོན་སྤྱོད་པས་སོ། །
མ་འོངས་པའི་དུས་ན་ཡང་གང་ཁ་ཅིག་ཆོས་དང་མཐུན་པར་འཁོར་སྡུད་པ་དེ་ཐམས་ཅད་བསྡུ་བའི་དངོས་པོ་བཞི་པོ་འདིས་ཏེ། ཁ་ཅིག་ལ་ནི་སྦྱིན་པ། ཁ་ཅིག་ལ་ནི་སྙན་པར་སྨྲ་བ། ཁ་ཅིག་ལ་ནི་དོན་སྤྱོད་པ། ཁ་ཅིག་ལ་ནི་དོན་མཐུན་པས་སོ། །སྦྱིན་པ་རྣམས་ཀྱི་ནང་ན་མཆོག་
ནི་འདི་ཡིན་ཏེ། འདི་ལྟ་སྟེ་ཆོས་ཀྱི་སྦྱིན་པའོ། །སྙན་པ་རྣམས་ཀྱི་ནང་ནས་མཆོག་ནི་འདི་ཡིན་ཏེ། འདི་ལྟ་སྟེ། རིགས་ཀྱི་བུ་ཆོས་དོན་དུ་གཉེར་ཞིང་ཉན་པ་ལ་དུས་དུས་སུ་རྟག་ཏུ་སྙན་པར་སྨྲ་བར་བྱེད་པའོ། །དོན་སྤྱོད་པ་རྣམས་ཀྱི་ནང་ན་མཆོག་ནི་འདི་ཡིན་ཏེ་འདི་ལྟ་སྟེ་མ་དད་པ་
དག་དད་པ་ཕུན་སུམ་ཚོགས་པར་བྱེད་ཅིང་སྒྲུབ་པར་བྱེད། འདུལ་བར་བྱེད། འགོད་པར་བྱེད། རབ་ཏུ་གནས་པར་བྱེད། ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་བྱེད། སེར་སྣ་ཅན་གཏོང་བ་ཕུན་སུམ་ཚོགས་པར་བྱེད། ཤེས་རབ་འཆལ་པ་
ཤེས་རབ་ཕུན་སུམ་ཚོགས་པར་བྱེད་པ་ནས་རབ་ཏུ་གནས་པར་བྱེད་པའི་བར་དུའོ། །དོན་མཐུན་པ་རྣམས་ཀྱི་ནང་ན་མཆོག་ནི་འདི་ཡིན་ཏེ། འདི་ལྟ་སྟེ། རྒྱུན་དུ་ཞུགས་པ་ལ་རྒྱུན་དུ་ཞུགས་པས་ལྷན་ཅིག་དོན་མཐུན་པར་བྱེད། ལན་ཅིག་ཕྱིར་འོང་བ་ལ་ལན་ཅིག་ཕྱིར་འོང་བས།
ཕྱིར་མི་འོང་བ་ལ་ཕྱིར་མ་འོང་བས། དགྲ་བཅོམ་པ་ལ་དགྲ་བཅོམ་པས་ལྷན་ཅིག་དོན་མཐུན་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེགས་པས་དེ་སྐད་གསུངས་ཏེ། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །སྦྱིན་དང་

སྙན་པར་སྨྲ་བ་དང་། །འདི་ལ་དོན་ནི་སྤྱོད་པ་དང་། །དོན་མཐུན་པ་ཡིས་སེམས་ཅན་རྣམས། །ཇི་ལྟར་རིག་པར་དེ་དང་དེར། །གལ་ཏེ་འདི་ཡིས་མི་སྡུད་ན། །མ་ལ་བུ་ཡི་རྒྱུ་ཡིས་ནི། །མཆོད་པ་ཐོབ་པར་མི་འགྱུར་ཞིང་། །ཕ་དང་བུ་ཡི་རྒྱུ་ཡིས་སོ། །གང་ཕྱིར་
བསྡུ་བ་འདི་ཡིས་ནི། །རྗེས་སུ་འཇུག་བྱེད་ཆོས་ལྡན་པ། །ཆེ་བའི་བདག་ཉིད་ཐོབ་ནས་ནི། །དེ་ཕྱིར་འཇིག་རྟེན་ལྟ་བར་འགྱུར། །དེ་ནས་དགོན་པ་པ་ལག་པ་ཅན་འཁོར་ལྔ་བརྒྱ་དང་བཅས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་
ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །གཟུགས་གང་ཅི་ཡང་རུང་བ་འདས་པའམ་ཞེས་བྱ་བ་ལ། དགེ་སློང་དག་ཕུང་པོ་དང་ཉེ་བར་ལེན་པའི་ཕུང་པོ་བསྟན་པར་བྱའོ་ཞེས་སྔར་བཤད་པའི་མདོ་བཞིན་དུ་བལྟ་བར་བྱའོ། །འདོད་པ་ཡང་རྣམ་པ་གསུམ་སྟེ་ཞེས་
བྱ་བ་ལ། མདོར་བསྡུས་པ་འདོད་པའི་དཔེ་ནི་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་དགེ་སློང་གཞན་ཞིག་ནང་དུ་ཡང་དག་འཇོག་ལས་ལངས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་
ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ལེགས་པར་མདོར་བསྡུས་པ་དེ་བཞིན་དུ་ཆོས་བཤད་དུ་གསོལ། ཇི་ལྟར་བདག་བཅོམ་ལྡན་འདས་ཀྱི་དྲུང་དུ་མདོར་བསྡུས་པའི་
ཆོས་ཐོས་ནས་གཅིག་ཏུ་དབེན་པ། ཚད་མེད་པ། གདུང་བ་མེད་པ། མཉམ་པར་གཞག་པའི་བདག་ཉིད་ལ་གནས་པར་བྱའོ། །གཅིག་ཏུ་དབེན་པ། ཚད་མེད་པ། གདུང་བ་མེད་པ། མཉམ་པར་གཞག་པའི་བདག་ཉིད་ལ་གནས་ཏེ། གང་གི་དོན་དུ་རིགས་ཀྱི་བུ་སྐྲ་དང་
ཁ་སྤུ་བྲེགས་ཏེ་ལུས་ལ་ཆོས་གོས་བགོས་ནས་དད་པས་ཡང་དག་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་བླ་ན་མེད་པའི་ཚངས་པར་སྤྱོད་པ་སྤྱད་ནས་མཐོང་བའི་ཆོས་ཉིད་ལ་རང་ཉིད་ཀྱིས་མངོན་པར་ཤེས་པ་མངོན་སུམ་དུ་བྱ་སྟེ། རིག་པ་ཕུན་སུམ་ཚོགས་པ་བདག་གི་སྐྱེ་བ་

ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་བཅོམ་ལྡན་འདས་བདག་ལ་བཤད་དུ་གསོལ་ཞེས་དགེ་སློང་དེས་དེ་སྐད་ཅེས་གསོལ་བ་དང་། བཀའ་སྩལ་པ། དགེ་སློང་ལེགས་སོ་ལེགས་སོ། །དགེ་སློང་འདི་སྐད་དུ་སྨྲ་བ་
ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་བདག་ལ་ལེགས་པར་མདོར་བསྡུས་པ་དེ་བཞིན་དུ་ཆོས་བཤད་དུ་གསོལ། །ཇི་ལྟར་བདག་བཅོམ་ལྡན་འདས་ཀྱི་དྲུང་དུ་མདོར་བསྡུས་པའི་ཆོས་ཐོས་ནས་གཅིག་ཏུ་དབེན་པ། ཚད་མེད་པ། གདུང་བ་མེད་པ། མཉམ་པར་གཞག་པའི་
བདག་ཉིད་ལ་གནས་པར་བྱའོ། །གཅིག་ཏུ་དབེན་པ། ཚད་མེད་པ། གདུང་བ་མེད་པ། མཉམ་པར་གཞག་པའི་བདག་ཉིད་ལ་གནས་ཏེ་གང་གི་དོན་དུ་རིགས་ཀྱི་བུ་སྐྲ་དང་ཁ་སྤུ་བྲེགས་ཏེ་ལུས་ལ་ཆོས་གོས་བགོས་ཤིང་དད་པས་ཡང་དག་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་
བྱུང་ནས་བླ་ན་མེད་པའི་ཚངས་པར་སྤྱོད་པ་སྤྱད་ནས་མཐོང་བའི་ཆོས་ཉིད་ལ་རང་ཉིད་ཀྱིས་མངོན་པར་ཤེས་པ་མངོན་སུམ་དུ་བྱས་ཏེ། རིག་པ་ཕུན་སུམ་ཚོགས་པ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་དགེ་སློང་
དེ་བཞིན་དུ་སྨྲའམ། བཙུན་པ་དེ་བཞིན་ནོ། །དགེ་སློང་དེ་བས་ན་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །དགེ་སློང་གང་ཁྱོད་མ་ཡིན་པའི་ཆོས་དེ་ཁྱོད་ཀྱིས་སྤང་བར་བྱའོ། །དོན་ཏེ་ཁྱོད་ཀྱིས་སྤངས་ནས་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་
འགྱུར་རོ། །གསོལ་བ་བཅོམ་ལྡན་འདས་འཚལ་ལོ། །བདེ་བར་གཤེགས་པ་འཚལ་ལོ། །བཀའ་སྩལ་པ། དགེ་སློང་ཇི་ལྟར་ཁྱོད་ཀྱིས་ངས་མདོར་བསྡུས་ཏེ་རྣམ་པར་མ་ཕྱེ་བར་བཤད་པ་ཇི་ལྟར་ཤེས། གསོལ་པ་བཙུན་པ་གཟུགས་བདག་མ་ལགས་ཏེ། ཆོས་དེ་
སྤངས་ནས་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བདག་མ་ལགས་ཏེ། ཆོས་དེ་སྤངས་ན་ཡུན་རིང་པོའི་དོན་དང་ཕན་པ་དང་། བདེ་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟར་བདག་

