Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 131

Văn bản gốc(Tây Tạng)

Trang 1 / 21 (50.000 ký tự/trang)
༄༅༅། །རྣམ་པར་གཏན་ལ་དབབ་པ་བསྡུ་བ། བམ་པོ་སུམ་ཅུ་གསུམ་པ། རྒྱུ་མཚན་ལས་མིང་གཞན་དུ་བརྗོད་པར་བྱ་བའམ། གཞན་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་
པ། གཉི་གར་ཡང་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཉི་གར་ཡང་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཉིད་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། མིང་རྫས་སུ་ཡོད་པར་འགྱུར་བའོ། །
གཞན་མ་ཡིན་པ་ཉིད་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། རྒྱུ་མཚན་གཟུང་བ་ན་མིང་ཡང་ཟིན་པར་འགྱུར་བའོ། །རྒྱུ་མཚན་ལས་རྣམ་པར་རྟོག་པ་གཞན་དུ་བརྗོད་པར་བྱའམ། གཞན་མ་ཡིན་པར་བརྗོད་
པར་བྱ་ཞེ་ན། སྨྲས་པ། གཉི་གར་ཡང་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཉི་གར་ཡང་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཉིད་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། རྣམ་པར་རྟོག་པ་
རྣམས་རྒྱུ་མཚན་གྱི་བདག་ཉིད་མ་ཡིན་པར་འགྱུར་བའོ། །གཞན་མ་ཡིན་པ་ཉིད་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། རྣམ་པར་རྟོག་པ་དང་བྲལ་བའི་རྒྱུ་མཚན་རྣམས་ཀྱང་རྣམ་པར་རྟོག་པའི་བདག་ཉིད་ཁོ་ནར་

འགྱུར་བའོ། །རྒྱུ་མཚན་ལས་དེ་བཞིན་ཉིད་གཞན་དུ་བརྗོད་པར་བྱའམ། གཞན་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། གཉི་གར་ཡང་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཉི་གར་
ཡང་སྐྱོན་དུ་འགྱུར་བར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཉིད་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། རྒྱུ་མཚན་གྱི་དོན་དམ་པ་ཉིད་དེ་དེ་བཞིན་ཉིད་དུ་མི་འགྱུར་བ་དང་། རྣལ་འབྱོར་པ་རྒྱུ་མཚན་ལ་མི་ལྟོས་པར་དེ་བཞིན་ཉིད་ཡོངས་སུ་
ཚོལ་བར་འགྱུར་བ་དང་། དེ་བཞིན་ཉིད་མངོན་པར་རྫོགས་པར་སངས་རྒྱས་ན་ཡང་རྒྱུ་མཚན་མངོན་པར་རྫོགས་པར་སངས་རྒྱས་པར་མི་འགྱུར་བའོ། །གཞན་མ་ཡིན་པ་ཉིད་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། དེ་བཞིན་ཉིད་ལ་བྱེ་བྲག་
མེད་པ་བཞིན་དུ་རྒྱུ་མཚན་ཐམས་ཅད་ལ་ཡང་བྱེ་བྲག་མེད་པར་འགྱུར་བ་དང་། རྒྱུ་མཚན་དམིགས་པ་ན་དེ་བཞིན་ཉིད་ཀྱང་དམིགས་པར་འགྱུར་བ་དང་། དེ་བཞིན་ཉིད་དམིགས་ཀྱང་རྒྱུ་མཚན་བཞིན་དུ་རྣམ་པར་དག་པར་
མི་འགྱུར་བ་སྟེ། འདི་ལྟ་སྟེ། དཔེར་ན་འདུ་བྱེད་རྣམས་ལ་སྤྱིའི་མཚན་ཉིད་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་ཡོད་ཀྱང་དེ་དག་ལས་གཞན་པའམ། གཞན་མ་ཡིན་པར་བརྗོད་པར་མི་བྱ་བ་དང་། ལུས་

དང་སེམས་ལ་གནས་ངན་ལེན་དང་ཤིན་ཏུ་སྦྱངས་པ་དག་ཡོད་ཀྱང་། ལུས་དང་སེམས་ལས་དེ་དག་གཞན་པའམ། གཞན་མ་ཡིན་པ་བརྗོད་པར་མི་བྱ་བ་དང་། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་རྣམས་ལ་ས་བོན་ཡོད་ཀྱང་། དེ་དག་ལས་གཞན་
པའམ། གཞན་མ་ཡིན་པར་བརྗོད་པར་མི་བྱ་སྟེ། གཉི་ག་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་དང་། འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཐམས་ཅད་དུ་སོང་བ་ཡིན་པས་གཟུགས་ཀྱི་ཕྱོགས་ན་ནམ་མཁའ་ཡོད་ཀྱང་། དེ་ལས་དེ་གཞན་པའམ། གཞན་མ་ཡིན་པར་བརྗོད་
པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། གཉི་གར་ཡང་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཉིད་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། ནམ་མཁའ་ཐམས་ཅད་དུ་སོང་བ་མ་ཡིན་པའི་ཕྱིར་མི་རྟག་པར་འགྱུར་བའོ། །གཞན་མ་ཡིན་པ་ཉིད་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། གཟུགས་ཀྱི་
ཕྱོགས་ལས་ནམ་མཁའ་གཞན་དུ་མི་འགྱུར་བ་སྟེ། དེ་བཞིན་དུ་འདིར་ཡང་ཚུལ་ཅི་རིགས་པར་བལྟ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་ལས་བརྩམས་ནས་ཀྱང་། ལ་ལར་འདུ་བྱེད་རྣམས་ལས་གཞན་པ་ཡང་མ་ཡིན། གཞན་མ་ཡིན་པ་ཡང་མ་ཡིན་
པར་ལན་གདབ་པའི་ཚུལ་འདི་ཡོངས་སུ་བསྟན་ཏེ། ཇི་སྐད་དུ། དགེ་སློང་དག་ཕུང་པོ་རྣམས་ཉིད་ཀྱང་ཉེ་བར་ལེན་པ་མ་ཡིན་ལ། ཕུང་པོ་རྣམས་ལས་ལོགས་ཤིག་ན་ཡང་ཉེ་བར་ལེན་པ་མེད་མོད་ཀྱི། འོན་ཀྱང་འདི་ལ་འདུན་པའི་འདོད་ཆགས་གང་ཡིན་པ་དེ་འདིར་ཉེ་
བར་ལེན་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་གཞན་པ་ཉིད་མ་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། སྨྲས་པ། ཕུང་པོ་རྣམས་ཀྱི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་སྐུར་པ་དང་། རྣམ་པར་མི་འདག་པའི་སྐྱོན་ནོ། །གཞན་ཉིད་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། སྨྲས་པ། ཉེ་བར་
ལེན་པ་རྟག་པ་ཉིད་དུ་སྒྲོ་བཏགས་པ་དང་། རྣམ་པར་མི་འདག་པ་ཉིད་ཀྱི་སྐྱོན་ནོ། །རྒྱུ་མཚན་དང་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ། མིང་དང་། རྣམ་པར་རྟོག་པ་དང་། ཡང་དག་པའི་ཤེས་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །རྒྱུ་མཚན་ལས་ཡང་དག་པའི་ཤེས་པ་གཞན་དུ་

བརྗོད་པར་བྱའམ། གཞན་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྣམ་པར་རྟོག་པ་བཞིན་དུ་གཉི་གར་ཡང་བརྗོད་པར་མི་བྱའོ། །མིང་ལས་རྣམ་པར་རྟོག་པ་གཞན་དུ་བརྗོད་པར་བྱའམ། གཞན་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ།
གཞན་དུ་བརྗོད་པར་བྱའོ། །མིང་ལས་ཡང་དག་པའི་ཤེས་པ་གཞན་དུ་བརྗོད་པར་བྱའམ། གཞན་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། གཞན་དུ་བརྗོད་པར་བྱའོ། །རྣམ་པར་རྟོག་པ་ལས་ཡང་དག་པའི་ཤེས་པ་གཞན་དུ་བརྗོད་པར་བྱའམ། གཞན་མ་ཡིན་པར་བརྗོད་
པར་བྱ་ཞེ་ན། སྨྲས་པ། གཞན་དུ་བརྗོད་པར་བྱའོ། །རྒྱུ་མཚན་གྱི་མཚན་ཉིད་གང་ཞེ་ན། སྨྲས་པ། རྣམ་པར་རྟོག་པའི་སྤྱོད་ཡུལ་གྱི་མཚན་ཉིད་དོ། །མིང་གི་མཚན་ཉིད་གང་ཞེ་ན། སྨྲས་པ། ཐ་སྙད་ཀྱི་གནས་ཀྱི་མཚན་ཉིད་དོ། །རྣམ་པར་རྟོག་པའི་མཚན་ཉིད་གང་ཞེ་
ན། སྨྲས་པ། རྒྱུ་མཚན་སྤྱོད་ཡུལ་བའི་མཚན་ཉིད་དོ། །དེ་བཞིན་ཉིད་ཀྱི་མཚན་ཉིད་གང་ཞེ་ན། སྨྲས་པ། ཡང་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་མཚན་ཉིད་དོ། །ཡང་དག་པའི་ཤེས་པའི་མཚན་ཉིད་གང་ཞེ་ན། སྨྲས་པ། དེ་བཞིན་ཉིད་ལ་སྤྱོད་ཡུལ་པའི་མཚན་ཉིད་དོ། །
རྒྱུ་མཚན་གྱི་རྣམ་པ་གང་ཞེ་ན། སྨྲས་པ། རྣམ་པར་རྟོག་པ་རྣམས་ཀྱི་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པའི་ཕྱིར། དེའི་རྣམ་པ་ཡང་སྣ་ཚོགས་དཔག་ཏུ་མེད་པ་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། གཟུགས་རྒྱུ་མཚན་དང་། སེམས་རྒྱུ་མཚན་དང་། སེམས་ལས་བྱུང་བ་རྒྱུ་
མཚན་དང་། སེམས་དང་ལྡན་པ་མ་ཡིན་པ་རྒྱུ་མཚན་དང་། འདུས་མ་བྱས་རྒྱུ་མཚན་དང་། འདུས་བྱས་རྒྱུ་མཚན་དང་། ཕུང་པོ་རྒྱུ་མཚན་དང་། སྐྱེ་མཆེད་རྒྱུ་མཚན་དང་། ཁམས་རྒྱུ་མཚན་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་མཚན་དང་། གནས་དང་གནས་མ་ཡིན་པ་རྒྱུ་
མཚན་དང་། དབང་པོ་རྒྱུ་མཚན་དང་། བདེན་པ་རྒྱུ་མཚན་དང་། དྲན་པ་ཉེ་བར་གཞག་པ་རྒྱུ་མཚན་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་ཡན་ལག་རྒྱུ་མཚན་དང་། ལམ་རྒྱུ་

མཚན་དང་། ཆོས་ཀྱི་གཞི་རྒྱུ་མཚན་དང་། ཞི་གནས་རྒྱུ་མཚན་དང་། ལྷག་མཐོང་རྒྱུ་མཚན་དང་། རབ་ཏུ་འཛིན་པ་རྒྱུ་མཚན་དང་། བཏང་སྙོམས་རྒྱུ་མཚན་དང་། རྐྱེན་རྒྱུ་མཚན་དང་། སྟོན་པ་རྒྱུ་མཚན་དང་། ས་རྒྱུ་མཚན་དང་། ཆུ་རྒྱུ་མཚན་དང་། མེ་རྒྱུ་མཚན་དང་། རླུང་
རྒྱུ་མཚན་དང་། ནམ་མཁའ་རྒྱུ་མཚན་དང་། རྣམ་པར་ཤེས་པ་རྒྱུ་མཚན་དང་། འཇིག་རྟེན་འདི་རྒྱུ་མཚན་དང་། འཇིག་རྟེན་ཕ་རོལ་རྒྱུ་མཚན་དང་། ཉི་མ་རྒྱུ་མཚན་དང་། ཟླ་བ་རྒྱུ་མཚན་དང་། སེམས་ཅན་དམྱལ་བ་རྒྱུ་མཚན་དང་། དུད་འགྲོ་དང་། ཡི་དྭགས་དང་། ལྷ་དང་།
མི་རྒྱུ་མཚན་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་རྒྱུ་མཚན་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྒྱུ་མཚན་དང་། བསམ་གཏན་དང་པོ་རྒྱུ་མཚན་དང་། བསམ་གཏན་གཉིས་པ་དང་།
གསུམ་པ་དང་། བཞི་པ་རྒྱུ་མཚན་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྒྱུ་མཚན་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྒྱུ་མཚན་དང་། འབྱུང་བ་རྒྱུ་མཚན་དང་། འཇིག་པ་རྒྱུ་
མཚན་དང་། དངོས་པོ་རྒྱུ་མཚན་དང་། དངོས་པོ་མེད་པ་རྒྱུ་མཚན་དང་། ཀུན་ནས་ཉོན་མོངས་པ་རྒྱུ་མཚན་དང་། རྣམ་པར་བྱང་བ་རྒྱུ་མཚན་དང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དང་། ཐོས་པ་དང་། ཡོངས་སུ་བཙལ་བ་རྒྱུ་མཚན་
དང་། ཡིད་ཀྱིས་རྗེས་སུ་བརྟགས་པ་དང་། རྗེས་སུ་དཔྱད་པ་རྒྱུ་མཚན་དང་། དེ་ལྟར་དེ་ལྟ་བུ་དང་མཐུན་པ་རྒྱུ་མཚན་གཞན་གང་ཡིན་པ་དང་། གཞན་ཡང་རྒྱུ་མཚན་དྲུག་སྟེ། མཚན་མ་དང་བཅས་པ་རྒྱུ་མཚན་དང་། མཚན་མ་མེད་པ་རྒྱུ་མཚན་དང་། ཆུང་ངུ་རྒྱུ་མཚན་
དང་། ཆེན་པོར་གྱུར་པ་རྒྱུ་མཚན་དང་། ཚད་མེད་པ་རྒྱུ་མཚན་དང་། ཅི་ཡང་མེད་པ་རྒྱུ་མཚན་ནོ། །མཚན་མ་དང་བཅས་པ་རྒྱུ་མཚན་གང་ཞེ་ན། དངོས་པོ་རྟོགས་པའི་མིང་ལ་རྣམ་པར་རྟོག་པའི་མཚན་མ་གང་ཡིན་པའོ། །མཚན་མ་མེད་པ་རྒྱུ་མཚན་གང་ཞེ་ན། དངོས་