གིས་མདོར་བསྡུས་ཤིང་རྣམ་པར་མ་ཕྱེ་བར་བཤད་པའི་དོན་རྒྱས་པར་འཚལ་ལོ། །དགེ་སློང་ལེགས་ལེགས་སོ། །དགེ་སློང་ངས་མདོར་བསྡུས་ཏེ་རྣམ་པར་མ་ཕྱེ་བར་བཤད་པའི་དོན་ཤེས་པ་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་གཟུགས་བདག་མ་ཡིན་ཏེ་
ཆོས་དེ་ཁྱོད་ཀྱིས་སྤང་བར་བྱའོ། །ཆོས་དེ་ཁྱོད་ཀྱིས་སྤངས་ན་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བདག་མ་ཡིན་ཏེ། ཆོས་དེ་ཁྱོད་ཀྱིས་སྤང་བར་བྱའོ། །ཆོས་དེ་ཁྱོད་ཀྱིས་སྤངས་ན་ཡུན་རིང་པོའི་དོན་དང་ཕན་
པ་དང་བདེ་བར་འགྱུར་རོ། །དེ་ནས་དགེ་སློང་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །དེ་ནས་དགེ་སློང་དེ་ལ་བཅོམ་ལྡན་འདས་ཀྱིས་མདོར་བསྡུས་པའི་གདམས་ངག་
འདིས་གདམས་པས་གཅིག་ཏུ་དབེན་པ། ཚད་མེད་པ། གདུང་བ་མེད་པ། མཉམ་པར་གཞག་པའི་བདག་ཉིད་ལུང་སྟོན་པར་བྱེད་དོ། གཅིག་ཏུ་དབེན་པ། ཚད་མེད་པ། གདུང་བ་མེད་པ། མཉམ་པར་གཞག་པའི་བདག་ཉིད་ལ་གནས་ཏེ། གང་གི་དོན་དུ་རིགས་ཀྱི་བུ་སྐྲ་
དང་ཁ་སྤུ་བྲེགས་ཏེ། ཆོས་གོས་བགོས་ནས་དད་པས་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། བླ་ན་མེད་པའི་ཚངས་པར་སྤྱོད་པ་སྤྱད་ནས་མཐོང་བའི་ཆོས་ཉིད་ལ་རང་ཉིད་ཀྱིས་མངོན་པར་ཤེས་པ་མངོན་སུམ་དུ་བྱས་ཏེ། རིག་པ་ཕུན་སུམ་ཚོགས་པ་
བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བའི་ཤེས་པ་དང་ལྡན་ཞིང་ཚེ་དང་ལྡན་པ་སེམས་རྣམ་པར་གྲོལ་བའི་དགྲ་བཅོམ་པར་གྱུར་ཏོ། །དོན་འདི་ཉིད་ཕུང་པོའི་ཚོགས་ཀྱི་སྡོམ་གྱི་ཚིགས་སུ་བཅད་པ་
གསུམ་པ་ལས་མདོ་གཞན་དང་གཞན་བདུན་འདི་ལྟར་འབྱུང་སྟེ། རྗེས་སུ་མཐུན་དང་གྲངས་དང་ནི། །རྒྱུན་དུ་སྦྱོར་དང་རྒ་བ་དང་། །ཡོངས་སྦྱོར་རྟོག་དང་དྲོ་བ་དང་། །སེམས་ནི་རྣམ་པར་གྲོལ་བ་དང་། །མདོ་སྡེ་གཉིས་པོ་དག་ལས་ཀྱང་། །རྒྱལ་བ་ཉིད་ལས་སྐྱེས་པ་

ཡི། །ཞེས་འབྱུང་ངོ་། །འདིར་མདོར་བསྡུས་པར་འདོད་པའི་དཔེ་གཞན་ཡང་། བཅོམ་ལྡན་འདས་རྒྱལ་བ་འཕེལ་བ་གང་བསྙེན་བཀུར་བ་ཚེ་དང་ལྡན་པ་གྲོང་གི་བདག་པོ་རྒྱལ་བའི་བུ་དང་ལྷན་ཅིག་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་རྒྱལ་བའི་བུ་བཅོམ་ལྡན་
འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་རྒྱལ་བའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བསླབ་པའི་
ཚིག་བརྒྱ་ཕྱེད་ལྷག་དང་བཅས་པ་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་སྟེ། རིགས་ཀྱི་བུ་བདག་ལེགས་སུ་འདོད་པར་བསླབ་པ་ལ་ཤིན་ཏུ་བསླབ་པར་བྱའོ། །དེ་ལ་བདག་བསླབ་པ་འདི་ལ་སློབ་པར་མི་སྤྲོའོ། །བཀའ་སྩལ་པ། ཚེ་དང་ལྡན་པ་རྒྱལ་བའི་བུ་ཁྱོད་
ཀྱིས་དུས་དང་དུས་སུ་བསླབ་པ་གསུམ་ལ་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ལ་བདག་སྤྲོའོ། །བདེ་བར་གཤེགས་པ་སྤྲོའོ། །ཚེ་དང་ལྡན་པ་རྒྱལ་བའི་བུ་འདི་ལྟར་ཁྱོད་ཀྱིས་དུས་དང་དུས་སུ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བསླབ་པར་བྱའོ། །ལྷག་པའི་
སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་བསླབ་པར་བྱའོ། །རྒྱལ་བའི་བུ་ཁྱོད་ཀྱིས་དུས་དང་དུས་སུ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བསླབ་ཅིང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་སློབ་པར་བྱེད་ན་ཡུན་རིང་པོ་མི་ཐོགས་པར་ཟག་པ་
ཟད་ཅིང་ཟག་པ་མེད་པ་དང་། སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བ་དང་། མཐོང་བའི་ཆོས་ཉིད་ལ་རང་ཉིད་ཀྱིས་མངོན་པར་ཤེས་པ་མངོན་སུམ་དུ་བྱས་ཤིང་རིག་པ་ཕུན་སུམ་ཚོགས་པར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་དོ། །བྱ་བ་བྱས་སོ། །བྱེད་པ་
བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རྒྱལ་བའི་བུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །

ཚེ་དང་ལྡན་པ་རྒྱལ་བའི་བུ་ལ་བཅོམ་ལྡན་འདས་ཀྱིས་གདམས་ངག་འདིས་གདམས་པ་དང་། གཅིག་ཏུ་དབེན་པ། ཚད་མེད་པ། གདུང་བ་མེད་པ། མཉམ་པར་གཞག་པའི་བདག་ཉིད་ལུང་སྟོན་པར་བྱེད་དེ། གཅིག་ཏུ་དབེན་པ། ཚད་མེད་པ། གདུང་བ་
མེད་པ་མཉམ་པར་གཞག་པའི་བདག་ཉིད་ནས། སྔ་མ་བཞིན་དུ་ཤེས་པ་དང་ལྡན་པའི་བར་དུ་ཚེ་དང་ལྡན་པ་རྒྱལ་བའི་བུ་སེམས་རྣམ་པར་གྲོལ་བར་གྱུར་ཏོ། །རྩོད་པའི་རྩ་བ་ནི་གཉིས་ཏེ་ཞེས་བྱ་བ་ལ། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ཆུ་བོ་སྒྲིབ་པ་ཅན་གྱི་འདམ་པ་ཅན་
གྱི་ཆུ་ངོགས་ན་བཞུགས་ཏེ། དེ་ནས་བྲམ་ཟེ་ལག་ན་དབྱུག་པ་ཅན་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་དང་ལྷན་ཅིག་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་
གཏམ་རྣམ་པ་སྣ་ཚོགས་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེ་དབྱུག་པ་ཅན་གྱིས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ལ་འདི་སྐད་ཅེས་གསོལ་ཏོ། །ཀཱ་ཏྱཱ་ཡ་ན་རྒྱུ་གང་དང་། རྐྱེན་གང་གིས་རྒྱལ་པོ་ལ་རྒྱལ་པོས་ལྷན་ཅིག་རྩོད་པར་གྱུར། ཞིང་
པ་ལ་ཞིང་པས། བྲམ་ཟེ་ལ་བྲམ་ཟེས། ཁྱིམ་བདག་ལ་ཁྱིམ་བདག་གིས་ལྷན་ཅིག་རྩོད་པར་གྱུར། བྲམ་ཟེ་འདོད་པ་ལ་ཆགས་པ་དང་། ཞེན་པ་དང་། འབྲེལ་པ་དང་། མངོན་པར་འདོད་པ་དང་། ཡང་དག་པར་ཆགས་པའི་རྒྱུས་རྒྱལ་པོ་ལ་རྒྱལ་པོས་ལྷན་ཅིག་རྩོད་པར་གྱུར་ཅིང་
ཞིང་པ་ལ་ཞིང་པས། བྲམ་ཟེ་ལ་བྲམ་ཟེས། ཁྱིམ་བདག་ལ་ཁྱིམ་བདག་གིས་ལྷན་ཅིག་རྩོད་པར་གྱུར་ཏོ། །ཀཱ་ཏྱཱ་ཡ་ན་འདོད་པ་ལ་ཆགས་པ་དང་། ཞེན་པ་དང་། འབྲེལ་པ་དང་། མངོན་པར་འདོད་པ་དང་། ཡང་དག་པར་ཆགས་པའི་རྒྱུས་རྒྱལ་པོ་ལ་རྒྱལ་པོས་
ལྷན་ཅིག་རྩོད་ཅིང་། ཞིང་པ་ལ་ཞིང་པས། བྲམ་ཟེ་ལ་བྲམ་ཟེས། ཁྱིམ་བདག་ལ་ཁྱིམ་བདག་གིས་ལྷན་ཅིག་རྩོད་པར་གྱུར་ན། ཀཱ་ཏྱཱ་ཡ་ན་རྒྱུ་གང་དང་རྐྱེན་གང་གིས་རབ་ཏུ་བྱུང་བ་དང་རབ་ཏུ་བྱུང་བ་ལྷན་ཅིག་རྩོད་པར་གྱུར། བྲམ་ཟེ་ལྟ་བ་ལ་ཆགས་པ་དང་། ཞེན་པ་

དང་། འབྲེལ་པ་དང་། མངོན་པར་འདོད་པ་དང་། ཡང་དག་པར་ཆགས་པའི་རྒྱུས་རབ་ཏུ་བྱུང་བ་དང་རབ་ཏུ་བྱུང་བ་རྣམས་ལྷན་ཅིག་རྩོད་པར་གྱུར་ཏོ། །ཀཱ་ཏྱཱ་ཡ་ན་ལྟ་བ་ལ་ཆགས་པ་དང་། ཞེན་པ་དང་། འབྲེལ་པ་དང་། མངོན་པར་འདོད་པ་དང་། ཡང་དག་
པར་ཆགས་པའི་རྒྱུས་རབ་ཏུ་བྱུང་བ་རྣམས་རྩོད་པར་གྱུར་ན། ཀཱ་ཏྱཱ་ཡ་ན་ད་ལྟར་ཁ་ཅིག་འདོད་པ་ལ་ཆགས་པ་དང་། ཞེན་པ་དང་། འབྲེལ་པ་དང་། མངོན་པར་འདོད་པ་དང་། ཡང་དག་པར་ཆགས་པའི་རྒྱུ་འདི་དག་ལས་ཡང་དག་པར་འདས་པ་དང་། ལྟ་བ་ལ་ཆགས་པ་དང་།
ཞེན་པ་དང་། འབྲེལ་པ་དང་། མངོན་པར་འདོད་པ་དང་། ཡང་དག་པར་ཆགས་པའི་རྒྱུ་འདི་དག་ལས་འདས་པ་ཡོད་དམ། བྲམ་ཟེ་ཡོད་དེ། འདི་ལྟ་སྟེ། བདག་གི་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་
པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་འདོད་པ་ལ་ཆགས་པ་དང་། ཞེན་པ་དང་། འབྲེལ་པ་དང་། མངོན་པར་འདོད་པ་དང་།
ཡང་དག་པར་ཆགས་པའི་རྒྱུ་འདི་དག་ལས་ཡང་དག་པར་འདས་སོ། །ལྟ་བ་ལ་ཆགས་པ་དང་། ཞེན་པ་དང་། འབྲེལ་པ་དང་། མངོན་པར་འདོད་པ་དང་། ཡང་དག་པར་ཆགས་པའི་རྒྱུ་འདི་དག་ལས་ཡང་དག་པར་འདས་སོ། །ཀཱ་ཏྱཱ་ཡ་ན་བཅོམ་ལྡན་འདས་གཽ་ཏ་མ་ད་
ལྟར་གང་ན་བཞུགས། བྲམ་ཟེ་ཤར་ཕྱོགས་ཀྱི་ཡུལ་ན་མཉན་ཡོད་ཅེས་བྱ་བའི་ཀོ་ས་ལའི་གྲོང་ཁྱེར་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ད་ལྟར་བཅོམ་ལྡན་འདས་བཞུགས་སོ། །དེ་ནས་བྲམ་ཟེ་ལག་ན་དབྱུག་པ་ཅན་སྟན་ལས་ལངས་ཏེ་བླ་གོས་
ཕྲག་པ་གཅིག་ཏུ་གཟར་ནས། སའི་དཀྱིལ་འཁོར་གང་ན་བཅོམ་ལྡན་འདས་བཞུགས་པའི་ཕྱོགས་དེར་ཐལ་མོ་སྦྱར་ཏེ་ཕྱག་བྱེད་ཅིང་ཆེད་དུ་བརྗོད་པ་འདི་སྐད་ཆེད་དུ་བརྗོད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་

ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་འདོད་པ་ལ་ཆགས་པ་དང་། ཞེན་པ་དང་། འབྲེལ་པ་དང་། མངོན་པར་འདོད་པ་དང་། ཡང་དག་པར་ཆགས་པའི་རྒྱུ་འདི་དག་ལས་
ཡང་དག་པར་འདས་ཤིང་ལྟ་བ་ལ་ཆགས་པ་དང་། ཞེན་པ་དང་། འབྲེལ་པ་དང་། མངོན་པར་འདོད་པ་དང་། ཡང་དག་པར་ཆགས་པ་འདི་རྣམས་ལས་ཡང་དག་པར་འདས་པ་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་དོ། །དེ་ནས་བྲམ་ཟེ་དབྱུག་པ་ཅན་
ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་བཤད་པ་ལ་རྗེས་སུ་ཡི་རང་ཞིང་མངོན་པར་དགའ་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ཉིད་མདོ་ལ་བརྟེན་ཏེ་སློབ་དཔོན་སྣ་ཚོགས་བློ་གྲོས་གྱིས་ཚིགས་སུ་བཅད་པ་བཞི་བརྒྱ་པ་ལས་བཅོམ་ལྡན་འདས་ལ་བསྟོད་པ། འདོད་པ་མི་སྣང་
འབྲེལ་མེད་ཅིང་། །ལྟ་བའི་དྲ་བ་བཅོམ་གྱུར་པ། །དེ་ནས་རྩོད་རྩ་མི་འབྱུང་སྟེ། །རྩ་བ་མེད་པར་གང་ལས་འབྱུང་། །ཞེས་གསུངས་སོ། །ཕོ་དང་མོ་དག་ཕན་ཚུན་གཟུགས་ལ་མངོན་པར་དགའོ་ཞེས་བྱ་བ་ལ་རེ་རེར་བསྡུས་པ་ལས་བསྡུས་པའི་སྡོམ་གཉིས་པའི་མཐའི་
མདོ་ལས་འབྱུང་སྟེ། དེ་ལས་འདི་སྐད་དུ་འདོན་ཏེ། དགེ་སློང་དག་ཇི་ལྟར་སྐྱེས་བུ་བུད་མེད་ལ་ཆགས་པ་ལས་འདི་ལྟར་དགའ་བ་སྐྱེ་བ། འདི་ལྟར་རྒྱགས་པ་དང་། སྲེད་པ་དང་། དགའ་བ་དང་། ཆགས་པ་དང་། བརྒྱལ་བ་དང་། འཆིང་བ་དང་། དོན་དུ་གཉེར་བ་
དང་། ཀུན་ཏུ་སྦྱོར་བའི་ཆོས་གཅིག་ཀྱང་ངས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། སྐྱེས་བུ་བུད་མེད་ཀྱི་གཟུགས་ལ་ཆགས་པ་དང་། ཞེན་པ་དང་། ཆགས་ཞེན་དང་། བརྒྱལ་བ་དང་། ཞེན་པ་ཐོབ་པ་ནི་སྐྱོན་མི་མཐོང་ཞིང་ངེས་པར་འབྱུང་བ་མི་ཚོལ་བས་སྐྱེས་བུ་བུད་མེད་ཀྱི་དབང་
དུ་འགྱུར་རོ། །སྐྱེས་བུ་བུད་མེད་ཀྱི་གཟུགས་ལ་ཇི་ལྟ་བ་དེ་བཞིན་དུ་བུད་མེད་སྐྱེས་པའི་གཟུགས་ལ་ཡང་དེ་བཞིན་ནོ། །འདྲེས་པ་ཞེས་བྱ་བའི་གསུམ་པ་ལས་ཀྱང་སྐྱེས་བུ་བུད་མེད་ཀྱི་གཟུགས་ལ་བུད་མེད་ཀྱང་སྐྱེས་བུའི་གཟུགས་ལ་སྟེ། གཟུགས་ཇི་ལྟ་བ་དེ་བཞིན་དུ་

དྲི་དང་རོ་དང་རེག་བྱ་གསུམ་ལ་ཡང་མདོ་རྣམ་པ་གསུམ་མོ། །ཞིང་དང་ས་བོན་གྱི་གོ་རིམས་ལྟ་བུར་བསྟན་པའི་དོན་དུ་ཞེས་བྱ་བ་ལ། ས་བོན་གྱི་རྣམ་པ་ལྔ་སྟེ་ཞེས་མདོ་ལས་འབྱུང་སྟེ། བདེ་བ་ལ་ཕུང་པོ་ཞེས་བྱ་བ་ལས་ངས་ཆོས་གཅིག་ཀྱང་ཡང་དག་པར་རྗེས་སུ་མ་
མཐོང་ཞེས་བྱ་བའི་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པ་ལས་དང་། མཛོད་ཀྱི་གནས་དྲུག་པར་ཀུན་འབྱུང་གི་བདེན་པ་དཔྱད་པ་ལས་ཇི་སྐད་དུ་ས་བོན་གྱི་རྣམ་པ་ལྔ་ཞེས་བྱ་བ་ནི་ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པའི་ཚིག་བླ་དགས་སོ་ཞེས་རང་གི་ངོ་བོས་བསྡུས་
ནས་དེར་འཆད་པར་འགྱུར་རོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཇི་སྐད་དུ་བཤད་ཅེ་ན། ཇི་ལྟར་ཆེད་དུ་བརྗོད་པ་བསྡུས་པ་ལས་དང་པོའི་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པའི་མདོ་ལས་འབྱུང་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། ཚེ་དང་ལྡན་པ་དག་
བདག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལྷག་ཅིག་བཅོམ་ལྡན་འདས་ཀྱི་དྲུང་དུ་ཐོས་ཤིང་བཟུང་ལ། གཉིས་ནི་དགེ་སློང་དག་ལས་སོ། །བདག་གི་ཚིག་དུམ་བུར་བཟུང་བ་ནི་ཡང་དག་པར་རྗེས་སུ་མི་དྲན་ཏེ། གཞན་དུ་ན་དུས་གཅིག་ཏུ་ཐོས་སོ། །བཅོམ་ལྡན་འདས་ལ་
ཡོངས་སུ་དྲིས་ཏེ་བཟུང་བ་ནི་བདག་གིས་མངོན་པར་མི་ཤེས་ཏེ། གཞན་དུ་ན་ལན་ཅིག་ཐོས་པས་སོ། །དེའི་ཚེ་ཡང་འདི་ལྟ་བུ་སྟེ། འདི་ལྟར་སེམས་ཀྱི་ཆོས་ཡོངས་སུ་གཟུང་བར་བྱའོ། །ཁ་ཅིག་ཆོས་ཀྱི་རྗེས་སུ་བཟུང་ཞིང་རྟོགས་པ་ཐོབ་པ་དང་། གཞན་
ཡོངས་སུ་གཟུང་བའི་ཕྱིར་ཞེས་མངོན་པར་མི་ཤེས་ཏེ། གཞན་དུ་ན་བདག་ཉིད་གདུལ་བའི་དོན་དང་། ཞི་བའི་དོན་དང་། བདག་ཉིད་ཡོངས་སུ་མྱ་ངན་ལས་འདའ་བའི་དོན་དུའོ། །སེམས་ཁེངས་པ་དང་ཞུམ་པའི་རྒྱུ་ཡང་དག་པར་རྗེས་སུ་མི་ཤེས་སོ། །ཚངས་པར་
སྤྱོད་པ་གཞན་ལས་ལྷག་པའི་རྒྱུའི་སེམས་མངོན་པར་མི་ཤེས་ཤིང་མ་སྐྱེས་སོ། །གང་གི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་ལྟར་བཤད་པ་ན་ཚེ་དང་ལྡན་པ་དགའ་བོ་ཆོས་ལ་ངོ་མཚར་བར་གྱུར་ཏོ། །དེ་ལ་རེ་ཞིག་ལྔ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ལ་སོགས་