པོ་མ་རྟོགས་པའི་མིང་ལ་རྣམ་པར་རྟོག་པའི་མཚན་མ་གང་ཡིན་པའོ། །ཆུང་ངུ་རྒྱུ་མཚན་གང་ཞེ་ན། འདོད་པའི་ཁམས་ཀྱི་དངོས་པོ་ལ་རྣམ་པར་རྟོག་པའི་མཚན་མ་གང་ཡིན་པའོ། །ཆེན་པོར་གྱུར་པ་རྒྱུ་མཚན་གང་ཞེ་ན། གཟུགས་ཀྱི་ཁམས་ཀྱི་དངོས་པོ་
ལ་རྣམ་པར་རྟོག་པའི་མཚན་མ་གང་ཡིན་པའོ། །ཚད་མེད་པ་རྒྱུ་མཚན་གང་ཞེ་ན། གཟུགས་མེད་པའི་ཁམས་ཀྱི་དངོས་པོ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེད་མཆེད་ལ་རྣམ་པར་རྟོག་པའི་མཚན་མ་གང་ཡིན་པའོ། །ཅི་ཡང་མེད་པ་རྒྱུ་
མཚན་གང་ཞེ་ན། གཟུགས་མེད་པའི་ཁམས་ཀྱི་དངོས་པོ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་རྣམ་པར་རྟོག་པའི་མཚན་མ་གང་ཡིན་པའོ། །གཞན་ཡང་རྒྱུ་མཚན་ལྔ་སྟེ། རྒྱུ་མཚན་རྒྱུ་མཚན་དང་། མིང་རྒྱུ་མཚན་དང་། རྣམ་པར་རྟོག་པ་རྒྱུ་མཚན་དང་། དེ་བཞིན་ཉིད་རྒྱུ་
མཚན་དང་། ཡང་དག་པའི་ཤེས་པ་རྒྱུ་མཚན་ནོ། །ཡང་རྒྱུ་མཚན་གཞན་གཉིས་ཏེ། རང་བཞིན་རྒྱུ་མཚན་དང་། གཟུགས་བརྙན་རྒྱུ་མཚན་ནོ། །རང་བཞིན་རྒྱུ་མཚན་གང་ཞེ་ན། སྔོན་གྱི་རྣམ་པར་རྟོག་པས་བསྐྱེད་པའི་མཚན་མ་དང་། མཚན་མས་བསྐྱེད་པ་གྲགས་
པའི་མཚན་མའོ། །གཟུགས་བརྙན་རྒྱུ་མཚན་གང་ཞེ་ན། ཀུན་བརྟགས་པ་གང་ཡིན་པ་དེ་ནི་མོས་པས་སྣང་བ་ཡིན་གྱི། རང་བཞིན་དུ་གནས་པ་ནི་མ་ཡིན་ནོ། །མིང་གི་རྣམ་པ་གང་ཞེ་ན། དེ་ཡང་རྒྱུ་མཚན་གྱི་དབང་གིས་རྣམ་པ་སྣ་ཚོགས་དཔག་ཏུ་མེད་དོ། །དེ་ཡང་
མདོར་བསྡུ་ན་རྣམ་པ་བཅུ་གཉིས་ཏེ། ཐ་སྙད་ལས་བྱུང་བ་དང་། ཡང་དག་པའི་དངོས་པོ་དང་། རིགས་དང་འབྲེལ་པ་དང་། སོ་སོ་དང་འབྲེལ་པ་དང་། ཡོན་ཏན་ལས་བྱུང་བ་དང་། ཉེ་བར་བརྟགས་པ་དང་། གྲགས་པ་དང་། མ་གྲགས་པ་དང་། གསལ་བ་དང་། མི་
གསལ་བ་དང་། བསྡུས་པ་དང་། ཐ་དད་པའོ། །རྣམ་པར་རྟོག་པའི་རྣམ་པ་གང་ཞེ་ན། དེ་ཡང་རྒྱུ་མཚན་དང་། མིང་གི་དབང་གིས་རྣམ་པ་སྣ་ཚོགས་དཔག་ཏུ་མེད་དོ། །དེ་ཡང་མདོར་བསྡུ་ན་རྣམ་པ་བདུན་དུ་རིག་པར་བྱ་སྟེ། མཚན་མ་ལས་བྱུང་བ་དང་། མཚན་མ་མེད་

པ་ལས་བྱུང་བ་དང་། ཡུལ་ལ་རང་གི་ངང་གིས་འཇུག་པ་དང་། ཚོལ་བ་པ་དང་། སོ་སོར་རྟོག་པ་དང་། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་བཞིན་ཉིད་ཀྱི་རྣམ་པ་གང་ཞེ་ན། སྨྲས་པ། བརྗོད་དུ་མེད་པའི་རྣམ་པ་ཡིན་ནོ། །ཡང་དག་པའི་ཤེས་པའི་རྣམ་
པ་གང་ཞེ་ན། སྨྲས་པ། འཇིག་རྟེན་ལས་འདས་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པའི་རྣམ་པ་ཡིན་ནོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གང་ཡིན་པ་དེ་ནི་རྣམ་པར་གཞག་པའི་བདེན་པ་འཛིན་པའི་རྣམ་པ་ཡིན་ནོ། །དེ་ལ་མཚན་མ་དང་། གཟུགས་བརྙན་དང་། མིག་
ཡོར་དང་། སྲིད་པ་དང་། སྤྲོས་པ་དང་། འཇིག་ཚོགས་དང་། འདུས་བྱས་དང་། བསམས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། དེ་ལྟ་བུ་ལ་སོགས་པ་ནི་རྒྱུ་མཚན་གྱི་རྣམ་གྲངས་ཡིན་ནོ། །དེ་ལ་མིང་དང་། བརྡ་དང་། གདགས་པ་དང་། ཐ་སྙད་དང་།
ཀུན་རྫོབ་དང་། ཉེ་བར་འདོགས་པ་དང་། བརྗོད་པ་དང་། དེ་ལྟ་བུ་ལ་སོགས་པ་ནི་མིང་གི་རྣམ་གྲངས་ཡིན་ནོ། །དེ་ལ་རྣམ་པར་རྟོག་པ་དང་། ཀུན་དུ་རྟོག་པ་དང་། ཡོངས་སུ་རྟོག་པ་དང་། ལོག་པའི་ལམ་དང་། ལོག་པའི་སྒྲུབ་པ་དང་། རྒྱུན་གོལ་བ་དང་། ཡང་དག་པར་
འཛིན་པ་མ་ཡིན་པ་དང་། དེ་ལྟ་བུ་ལ་སོགས་པ་ནི་རྣམ་པར་རྟོག་པའི་རྣམ་གྲངས་ཡིན་ནོ། །དེ་ལ་དེ་བཞིན་ཉིད་དང་། ཡང་དག་པ་ཉིད་དང་། བདེན་པ་ཉིད་དང་། མ་ནོར་བ་ཉིད་དང་། ཕྱིན་ཅི་མ་ལོག་པ་ཉིད་དང་། སྤྲོས་པ་མེད་པའི་དབྱིངས་དང་། མཚན་མ་མེད་
པའི་དབྱིངས་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། དེ་ལྟ་བུ་ལ་སོགས་པ་ནི་དེ་བཞིན་ཉིད་ཀྱི་རྣམ་གྲངས་ཡིན་ནོ། །དེ་ལ་ཡང་དག་པའི་ཤེས་པ་དང་། ཡང་དག་པའི་ཤེས་རབ་དང་། ཡང་དག་པའི་རྟོགས་པ་དང་། ཡང་དག་པའི་ལམ་དང་། ཡང་
དག་པའི་སྒྲུབ་པ་དང་། ཡང་དག་པའི་རྒྱུན་དང་། ཡང་དག་པར་འཛིན་པ་དང་། དེ་ལྟ་བུ་ལ་སོགས་པ་ནི་ཡང་དག་པའི་ཤེས་པའི་རྣམ་གྲངས་ཡིན་ནོ། །དངོས་པོ་ལྔ་པོ་གང་དག་ཡིན་པ་དེ་དག་ལས་དུ་ཞིག་གཟུགས་ཡིན། དུ་ཞིག་སེམས་ཡིན། དུ་ཞིག་སེམས་ལས་བྱུང་

བ་དག་ཡིན། དུ་ཞིག་སེམས་དང་མི་ལྡན་པ་དག་ཡིན། དུ་ཞིག་འདུས་མ་བྱས་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་རྣམ་པ་ལྔ་ཚར་ཡིན་ནོ། །མིང་ནི་སེམས་དང་མི་ལྡན་པ་ཡིན་ནོ། །རྣམ་པར་རྟོག་པ་དང་ཡང་དག་པའི་ཤེས་པ་ནི། སེམས་
དང་སེམས་ལས་བྱུང་བ་དག་ཡིན་ནོ། །དེ་བཞིན་ཉིད་ནི་འདུས་མ་བྱས་ཡིན་ནོ། །དུ་ཞིག་ཕུང་པོས་བསྡུས་པ་དག་ཡིན། དུ་ཞིག་མ་བསྡུས་པ་དག་ཡིན་ཞེ་ན། སྨྲས་པ། གསུམ་ནི་ཕུང་པོས་བསྡུས་པ་དག་ཡིན་ནོ། །རྒྱུ་མཚན་ནི་བསྡུས་པ་དང་མ་བསྡུས་པ་ཡིན་ནོ། །དེ་
བཞིན་ཉིད་ནི་མ་བསྡུས་པ་ཡིན་ནོ། །དུ་ཞིག་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ་དག་ཡིན། དུ་ཞིག་མ་བསྡུས་པ་དག་ཡིན་ཞེ་ན། སྨྲས་པ། ཐམས་ཅད་ཀྱང་བསྡུས་པ་དག་ཡིན་ནོ། །དུ་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བས་བསྡུས་པ་དག་ཡིན། དུ་ཞིག་མ་བསྡུས་པ་དག་
ཡིན་ཞེ་ན། སྨྲས་པ། གསུམ་ནི་བསྡུས་པ་ཡིན་ནོ། །རྒྱུ་མཚན་ནི་བསྡུས་པ་དང་མ་བསྡུས་པ་ཡིན་ནོ། །དེ་བཞིན་ཉིད་ནི་མ་བསྡུས་པ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བས་བསྡུས་པ་དང་མ་བསྡུས་པ་དག་ཇི་ལྟ་བ་བཞིན་དུ། གནས་དང་གནས་མ་ཡིན་པ་དང་། དབང་པོས་
བསྡུས་པ་དང་མ་བསྡུས་པ་དག་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །དུ་ཞིག་བདེན་པས་བསྡུས་པ་དག་ཡིན། དུ་ཞིག་མ་བསྡུས་པ་དག་ཡིན་ཞེ་ན། སྨྲས་པ། བདེན་པ་ནི་རྣམ་པ་གཉིས་ཏེ། རྣམ་པར་བཞག་པ་དང་། རྣམ་པར་མ་བཞག་པའོ། །དེ་ལ་འཕགས་པའི་བདེན་པ་བཞི་
ནི་རྣམ་པར་བཞག་པའི་བདེན་པ་ཡིན་ནོ། །དེ་བཞིན་ཉིད་ནི་རྣམ་པར་མ་བཞག་པའི་བདེན་པ་ཡིན་ནོ། །དེ་ལ་གསུམ་ནི་རྣམ་པར་བཞག་པའི་བདེན་པས་བསྡུས་པ་ཡིན་ནོ། །རྒྱུ་མཚན་ནི་བསྡུས་པ་དང་མ་བསྡུས་པ་ཡིན་ནོ། །དེ་བཞིན་ཉིད་ནི་རྣམ་པར་མ་བཞག་པའི་བདེན་པས་བསྡུས་
པ་ཁོ་ན་ཡིན་ནོ། །དུ་ཞིག་རྒྱུའི་རྐྱེན་གྱིས་བསྡུས་པ་དག་ཡིན་ནོ། །དུ་ཞིག་མཚུངས་པ་དེ་མ་ཐག་པ་དང་། དམིགས་པ་དང་། བདག་པོའི་རྐྱེན་གྱིས་བསྡུས་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་ཐམས་ཅད་ཀྱིས་བསྡུས་པ་དག་ཡིན་ནོ། །མིང་ནི་མཚུངས་པ་དེ་མ་ཐག་པའི་

རྐྱེན་གྱིས་མ་བསྡུས་པ་ཡིན་ནོ། །རྣམ་པར་རྟོག་པ་དང་། ཡང་དག་པའི་ཤེས་པ་ནི་བཞི་ཆར་གྱིས་བསྡུས་པ་ཡིན་ནོ། །དེ་བཞིན་ཉིད་ནི་དམིགས་པའི་རྐྱེན་གྱིས་བསྡུས་པ་ཁོ་ན་ཡིན་ནོ། །དུ་ཞིག་ཆོས་ལ་རྟོན་པས་བསྡུས་པ་དག་ཡིན་ནོ། །དུ་ཞིག་དོན་དང་། ངེས་པའི་དོན་གྱི་
མདོ་སྡེ་དང་། ཡེ་ཤེས་ལ་རྟོན་པས་བསྡུས་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་རྟོག་པ་གསུམ་གྱིས་བསྡུས་པ་ཡིན་ནོ། །མིང་ནི་ཆོས་ལ་རྟོན་པས་བསྡུས་པ་ཁོ་ན་ཡིན་ནོ། །རྒྱུ་མཚན་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་པ་ཡང་དེ་བཞིན་ནོ། །དེ་བཞིན་ཉིད་ནི་ཡེ་ཤེས་ཀྱི་སྤྱོད་
ཡུལ་ཡིན་པས་དོན་ལ་རྟོན་པས་བསྡུས་པ་ཡིན་ནོ། །ཡང་དག་པའི་ཤེས་པ་ནི་ཡེ་ཤེས་ལ་རྟོན་པ་ཁོ་ནས་བསྡུས་པ་ཡིན་ནོ། །དུ་ཞིག་གཟུགས་ཅན་དག་ཡིན། དུ་ཞིག་གཟུགས་ཅན་མ་ཡིན་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་རྣམ་པ་གཉི་ག་ཡིན་ནོ། །རྣམ་པར་རྟོག་པ་
དང་ཡང་དག་པའི་ཤེས་པ་ནི་གཟུགས་ཅན་མ་ཡིན་པ་ཡིན་ནོ། །མིང་དང་དེ་བཞིན་ཉིད་ནི་གཉི་ག་མ་ཡིན་ཏེ། བརྟགས་པའི་ཡོད་པ་ཡིན་པའི་ཕྱིར་དང་། བརྗོད་དུ་མེད་པ་ཡིན་པའི་ཕྱིར་རོ། །གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པ་དག་ཇི་ལྟ་བ་བཞིན་དུ་བསྟན་དུ་ཡོད་པ་དང་། བསྟན་
དུ་མེད་པ་དང་། ཐོགས་པ་དང་བཅས་པ་དང་། ཐོགས་པ་མེད་པ་དག་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །དུ་ཞིག་ཟག་པ་དང་བཅས་པ་དག་ཡིན། དུ་ཞིག་ཟག་པ་མེད་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་གཉི་ག་ཡིན་ནོ། །གཉིས་ནི་ཟག་པ་དང་བཅས་པ་ཡིན་ནོ། །གཉིས་ནི་ཟག་
པ་མེད་པ་ཡིན་ཏེ། དེ་བཞིན་ཉིད་ནི་ཟག་པ་མེད་པའི་དམིགས་པའི་དོན་གྱིས་ཟག་པ་མེད་པ་ཡིན་གྱི། ཟག་པ་ཟད་པའི་མཚན་ཉིད་ཀྱི་དོན་གྱིས་ནི་མ་ཡིན་ནོ། །ཡང་དག་པའི་ཤེས་པ་ནི་ཟག་པ་ཟད་པར་བྱ་བའི་ཕྱིར་གཉེན་པོའི་དོན་གྱིས་ཟག་པ་མེད་པ་ཡིན་ནོ། །དུ་ཞིག་འདུས་བྱས་དག་
ཡིན། དུ་ཞིག་འདུས་མ་བྱས་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་གཉི་ག་ཡིན་ནོ། །གསུམ་ནི་འདུས་བྱས་ཡིན་ནོ། །དེ་བཞིན་ཉིད་ནི་འདུས་མ་བྱས་ཡིན་ཏེ། འདུས་བྱས་ཉེ་བར་ཞི་བའི་དམིགས་པའི་དོན་གྱིས་ཡིན་གྱི། འདུས་བྱས་ཉེ་བར་ཞི་བའི་མཚན་ཉིད་ཀྱི་དོན་གྱིས་ནི་མ་