པའི་ཕུང་པོ་དེ་དང་དེ་ལས་འདོན་པ་བཞིན་ཏེ། ཇི་ལྟར་རེ་ཞིག་དྲུག་པའི་མདོའི་གསུམ་ཚན་གྱི་དང་པོ་ལས་ཇི་སྐད་བཤད་པ་ལྟ་བུ་སྟེ། ཆོས་ལྔ་མངོན་སུམ་དུ་བྱ་བ་ནི་མི་སློབ་པའི་ཕུང་པོ་ལྔ་སྟེ། མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་
ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །ཟད་པར་གྱི་སྐྱེ་མཆེད་བཅུ་པོ་རྣམས་ནི་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཟད་པར་གྱི་སྐྱེ་མཆེད་ནི་བཅུ་
པོ་འདི་རྣམས་ཏེ། བཅུ་གང་ཞེ་ན། ལ་ལ་ཟད་པར་སའོ་ཞེས་སྟེང་དང་འོག་དང་ཐད་ཀར་གཉིས་སུ་མེད་ཅིང་ཚད་མེད་པར་འདུ་ཤེས་སུ་བྱེད་ཅིང་ལ་ལ་ཟད་པར་ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་
དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ་ཞེས་སྟེང་དང་འོག་དང་ཐད་ཀར་གཉིས་སུ་མེད་ཅིང་ཚད་མེད་པར་འདུ་ཤེས་སུ་བྱེད་དོ་ཞེས་བཀའ་སྩལ་ཏོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་
བརྒྱད་པོ་འདི་དག་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དེ། བརྒྱད་གང་ཞེ་ན། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོའམ་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། གཟུགས་དེ་དག་ཟིལ་གྱིས་མནན་ནས་
མཐོང་སྟེ། དེ་ལྟ་བུའི་འདུ་ཤེས་སུ་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་དང་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་
མཐོང་སྟེ། དེ་ལྟ་བུའི་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་

མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་དང་། ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས།
ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་འདི་ལྟ་སྟེ། ཟར་མའི་མེ་
ཏོག་གམ། ཡུལ་ཝཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་
གནོན་པའི་སྐྱེ་མཆེད་ལྔ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་ཁ་དོག་སེར་པོ་སེར་པོ་ལྟ་བུར་སྟོན་པ་འོད་སེར་པོ་འབྱུང་བ་འདི་ལྟ་སྟེ། དོང་ཀའི་མེ་ཏོག་གམ། ཡུལ་ཝཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སེར་པོ་ཁ་དོག་སེར་པོ་སེར་པོ་ལྟ་བུར་སྟོན་པ་འོད་
སེར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་ཁ་དོག་སེར་པོ་སེར་པོ་ལྟ་བུར་སྟོན་པ་འོད་སེར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ་
ཁ་དོག་དམར་པོ་དམར་པོ་ལྟ་བུར་སྟོན་པ་འོད་དམར་པོ་འབྱུང་བ་འདི་ལྟ་སྟེ་དཔེར་ན། བན་དུ་ཛི་བ་ཀའི་མེ་ཏོག་གམ། ཡུལ་ཝཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་དམར་པོ་ཁ་དོག་དམར་པོ་དམར་པོ་ལྟ་བུར་སྟོན་པ་འོད་དམར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་
གྱི་གཟུགས་དམར་པོ་ཁ་དོག་དམར་པོ་དམར་པོ་ལྟ་བུར་སྟོན་པ་འོད་དམར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ་ཁ་དོག་དཀར་པོ་དཀར་པོ་ལྟ་བུར་སྟོན་པ་འོད་དཀོར་པོ་འབྱུང་

བ་འདི་ལྟ་སྟེ་དཔེར་ན་སྐར་མ་པ་བ་སངས་ལྟ་བུའམ། ཡུལ་ཝཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་དཀར་པོ་ཁ་དོག་དཀར་པོ་དཀར་པོ་ལྟ་བུར་སྟོན་པ་འོད་དཀར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ་ཁ་དོག་
དཀར་པོ་དཀར་པོ་ལྟ་བུར་སྟོན་པ་འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པའོ་ཞེས་བཀའ་སྩལ་ཏོ། ནམ་མཁའ་མཐའ་ཡས་ལ་སོགས་པ་སྐྱེ་མཆེད་གཞན་བཞི་པོ་རྣམས་ནི་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །
དགེ་སློང་དག་སྐྱེ་མཆེད་ནི་བཞི་པོ་འདི་དག་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དོ་ཞེས་བཀའ་སྩལ་ཏོ། །སྐྱེ་མཆེད་འདི་དག་ནི་གཉིས་པའི་
དེ་མ་ཐག་མདོའི་དུམ་བུ་རྣམ་པར་དབྱེ་བ་ལས་བལྟ་བར་བྱའོ། །རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་པོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་རྣམ་པར་གྲོལ་བའི་སྐྱེ་མཆེད་ནི་ལྔ་སྟེ། ལྔ་གང་ཞེ་ན། དགེ་སློང་དག་འདི་ལ་སྟོན་པའམ་ཚངས་
པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གཞན་གང་ཡང་རུང་བ་ཆོས་སྟོན་པར་བྱེད་དེ། །ཇི་ལྟ་ཇི་ལྟར་སྟོན་པའམ་ཚངས་པར་སྤྱོད་པ་བླ་མའི་གནས་ལྟ་བུ་གཞན་གང་ཡང་རུང་བ་ཆོས་སྟོན་པར་བྱེད་པ་དེ་ལྟ་དེ་ལྟར་ཆོས་རྣམས་དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་
ཡང་དག་པར་རིག་པར་འགྱུར་རོ། །དོན་སོ་སོ་ཡང་དག་པར་རིག་པ་དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པའི་དགའ་བ་སྐྱེ་བར་འགྱུར་རོ། །དགའ་བ་དེ་ལ་རབ་ཏུ་དགའ་བ་སྐྱེ་བར་འགྱུར་རོ། །ཡིད་དགའ་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་ཤིན་ཏུ་སྦྱངས་ན་བདེ་བ་
མྱོང་བར་འགྱུར་རོ། །བདེ་བ་མྱོང་ན་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པར་འགྱུར་རོ། །མཉམ་པར་གཞག་པ་ན་ཇི་ལྟ་བ་བཞིན་ཤེས་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ན་སྐྱོ་

བར་འགྱུར་རོ། །སྐྱོ་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་གྲོལ་བར་འགྱུར་རོ། །འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་དང་པོའོ། །གང་ལས་དགེ་སློང་ངམ་དགེ་སློང་མ་དེའི་དྲན་པ་ཉེ་བར་མི་གནས་པ་དྲན་པ་ཉེ་བར་གནས་པར་འགྱུར་རོ། །
སེམས་མཉམ་པར་མ་བཞག་པ་མཉམ་པར་འཇོག་པར་འགྱུར། ཟག་པ་ཡོངས་སུ་མ་ཟད་པ་ཡོངས་སུ་ཟད་པར་འགྱུར་ཏེ། རྗེས་སུ་མ་ཐོབ་པའི་མྱ་ངན་ལས་འདས་པ་གྲུབ་པ་དང་བདེ་བ་བླ་ན་མེད་པ་ཐོབ་པར་འགྱུར་ཏེ། གཞན་ཡང་དགེ་སློང་སྟོན་པའམ་ཚངས་པར་སྤྱོད་པ་མཁས་པ་
བླ་མའི་གནས་ལྟ་བུ་གཞན་གང་ཡང་རུང་བ་ཆོས་སྟོན་པར་མི་བྱེད་མོད་ཀྱི། ཇི་ལྟར་ཐོས་པ་དང་། ཇི་ལྟར་མཐོང་བ་དང་ཐོབ་པའི་ཆོས་རྣམས་རྒྱས་པར་ཁ་ཏོན་བྱེད་དེ། ཇི་ལྟ་ཇི་ལྟར་ཐོས་པ་དང་། ཇི་ལྟར་མཐོང་བ་དང་། རྟོགས་པའི་ཆོས་རྣམས་རྒྱས་པར་ཁ་ཏོན་དུ་བྱེད་པ་དེ་ལྟ་
དེ་ལྟར་ཆོས་རྣམས་ལ་དོན་སོ་སོ་ཡང་དག་པར་རིག་པར་འགྱུར་རོ། །ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་དང་དོན་སོ་སོ་ཡང་དག་པར་རིག་པའི་དགའ་བ་སྐྱེ་བར་འགྱུར་རོ། །དགའ་བ་དེ་ལ་རབ་ཏུ་དགའ་
བ་སྐྱེ་བར་འགྱུར་བ་ནས་འདོད་ཆགས་དང་བྲལ་བ་དང་གྲོལ་བའི་བར་དུ་སྟེ། འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་གཉིས་པའོ། །གང་ལ་དགེ་སློང་ངམ་དགེ་སློང་མ་དེའི་དྲན་པ་ཉེ་བར་མ་གནས་པ་དྲན་པ་ཉེ་བར་གཞག་པར་འགྱུར། སེམས་མཉམ་པར་མ་བཞག་པ་
མཉམ་པར་གཞག་པར་འགྱུར། ཟག་པ་ཡོངས་སུ་མ་ཟད་པ་ཡོངས་སུ་ཟད་པར་འགྱུར་ཏེ། རྗེས་སུ་མ་ཐོབ་པའི་མྱ་ངན་ལས་འདས་པ་གྲུབ་པ་དང་བདེ་བ་བླ་ན་མེད་པ་ཐོབ་པར་འགྱུར་རོ། །གཞན་ཡང་དགེ་སློང་སྟོན་པའམ་ཚངས་པར་སྤྱོད་པ་མཁས་པ་བླ་མའི་གནས་
ལྟ་བུ་གཞན་གང་ཡང་རུང་བ་ཆོས་སྟོན་པ་ཡང་མི་བྱེད་ལ། ཇི་ལྟར་ཐོས་པ་དང་། ཇི་ལྟར་རྟོགས་པ་དང་། ཁོང་དུ་ཆུད་པའི་ཆོས་རྣམས་རྒྱས་པར་ཁ་ཏོན་དུ་ཡང་མི་བྱེད་མོད་ཀྱི། ཇི་ལྟར་ཐོས་པ་དང་། ཇི་ལྟར་རྟོགས་པ་དང་། ཁོང་དུ་ཆུད་པའི་ཆོས་རྣམས་གཞན་དག་

རྣམས་ལ་རྒྱས་པར་ཡང་དག་པར་གསལ་བར་བྱེད་དེ། ཇི་ལྟ་ཇི་ལྟར་ཐོས་པ་དང་། རྟོགས་པ་དང་། ཁོང་དུ་ཆུད་པའི་ཆོས་རྣམས་གཞན་དག་ལ་རྒྱས་པར་རབ་ཏུ་གསལ་བར་བྱེད་པ་དེ་ལྟ་དེ་ལྟར་དེ་དག་ལ་ཆོས་རྣམས་ལ་དོན་སོ་སོར་རིག་པ་དང་། ཆོས་སོ་སོར་རིག་པར་
འགྱུར་ཏེ། དོན་སོ་སོར་རིག་པ་དང་། ཆོས་སོ་སོར་ཡང་དག་པར་རིག་པ་དེ་ལ་རབ་ཏུ་དགའ་བ་སྐྱེ་བ་ནས་འདོད་ཆགས་དང་བྲལ་བ་དང་གྲོལ་བའི་བར་དུ་འགྱུར་རོ། །འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་གསུམ་པའོ། །གང་ལ་དགེ་སློང་ངམ་དགེ་སློང་མ་གནས་པ་དེའི་དྲན་པ་ཉེ་བར་མི་
གནས་པ་དྲན་པ་ཉེ་བར་གནས་པར་འགྱུར། སེམས་མཉམ་པར་མ་བཞག་པ་མཉམ་པར་འཇོག་པར་འགྱུར། ཟག་པ་ཡོངས་སུ་མ་ཟད་པ་ཡོངས་སུ་ཟད་པར་འགྱུར་ཏེ། རྗེས་སུ་མ་ཐོབ་པ་མྱ་ངན་ལས་འདས་པ་གྲུབ་པ་དང་དབེན་པ་བླ་ན་མེད་པ་ཐོབ་པར་འགྱུར་རོ། །གཞན་
ཡང་དགེ་སློང་སྟོན་པའམ་ཚངས་པར་སྤྱོད་པ་མཁས་པ་གཞན་གང་ཡང་རུང་བ་ཆོས་སྟོན་པར་ཡང་མི་བྱེད། ཇི་ལྟར་ཐོས་པ་དང་། ཇི་ལྟར་རྟོགས་པ་དང་། ཇི་ལྟར་ཁོང་དུ་ཆུད་པ་རྒྱས་པར་ཁ་ཏོན་དུ་ཡང་མི་བྱེད། ཇི་ལྟར་ཐོས་པ་དང་། ཇི་ལྟར་རྟོགས་པ་དང་། ཇི་ལྟར་ཁོང་དུ་
ཆུད་པའི་ཆོས་རྣམས་གཞན་དག་ལ་རབ་ཏུ་གསལ་བར་ཡང་མི་བྱེད་མོད་ཀྱི། ཇི་ལྟར་ཐོས་པ་དང་། ཇི་ལྟར་རྟོགས་པ་དང་། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་གཅིག་ཏུ་དབེན་པར་སོང་སྟེ། དོན་སེམས་ཤིང་འཇལ་བ་དང་། ཉེ་བར་དཔྱོད་པར་བྱེད་དོ། །ཇི་ལྟ་ཇི་ལྟར་
ཐོས་པ་དང་། ཇི་ལྟར་རྟོགས་པ་དང་། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་གཅིག་ཏུ་དབེན་པར་སོང་སྟེ། དོན་སེམས་ཤིང་འཇལ་བ་དང་ཉེ་བར་དཔྱོད་པར་བྱེད་པ་དེ་ལྟ་དེ་ལྟར་ཆོས་རྣམས་སོ་སོར་རིག་པ་དང་། དོན་སོ་སོར་རིག་པར་འགྱུར་ཏེ། ཆོས་སོ་སོར་རིག་པ་
དང་། དོན་སོ་སོར་རིག་པ་དེ་ལ་རབ་ཏུ་དགའ་བ་སྐྱེ་བ་ན་འདོད་ཆགས་དང་བྲལ་བ་དང་གྲོལ་བའི་བར་དུ་འགྱུར་རོ། །འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་བཞི་པའོ། །གང་ལས་དགེ་སློང་ངམ་དགེ་སློང་མ་གནས་པ་དེའི་དྲན་པ་ཉེ་བར་མི་གནས་པ་ཉེ་བར་གནས་པར་འགྱུར་བ་

ནས་རྗེས་སུ་མ་ཐོབ་པ་མྱ་ངན་ལས་འདས་པ་གྲུབ་པ་དང་། བདེ་བ་བླ་ན་མེད་པ་རྗེས་སུ་ཐོབ་པར་འགྱུར་བའི་བར་དུའོ། །གཞན་ཡང་དགེ་སློང་སྟོན་པའམ་ཚངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གཞན་གང་ཡང་རུང་བ་ཆོས་སྟོན་པར་ཡང་མི་བྱེད་ལ། ཇི་ལྟར་ཐོས་པ་
དང་། ཇི་ལྟར་རྟོགས་པ་དང་། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་རྒྱས་པར་ཁ་ཏོན་དུ་ཡང་མི་བྱེད་ལ། ཇི་ལྟར་ཐོས་པ་དང་། ཇི་ལྟར་རྟོགས་པ་དང་། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་གཅིག་ཏུ་དབེན་པར་སོང་སྟེ། དོན་སེམས་ཤིང་འཇལ་བ་དང་ཉེ་བར་དཔྱོད་
པར་ཡང་མི་བྱེད་མོད་ཀྱི། ཏིང་ངེ་འཛིན་གྱི་རྒྱུ་མཚན་བཟང་པོ་གཞན་དང་གཞན་ལེགས་པར་རབ་ཏུ་འཛིན་པར་གྱུར་ཅིང་ཤིན་ཏུ་ཡིད་ལ་བྱེད་ཤིན་ཏུ་སྟེན་པར་བྱེད། ཤིན་ཏུ་རབ་ཏུ་འབྱེད་པར་བྱེད་དེ། ཇི་ལྟ་ཇི་ལྟར་ཏིང་ངེ་འཛིན་གྱི་རྒྱུ་མཚན་བཟང་པོ་གཞན་དང་གཞན་ལེགས་པར་
རབ་ཏུ་འཛིན་ཅིང་ཤིན་ཏུ་ཡིད་ལ་བྱེད། ཤིན་ཏུ་སྟེན་པར་བྱེད། ཤིན་ཏུ་རབ་ཏུ་འབྱེད་པར་བྱེད་པ་དེ་ལྟ་དེ་ལྟར་ཆོས་རྣམས་ལ་དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པར་འགྱུར་ཏེ། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་
སོ་སོ་ཡང་དག་པར་རིག་པ་དེ་ལ་རབ་ཏུ་དགའ་བ་སྐྱེ་བར་འགྱུར་བ་དང་། འདོད་ཆགས་དང་བྲལ་བ་ནས་གྲོལ་བའི་བར་དུ་འགྱུར་རོ། །འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་པ་སྟེ། གང་ལས་དགེ་སློང་ངམ་དགེ་སློང་མ་དེའི་དྲན་པ་ཉེ་བར་གནས་པར་འགྱུར་བ་ནས། མྱ་ངན་ལས་
འདས་པ་གྲུབ་པ་དང་། བདེ་བ་བླ་ན་མེད་པ་ཐོབ་པའི་བར་དུ་འགྱུར་རོ་ཞེས་བཀའ་སྩལ་ཏོ། །སྐྱེ་མཆེད་གཉིས་པོ་དག་ནི་ཞེས་བྱ་བ་ལ། རྣམ་གྲངས་བཤད་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་དང་པོའི་མདོ་ལས་གསུངས་ཏེ་ཚེ་དང་ལྡན་པ་དགའ་བོ་རྣམ་པར་ཤེས་པའི་གནས་
དང་། སྐྱེ་མཆེད་རྣམ་པ་གཉིས་སོ། །རྣམ་པར་ཤེས་པའི་གནས་བདུན་གང་ཞེ་ན། སེམས་ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། མི་རྣམས་དང་ལྷ་ཁ་ཅིག་གོ། །འདི་ནི་རྣམ་པར་ཤེས་པ་གནས་པ་དང་པོའོ། །སེམས་

ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། ཚངས་རིས་ཀྱི་ལྷ་གང་དག་དང་པོར་བྱུང་བ་དེ་དག་གོ། །འདི་ནི་རྣམ་པར་ཤེས་པ་གནས་པ་གཉིས་པའོ། །སེམས་ཅན་གཟུགས་ཅན་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་དག་
ཀྱང་ཡོད་དེ། འདི་ལྟ་སྟེ། འོད་གསལ་གྱི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་པ་གསུམ་པའོ། །སེམས་ཅན་གཟུགས་ཅན་ལུས་གཅིག་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། དགེ་རྒྱས་ཀྱི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་པ་
བཞི་པའོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོབ་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་
མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་ཡོད་དེ། འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་པ་ལྔ་པའོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་ནམ་མཁའ་
མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་ཤེས་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་ཡོད་དེ། འདི་ལྟ་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་
པ་དྲུག་པའོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅུང་ཟད་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ནས་གནས་པ་ཡོད་དེ། །འདི་ལྟ་སྟེ། ཅི་ཡང་མེད་
པའི་སྐྱེ་མཆེད་དུ་འགྲོ་བའི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་པ་བདུན་པའོ། །སྐྱེ་མཆེད་གཉིས་གང་ཞེ་ན། སེམས་ཅན་གཟུགས་ཅན་གང་དག་འདུ་ཤེས་མེད་ཅིང་འདུ་ཤེས་མེད་པ་ཡོད་དེ། འདི་ལྟ་སྟེ། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཏེ། འདི་ནི་