ཡིན་ནོ། །དུ་ཞིག་ཉོན་མོངས་པ་དང་བཅས་པ་དག་ཡིན། དུ་ཞིག་ཉོན་མོངས་པ་མེད་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་གཉི་ག་ཡིན་ནོ། །གཉིས་ནི་ཉོན་མོངས་པ་དང་བཅས་པ་ཡིན་ནོ། །གཉིས་ནི་ཉོན་མོངས་པ་མེད་པ་ཡིན་ཏེ། འདིར་ཡང་ཟག་པ་དང་
བཅས་པ་དང་། ཟག་པ་མེད་པའི་ཚུལ་བཞིན་དུ་བལྟ་བར་བྱའོ། །ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པ་དག་ཇི་ལྟ་བ་བཞིན་དུ། ཟང་ཟིང་དང་བཅས་པ་དང་། ཟང་ཟིང་མེད་པ་དག་དང་། ཞེན་པ་ལ་བརྟེན་པ་དང་། མངོན་པར་འབྱུང་བ་ལ་བརྟེན་པ་དག་ཀྱང་དེ་
བཞིན་དུ་བལྟ་བར་བྱའོ། །དུ་ཞིག་འཇིག་རྟེན་པ་དག་ཡིན། དུ་ཞིག་འཇིག་རྟེན་ལས་འདས་པ་དག་ཡིན་ཞེ་ན། སྨྲས་པ། གསུམ་པ་ནི་འཇིག་རྟེན་པ་ཡིན་ནོ། །དེ་བཞིན་ཉིད་ནི་འཇིག་རྟེན་ལས་འདས་པ་ཡིན་ནོ། །ཡང་དག་པའི་ཤེས་པའི་ཕྱོགས་གཅིག་ནི་འཇིག་རྟེན་ལས་འདས་པ་
ཡིན་ནོ། །ཕྱོགས་གཅིག་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཡིན་ནོ། །དེ་བཞིན་ཉིད་ཀྱང་ཐ་སྙད་དང་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་དམིགས་པའི་དོན་གྱིས་འཇིག་རྟེན་ལས་འདས་པ་ཡིན་གྱི། ཐ་སྙད་དང་སྤྲོས་པ་ཐམས་ཅད་ལས་ཡང་དག་པའི་འདས་པའི་མཚན་ཉིད་
ཀྱི་དོན་གྱིས་ནི་མ་ཡིན་ནོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་ཇི་ལྟ་བ་བཞིན་དུ་གཏོགས་པ་དང་། མ་གཏོགས་པ་དག་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །དུ་ཞིག་ནང་གི་དག་ཡིན། དུ་ཞིག་ཕྱི་རོལ་གྱི་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་གཉི་ག་ཡིན་ནོ། །མིང་ནི་
ཕྱི་རོལ་ཡིན་ནོ། །རྣམ་པར་རྟོག་པ་ནི་སྐྱེ་བར་གཏོགས་པ་ལས་ནི་གཉི་ག་ཡིན་ནོ། །དེ་བཞིན་ཉིད་ནི་གཉི་ག་མ་ཡིན་ནོ། །རྣམ་པར་རྟོག་པ་ཇི་ལྟ་བ་བཞིན་དུ། ཡང་དག་པའི་ཤེས་པ་ཡང་དེ་བཞིན་ནོ། །དུ་ཞིག་རགས་པ་དག་ཡིན། དུ་ཞིག་ཕྲ་བ་དག་ཡིན་ཞེ་ན། སྨྲས་པ། གསུམ་ནི་
རྣམ་པ་གཉི་གར་ཡིན་ནོ། །དེ་བཞིན་ཉིད་ནི་ཕྲ་བ་ཡིན་ཏེ། རྣམ་པར་ཤེས་པར་དཀའ་བའི་དོན་གྱིས་ཡིན་གྱི། མཚན་མ་ཉིད་དབྲི་ཞིང་བསྐྱུང་བའི་དོན་གྱིས་ནི་མ་ཡིན་ནོ། །ཡང་དག་པའི་ཤེས་པ་ཡང་ཕྲ་བ་ཉིད་ཡིན་ཏེ། དོན་ཆ་ཕྲ་བ་རྟོགས་པར་བྱེད་པའི་ཕྱིར་རོ། །དུ་ཞིག་དམན་པ་

དག་ཡིན། དུ་ཞིག་གྱ་ནོམ་པ་དག་ཡིན་ཞེ་ན། སྨྲས་པ། གསུམ་ནི་གཉི་ག་ཡིན་ནོ། །དེ་བཞིན་ཉིད་ནི་གྱ་ནོམ་པ་ཡིན་ཏེ། རྣམ་པར་དག་པའི་དམིགས་པའི་དོན་གྱིས་ཡིན་གྱི། ཉམས་པ་དང་། ཁྱད་པར་དུ་འགྲོ་བའི་བདག་ཉིད་ཀྱི་དོན་གྱིས་ནི་མ་ཡིན་ནོ། །ཡང་དག་
པའི་ཤེས་པ་ཡང་གྱ་ནོམ་པ་ཡིན་ཏེ། དེ་བཞིན་ཉིད་ཀྱི་སྤྱོད་ཡུལ་པའི་དོན་གྱིས་སོ། །དུ་ཞིག་ཐག་རིང་བ་དག་ཡིན། དུ་ཞིག་ཐག་ཉེ་བ་དག་ཡིན་ཞེ་ན། སྨྲས་པ། གཅིག་ནི་ཡུལ་ཐག་རིང་བ་དང་། དུས་ཐག་རིང་བས་གཉི་ག་ཡིན་ནོ། །མིང་དང་རྣམ་པར་རྟོག་པ་དང་། ཡང་
དག་པའི་ཤེས་པ་ནི་དུས་ཐག་རིང་བ་ཁོ་ནས་གཉི་ག་ཡིན་ནོ། །དེ་བཞིན་ཉིད་ནི་གཉི་གས་གཉི་ག་མ་ཡིན་ཏེ། འདུས་མ་བྱས་པའི་ཕྱིར་རོ། །དུ་ཞིག་ཟིན་པ་དག་ཡིན། དུ་ཞིག་མ་ཟིན་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་གཉི་ག་ཡིན་ནོ། །མིང་དང་རྣམ་པར་རྟོག་
པ་དང་། ཡང་དག་པའི་ཤེས་པ་ནི་མ་ཟིན་པ་ཡིན་ནོ། །དེ་བཞིན་ཉིད་ནི་གཉི་ག་མ་ཡིན་ནོ། །དུ་ཞིག་མཚུངས་པ་དག་ཡིན། དུ་ཞིག་དེ་དག་དང་མཚུངས་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་གཉི་ག་ཡིན་ནོ། །ལྷག་མ་རྣམས་ནི་གཉི་ག་མ་ཡིན་ཏེ། མཚུངས་པར་ལྡན་
པ་དེ་དག་དང་མཚུངས་པ་ནི་དབང་པོ་གཟུགས་ཅན་རྣམས་ལ་རྣམ་པར་གཞག་པ་ཡིན་པའི་ཕྱིར་རོ། །དུ་ཞིག་རྒྱུ་ཡིན། དུ་ཞིག་རྒྱུ་མ་ཡིན་ཞེ་ན། སྨྲས་པ། བཞི་ནི་རྒྱུ་ཡིན་ནོ། །དེ་བཞིན་ཉིད་ནི་རྒྱུ་མ་ཡིན་ནོ། །རྒྱུ་དང་རྒྱུ་མ་ཡིན་པ་ཇི་ལྟ་བ་བཞིན་དུ། འབྲས་བུ་དང་། འབྲས་བུ་མ་ཡིན་
པ་དང་། རྒྱུ་དང་བཅས་པ་དང་། རྒྱུ་དང་བཅས་པ་མ་ཡིན་པ་དང་། འབྲས་བུ་དང་བཅས་པ་དང་། འབྲས་བུ་དང་བཅས་པ་མ་ཡིན་པ་དག་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །དུ་ཞིག་རྣམ་པར་སྨིན་པ་ཡིན། དུ་ཞིག་རྣམ་པར་སྨིན་པ་མ་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་གཉི་ག་ཡིན་ནོ། །
མིང་ནི་རྣམ་པར་སྨིན་པ་མ་ཡིན་ནོ། །རྣམ་པར་རྟོག་པ་ཡང་གཉི་ག་ཡིན་ནོ། །དེ་བཞིན་ཉིད་ནི་གཉི་ག་མ་ཡིན་ནོ། །ཡང་དག་པའི་ཤེས་པ་ཡང་རྣམ་པར་སྨིན་པ་མ་ཡིན་ནོ། །དུ་ཞིག་རྣམ་པར་སྨིན་པ་དང་བཅས་པ་དག་ཡིན། དུ་ཞིག་རྣམ་པར་སྨིན་པ་མེད་པ་དག་ཡིན་ཞེ་ན། སྨྲས་པ།

རྒྱུ་མཚན་ནི་གཉི་ག་ཡིན་ནོ། །མིང་ནི་རྣམ་པར་སྨིན་པ་མེད་པ་ཡིན་ནོ། །རྣམ་པར་རྟོག་པ་ཡང་གཉི་ག་ཡིན་ནོ། །དེ་བཞིན་ཉིད་ནི་གཉི་ག་མ་ཡིན་ནོ། །ཡང་དག་པའི་ཤེས་པ་ནི་རྣམ་པར་སྨིན་པ་མེད་པ་ཁོ་ན་ཡིན་ནོ། །དུ་ཞིག་དམིགས་པ་དང་བཅས་པ་དག་ཡིན།
དུ་ཞིག་དམིགས་པ་མེད་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་གཉི་ག་ཡིན་ནོ། །མིང་ནི་དམིགས་པ་མེད་པ་ཡིན་ནོ། །རྣམ་པར་རྟོག་པ་དང་ཡང་དག་པའི་ཤེས་པ་ནི་དམིགས་པ་དང་བཅས་པ་ཡིན་ནོ། །དེ་བཞིན་ཉིད་ནི་གཉི་ག་མ་ཡིན་ནོ། །དམིགས་པ་དང་བཅས་པ་
དང་དམིགས་པ་མེད་པ་དག་ཇི་ལྟ་བ་བཞིན་དུ། མཚུངས་པར་ལྡན་པ་དང་། མཚུངས་པར་ལྡན་པ་མ་ཡིན་པ་དག་དང་། རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་དག་དང་། གནས་དང་བཅས་པ་དང་གནས་མེད་པ་དག་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །དུ་ཞིག་བླ་ན་ཡོད་པ་དག་
ཡིན། དུ་ཞིག་བླ་ན་མེད་པ་དག་ཡིན་ཞེ་ན། སྨྲས་པ། བཞི་ནི་བླ་ན་ཡོད་པ་ཡིན་ནོ། །དེ་བཞིན་ཉིད་ནི་བླ་ན་མེད་པ་ཡིན་ཏེ། འདུས་མ་བྱས་དང་རྣམ་པར་དག་པའི་དམིགས་པའི་དོན་གྱིས་སོ། །དུ་ཞིག་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དག་ཡིན། དུ་ཞིག་འདས་པ་
ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དག་ཡིན་ཞེ་ན། སྨྲས་པ། བཞི་ནི་རྣམ་པ་གསུམ་ཅར་ཡིན་ནོ། །དེ་བཞིན་ཉིད་ནི་རྣམ་པ་གསུམ་ཆར་མ་ཡིན་ནོ། །དུ་ཞིག་འདོད་པ་དང་ལྡན་པ་ཡིན་ཞེ་ན། སྨྲས་པ། གསུམ་མོ། །དུ་ཞིག་གཟུགས་
དང་ལྡན་པ་དག་ཡིན་ཞེ་ན། སྨྲས་པ། གསུམ་ཁོ་ནའོ། །གཟུགས་མེད་པ་དང་ལྡན་པ་དག་ཀྱང་དེ་ཁོ་ན་བཞིན་ནོ། །དུ་ཞིག་ལྡན་པ་མ་ཡིན་པ་དག་ཡིན་ཞེ་ན། སྨྲས་པ། གཅིག་སྟེ། ཡང་དག་པའི་ཤེས་པ་འཇིག་རྟེན་ལས་འདས་པ་གང་ཡིན་པའོ། །ཡང་དག་པའི་ཤེས་
པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གང་ཡིན་པ་དེ་ནི་ལྡན་པ་དང་མི་ལྡན་པ་ཡིན་ནོ། །དེ་བཞིན་ཉིད་ནི་གཉི་ག་མ་ཡིན་ནོ། །དུ་ཞིག་དགེ་བ་དག་ཡིན། དུ་ཞིག་མི་དགེ་བ་དག་ཡིན། དུ་ཞིག་ལུང་དུ་མ་བསྟན་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་དང་རྣམ་པར་རྟོག་པ་ནི་རྣམ་