སྐྱེ་མཆེད་དང་པོའོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་ཡོད་དེ། འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་
དུ་ཉེ་བར་འགྲོ་བའི་ལྷ་རྣམས་སོ། །འདི་ནི་སྐྱེ་མཆེད་གཉིས་པའོ་ཞེས་གསུངས་སོ། །དེ་བཞིན་དུ་ཁམས་མང་པོ་པའི་མདོ་ལས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཅིག་ཏུ་དབེན་པ་ན་ནང་དུ་ཡང་དག་འཇོག་ལས་
གནས་པ་ན་འདི་ལྟ་བུའི་སེམས་ལ་སེམས་ཀྱི་དཔྱོད་པ་ཡོངས་སུ་སྐྱེས་ཏེ། གང་ཅུང་ཟད་འཇིགས་པ་སྐྱེ་ཞིང་སྐྱེ་བ་དེ་ཐམས་ཅད་ནི་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །གང་ཅུང་ཟད་ཉེ་བར་འཚེ་བ་དང་རབ་ཏུ་འཚེ་བ་དང་། ཉེ་བར་རབ་ཏུ་འཚེ་བ་སྐྱེ་བ་འདི་ཐམས་
ཅད་ནི་བྱིས་པ་རྣམས་ལ་སྐྱེ་བར་འགྱུར་གྱི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་ཕྱོགས་
གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་གཅིག་པུ་དབེན་པ་ན་ནང་དུ་ཡང་དག་འཇོག་ལས་མཆིས་པ་ན་འདི་ལྟ་བུའི་སེམས་ལ་སེམས་ཀྱི་ཡོངས་སུ་དཔྱོད་པ་འདི་ལྟ་བུ་
སྐྱེས་ཏེ། གང་ཅུང་ཟད་འཇིགས་པ་སྐྱེ་ཞིང་སྐྱེ་བ་ཐམས་ཅད་ནི་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །གང་ཅུང་ཟད་ཉེ་བར་འཚེ་བ་དང་། རབ་ཏུ་འཚེ་བ་དང་། ཉེ་བར་རབ་ཏུ་འཚེ་བ་སྐྱེ་ཞིང་སྐྱེ་བ་དེ་ཐམས་ཅད་ནི་བྱིས་པ་རྣམས་ལ་སྐྱེའི། །མཁས་པ་རྣམས་ལ་
ནི་མ་ཡིན་ནོ། །ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། གང་ཅུང་ཟད་འཇིགས་པ་སྐྱེ་བ་དེ་ཐམས་ཅད་ནི་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །གང་ཅུང་ཟད་ཉེ་བར་འཚེ་བ་དང་། རབ་ཏུ་འཚེ་བ་དང་། ཉེ་བར་རབ་ཏུ་འཚེ་བ་སྐྱེ་ཞིང་སྐྱེ་བ་དེ་ཐམས་

ཅད་ནི་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །ཀུན་དགའ་བོ་འདི་ལྟ་སྟེ། འདམ་བུ་སྐམ་པོ་འམ། རྩྭའི་ཁྱིམ་མང་པོ་ལ་མེས་བསྲེགས་པ་ན་མཐོང་བར་མེས་བསྲེགས་པ་དེ་བཞིན་དུ་གང་ཅུང་ཟད་འཇིགས་པ་སྐྱེ་ཞིང་སྐྱེ་བ་དེ་
ཐམས་ཅད་ནི་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །གང་ཅུང་ཟད་ཉེ་བར་འཚེ་བ་དང་། རབ་ཏུ་འཚེ་བ་དང་། ཉེ་བར་རབ་ཏུ་འཚེ་བ་དེ་ཐམས་ཅད་ནི་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །འདས་པའི་དུས་ན་གང་ཅུང་ཟད་འཇིགས་པ་
སྐྱེ་བ་དེ་ཐམས་ཅད་ཀྱང་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །གང་ཅུང་ཟད་ཉེ་བར་འཚེ་བ་དང་། རབ་ཏུ་འཚེ་བ་དང་། ཉེ་བར་རབ་ཏུ་འཚེ་བ་དེ་ཐམས་ཅད་ནི་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །མ་འོངས་པའི་དུས་
ན་གང་ཅུང་ཟད་འཇིགས་པ་སྐྱེ་བ་དེ་ཐམས་ཅད་ཀྱང་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །གང་ཅུང་ཟད་ཉེ་བར་འཚེ་བ་དང་། རབ་ཏུ་འཚེ་བ་དང་། ཉེ་བར་རབ་ཏུ་འཚེ་བ་དེ་ཐམས་ཅད་ནི་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་
ནོ། །ཀུན་དགའ་བོ་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་རྣམས་སུ་བྱིས་པ་འཇིགས་པ་དང་བཅས་ཀྱི། མཁས་པ་རྣམས་ནི་མ་ཡིན་ནོ། །བྱིས་པ་རྣམས་ཉེ་བར་འཚེ་བ་དང་བཅས་ཀྱི། མཁས་པ་རྣམས་ནི་མ་ཡིན་ནོ། །བྱིས་པ་རྣམས་རབ་ཏུ་
འཚེ་བ་དང་བཅས་ཀྱི། མཁས་པ་རྣམས་ནི་མ་ཡིན་ནོ། །བྱིས་པ་རྣམས་རབ་ཏུ་ཉེ་བར་འཚེ་བ་དང་བཅས་ཀྱི། མཁས་པ་རྣམས་ནི་མ་ཡིན་ནོ། །ཀུན་དགའ་བོ་བྱིས་པ་རྣམས་འདི་ལྟ་བུའི་ཉེ་བར་འཚེ་བ་དང་། རབ་ཏུ་འཚེ་བ་དང་། ཉེ་བར་རབ་ཏུ་འཚེ་བ་དང་བཅས་པར་
འདོད་ཀྱི་མཁས་པ་རྣམས་ནི་མ་ཡིན་ནོ། །ཀུན་དགའ་བོ་དེའི་ཕྱིར་བྱིས་པའི་ཆོས་རྣམས་དང་མཁས་པའི་ཆོས་རྣམས་རིག་པར་བྱ་ཞིང་བྱིས་པ་དང་མཁས་པའི་ཆོས་རྣམས་རིག་ནས་བྱིས་པའི་ཆོས་སྤང་བར་བྱ་ཞིང་མཁས་པའི་ཆོས་རྣམས་ལ་འཇུག་པར་བྱ། བསླབ་པར་བྱའོ། །

བཙུན་པ་ཇི་ལྟར་ན་བྱིས་པ་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོ། ཀུན་དགའ་བོ་ཕུང་པོ་ལ་མི་མཁས་པ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། གནས་དང་གནས་མ་ཡིན་པ་ལ་མི་མཁས་པ་འདི་ཙམ་གྱིས་བྱིས་པ་བྱིས་པ་ཞེས་བྱ་བའི་
གྲངས་སུ་འགྲོའོ། །བཙུན་པ་འདི་ཙམ་གྱིས་བྱིས་པ་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོ་ན། བཙུན་པ་ཇི་ཙམ་གྱིས་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ། །ཀུན་དགའ་བོ་ཕུང་པོ་ལ་མཁས་པ་དང་། ཁམས་དང་སྐྱེ་མཆེད་ལ་མཁས་དང་། རྟེན་
ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་དེ་ནི་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །བཙུན་པ་ཇི་ཙམ་གྱིས་ན་ཁམས་ལ་མཁས་པར་འགྱུར་ཞེ་ན། ཀུན་དགའ་བོ་ཁམས་བཅོ་བརྒྱད་ལ་མཁས་ཤིང་ཤེས་
པ་དང་མཐོང་བ་སྟེ། ཇི་ལྟར་གནས་པའི་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་
དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་
ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ། ཁམས་བཅོ་བརྒྱད་པོ་འདི་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་དང་། ཡང་ཁམས་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་
དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་དང་། གཞན་ཡང་ཁམས་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། འདོད་པའི་ཁམས་དང་། གནོད་སེམས་ཀྱི་ཁམས་དང་།

རྣམ་པར་འཚེ་བའི་ཁམས་དང་། ངེས་པར་འབྱུང་བའི་ཁམས་དང་། གནོད་སེམས་ཀྱི་ཁམས་དང་། གནོད་སེམས་མེད་པའི་ཁམས་སོ། །དྲུག་པོ་འདི་དག་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ་། །གཞན་ཡང་ཁམས་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་
ཤེས་ཤིང་མཐོང་སྟེ་བདེ་བའི་ཁམས་དང་། སྡུག་བསྔལ་གྱི་ཁམས་དང་། ཡིད་བདེ་བའི་ཁམས་དང་། ཡིད་མི་བདེ་བའི་ཁམས་དང་། བཏང་སྙོམས་ཀྱི་ཁམས་དང་། མ་རིག་པའི་ཁམས་ཏེ། དྲུག་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ་། །ཡང་
ཁམས་བཞི་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། ཚོར་བའི་ཁམས་དང་། འདུ་ཤེས་ཀྱི་ཁམས་དང་། འདུ་བྱེད་ཀྱི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དང་། བཞི་པོ་འདི་དག་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ་། །ཡང་ཁམས་གསུམ་ཡང་དག་
པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཏེ། གསུམ་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ་། །གཞན་ཡང་ཁམས་གསུམ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ།
གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། འགོག་པའི་ཁམས་ཏེ། གསུམ་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་རབ་ཀྱིས་ཤེས་ཤིང་མཐོང་ངོ་། །ཡང་ཁམས་གསུམ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། འདས་པའི་
ཁམས་དང་། མ་འོངས་པའི་ཁམས་དང་། ད་ལྟར་བྱུང་བའི་ཁམས་ཏེ། གསུམ་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ་། །གཞན་ཡང་ཁམས་གསུམ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། ངན་པའི་ཁམས་དང་། བར་མའི་
ཁམས་དང་། གྱ་ནོམ་པའི་ཁམས་ཏེ། གསུམ་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ་། །གཞན་ཡང་ཁམས་གསུམ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། དགེ་བའི་ཁམས་དང་། མི་དགེ་བའི་ཁམས་དང་། ལུང་དུ་མ་བསྟན་པའི་