པ་གསུམ་ཅར་ཡིན་ནོ། །མིང་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །དེ་བཞིན་ཉིད་ནི་དགེ་བ་ཡིན་ཏེ། རྣམ་པར་དག་པ་དགེ་བའི་དམིགས་པའི་དོན་གྱིས་ཡིན་གྱི། འདོད་པའི་ཡོན་ཏན་འབྲས་བུ་ཡོངས་སུ་འཛིན་པ་འབྱུང་བའི་མཚན་ཉིད་ཀྱི་དོན་གྱིས་ནི་མ་ཡིན་ནོ། །ཡང་དག་པའི་
ཤེས་པ་ནི་དགེ་བ་ཁོ་ན་ཡིན་ནོ། །དུ་ཞིག་ཐོས་པ་ལས་བྱུང་བ་དང་། དུ་ཞིག་ཐོས་པ་ལས་བྱུང་བའི་སྤྱོད་ཡུལ་དག་ཡིན། དུ་ཞིག་བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་སྤྱོད་ཡུལ་དག་ཡིན་ཞེ་ན།
སྨྲས་པ། རྒྱུ་མཚན་དང་རྣམ་པར་རྟོག་པ་ནི། རྣམ་པ་གསུམ་ཆར་ཡིན་ལ། རྣམ་པ་གསུམ་ཆར་གྱི་སྤྱོད་ཡུལ་ཡང་ཡིན་ནོ། །མིང་ནི་ཐོས་པ་དང་བསམས་པ་ལས་བྱུང་བ་ཡིན་ལ། རྣམ་པ་གསུམ་ཆར་གྱི་སྤྱོད་ཡུལ་ཡང་ཡིན་ནོ། །དེ་བཞིན་ཉིད་ནི་རྣམ་པ་གསུམ་ཆར་མ་ཡིན་ལ།
བསྒོམས་པ་ལས་བྱུང་བའི་སྤྱོད་ཡུལ་ཁོ་ན་ཡིན་ནོ། །ཡང་དག་པའི་ཤེས་པ་ནི་བསྒོམས་པ་ལས་བྱུང་བ་ཡིན་ལ། རྣམ་པ་གསུམ་ཆར་གྱི་སྤྱོད་ཡུལ་ཡིན་ནོ། །དུ་ཞིག་སྟོང་པ་ཉིད་དང་། སྟོང་པ་ཉིད་ཀྱི་སྤྱོད་ཡུལ་དག་ཡིན། དུ་ཞིག་སྨོན་པ་མེད་པ་དང་། མཚན་མ་མེད་པ་དང་།
སྨོན་པ་མེད་པ་དང་། མཚན་མ་མེད་པའི་སྤྱོད་ཡུལ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་རྣམ་པ་གསུམ་ཆར་ཡིན་ལ། རྣམ་པ་གསུམ་ཆར་གྱི་སྤྱོད་ཡུལ་ཡང་ཡིན། མིང་ནི་རྣམ་པ་གསུམ་ཆར་མ་ཡིན་ལ། རྣམ་པ་གཉིས་ཀྱི་སྤྱོད་ཡུལ་ཡིན་ནོ། །རྣམ་པར་རྟོག་པ་ནི་
རྣམ་པ་གསུམ་ཆར་ཡིན་ལ། རྣམ་པ་གཉིས་ཀྱི་སྤྱོད་ཡུལ་ཡིན་ནོ། །དེ་བཞིན་ཉིད་ནི་རྣམ་པ་གསུམ་ཆར་ཡང་མ་ཡིན་ལ། སྟོང་པ་ཉིད་ཀྱི་སྤྱོད་ཡུལ་དང་། མཚན་མ་མེད་པའི་སྤྱོད་ཡུལ་ཡིན་ནོ། །ཡང་དག་པའི་ཤེས་པ་ནི་རྣམ་པ་གསུམ་ཆར་ཡིན་ལ། སྟོང་པ་ཉིད་ཀྱི་
སྤྱོད་ཡུལ་ཡིན་ནོ། །གང་དུ་སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་། མཚན་མ་མེད་པ་བྱེ་བྲག་མེད་པར་གསུངས་པ་དེར་ནི་དེ་དག་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བ་ཉིད་ཡིན་པར་བལྟ་བར་བྱའོ། །གང་དུ་དེ་དག་ཏིང་ངེ་འཛིན་གྱི་སྒྲ་ཁོ་ནར་གསུངས་པ་དེར་

ནི་དེ་དག་བསྒོམས་པ་ལས་བྱུང་བ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ཡིན་པར་བལྟ་བར་བྱའོ། །གང་དུ་དེ་དག་རྣམ་པར་ཐར་པའི་སྒོའི་སྒྲ་ཁོ་ནར་གསུངས་པ་དེར་ནི་དེ་དག་འཇིག་རྟེན་ལས་འདས་པ་ཉིད་ཡིན་པར་བལྟ་བར་བྱའོ། །དུ་ཞིག་ལྷག་པའི་ཚུལ་
ཁྲིམས་དང་། ལྷག་པའི་ཚུལ་ཁྲིམས་ཀྱི་འཁོར་དག་ཡིན། དུ་ཞིག་ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་སྤྱོད་ཡུལ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་ལྷག་པའི་ཚུལ་ཁྲིམས་ཀྱང་ཡིན། ལྷག་པའི་
ཚུལ་ཁྲིམས་ཀྱི་འཁོར་ཀྱང་ཡིན། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱང་ཡིན། དེ་དག་གི་སྤྱོད་ཡུལ་ཡང་ཡིན་ནོ། །མིང་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་འཁོར་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ཡིན་ནོ། །རྣམ་པར་རྟོག་པ་ནི་
ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཡིན་ལ། དེ་དག་གི་སྤྱོད་ཡུལ་དང་ལྷག་པའི་ཚུལ་ཁྲིམས་ཀྱི་འཁོར་ཀྱང་ཡིན་ནོ། །དེ་བཞིན་ཉིད་ནི་རྣམ་པ་གསུམ་ཆར་མ་ཡིན་ལ། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ཡིན་ནོ། །ཡང་དག་པའི་ཤེས་པ་ནི་
ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཡིན་ལ། དེ་གཉིས་ཀྱི་སྤྱོད་ཡུལ་དང་ལྷག་པའི་ཚུལ་ཁྲིམས་ཀྱི་འཁོར་ཀྱང་ཡིན་ནོ། །དུ་ཞིག་སློབ་པ་དག་ཡིན། དུ་ཞིག་མི་སློབ་པ་དག་ཡིན། དུ་ཞིག་སློབ་པ་ཡང་མ་ཡིན། མི་སློབ་པ་ཡང་མ་ཡིན་པ་དག་ཡིན་ཞེ་ན། སྨྲས་པ།
རྒྱུ་མཚན་དང་། རྣམ་པར་རྟོག་པ་ནི་རྣམ་པ་གསུམ་ཆར་ཡིན་ནོ། །མིང་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ། །དེ་བཞིན་ཉིད་ཀྱང་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ཏེ། འདུས་མ་བྱས་པའི་ཕྱིར་རོ། །ཡང་དག་པའི་ཤེས་པ་ནི་སློབ་པ་དང་མི་སློབ་པ་ཡིན་ནོ། །དུ་ཞིག་
མཐོང་བས་སྤང་བར་བྱ་བ་དག་ཡིན། དུ་ཞིག་བསྒོམས་པས་སྤང་བར་བྱ་བ་དག་ཡིན། དུ་ཞིག་སྤང་བར་བྱ་བ་མ་ཡིན་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་རྣམ་པ་ཐམས་ཅད་ཡིན་ནོ། །མིང་ནི་བསྒོམས་པས་སྤང་བར་བྱ་བ་ཡིན་ནོ། །རྣམ་པར་རྟོག་པ་ནི་མཐོང་བས་སྤང་བར་བྱ་བ་

དང་། བསྒོམས་པས་སྤང་བར་བྱ་བ་ཡིན་ནོ། །དེ་བཞིན་ཉིད་ནི་སྤང་བར་བྱ་བ་མ་ཡིན་ནོ། །ཡང་དག་པའི་ཤེས་པ་ནི་སྤང་བར་བྱ་བ་མ་ཡིན་པ་ཁོ་ན་ཡིན་ནོ། །རྒྱུ་མཚན་ལ་དམིགས་ནས་དྲན་པ་ཉེ་བར་གཞག་པ་དུ་ཞིག་སྒོམ་པར་བྱེད་ཅེ་ན། སྨྲས་པ། བཞི་ཆར་རོ། །མིང་ལ་དམིགས་
ནས་དུ་ཞིག་ཅེ་ན། སྨྲས་པ། གཅིག་སྟེ། ཆོས་དྲན་པ་ཉེ་བར་གཞག་པའོ། །རྣམ་པར་རྟོག་པ་ལ་དམིགས་ནས་དུ་ཞིག་ཅེ་ན། སྨྲས་པ། གསུམ་སྟེ། ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པའོ། །དེ་བཞིན་ཉིད་ལ་དམིགས་ནས་དུ་ཞིག་ཅེ་ན། སྨྲས་པ།
གཅིག་སྟེ། ཆོས་དྲན་པ་ཉེ་བར་གཞག་པའོ། །ལུས་ཀྱི་མཚན་མའི་དེ་བཞིན་ཉིད་ཡིད་ལ་བྱེད་པ་ན་ཡང་འདྲེས་པ་ལ་དམིགས་པའི་ཆོས་དྲན་པ་ཉེ་བར་གཞག་པ་སྒོམ་པར་བྱེད་དོ། །ཚོར་བ་དང་། སེམས་དང་། ཆོས་ཀྱིས་མཚན་ཉིད་དག་ལ་ཡང་དེ་བཞིན་ནོ། །ཡང་དག་པའི་ཤེས་
པ་ལ་དམིགས་ནས་དུ་ཞིག་ཅེ་ན། སྨྲས་པ། གསུམ་ཁོ་ན་སྟེ་རྣམ་པར་རྟོག་པ་བཞིན་ནོ། །རྒྱུ་མཚན་ལ་དམིགས་ནས་སྡིག་པ་མི་དགེ་བའི་ཆོས་སྐྱེས་སོ་ཅོག་སྤོང་བར་བརྗོད་པར་བྱའམ། མི་སྤོང་བར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྣམ་པར་གནོན་པའི་སྤོང་བས་སྤོང་བར་བརྗོད་པར་
བྱའི། བག་ལ་ཉལ་ཡང་དག་པར་འཇོམས་པའི་སྤོང་བས་ནི་མ་ཡིན་ནོ། །རྒྱུ་མཚན་ལ་ཇི་ལྟ་བ་བཞིན་དུ་མིང་དང་རྣམ་པར་རྟོག་པ་ཡང་དེ་བཞིན་ནོ། །དེ་བཞིན་ཉིད་ལ་དམིགས་པ་དང་། ཡང་དག་པར་ཤེས་པ་ལ་དམིགས་པ་དང་། བག་ལ་ཉལ་ཡང་དག་པར་འཇོམས་པའི་
སྤོང་བས་ཀྱང་སྤོང་བར་བརྗོད་པར་བྱའོ། །དངོས་པོ་ལྔ་པོ་དེ་དག་ལས་དངོས་པོ་དུ་ཞིག་ཡིད་ལ་བྱེད་པ་ན་འཇིག་རྟེན་པའི་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཅེ་ན། སྨྲས་པ། འདོད་པ་དང་ལྡན་པ་དང་། བསམ་གཏན་དང་པོའི་ས་པ་དང་ལྡན་པའི་རྒྱུ་མཚན་དང་། མིང་དང་རྣམ་
པར་རྟོག་པ་ཡིད་ལ་བྱེད་པ་ནའོ། །དེ་བཞིན་དུ་ས་འོག་མ་པ་དང་། བསམ་གཏན་གཉིས་པའི་ས་པ་དང་ལྡན་པའི་རྒྱུ་མཚན་དང་། མིང་དང་། རྣམ་པར་རྟོག་པ་ཡིད་ལ་བྱེད་པ་ན་འཇིག་རྟེན་པའི་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ། །བསམ་གཏན་དང་། གཟུགས་མེད་པའི་

སྙོམས་པར་འཇུག་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་རིག་པར་བྱའོ། །དངོས་པོ་དུ་ཞིག་ཡིད་ལ་བྱེད་པ་ན་འཇིག་རྟེན་ལས་འདས་པའི་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཅེ་ན། སྨྲས་པ། འདོད་པ་དང་ལྡན་པ་དང་། བསམ་གཏན་དང་པོའི་ས་
པ་དང་ལྡན་པའི་རྒྱུ་མཚན་དང་། མིང་དང་རྣམ་པར་རྟོག་པ་དེ་དག་ཉིད་ཀྱི་དེ་བཞིན་ཉིད་ཡིད་ལ་བྱེད་པ་ནའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུ་ཡང་དེ་བཞིན་དུ་ཅི་རིགས་པར་རིག་པར་བྱའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ནི་ངེས་པར་འཇིག་རྟེན་པ་ཁོ་ནས་སོ། །
འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་ལྡན་པའི་རྒྱུ་མཚན། ཅི་རྒྱུ་མཚན་དུ་བརྗོད་པར་བྱའམ་ཞེ་ན། སྨྲས་པ། མཚན་མ་མེད་པ་རྒྱུ་མཚན་དང་། ཆ་ཕྲ་བ་རྒྱུ་མཚན་དུ་བརྗོད་པར་བྱའོ། །དངོས་པོ་ལྔ་པོ་དེ་དག་ལ་དད་པ་ལ་སོགས་པའི་ཆོས་གང་དག་ཡིན་པ་དེ་དག་ངོ་བོ་
ཉིད་གང་དག་དང་། དམིགས་པ་གང་དག་དང་། བདག་པོ་གང་དག་གིས་དབང་པོའི་མིང་འཐོབ་ཅེ་ན། སྨྲས་པ། རྣམ་པར་རྟོག་པའི་ངོ་བོ་ཉིད་དང་། མིང་དང་རྒྱུ་མཚན་ལ་དམིགས་པ་དང་། དེ་བཞིན་ཉིད་དང་ཡང་དག་པའི་ཤེས་པའི་བདག་པོས་སོ། །དབང་པོའི་མིང་ཇི་ལྟ་བ་
བཞིན་དུ་སྟོབས་རྣམས་ཀྱི་མིང་ཡང་དེ་བཞིན་ནོ། །གནས་སྐབས་གང་ལ་སྟོབས་ཀྱི་མིང་འཐོབ་ཅེ་ན། སྨྲས་པ། གང་གི་ཚེ་དད་པ་ལ་སོགས་པའི་དབང་པོ་དེ་དག་ཉིད་མ་དད་པ་ལ་སོགས་པ་དང་མ་འདྲེས་ཤིང་མ་འདྲེས་པའི་ཆོས་ཉིད་དུ་གྱུར་པ་ནའོ། །དབང་པོ་དང་། སྟོབས་དག་ཇི་
ལྟ་བ་བཞིན་དུ་འཇིག་རྟེན་པའི་བྱང་ཆུབ་ཀྱི་ཡན་ལག་དྲན་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་ཀྱང་བྱང་ཆུབ་ཀྱི་ཕྱིར་ཡན་ལག་ཡིན་པས་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་པར་བལྟ་བར་བྱའོ། །འཇིག་རྟེན་ལས་འདས་པའི་བྱང་ཆུབ་ཀྱི་ཡན་ལག་དྲན་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་
བྱང་ཆུབ་ཀྱི་ཡན་ལག་ཡིན་པས་ཡང་དག་པའི་ཤེས་པའི་ངོ་བོ་ཉིད་དང་། དེ་བཞིན་ཉིད་ལ་དམིགས་པ་དང་། རྣམ་པར་གཞག་པའི་བདེན་པ་རྟོག་པའི་བདག་པོ་ཡིན་པར་བལྟ་བར་བྱའོ། །ཡང་དག་པའི་ལྟ་བ་ལ་སོགས་པ་ལམ་གྱི་ཡན་ལག་རྣམས་ཀྱང་གང་དག་འཇིག་རྟེན་པ་ཡིན་པ་

དེ་དག་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །གང་དག་འཇིག་རྟེན་ལས་འདས་པ་དེ་དག་ནི་ཡང་དག་པའི་ཤེས་པ་ལས་ཚུལ་ཁྲིམས་ཀྱི་ཡན་ལག་མ་རྟོགས་པའི་ངོ་བོ་ཉིད་དང་། རྣམ་པར་མ་བཞག་པའི་བདེན་པ་དང་། རྣམ་པར་བཞག་པའི་དེ་བཞིན་ཉིད་ལ་དམིགས་པ་དང་། ཟག་པ་ཐམས་
ཅད་ཟད་པ་མངོན་དུ་བྱ་བ་དང་། ཚེ་འདི་ལ་བདེ་བར་གནས་པའི་བདག་པོ་ཡིན་ནོ། །ལམ་གྱི་ཡན་ལག་རྣམས་ཇི་ལྟ་བ་བཞིན་དུ། ལམ་དང་། ཆོས་ཀྱི་གཞི་དང་། ཞི་གནས་དང་། ལྷག་མཐོང་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དེ་ལ་ལམ་ནི། དབང་པོ་རྟུལ་པོ་དང་། རྣོན་པོ་དང་།
རྣམ་པར་གཞག་པ་དང་། ཚེ་འདི་ལ་བདེ་བར་གནས་པ་ཐོབ་པ་དང་། མ་ཐོབ་པ་ལས་རྣམ་པར་གཞག་གོ། །ཆོས་ཀྱི་གཞི་རྣམས་ནི་བརྡར་བཏགས་པ་དང་། དོན་དམ་པ་པའི་ཆོས་འཛིན་པ་ལས་རྣམ་པར་གཞག་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བརྡར་བཏགས་པའི་དམ་པའི་ཆོས་
འཛིན་པ་ལས་ནི་དང་པོ་གཉིས་རྣམ་པར་གཞག་གོ། །ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་དོན་དམ་པ་པའི་ཆོས་འཛིན་པ་ལས་ནི་ཐ་མ་གཉིས་རྣམ་པར་གཞག་གོ། །ཞི་གནས་དང་། ལྷག་མཐོང་ནི་དམིགས་པ་ལས་མི་གཡོ་བ་དང་། དེ་ལ་ཡོངས་སུ་རྟོག་པའི་དོན་གྱིས་
རྣམ་པར་གཞག་གོ། །མཚན་མ་དང་གནས་ངན་ལེན་གྱི་འཆིང་བ་གཉིས་ལས་རྣམ་པར་གྲོལ་བའི་དབང་གིས་རྣམ་པར་ཐར་པ་བརྒྱད་དེ། དངོས་པོ་ལྔ་པོ་དེ་དག་ལ་རྣམ་པར་ཐར་པ་བརྒྱད་ཀྱི་ངོ་བོ་ཉིད་ནི་གང་དག་ཡིན། དམིགས་པ་ནི་གང་དག་ཡིན། བདག་པོ་ནི་གང་དག་ཡིན་ཞེ་
ན། སྨྲས་པ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ཤེས་པའི་ངོ་བོ་ཉིད་དོ། །དང་པོ་དང་གཉིས་པ་ནི་གཟུགས་ཀྱི་ཁ་དོག་གི་མཚན་མ་དང་། དེ་བཞིན་ཉིད་ལ་དམིགས་པ་ཡིན་ནོ། །གསུམ་པ་ནི་གཟུགས་ཉིད་ཀྱི་ཕན་འདོགས་པའི་མཚན་མ་དང་།
དེའི་དེ་བཞིན་ཉིད་ཀྱི་མཚན་མ་ལ་དམིགས་པ་ཡིན་ནོ། །བཞི་ནི་རང་གི་མཚན་མ་ལ་དམིགས་པ་དང་། དེ་དག་གི་དེ་བཞིན་ཉིད་ཀྱི་མཚན་མ་ལ་དམིགས་པ་ཡིན་ནོ། །ཐ་མ་ནི་དམིགས་པ་མེད་པ་ཡིན་ནོ། །ཐམས་ཅད་ཀྱང་འཕགས་པའི་རྫུ་འཕྲུལ་གྱི་ཡོན་ཏན་མངོན་པར་སྒྲུབ་པ་

ལ་བདག་པོ་ཡིན་ནོ། །དེ་དག་ཀྱང་གཟུགས་ཀྱི་མཚན་མ་དང་། གཟུགས་མེད་པའི་མཚན་མ་ལ་དབང་པོའི་སྒྲིབ་པས་བསྒྲིབས་པའི་རྣལ་འབྱོར་པས་སྒྲིབ་པ་དེ་དག་སྤང་བའི་ཕྱིར་རྩོམ་པར་བྱེད་དོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཀྱི། དང་པོ་བཞི་ནི་འདི་
ལྟ་སྟེ། དཔེར་ན་རྣམ་པར་ཐར་པ་དང་པོ་གཉིས་དང་འདྲའོ། །ཐ་མ་བཞི་ནི་འདི་ལྟ་སྟེ། དཔེར་ན་རྣམ་པར་ཐར་པ་གསུམ་པ་དང་འདྲའོ། །གཟུགས་ཟིལ་གྱིས་གནོན་པར་དཀའ་བའི་ཕྱིར་གཟུགས་དེ་ཟིལ་གྱིས་ནོན་ན། གཟུགས་མེད་པ་ཟིལ་གྱིས་གནོན་པའི་དབང་ཡང་འཐོབ་
པའི་ཕྱིར་རོ། །ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་བར་བྱེད་དོ་ཞེས་གང་གསུངས་པ་དེ་ལ། འཕགས་པས་ནི་གཟུགས་ཀྱི་མཚན་མ་དང་། དེ་བཞིན་ཉིད་ཡིད་ལ་བྱེད་པས་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་ངོ་། །སོ་སོའི་སྐྱེ་བོའི་
ནི་དེ་ལྟ་མ་ཡིན་ནོ། །སོ་སོ་སྐྱེ་བོས་ཇི་ལྟར་ཟིལ་གྱིས་གནོན་ཞེ་ན། སྨྲས་པ། འདུ་ཤེས་གསུམ་གྱིས་ཏེ། གཟུགས་སྡུག་པ་དང་། མི་སྡུག་པ་ལ་གཅིག་ལ་གཅིག་ལྟོས་པའི་འདུ་ཤེས་དང་། གཅིག་ལ་གཅིག་ལྟོས་པའི་ཕྱིར་གཅིག་ལ་གཅིག་འབྲེལ་པའི་འདུ་ཤེས་དང་། གཅིག་
ལ་གཅིག་འབྲེལ་པའི་ཕྱིར་གཟུགས་སྡུག་པ་དང་མི་སྡུག་པ་ལ་སྡུག་པར་རོ་གཅིག་པའི་འདུ་ཤེས་ཀྱིས་སོ། །དེ་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱི་ཟིལ་གྱིས་གནོན་པ་ཐ་མ་དེ་ནི་འཕགས་པ་རྣམས་དང་ཐུན་མོང་བ་ཡང་ཡིན་ནོ། །ཟད་པར་གྱི་སྐྱེ་མཆེད་བཅུ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱི་
སྟོབས་ཀྱིས་བལྟ་བར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། འབྱུང་བའི་མཚན་མ་ལ་དམིགས་པ་དང་། དེ་དག་གིས་དེ་བཞིན་ཉིད་ཀྱི་མཚན་མ་ལ་དམིགས་པ་གང་དག་ཡིན་པ་དང་། ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་མཚན་མ་ལ་དམིགས་པ་དང་། དེ་
དག་གི་དེ་བཞིན་ཉིད་ཀྱི་མཚན་མ་ལ་དམིགས་པ་ཡིན་ནོ། །གཞན་དུ་ན་གནས་མ་ཁྱབ་པར་གནས་པ་ཁྱབ་པར་མི་འགྱུར་ཏེ། དམིགས་པ་དེ་ནི་དེ་བཞིན་ཉིད་ཀྱི་མཚན་མ་ཡིད་ལ་བྱེད་པས་ཟད་པར་ལས་ཁྱབ་པར་བརྗོད་པར་བྱའོ། །ཟིལ་གྱིས་གནོན་པ་དང་ཟད་པར་ཁྱད་པར་བྱེད་པ་

འདི་གཉིས་ཀྱིས་ནི་རྣམ་པར་ཐར་པར་རྣམ་པར་དག་པ་དང་། འཕགས་པའི་རྫུ་འཕྲུལ་གྱི་ཡོན་ཏན་མངོན་པར་སྒྲུབ་པར་བྱེད་དོ།། །།བམ་པོ་སུམ་ཅུ་བཞི་པ། སྡོམ་ནི། བསྡུ་དང་ངོ་བོ་ཉིད་དང་ནི། །གཟུང་དང་འཇིག་ཚོགས་སྲིད་པ་དང་། །འཇིག་རྟེན་དེ་ཉིད་ཡོངས་
ཚོལ་དང་། །ཡང་དག་དགོངས་དང་གོ་རིམས་སོམོ། །རྒྱུ་མཚན་བདེན་པ་དུ་དག་གིས་བསྡུས་ཤེ་ན། སྨྲས་པ། རྣམ་པར་གཞག་པའི་བདེན་པ་བཞིས་སོ། །མིང་ནི་གཅིག་གིས་ཏེ། སྡུག་བསྔལ་གྱི་བདེན་པས་སོ། །རྣམ་པར་རྟོག་པ་ནི་འགོག་པའི་བདེན་པ་མ་གཏོགས་
པ་གསུམ་གྱིས་སོ། །དེ་བཞིན་ཉིད་ནི་རྣམ་པར་མ་བཞག་པའི་བདེན་པ་བཞིས་སོ། །ཡང་དག་པའི་ཤེས་པ་ནི་རྣམ་པར་མ་བཞག་པ་དང་། རྣམ་པར་བཞག་པའི་བདེན་པ་ལ་དམིགས་པའི་ལམ་གྱི་བདེན་པས་བསྡུས་སོ། །རྒྱུ་མཚན་གང་ཡིན་པ་དེ་མིང་ཡང་ཡིན་ལ། མིང་
གང་ཡིན་པ་དེ་ཡང་རྒྱུ་མཚན་ཡིན་ནམ་ཞེ་ན། རེ་ཞིག་མིང་གང་ཡིན་པ་དེ་ནི་རྒྱུ་མཚན་ཡིན་ནོ། །རྒྱུ་མཚན་ཡིན་ལ་མིང་མ་ཡིན་པ་ཡང་ཡོད་དེ། མིང་རྒྱུ་མཚན་མ་གཏོགས་པ་དེ་ལས་གཞན་པའི་རྒྱུ་མཚན་བཞི་པོ་དག་གོ། །ལྷག་མ་རྣམས་ཀྱང་དེ་བཞིན་དུ་ཅི་རིགས་པར་རིག་
པར་བྱའོ། །རྒྱུ་མཚན་གང་ཡིན་པ་དེ་ཐམས་ཅད་རྒྱུ་མཚན་རྒྱུ་མཚན་ཡང་ཡིན་ལ། རྒྱུ་མཚན་རྒྱུ་མཚན་གང་ཡིན་པ་དེ་ཐམས་ཅད་ཀྱང་རྒྱུ་མཚན་ཡིན་ནམ་ཞེ་ན། རེ་ཞིག་རྒྱུ་མཚན་རྒྱུ་མཚན་གང་ཡིན་པ་དེ་ནི་རྒྱུ་མཚན་ཡིན་ནོ། །རྒྱུ་མཚན་ཡིན་ལ་རྒྱུ་མཚན་རྒྱུ་མཚན་མ་ཡིན་
པ་ཡང་ཡོད་དེ། མིང་རྒྱུ་མཚན་ལ་སོགས་པ་བཞི་པོ་དག་གོ། །རྒྱུ་མཚན་རྒྱུ་མཚན་ལ་རྣམ་པར་རྟོག་པར་བྱེད་པ་གང་ཡིན་པ་དེ་ཐམས་ཅད་མིང་དང་རྒྱུ་མཚན་དང་ལྡན་པའི་འབྲེལ་པ་ལ་རྣམ་པར་རྟོག་པར་བྱེད་པ་ཡིན་ནམ། མིང་རྒྱུ་མཚན་ལ་རྣམ་པར་རྟོག་པར་བྱེད་པ་གང་ཡིན་པ་དེ་
ཐམས་ཅད་རྒྱུ་མཚན་རྒྱུ་མཚན་དང་ལྡན་པའི་འབྲེལ་བ་ལ་རྣམ་པར་རྟོག་པར་བྱེད་པ་ཡིན་ནམ་ཞེ་ན། མུ་བཞི་སྟེ། རྒྱུ་མཚན་རྒྱུ་མཚན་ལ་རྣམ་པར་རྟོག་པར་བྱེད་ལ། མིང་རྒྱུ་མཚན་དང་ལྡན་པའི་འབྲེལ་པ་ལ་རྣམ་པར་རྟོག་པར་བྱེད་པ་མ་ཡིན་པ་ཡང་ཡོད་དེ། མིང་མ་རྟོགས་པའི་རྒྱུ་