ཁམས་ཏེ། གསུམ་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ་། །གཞན་ཡང་ཁམས་གསུམ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། སློབ་པའི་ཁམས་དང་། མི་སློབ་པའི་ཁམས་དང་། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་
ཁམས་ཏེ། གསུམ་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ་། །ཡང་ཁམས་གཉིས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། ཟག་པ་དང་བཅས་པའི་ཁམས་དང་། ཟག་པ་མེད་པའི་ཁམས་ཏེ། གཉིས་པོ་འདི་དག་ཡང་དག་པ་ཇི་ལྟ་བ་
བཞིན་ཤེས་ཤིང་མཐོང་ངོ་། །གཞན་ཡང་ཁམས་གཉིས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཏེ། གཉིས་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ་། །འདི་ཙམ་གྱིས་ན་
ཁམས་ལ་མཁས་པར་འགྱུར་རོ། །བཙུན་པ་འདི་ཙམ་གྱིས་ཁམས་ལ་མཁས་པར་འགྱུར་ན། བཙུན་པ་ཇི་ཙམ་གྱིས་ན་སྐྱེ་མཆེད་ལ་མཁས་པར་འགྱུར། ཀུན་དགའ་བོ་སྐྱེ་མཆེད་བཅུ་གཉིས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ལ་མཁས་པ་སྟེ།
མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་
མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དེ། སྐྱེ་མཆེད་བཅུ་གཉིས་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། འདི་ཙམ་གྱིས་ན་སྐྱེ་མཆེད་ལ་མཁས་པར་འགྱུར་རོ། །བཙུན་པ་འདི་ཙམ་གྱིས་སྐྱེ་མཆེད་ལ་མཁས་པར་འགྱུར་ན། བཙུན་པ་ཇི་ཙམ་
གྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་འགྱུར། ཀུན་དགའ་བོ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པོ་འདི་དག་གོ་རིམས་དང་གོ་རིམས་ལས་བཟློག་པ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་།

འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་
རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་
བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་ཞིང་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་མེད་པས་འདི་མི་འབྱུང་། འདི་འགགས་པས་འདི་འགག་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག །
འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །
ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་བ་དང་། ན་བ་དང་འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་།
སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འགག་པར་འགྱུར་རོ། །ཀུན་དགའ་བོ་འདི་ཙམ་གྱིས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་འགྱུར་རོ། །བཅུན་པ་འདི་ཙམ་
གྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་འགྱུར་ན་བཙུན་པ་ཇི་ཙམ་གྱིས་གནས་དང་གནས་མ་ཡིན་པ་ལ་མཁས་པར་འགྱུར། ཀུན་དགའ་བོ་གནས་མ་ཡིན་པ་ལ་གནས་མ་ཡིན་པ་དང་། གནས་ལ་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་སྟེ།

ཀུན་དགའ་བོ་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ཡིད་དང་ངག་གིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང་། སྡུག་བསྔལ་བ་དང་། དགའ་བ་དང་། ཡིད་དུ་འོང་བ་འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་
གོ་སྐབས་མེད་དོ། །གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ཡིད་དང་ངག་གིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་མི་འདོད་པ་དང་། མི་སྡུག་པ་དང་། མི་དགའ་བ་དང་། ཡིད་དུ་མི་འོང་བ་འགྲུབ་པ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །
གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་དང་། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་འགྲུབ་པར་འགྱུར་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་མ་ཡིན་ཞིང་གོ་
སྐབས་མེད་དེ་གང་ལུས་ཀྱིས་ཉེས་པར་སྤྱོད་པ་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་མཐོ་རིས་ལྷ་དང་མིའི་འཇིག་རྟེན་དུ་སྐྱེ་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །གནས་ཡིན་ཞིང་གོ་སྐབས་ཡོད་དེ་
གང་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་
མ་ཡིན་ཞིང་གོ་སྐབས་མེད་དེ། གང་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱོད་པ་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱོད་པ་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བ་འདི་ནི་གནས་མ་
ཡིན་ཞིང་གོ་སྐབས་མེད་དོ། །གནས་ཡིན་ཞིང་གོ་སྐབས་ཡོད་དེ། གང་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱོད་པ་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱོད་པ་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་མཐོ་རིས་ལྷ་དང་མིའི་འཇིག་རྟེན་དུ་སྐྱེ་བ་

འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། སྔ་ཕྱི་མེད་པར་འཇིག་རྟེན་གཅིག་ཏུ་འཁོར་ལོས་སྒྱུར་བ་གཉིས་འབྱུང་བར་འགྱུར་བ་འདི་ནི་གནས་མེད་དོ། །གཅིག་འབྱུང་བ་འདི་ནི་གནས་ཡོད་དོ། །
གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་སྔ་ཕྱི་མེད་པར་འཇིག་རྟེན་གཅིག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་འབྱུང་བ་འདི་ནི་གནས་མ་ཡིན་ཞིང་གཅིག་འབྱུང་བ་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་
མེད་དེ། བུད་མེད་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱེད་པར་འགྱུར་བ་འདི་ནི་གནས་མེད་དོ། །གང་སྐྱེས་པས་བྱེད་པར་འགྱུར་བ་འདི་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། བུད་མེད་རྒྱལ་པོ་ཆེན་པོ་བཞི་ཉིད་དང་། བརྒྱ་བྱིན་ཉིད་དང་།
ཚངས་པ་ཉིད་བྱེད་པར་འགྱུར་བ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེད་པར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་སྐྱེས་པས་བྱེད་པར་འགྱུར་བ་འདི་ནི་གནས་ཡོད་དོ། །གནས་མ་
ཡིན་ཞིང་གོ་སྐབས་མེད་དེ་གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་བསམས་བཞིན་དུ་མ་གསོད་པར་འགྱུར་བ་འདི་ནི་གནས་མེད་ཅིང་སོ་སོའི་སྐྱེ་བོ་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་བསམས་བཞིན་དུ་ཕ་གསོད་
པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་མཐུན་པ་འབྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །སོ་སོའི་སྐྱེ་བོ་ནི་གནས་ཡོད་དོ། །གནས་མ་ཡིན་
ཞིང་གོ་སྐབས་མེད་དེ། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་བསམས་བཞིན་དུ་དུད་འགྲོའི་འགྲོ་བ་བསད་པར་འགྱུར་བ་དང་། བསམས་བཞིན་དུ་བསླབ་པ་ལས་འདའ་བ་དང་། བསླབ་པ་ཉམས་པར་བྱེད་པར་འགྱུར་བ་དང་། འདི་ལས་ཕྱི་རོལ་

པའི་ཡོན་གནས་ཀྱི་རྗེས་སུ་འབྲང་བ་དང་། འདི་ལས་ཕྱི་རོལ་པའི་སྟོན་པ་ལ་དད་པ་དང་། དགེ་སྦྱོང་དང་བྲམ་ཟེ་འདི་དག་ཤེས་པར་བྱ་བ་ཤེས་སོ། །མཐོང་བར་བྱ་བ་མཐོང་ངོ་ཞེས་གཞན་དགེ་སྦྱོང་དང་བྲམ་ཟེ་ལ་མངོན་དུ་ཕྱོགས་ཤིང་ལྟ་བ་དང་། མངོན་དུ་ཕྱོགས་ཤིང་རྟོག་
པ་དང་། བཀྲ་ཤིས་དང་དགེ་མཚན་དག་ལ་དད་པ་འཛིན་པ་དང་། སྲིད་པ་བརྒྱད་པ་འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་སོ་སོའི་སྐྱེ་བོ་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་སྒྲིབ་པ་རྣམ་པ་ལྔ་པོ་སེམས་ཉེ་བའི་ཉོན་མོངས་པར་བྱེད་
པ་ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པ་ཐོབ་པའི་གནས་སུ་གྱུར་པ་མ་སྤངས་བར་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ལ་སེམས་ལེགས་པར་གནས་ཤིང་སྤྱོད་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ། །གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ།
ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པ་ཐོབ་པའི་གེགས་སུ་གྱུར་པ་སྤངས་ན་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ལ་སེམས་ལེགས་པར་གནས་ཤིང་གནས་པ་འདི་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་སྒྲིབ་པ་ལྔ་པོ་སེམས་
ཉེ་བར་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ། མྱ་ངན་ལས་འདས་པ་ཐོབ་པའི་གེགས་ཀྱི་ཕྱོགས་སུ་གྱུར་པ་མ་སྤངས་པར་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ལ་སེམས་ལེགས་པར་གནས་ཤིང་གནས་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་
བསྒོམ་པ་འདི་ནི་གནས་མེད་དོ། །གནས་ཡོད་དེ་གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པ་ཐོབ་པའི་གེགས་ཀྱི་ཕྱོགས་སུ་གྱུར་པ་དེ་སྤངས་ན་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ལ་སེམས་ལེགས་པར་
གནས་ཤིང་གནས་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པར་འགྱུར་བ་འདི་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པར་མི་འཇུག་

པར་བྱེད་པའི་གེགས་ཀྱི་ཕྱོགས་མ་སྤངས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་མི་གནས་ཤིང་མི་སྤྱོད་པ་བྱང་ཆུབ་ཀྱི་ཡན་ལག་བདུན་མ་བསྒོམས་པར་སྡུག་བསྔལ་ཡང་དག་པར་མཐར་བྱེད་པར་འགྱུར་བ་འདི་ནི་གནས་མེད་དོ། །གནས་ཡོད་དེ།
གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པར་འཇུག་པའི་གེགས་ཀྱི་ཕྱོགས་སྤངས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་གནས་ཤིང་སྤྱོད་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་ནས་སྡུག་བསྔལ་
གྱི་མཐར་བྱེད་པར་འགྱུར་བ་འདི་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ་གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པར་འཇུག་པའི་གེགས་ཀྱི་ཕྱོགས་མ་སྤངས་ཤིང་དྲན་པ་ཉེ་བར་གཞག་པ་
བཞི་ལ་སེམས་མི་གནས་ཤིང་མི་སྤྱོད་ལ། བྱང་ཆུབ་ཀྱི་ཡན་ལག་བདུན་མ་བསྒོམས་པར་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་འདི་ནི་གནས་མེད་དོ། །གནས་ཡོད་དེ། གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་
བར་བྱེད་པ་མྱ་ངན་ལས་འདས་པར་འཇུག་པའི་གེགས་ཀྱི་ཕྱོགས་སྤངས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་གནས་ཤིང་སྤྱོད་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་ཏེ་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་འདི་ནི་གནས་ཡོད་དོ། །གནས་
མ་ཡིན་ཞིང་གོ་སྐབས་མེད་དེ་གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པར་འཇུག་པའི་གེགས་ཀྱི་ཕྱོགས་མ་སྤངས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ལེགས་པར་མི་གནས་ཤིང་མི་སྤྱོད་
ལ། བྱང་ཆུབ་ཀྱི་ཡན་ལག་བདུན་མ་བསྒོམས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་ཤིང་བྱང་ཆུབ་པ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །གནས་ཡོད་དེ་གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་བར་