མཚན་ལ་རྣམ་པར་རྟོག་པའི་རྒྱུ་མཚན་དང་། མིང་གི་བག་ལ་ཉལ་བསལ་བ་གང་ཡིན་པའོ། །མིང་རྒྱུ་མཚན་ལ་རྣམ་པར་རྟོག་པར་བྱེད་པ་རྒྱུ་མཚན་རྒྱུ་མཚན་དང་ལྡན་པའི་འབྲེལ་པ་ལ་རྣམ་པར་རྟོག་པར་མི་བྱེད་པ་ཡང་ཡོད་དེ། དངོས་པོ་མ་རྟོགས་པའི་མིང་ལ་
རྣམ་པར་རྟོག་པའི་རྒྱུ་མཚན་གང་ཡིན་པའོ། །དེ་ལས་བཟློག་པ་ནི་གཉི་ག་ཡིན་ནོ། །རྣམ་པ་དེ་དག་མ་གཏོགས་པ་ནི་གཉི་ག་མ་ཡིན་ནོ། །དེ་བཞིན་ཉིད་ཡིད་ལ་བྱེད་པ་གང་ཡིན་པ་དེས་དེ་བཞིན་ཉིད་ཁོ་ན་མཐོང་བར་འགྱུར་རམ། དེ་བཞིན་ཉིད་མཐོང་བར་འགྱུར་བ་གང་ཡིན་པ་
དེ་དེ་བཞིན་ཉིད་ཁོ་ན་ཡིད་ལ་བྱེད་པ་ཡིན་ཞེ་ན། མུ་བཞི་སྟེ། དེ་བཞིན་ཉིད་ཡིད་ལ་བྱེད་ལ་དེ་བཞིན་ཉིད་མཐོང་བར་མི་འགྱུར་བ་ཡང་ཡོད་དེ། རྣམ་པར་རྟོག་པས་བསྡུས་པའི་ཡིད་ལ་བྱེད་པས་དེ་བཞིན་ཉིད་ཡིད་ལ་བྱེད་པ་ན། ཇི་སྲིད་དུ་མ་རྟོགས་ཀྱི་བར་དུ་དེ་བཞིན་ཉིད་ཀྱི་མཚན་
མ་ནི་མཐོང་བར་འགྱུར། དེ་བཞིན་ཉིད་ནི་མཐོང་བར་མི་འགྱུར་ཞིང་རྟོགས་པར་མི་འགྱུར་བའི་བར་དང་། རྟོགས་པར་གྱུར་ན་ཡང་དེའི་འོག་ཏུ་རྣམ་པར་གཞག་པའི་དེ་བཞིན་ཉིད་ཡིད་ལ་བྱེད་པའོ། །དེ་བཞིན་ཉིད་མཐོང་བར་འགྱུར་བ་ལ་དེ་བཞིན་ཉིད་ཡིད་ལ་མི་བྱེད་པ་ཡང་ཡོད་
དེ། དེ་བཞིན་ཉིད་རྟོགས་པར་བྱེད་པའི་ཚེ་ན་དོན་དམ་པར་མཚན་མ་མེད་པ་ཡིད་ལ་བྱེད་པའོ། །དེ་བཞིན་ཉིད་ཀྱང་མཐོང་ལ་དེ་བཞིན་ཉིད་ཁོ་ན་ཡིད་ལ་བྱེད་པར་འགྱུར་བ་ཡང་ཡོད་དེ། རྟོག་པའི་འོག་ཏུ་རྣམ་པར་མ་བཞག་པའི་དེ་བཞིན་ཉིད་རྒྱུན་དུ་ཡིད་ལ་བྱེད་པའོ། །དེ་བཞིན་
ཉིད་ཀྱང་མི་མཐོང་བ་དེ་བཞིན་ཉིད་ཡིད་ལ་བྱེད་པར་ཡང་མི་འགྱུར་བ་ཡང་ཡོད་དེ། རིགས་པས་བསྐྱེད་པ་མེད་པའི་ཡིད་ལ་བྱེད་པས་མཚན་མ་ཡིད་ལ་བྱེད་པའོ། །མཚན་མ་ཡིད་ལ་བྱེད་པ་གང་ཡིན་པ་དེས། མཚན་མ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་
རམ། མཚན་མ་ཡང་དག་པར་རྗེས་སུ་མཐོང་བ་དེས་མཚན་མ་ཉིད་ཡིད་ལ་བྱེད་ཅེ་ན། མུ་བཞི་སྟེ། མཚན་མ་ཡིད་ལ་བྱེད་ལ་མཚན་མ་མཐོང་བར་མི་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ། དཔེར་ན་མུ་གཉིས་པ་ལྟ་བུའོ། །མཚན་མ་མཐོང་ལ་མཚན་མ་ཡིད་ལ་བྱེད་པར་

མི་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ། དཔེར་ན་མུ་དང་པོ་ལྟ་བུའོ། །མཚན་མ་ཡང་ཡིད་ལ་བྱེད་ལ་མཚན་མ་ཉིད་མཐོང་བར་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ། དཔེར་ན་མུ་བཞི་པ་ལྟ་བུའོ། །མཚན་མ་ཡང་ཡིད་ལ་བྱེད་ལ་མཚན་མ་མཐོང་བར་མི་འགྱུར་བ་ཡང་ཡོད་དེ།
འདི་ལྟ་སྟེ། དཔེར་ན་མུ་གསུམ་པ་ལྟ་བུའོ། །ཅི་དངོས་པོ་ལྔ་པོ་དེ་དག་གིས་ཆོས་ཐམས་ཅད་བསྡུས་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེ་ན། སྨྲས་པ་ཡིན་ནོ། །ཆོས་དེ་དག་གིས་ངོ་བོ་ཉིད་གང་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་ནོ། །དེ་དག་གི་
མཚན་ཉིད་ཇི་ལྟ་བུ་ཡིན་པར་བལྟ་བར་བྱ་ཞེ་ན། སྨྲས་པ། སྒྱུ་མ་ལྟ་བུའི་མཚན་ཉིད་ཡིན་གྱི། མེད་པ་ཉིད་ནི་མ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན་སྒྱུ་མའི་ལས་ཉིད་ཀྱིས་ནི་ཡོད་ལ། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། ནོར་བུ་དང་། མུ་ཏིག་དང་། གསེར་
དང་། དངུལ་ལ་སོགས་པའི་ངོ་བོ་ཉིད་དུ་ནི་ཡོད་པ་མ་ཡིན་པ་དེ་བཞིན་དུ་ངོ་བོ་ཉིད་ཀྱང་མིང་དང་མཚན་མ་ཙམ་ཉིད་དུ་ནི་ཡོད་ལ། ངོ་བོ་ཉིད་དང་། ཁྱད་པར་དུ་གདགས་པར་སྣང་བའི་དངོས་པོར་ནི་ཡོད་པ་མ་ཡིན་ནོ། །རྒྱུ་མཚན་རྒྱུ་མཚན་ཞེས་བྱ་བའི་མིང་དེས་རྒྱུ་མཚན་གྱིས་ངོ་བོ་ཉིད་
དམིགས་སུ་མེད་དོ། །རྒྱུ་མཚན་ཇི་ལྟ་བ་དེ་བཞིན་དུ་མིང་གིས་མིང་གི་ངོ་བོ་ཉིད་དང་། རྣམ་པར་རྟོག་པས་རྣམ་པར་རྟོག་པའི་ངོ་བོ་ཉིད་དང་། དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དང་། ཡང་དག་པའི་ཤེས་པས་ཡང་དག་པའི་ཤེས་པ་ཞེས་བྱ་བའི་མིང་དེས་ཡང་དག་པའི་ཤེས་
པའི་ངོ་བོ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ངོ་བོ་ཉིད་རྣམ་པ་ཐམས་ཅད་དུ་མི་འཐད་པའི་ཕྱིར་རོ། །གལ་ཏེ་ངོ་བོ་ཉིད་གང་གིས་རྒྱུ་མཚན་རྣམ་པར་གཞག་པ་དེ་ལ་དེ་དང་མཐུན་པ་ཉིད་ཀྱི་མིང་ཉེ་བར་འདོགས་པར་བྱེད་པའི་ཕྱིར་ཉེ་བར་འདོགས་པ་ནི་རྒྱུ་མཚན་ལ་རག་ལས་
པ་ཡིན་ནོ་ཞེ་ན། དེས་ན་ཉེ་བར་འདོགས་པའི་སྔོན་རོལ་ན། ཇི་ལྟར་མིང་རྣམ་པར་གཞག་པ་བཞིན་དུ་རྒྱུ་མཚན་ལ་དེའི་བློ་འབྱུང་བར་འགྱུར་བ་དང་། རྒྱུ་མཚན་གཅིག་ལ་ཡང་ཉེ་བར་འདོགས་པ་མང་བའི་ཕྱིར་དང་། སྣ་ཚོགས་པའི་ཕྱིར་བདག་ཉིད་མང་པོ་འཐོབ་པར་འགྱུར་བས།

དེའི་ཕྱིར་ཉེ་བར་འདོགས་པ་རྒྱུ་མཚན་ལ་རག་ལས་པར་མི་རུང་ངོ་། །གལ་ཏེ་ཇི་ལྟར་རྒྱུ་མཚན་ལ་མིང་རྣམ་པར་འཇོག་པར་བྱེད་པ་དེ་བཞིན་དུ་མིང་གི་དབང་གིས་རྒྱུ་མཚན་གྱི་ངོ་བོ་དེ་ཉིད་འབྱུང་བར་འགྱུར་རོ་ཞེ་ན། དེས་ན་ཉེ་བར་འདོགས་པའི་སྔོན་རོལ་ན་རྒྱུ་མཚན་གྱི་ངོ་
བོ་ཉིད་མེད་པར་འགྱུར་ཏེ། དེ་མེད་ན་ཉེ་བར་འདོགས་པ་ཡང་མེད་པར་འགྱུར་བས་དེའི་ཕྱིར་དེ་གཉི་ག་ཡང་མེད་པར་ཐལ་བར་འགྱུར་བ་དང་། ཉེ་བར་འདོགས་པ་མང་བའི་ཕྱིར་དང་། སྣ་ཚོགས་པའི་ཕྱིར་བདག་ཉིད་མང་པོ་ཉིད་དང་། གཞན་གྱི་དབང་དུ་འགྱུར་བའི་སྐྱོན་དུ་
ཡང་འགྱུར་རོ། །གཞན་གྱི་དབང་དུ་འགྱུར་བ་ནི་རྒྱུ་མཚན་ལ་ཉེ་བར་འདོགས་པས་དེའི་ཕྱིར་ཉེ་བར་འདོགས་པ་ཐམས་ཅད་ཀྱིས། དེའི་བདག་ཉིད་ཀྱི་ངོ་བོ་ཉིད་ཡིན་པར་མི་རུང་སྟེ། སྒྱུ་མའི་སྐྱེས་བུའི་ལུས་སྣ་ཚོགས་གྲུབ་པ་དང་འདྲ་སྟེ། འདི་ལྟ་སྟེ། དཔེར་ན་སྒྱུ་མ་མཁན་
གྱིས་སྐྱེས་པ་དང་། བུད་མེད་དང་། གླང་པོ་ཆེ་དང་། རྟ་དང་། དོམ་དང་། དྲེད་ཀྱི་ལུས་ལ་སོགས་པའི་ལུས་སྣ་ཚོགས་ཀྱིས་སྒྱུ་མའི་སྐྱེས་བུ་མངོན་པར་འདུ་བྱེད་པ་དེ་ནི་ལུས་གང་གི་བདག་ཉིད་ཀྱང་མ་ཡིན་པ་དེ་བཞིན་དུ། རྒྱུ་མཚན་ཡང་ཉེ་བར་འདོགས་པ་ཐམས་ཅད་ཀྱིས་
དེའི་བདག་ཉིད་མ་ཡིན་པར་བལྟ་བར་བྱའོ། །གལ་ཏེ་རྒྱུ་མཚན་དང་ཉེ་བར་འདོགས་པ་གཉི་ག་འདུས་པས་དེ་དང་བྲལ་བའི་ངོ་བོ་ཉིད་སྐྱེད་པར་བྱེད་ན་ནི་དེས་ན་དེའི་རྒྱུ་མཚན་ནམ། མིང་ངམ། དེ་གཉི་གའམ། བར་མ་དོ་ཞིག་ཡིན་པར་དམིགས་པའི་རིགས་ནི་མི་དམིགས་ཏེ། དེའི་
ཕྱིར་དེ་ཡང་མི་རུང་ངོ་། །དེ་ལྟ་བས་ན་ངོ་བོ་ཉིད་ནི་ཐ་སྙད་ལས་བྱུང་བ་ཡིན་ནོ། །གལ་ཏེ་ཉེ་བར་འདོགས་པ་ནི་ངོ་བོ་ཉིད་རྣམས་ཀྱི་མངོན་པར་གསལ་བར་བྱེད་པ་ཡིན་པར་འདོད་ན། དེ་ལྟར་ཡང་མི་རུང་སྟེ། བཟུང་ནས་སམ། མ་བཟུང་བར་ཉེ་བར་འདོགས་པའི་སྐྱོན་དུ་འགྱུར་
བའི་ཕྱིར་རོ། །གལ་ཏེ་རྒྱུ་མཚན་བཟུང་ནས་ཉེ་བར་འདོགས་པར་བྱེད་ན་ནི་མངོན་པར་གསལ་བར་བྱེད་པ་ཡིན་པར་མི་རུང་ངོ་། །ཇི་སྟེ་རྒྱུ་མཚན་མ་བཟུང་བར་ཉེ་བར་འདོགས་པར་བྱེད་ན་ནི་གཞི་མེད་པར་ཉེ་བར་འདོགས་པ་མི་རུང་ངོ་། །སྔ་མ་བཞིན་དུ་བདག་ཉིད་དུ་མ་ཡིན་པའི་སྐྱོན་དུ་

ཡང་འགྱུར་ཏེ། ཉེ་བར་འདོགས་པ་རྣམས་ནི་མང་པོ་སྣ་ཚོགས་ཡིན་པའི་ཕྱིར་རོ། །གསལ་བར་བྱེད་པའི་དཔེ་ནི་མི་མཐུན་པ་ཡིན་པས་མི་རུང་སྟེ། དེ་ལ་མི་མཐུན་པ་ནི་འདི་ཡིན་ཏེ། སྣང་ཞིང་མངོན་པར་གསལ་བར་བྱེད་པའི་རྒྱུ་ནི་ཐམས་ཅད་ལ་བྱེ་བྲག་མེད་པ་དང་། སྣ་
ཚོགས་པ་ཡང་ཡིན་ལ་ཉེ་བར་འདོགས་པ་ནི་དེ་ལྟར་འཛིན་པའི་རྒྱུ་ནི་དེ་ལྟ་མ་ཡིན་པའོ། །གང་གི་ཕྱིར་བརྗོད་དུ་མེད་པར་བརྗོད་པ་ཡང་བརྗོད་དུ་མེད་པ་ཞེས་བྱ་བར་བརྗོད་པར་སྣང་བ་དེའི་ཕྱིར། བརྗོད་དུ་མེད་པ་ཞེས་བྱ་བར་མི་རུང་ལ། སྒྱུ་མའི་སྐྱེས་བུ་ལུས་སྣ་ཚོགས་སུ་གྲུབ་པ་དེ་དག་
གིས་དེའི་བདག་ཉིད་མ་ཡིན་ཡང་། སྒྱུ་མའི་སྐྱེས་བུ་ལུས་སྣ་ཚོགས་སུ་གྲུབ་པ་དེའི་བདག་ཉིད་ཡིན་པས། དེའི་ཕྱིར་ཡང་དཔེ་མི་མཐུན་པ་ཡིན་ནོ་ཞེ་ན། སྨྲས་པ།བརྗོད་དུ་མེད་པ་དེ་བརྗོད་དུ་མེད་དོ་ཞེས་དམ་བཅས་པའི་ཚེ་ཁོ་ན་ན་དགག་པ་བྱས་ཟིན་པས་དེ་ལ་ཉེས་པ་མེད་དོ། །དོན་
དེ་ཉིད་རྟོགས་པར་བྱ་བའི་ཕྱིར་སྦྱོར་བར་བྱེད་པ་ཡིན་ནོ། །འདྲ་བའི་ཕྱིར་དཔེ་མི་མཐུན་པ་ཡང་མ་ཡིན་ལ་ཉེ་བར་འདོགས་པ་དག་གིས་དེའི་བདག་ཉིད་ཀྱང་མ་ཡིན་ཞིང་། བརྗོད་དུ་མེད་པའི་དོན་མེད་པ་ཡང་མ་ཡིན་ནོ། །གལ་ཏེ་མིང་གིས་ཉེ་བར་འདོགས་པར་བྱེད་ན་ནི་རྒྱུ་མཚན་གྱི་དངོས་པོ་སྲིད་
པར་འགྱུར་ལ། མི་བྱེད་ན་ནི་མི་སྲིད་པར་འགྱུར་ན་ནི་དེ་ལྟ་ན་ཆོས་མཐུན་པའི་དཔེ་ཡང་རུང་བར་འགྱུར་ལ། བརྗོད་དུ་མེད་པར་རྟོག་པ་ཡང་རིགས་པར་འགྱུར་རོ། །གལ་ཏེ་དེ་ལྟ་མ་ཡིན་ན། དེའི་ཕྱིར་བརྗོད་དུ་མེད་པར་རྟོག་པ་ནི་དོན་མེད་པ་ཡིན་ནོ་ཞེ་ན། སྨྲས་པ། སའི་དངོས་
གཞིར་རྣམ་པར་རྟོག་པ་སྔ་མ་རྣམ་པ་བརྒྱད་ལས་ད་ལྟར་བྱུང་བའི་དངོས་པོ་རྣམ་པ་གསུམ་འབྱུང་བར་འགྱུར་རོ་ཞེས་ཇི་སྐད་བསྟན་པ་ཡིན་ཏེ། འབྱུང་བའི་དངོས་པོ་རྣམ་པ་གསུམ་པོ་དེ་ཡང་རྣམ་པར་རྟོག་པ་རྣམས་ཀུན་ཏུ་སྐྱེད་པའི་ཕྱིར་འབྱུང་བ་ཡིན་ཏེ། དེ་ལྟར་འབྲེལ་པའི་ཚུལ་གྱིས་ཀུན་
ནས་ཉོན་མོངས་པ་རྒྱུན་མི་འཆད་པར་འགྱུར་བས་དེའི་ཕྱིར་དཔེ་ནི་ཆོས་མཐུན་པ་ཡིན་ནོ། །རྣམ་པར་རྟོག་པའི་ཉེ་བར་འདོགས་པ་སྤངས་ན། ཀུན་ནས་ཉོན་མོངས་པ་ལྡོག་པ་ཡང་རུང་སྟེ། དེ་ནི་འཕགས་པའི་ཡེ་ཤེས་ཀྱིས་དམིགས་པ་ཡིན་པས། དེ་ཡང་ཚད་མ་ཡིན་ཏེ། དེའི་ཕྱིར་

བརྗོད་དུ་མེད་པར་རྟོག་པ་དོན་མེད་པ་མ་ཡིན་ནོ། །གལ་ཏེ་རྒྱུ་མཚན་གྱི་དངོས་པོ་རྣམ་པར་གཞག་པའི་ཕྱིར་རྣམ་པར་རྟོག་པའི་ཉེ་བར་འདོགས་པ་སྤོང་བ་ཡིན་ན། དེ་ལྟ་ན་འཕགས་པའི་ཡེ་ཤེས་གང་ཡང་རུང་བ་གཅིག་གིས་རྒྱུ་མཚན་དང་རྣམ་པར་རྟོག་པས་བསྡུས་
པའི་སེམས་ཅན་དང་། སེམས་ཅན་དུ་བགྲང་བ་མ་ཡིན་པའི་དངོས་པོ་ཐམས་ཅད་འགོག་པར་ཐལ་བར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་སྒྱུ་མ་མཁན་དང་སྒྱུ་མའི་ལས་བཞིན་ནོ་ཞེ་ན། སྨྲས་པ། དངོས་པོ་ནི་རྣམ་པར་རྟོག་པ་ཐུན་མོང་མ་ཡིན་པའི་རྒྱུ་ལས་བྱུང་བ་དང་། རྣམ་པར་རྟོག་
པ་ཐུན་མོང་བའི་རྒྱུ་ལས་བྱུང་བ་ཡིན་པས། རྣམ་པར་རྟོག་པ་ཐུན་མོང་མ་ཡིན་པའི་རྒྱུ་ལས་བྱུང་བ་རྣམ་པར་བརྟགས་པ་གང་ཡིན་པ་དེ་ནི་འགོག་པར་འགྱུར་ལ། རྣམ་པར་རྟོག་པ་ཐུན་མོང་བའི་རྒྱུ་ལས་བྱུང་བ་རྣམ་པར་མ་བརྟགས་པ་གང་ཡིན་པ་དེ་ནི་གཞན་གྱི་རྣམ་པར་རྟོག་པས་ཟིན་
པ་ཡིན་པས་མི་འགོག་སྟེ། གཞན་དུ་ན་གཞན་གྱི་རྣམ་པར་རྟོག་པ་དོན་མེད་པར་འགྱུར་རོ། །དེ་མ་འགགས་ན་ཡང་རྣམ་པར་དག་པའི་བདག་ཉིད་ཅན་གྱི་མཐོང་བ་རྣམ་པར་དག་པར་འགྱུར་བར་ཁོང་དུ་ཆུད་པར་བྱ་སྟེ། འདི་ལྟ་སྟེ། དཔེར་ན་རྣལ་འབྱོར་པ་རབ་ཏུ་མང་པོས་དངོས་པོ་གཅིག་
ལ་མཉམ་པར་གཞག་པའི་ཤེས་པས་སྣ་ཚོགས་སུ་མོས་པར་བྱེད་པ་དག་ལ་མཐོང་བ་སྣ་ཚོགས་དག་དམིགས་པར་འགྱུར་བ་དེ་དང་འདྲའོ། །དངོས་པོ་ལྔ་པོ་དེ་དག་ལས་དུ་ཞིག་གཟུང་བ་དག་ཡིན། དུ་ཞིག་འཛིན་པ་དག་ཡིན་ཞེ་ན། སྨྲས་པ། གསུམ་ནི་གཟུང་བ་ཡིན་ནོ། །རྣམ་
པར་རྟོག་པ་དང་ཡང་དག་པའི་ཤེས་པ་ནི་འཛིན་པ་ཡང་ཡིན། གཟུང་བ་ཡང་ཡིན་ནོ། །དངོས་པོ་ལྔ་པོ་དག་ལ་མདོར་བསྡུ་ན་རྣམ་པ་དུ་ཞིག་འཛིན་པའི་སྤྱོད་ཡུལ་གྱི་དོན་ཡིན་པར་བལྟ་བར་བྱ་ཞེ་ན། སྨྲས་པ། རྣམ་པ་གསུམ་སྟེ། བརྗོད་པ་དང་བཅས་ཤིང་མཚན་མ་དང་བཅས་
པའི་འཛིན་པའི་སྤྱོད་ཡུལ་དང་། བརྗོད་དུ་མེད་ལ་མཚན་མ་དང་བཅས་པའི་འཛིན་པའི་སྤྱོད་ཡུལ་དང་། མཚན་མ་མེད་པ་འཛིན་པའི་སྤྱོད་ཡུལ་ལོ། །དེ་ལ་དང་པོ་ནི་ཐ་སྙད་རྗེས་སུ་སད་པའི་འཛིན་པའི་སྤྱོད་ཡུལ་ལོ། །གཉིས་པ་ནི་ཐ་སྙད་བག་ལ་ཉལ་བའི་འཛིན་པའི་སྤྱོད་ཡུལ་ལོ། །

གསུམ་པ་ནི་ཐ་སྙད་བག་ལ་ཉལ་བ་མ་ཡིན་པའི་འཛིན་པའི་སྤྱོད་ཡུལ་ལོ། །དང་པོ་གཉིས་ནི་ཀུན་རྫོབ་ཀྱི་བདེན་པ་འཛིན་པ་ཡིན་ནོ། །ཐ་མ་ནི་དོན་དམ་པའི་བདེན་པ་འཛིན་པ་ཡིན་ནོ། །གཞན་ཡང་བག་ལ་ཉལ་མེད་པ་དེའི་རྗེས་ལས་ཐོབ་པའི་འཛིན་པ་ཡང་ཡོད་དེ། དེའི་སྤྱོད་
ཡུལ་ནི་བདེན་པ་གཉིས་ཀར་གཏོགས་པའི་གཟུང་བ་ཡིན་ཏེ། འདི་ལྟ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཤེས་པའོ། །དེའི་སྤྱོད་ཡུལ་ནི་རྣམ་པར་གཞག་པའི་བདེན་པ་ཡིན་པའི་ཕྱིར་དེའི་སྤྱོད་ཡུལ་བདེན་པ་གཉི་གར་གཏོགས་པ་ཡིན་པར་རྣམ་པར་གཞག་གོ། །འཇིག་
རྟེན་པ་དང་འཇིག་རྟེན་ལས་འདས་པའི་འཛིན་པ་དེ་གཉིས་ཀྱང་རྒྱུ་གཉིས་ཀྱིས་རྣམ་པར་ཤེས་པར་བྱ་སྟེ། འདྲིས་པ་དང་མ་འདྲིས་པའི་ཕྱིར་དང་། ཐ་སྙད་དང་ཐ་སྙད་མ་ཡིན་པ་ལ་བརྟེན་པའི་ཕྱིར་རོ། །འཇིག་རྟེན་ན་མཚན་མ་དང་བཅས་པ་ལ་འཛིན་པར་ནི་གྲགས་ཀྱི། མཚན་མ་མེད་
པ་ལ་འཛིན་པར་ནི་མ་གྲགས་པས། རྒྱུ་མེད་པ་དང་རྐྱེན་མེད་པར་ནི་མི་རུང་ན། དེའི་རྒྱུ་ནི་གང་རྐྱེན་ནི་གང་ཞེ་ན། སྨྲས་པ། ཐ་སྙད་ཀྱིས་ཡོངས་སུ་བསྒོས་པའི་འཛིན་པའི་འབྲས་བུ་ནི་མཚན་མ་དང་བཅས་པ་ལ་འཛིན་པར་གྲགས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པར་འགྱུར་བའོ། །
དོན་དམ་པའི་ཤེས་པས་ཡོངས་སུ་བསྒོས་པའི་འཛིན་པའི་འབྲས་བུ་ནི་མཚན་མ་མེད་པ་ལ་འཛིན་པ་ཡིན་ཏེ། རྣམ་པར་བྱང་བར་འགྱུར་བའོ། །དེའི་ཕྱིར་དེ་གཉི་ག་ཡང་རྒྱུ་དང་བཅས་པ་དང་། རྐྱེན་དང་བཅས་པ་ཡིན་ཏེ། མིག་ལ་རབ་རིབ་ཀྱི་སྐྱོན་ཡོད་པ་ལ་སྐྲ་ཤད་འཛིངས་པ་ལ་སོགས་
པ་རབ་རིབ་ཀྱི་མཚན་མ་དམིགས་པ་ལྟ་བུ་དང་། སྐྱོན་མེད་པ་ལ་དེ་མི་དམིགས་ཤིང་། ཐ་མལ་པར་སྣང་བ་ལྟ་བུའོ། །གལ་ཏེ་མཚན་མ་མེད་པའི་དབྱིངས་ལ་མཚན་མར་འཛིན་ན་ནི་མཚན་མ་མེད་པ་འཛིན་པར་མི་འགྱུར་རོ། །གལ་ཏེ་མི་འཛིན་ན་ནི་དེ་ལྟ་ན་ཡང་མཚན་མ་མེད་པ་
འཛིན་པར་མི་འགྱུར་རོ་ཞེ་ན། སྨྲས་པ། འཛིན་པ་ནི་ཐ་སྙད་བག་ལ་ཉལ་མེད་པའི་ཕྱིར་མཚན་མ་མེད་པའི་དབྱིངས་ལ་འཛིན་པ་ན་ཡང་། དེ་ལ་མཚན་མར་མི་འཛིན་པས་མཚན་མ་མེད་པ་འཛིན་པར་འཐད་དོ། །མཚན་མར་མི་འཛིན་པས་དེ་ཇི་ལྟར་འཛིན་ཞེ་ན། དེའི་མཚན་མ་