བྱེད་པ་མྱ་ངན་ལས་འདས་པར་འཇུག་པའི་གེགས་ཀྱི་ཕྱོགས་སྤངས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་གནས་ཤིང་སྤྱོད་པ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པ་འདི་ནི་གནས་ཡོད་དོ། །ཀུན་དགའ་བོ་འདི་
ཙམ་གྱིས་ན་གནས་དང་གནས་མ་ཡིན་པ་ལ་མཁས་པར་འགྱུར་རོ། །བཙུན་པ་འདི་ཙམ་གྱིས་གནས་དང་གནས་མ་ཡིན་པ་ལ་མཁས་པར་འགྱུར་ན། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས་ཇི་ལྟར་གཟུང་བར་བགྱི། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་
འདིའི་མིང་ལེའུ་བཞི་པ་ཞེས་བྱ་བར་ཡང་ཟུང་ཤིག །ཆོས་ཀྱི་མེ་ལོང་ཞེས་བྱ་བར་ཡང་ཟུང་ཤིག །བདུད་རྩི་ལྔ་ཞེས་བྱ་བར་ཡང་ཟུང་ཤིག །ཁམས་མང་པོ་པའི་མདོ་ཞེས་བྱ་བར་ཡང་ཟུང་ཤིག །དེའི་ཕྱིར་ཁམས་མང་པོ་པའི་མདོ་ལས་འདི་སྐད་ཅེས་གསུངས་
སོ། །བར་སྡོམ་ལ། ཁམས་ནི་བཅོ་བརྒྱད་བཞི་དག་དང་། །ས་དང་འདོད་པ་ཚོར་བདེ་དང་། །འདོད་པ་གཟུགས་དང་འདས་པ་དང་། །དམན་དང་དགེ་བའི་ཁམས་ཉིད་དང་། །སློབ་པ་དང་ནི་མི་སློབ་པ། །ཟག་བཅས་ཟག་པ་མེད་པ་དང་། །འདུས་བྱས་
འདུས་མ་བྱས་དག་ཏུ། །བྱས་ནས་ཚོམས་སུ་ཡང་དག་བསྟན། །བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། །ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་བྱ་བ་ལ་སྐྱེ་མཆེད་སོ་སོར་བསྟན་པའི་མདོ་སྔར་བཤད་པ་གཞན་དུ་བལྟ་བར་བྱའོ། །དབང་པོ་
རྣམས་མ་ཚང་བ་མེད་ཅིང་ཞན་པ་མ་ཡིན་ཞེས་བྱ་བ་ལ། ཇི་ལྟར་རེ་ཞིག་ལུང་རིང་པོའི་མདོ་ལས་དང་པོ་ཡོངས་སུ་ཉམས་པར་བརྗོད་པ་དེ་དང་དེ་ལས་འདོན་པ་ལྟ་བུ་སྟེ། དེ་ལས་འདི་ལྟར་འབྱུང་སྟེ། གལ་ཏེ་ཐམས་ཅད་དུ་གཟུགས་མེད་པའི་ཁམས་ཡོད་ན།
འདི་ལྟར་བདག་ལུས་ཞིག་སྟེ་ཤི་བའི་འོག་ཏུ་གཟུགས་མེད་པའི་ཁམས་སུ་སྐྱེ་བར་འགྱུར་ལ། གལ་ཏེ་རྣམ་པ་ཐམས་ཅད་དུ་གཟུགས་མེད་པའི་ཁམས་མེད་ན། འདི་ལྟར་གཟུགས་ཀྱི་ཁམས་ཀྱི་ལྷ་ཡིད་ལས་བྱུང་བའི་གཟུགས་ཅན་དབང་པོ་རྣམས་མ་

ཚང་བ་མེད་ཅིང་ཞན་པ་མ་ཡིན་པ། ཡན་ལག་ཉིང་ལག་ཐམས་ཅད་དང་ལྡན་པ། ཁ་དོག་བཟང་པོ་དང་ལྡན་པ། རང་གི་འོད་ཅན། ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་དང་ལྡན་པ། ཚེ་རིང་ཞིང་དུས་ཡུན་རིང་དུ་
གནས་པ་དག་ཡོངས་སུ་ཉམས་པ་ན་དེ་དང་དེར་སྐྱེ་བར་འགྱུར་རོ་ཞེས་འབྱུང་ངོ་། །དེ་གསུམ་ཟག་བཅས་ཟག་མེད་ཅེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ནས་བཀའ་སྩལ་པ། དགེ་སློང་
དག་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་རྣམས་བསྟན་པར་བྱ་སྟེ། དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། དགེ་སློང་དག་མིག་དང་གཟུགས་དང་དེ་བཞིན་དུ་མིག་གི་རྣམ་
པར་ཤེས་པ་ནས། མིག་གི་འདུས་ཏེ་རེག་པ་དང་། དེ་བཞིན་དུ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ནས། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། འཇིག་
རྟེན་པའི་ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ནས། ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་བར་འདི་ནི་ཟག་པ་དང་
བཅས་པ་ཞེས་བྱའོ། །ཟག་པ་མེད་པའི་ཆོས་རྣམས་གང་ཞེ་ན། འཇིག་རྟེན་ལས་འདས་པའི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་ནས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བདེ་བ་འམ་སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་
ཡིན་པའི་བར་འདི་ནི་ཟག་པ་མེད་པའི་ཆོས་རྣམས་ཞེས་བྱའོ། །དགེ་སློང་དག་ངས་ཁྱེད་ལ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་བསྟན་པ་འདི་རྒྱས་པར་རབ་ཏུ་བཤད་དོ་ཞེས་བཀའ་སྩལ་ཏོ། །དེ་ཉིད་ཀྱི་ཕྱིར་རྟོག་པ་དང་བཅས་དཔྱོད་པ་དང་བཅས་

པའི་ས་ན་ཞེས་བྱ་བ་གང་ནས་འབྱུང་ཞེ་ན། བྱེ་བྲག་ཏུ་བཤད་པ་ལས་སོ། །རྟོག་པ་མེད་པར་བརྗོད་པར་བྱ། །ཞེས་བྱ་བ་གང་ནས་འབྱུང་ཞེ་ན། ཆོས་མངོན་པ་ལས་སོ། །མདོ་ལས་འབྱུང་བ་རྣམས་ནི་གཞི་ཉིད་དང་། སྲ་བ་ལ་སོགས་པའི་མཚན་ཉིད་དུ་གཟུང་
བའི་ཕྱིར་ལ་ཞེས་བྱ་བ་ལ། ལུང་བར་མའི་འདུན་པའི་མཇུག་ཐོགས་སུ་གླང་པོ་ཆེའི་རྗེས་ལྟ་བུའི་མདོ་དེ་དང་དེར་ཇི་ལྟར་རེ་ཞིག་གཟུགས་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། གཟུགས་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་
བཞི་རྒྱུར་བྱས་པའོ། །འབྱུང་བ་ཆེན་པོ་བཞི་གང་ཞེ་ན། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སོ། །སའི་ཁམས་གང་ཞེ་ན། ཚེ་དང་ལྡན་པ་དག་སའི་ཁམས་ནི་གཉིས་ཏེ། ནང་གི་བདག་ཉིད་དང་། ཕྱི་རོལ་
གྱི་སྟེ། ནང་གི་བདག་ཉིད་ཀྱི་སའི་ཁམས་དང་ཕྱི་རོལ་གྱིའོ། །ནང་གི་བདག་ཉིད་ཀྱི་སའི་ཁམས་གང་ཞེ་ན། གང་ལུས་འདི་ལ་ནང་གི་བདག་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་ནས་ཕྱིའི་བར་དུ་སྟེ། རླུང་དང་རླུང་དུ་གྱུར་པ་ཞེས་བྱ་བ་ནས། འདི་ནི་ཕྱིའི་
རླུང་གི་ཁམས་སོ་ཞེས་བྱ་བའི་བར་དུ་ཇི་ལྟར་ཁམས་དྲུག་རྣམ་པར་དབྱེ་བའི་མདོའི་རྗེས་ཐོགས་ཁོ་ནར་བལྟ་བར་བྱའོ། །མདོ་ལས་ཇི་སྐད་དུ་ཞེས་བྱ་བ་ལ། སྐྱེ་མཆེད་སོ་སོར་བསྟན་པར་སྔར་བྲིས་པ་བཞིན་བལྟ་བར་བྱའོ། །འོ་ན་གང་མིག་གི་ཤའི་གོང་བུ་
ལ་ཞེས་བྱ་བ་ལ་སོགས་པ་ནི་སྔར་ལག་པ་བརྡབས་པའི་དཔེའི་མདོར་བསྟན་པ་བཞིན་ནོ། །དགེ་སློང་དག་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཡུལ་མ་ག་དྷ་ན་ལྗོངས་རྒྱུ་ཞིང་རིམ་གྱིས་རྒྱལ་བའི་གན་དུ་གཤེགས་སོ། །དེ་ནས་
བཅོམ་ལྡན་འདས་རྫ་མཁན་བྷརྒ་གང་ན་བ་དེར་ཉེ་བར་གཤེགས་ཏེ། ཉེ་བར་གཤེགས་ནས་རྫ་མཁན་བྷརྒ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྷརྒ་གལ་ཏེ་ང་ཁྱོད་ལ་མི་གནོད་ན་ཁྱོད་ཀྱི་ནང་ཁྱིམ་གྱི་ཕྱོགས་གཅིག་ཏུ་ཉིན་ཞག་གཅིག་གནས་སོ། །ལྷ་ཉིད་ང་ལ་མི་གནོད་

མོད་ཀྱི། འདི་ན་དགེ་སྦྱོང་ཞིག་སྔར་འོངས