བཤིག་པའི་ཕྱིར་དང་། མངོན་རྟགས་སུ་འཛིན་པར་སྒྲོ་འདོགས་པ་མེད་པས་སོ། །ཇི་སྟེ་མཚན་མར་མི་འཛིན་ན་ཡང་མངོན་རྟགས་སུ་འཛིན་པར་སྒྲོ་འདོགས་པ་མེད་ན། མཚན་མ་ཉིད་ཅི་འདྲ་བར་རིག་པར་བྱ་ཞེ་ན། སྨྲས་པ། དོན་དམ་པ་འཛིན་པའི་ཕྱིར་
དང་། མཚན་མ་མེད་པ་འཛིན་པ་མ་ཡིན་པའི་ཕྱིར་དང་། དངོས་པོ་ལྔ་པོ་ལ་མཚན་མ་ཐམས་ཅད་མི་སྣང་བའི་མཚན་ཉིད་ཡིན་ནོ། །གལ་ཏེ་མི་གསལ་བར་འཛིན་པར་རྣམ་པར་བཞག་ན། འཛིན་པ་དེ་འགོག་པ་ཁོ་ན་ཡིན་པར་ཅིའི་ཕྱིར་མི་རྟག་ཅེ་ན། སྨྲས་པ། འགོག་པར་
ནི་མངོན་པར་འདུ་བྱ་བ་མ་ཡིན་པའི་ཕྱིར་རྣལ་འབྱོར་པ་ནི་དེ་འགོག་པའི་ཕྱིར་མངོན་པར་འདུ་མི་བྱེད་དོ། །དེའི་མཚན་ཉིད་ཇི་ལྟར་སོ་སོར་རིག་པར་བྱ་ཞེ་ན། སྨྲས་པ། སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་སོ། །དེ་ཇི་ལྟར་སོ་སོར་རིག་པར་བྱེད་པ་དེ་ལྟར་ཅིའི་ཕྱིར་ལན་འདེབས་པར་
མི་བྱེད་ཅེ་ན། སྨྲས་པ། སོ་སོར་རིག་པ་དེ་ནི་བརྗོད་པའི་གཞིའི་གནས་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཤེས་པ་དང་པོ་མཚན་མ་མེད་པ་མ་ཡིན་ན་ནི། དེ་མེད་པའི་ཕྱིར་མཚན་མ་མེད་པའི་ཤེས་པ་གོམས་པ་ཡང་མེད་པར་འགྱུར་ལ། དེ་ལ་གོམས་པ་མེད་ན་ནི་མཚན་མ་མེད་
པ་རྒྱུ་མེད་པ་ལས་སྐྱེ་བར་མི་རུང་ངོ་ཞེ་ན། སྨྲས་པ། མཚན་མ་དང་བཅས་པ་ཡང་མཚན་མ་མེད་པའི་རྒྱུར་རུང་སྟེ། དེ་དང་མཐུན་པའི་ཕྱིར་རོ། །འདི་ལྟ་སྟེ། དཔེར་ན་འཇིག་རྟེན་པ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པ་སྐྱེ་བ་དང་། ཟག་པ་དང་བཅས་པ་ལ་བརྟེན་ནས་ཟག་
པ་མེད་པ་དང་། སེམས་ཡོད་པའི་སྙོམས་པར་འཇུག་པ་ལ་བརྟེན་ནས་སེམས་མེད་པ་སྐྱེ་བ་དང་འདྲའོ། །བཅོམ་ལྡན་འདས་ཀྱིས་རྣམ་པར་དག་པའི་རྒྱུར་སྡུག་བསྔལ་ལ་སོགས་པ་ཤེས་པ་གསུངས་པ་ལ། གལ་ཏེ་སྡུག་བསྔལ་ལ་སོགས་པ་ཤེས་པས་སྡུག་བསྔལ་ལ་སོགས་པའི་
བདེན་པ་དག་སྡུག་བསྔལ་ལ་སོགས་པར་ཡོངས་སུ་རྟོག་པར་བྱེད་ན་ནི། དེ་ན་མཚན་མ་དང་བཅས་པར་འགྱུར་རོ། །ཇི་སྟེ་ཡོངས་སུ་རྟོག་པར་མི་བྱེད་ན་ནི་སྡུག་བསྔལ་ལ་སོགས་པ་ཤེས་པར་མི་འགྱུར་བས། དེ་མེད་ན་ཇི་ལྟར་རྣམ་པར་དག་པར་འགྱུར་ཞེ་ན། སྨྲས་པ། བདེན་པ་རྣམས་ལ་

འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཤེས་པ་རྣམ་པར་དག་པ་ནི་མཚན་མ་མེད་པའི་ཤེས་པའི་དབང་གིས་བྱུང་བ་ཡིན་པའི་ཕྱིར། དེ་ཉིད་ཀྱིས་ཉོན་མོངས་པ་རྣམ་པར་སྤངས་པས་ན། མཚན་མ་མེད་པའི་ཤེས་པ་སྡུག་བསྔལ་ལ་སོགས་པའི་ཤེས་པའི་རྒྱུར་གྱུར་པ་ཉོན་མོངས་པ་སྤོང་བར་
བྱེད་པ་གང་ཡིན་པ་དེ་ཉིད་ལ་རྒྱུ་ལ་འབྲས་བུ་གདགས་པ་བྱས་ནས་སྡུག་བསྔལ་ལ་སོགས་པ་ཤེས་པས་ཉེ་བར་གདགས་པས་ཉེས་པ་མེད་དོ། །སྔར་བཟུང་བ་ནི་འཛིན་པའི་འབྲས་བུ་ཅན་ཡིན་ནོ་ཞེས་བསྟན་ན་འཛིན་པ་དེའི་འབྲས་བུ་གང་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། གཉི་ག་
གཅིག་གི་འབྲས་བུ་གཅིག་ཡིན་ནོ། །གང་གི་ཚེ་ཤེས་བྱ་མི་རྟག་པ་འདྲིས་པ་བརྟན་པ་དང་དཔག་ཏུ་མེད་པ། ཕལ་ཆེར་ལྐོག་ཏུ་གྱུར་པ་ཡིན་པའི་ཚེ། རྣལ་འབྱོར་པ་དེས་ཇི་ལྟར་དེ་ལ་དམིགས་པར་བྱེད་ཅིང་རྣམ་པར་ཟློག་པར་ཡང་བྱེད་ཅེ་ན། སྨྲས་པ། ཐོས་པ་དང་བསམ་པའི་དབང་
གིས་ཏིང་ངེ་འཛིན་ཐོབ་པར་འགྱུར་ལ། དེས་ཤེས་བྱ་རྣམ་པ་ལྔའི་ཏིང་ངེ་འཛིན་གྱི་གཟུགས་བརྙན་མངོན་དུ་བྱས་ནས། ཤེས་བྱ་དེ་ལ་དམིགས་པར་བྱེད་དོ། །ཟིལ་གྱིས་གནོན་པས་ནི་རྣམ་པར་ཟློག་པར་བྱེད་དོ། །ཤེས་བྱ་རྣམ་པ་ལྔས་ཟིལ་གྱིས་གནོན་པའི་མཚན་ཉིད་ཇི་ལྟ་བུ་ཡིན་པར་
བརྗོད་པར་བྱ་ཞེ་ན། སྨྲས་པ། གནས་པར་གྱུར་པ། འདུས་མ་བྱས་པ་མྱ་ངན་ལས་འདས་པའི་མཚན་ཉིད་བླ་ན་མེད་པ་ཡིན་ནོ། །མྱ་ངན་ལས་འདས་པ་གང་ཞེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་གང་ཡིན་པ་སྟེ། ཉོན་མོངས་པ་དང་སྡུག་བསྔལ་ཉེ་བར་ཞི་བའི་དོན་གྱིས་ཡིན་གྱི།
མེད་པའི་དོན་གྱིས་ནི་མ་ཡིན་ནོ། །གང་གི་ཚེ་ཉོན་མོངས་པ་དང་སྡུག་བསྔལ་ཉེ་བར་ཞི་བ་ཙམ་ལ་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཚེ། ཅིའི་ཕྱིར་དེ་མེད་པའི་དོན་གྱིས་མ་ཡིན་ཞེ་ན། སྨྲས་པ། འདི་ལྟ་སྟེ། དཔེར་ན་ཆུའི་ཁམས་ལ་རྙོག་པ་དངས་པ་ཙམ་གསལ་བ་ཡིན་ཡང་རྙོག་པ་
དངས་པར་གྱུར་པས་གསལ་བ་ཉིད་མེད་པ་མ་ཡིན་པ་དང་། གསེར་སྐྱོན་དང་བྲལ་བ་ཙམ་བཟང་བ་ཉིད་ཡིན་ཡང་དེ་དང་བྲལ་བས་བཟང་བ་ཉིད་མེད་པ་མ་ཡིན་པ་དང་། ནམ་མཁའ་སྤྲིན་དང་། ཁུག་རྣ་ལ་སོགས་པ་དང་བྲལ་བ་ཙམ་རྣམ་པར་དག་པ་ཉིད་ཡིན་ཡང་དེ་དང་བྲལ་བས་རྣམ་པར་

དག་པ་ཉིད་མེད་པ་མ་ཡིན་པ་བཞིན་དུ། འདི་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་གང་ཞེ་ན། ཡང་དག་པའི་ཤེས་པ་བསྒོམ་པ་ལ་བརྟེན་ནས་མཚན་མ་ཐམས་ཅད་བསལ་བས་དེ་བཞིན་ཉིད་གང་ཡིན་པ་སྟེ། འདི་ལྟ་སྟེ། དཔེར་
ན་མི་ལ་ལ་ཞིག་གཉིད་ལོག་པའི་ཚེ་བདག་ཉིད་ཆུ་བོའི་ཆུས་ཁྱེར་བར་རྨིས་ནས་དེ་ཆུ་བོ་དེ་ལས་རྒལ་བར་བྱ་བའི་ཕྱིར་བརྩོན་འགྲུས་ཆེན་པོ་ལ་རྩོམ་པར་གྱུར་པ་ལས། བརྩོན་འགྲུས་བརྩོམ་པ་དེ་ཉིད་ཀྱིས་སད་པར་གྱུར་ཅིང་། སད་ནས་ཀྱང་ཆུ་བོའི་ཆུ་དེ་ཉིད་མི་སྣང་བར་གྱུར་པ་དེ་བཞིན་དུ་མཚན་མ་
སེལ་བ་འདི་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། །ཅི་གང་གི་ཚེ་ཐ་སྙད་ཀྱི་བག་ལ་ཉལ་སྤོང་བར་བྱེད་པ་དེ་ཉིད་ཀྱི་ཚེ་ན། མཚན་མ་རྣམ་པར་འཇིག་པར་བྱེད་དམ། འོན་ཏེ་སྤངས་པའི་འོག་ཏུ་དུས་གཞན་གྱི་ཚེ་ན་རྣམ་པར་འཇིག་པར་བྱེད་ཅེ་ན། སྨྲས་པ། དེ་སྤོང་བར་བྱེད་པ་དང་། དེ་
རྣམ་པར་འཇིག་པར་བྱེད་པ་ནི་སྲང་མདའི་མཐོན་དམན་གྱི་ཚུལ་བཞིན་དུ་མགོ་མཉམ་ཞིང་དུས་གཅིག་ཏུ་སྟེ། འདི་ལྟ་སྟེ། དཔེར་ན་རི་མོའི་དབྱིབས་ལ་ཚོན་རྩི་བྱེད་པ་ན། དབྱིབས་ཀྱང་བྱིད་པར་འགྱུར་བ་དང་། རབ་རིབ་ཀྱི་སྐྱོན་བསལ་བ་ན་སྐྲ་ཤད་འཛིངས་པ་ལ་སོགས་པ་རབ་རིབ་ཀྱང་
བསལ་བར་མགོ་མཉམ་པ་བཞིན་དུ། འདི་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། །རྣལ་འབྱོར་པས་ཇི་ལྟར་དམིགས་པ་ཟིལ་གྱིས་གནོན་ཞེ་ན། སྨྲས་པ། སེམས་མཉམ་པར་གཞག་པ་ལ་ཤེས་བྱའི་གཟུགས་བརྙན་བྱུང་བ་ན། སྔར་དོན་དམ་པ་ལེགས་པར་རྟོགས་པ་ཡིད་ལ་བྱེད་
པས་མཚན་མ་དང་བཅས་པ་ཉིད་ནི་རྣམ་པར་ལྡོག །མཚན་མ་མེད་པ་ཉིད་དུ་འགྱུར་རོ། །མཚན་མ་མེད་པ་ཉིད་དུ་འགྱུར་བ་དེ་ཡང་གནས་སྐབས་ལྔ་སྟེ། ཉི་ཚེ་བ་དང་། ཐམས་ཅད་དུ་འགྲོ་བ་དང་། གཡོ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པ་དང་། གྲུབ་པའོ། །གྲུབ་པ་དེ་
ཡང་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ཉོན་མོངས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་ཀྱིས་མི་བརྫི་བའི་ཕྱིར། གཏན་དུ་གནོད་པ་བྱར་མེད་པ་ཡིན་པས་ན་གནས་གྲུབ་པ་ཞེས་བྱ་སྟེ། དེ་ཡང་དེ་ཁོ་ནའི་དོན་ཤིན་ཏུ་རྣམ་པར་དག་པ་སྤྱོད་ཡུལ་བ་དང་། ཐམས་ཅད་མངོན་སུམ་གྱི་སྤྱོད་ཡུལ་བ་

དང་། ཐམས་ཅད་ལ་དབང་སྒྱུར་བའི་སྤྱོད་ཡུལ་བའོ། །གྲུབ་པ་དེ་ཡང་ཐེག་པ་དུས་རྣམ་པར་འཇོག་པར་བྱེད་ཅིང་། དུས་ཇི་ཙམ་གྱིས་འཐོབ་ཅེ་ན། སྨྲས་པ། དབང་པོ་རྣམ་པ་གསུམ་ཡོད་པའི་ཕྱིར་ཐེག་པ་གསུམ་གྱིས་རྣམ་པར་འཇོག་སྟེ། ཐེག་པ་གཉིས་ཀྱང་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཀྱི་ཐེག་པའི་རྩ་བ་ཅན་ཡིན་པའི་ཕྱིར་རོ། །གཉིས་ཀྱིས་ནི་དུས་ངེས་པ་མེད་པ་འཐོབ་སྟེ། རྐྱེན་ཇི་ལྟ་བ་དང་། ཇི་ལྟར་ཡོངས་སུ་སྨིན་པས་སོ། །ཐ་མས་ནི་གནས་ངན་ལེན་གསུམ་གྱི་དབང་དུ་བྱས་ནས་བསྐལ་པ་གྲངས་མེད་པ་གསུམ་གྱི་དུས་ཀྱིས་འཐོབ་པར་
འགྱུར་རོ། །གནས་ངན་ལེན་རྣམ་པ་གསུམ་གང་ཞེ་ན། ངན་སོང་ལ་མི་དགའ་བའི་ཕྱོགས་དང་མཐུན་པ་ལྤགས་ཤུན་ལ་ཡོད་པ་ལྟ་བུ་གང་སྤངས་པས་ངན་སོང་དུ་འགྲོ་བར་མི་འགྱུར་ཞིང་། སྦྱོར་བ་བྱེད་པས་ན་ཡང་མི་དགའ་བ་དང་འདྲེ་བར་མི་འགྱུར་བ་དང་། ཉོན་མོངས་པའི་སྒྲིབ་པའི་
ཕྱོགས་དང་མཐུན་པ་ཕྲ་མོ་ཡོད་པ་ལྟ་བུ་གང་ཡང་སྤངས་པས་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་ཤིན་ཏུ་ཕྲ་མོ་ཡང་ཀུན་ཏུ་མི་འབྱུང་ཞིང་། བག་ལ་ཉལ་ཡང་དག་པར་འཇོམས་པར་ནི་མི་འགྱུར་བ་དང་། ཤེས་བྱའི་སྒྲིབ་པའི་ཕྱོགས་དང་མཐུན་པ་སྙིང་པོ་ལ་ཡོད་པ་ལྟ་བུ་གང་ཡང་སྤངས་པས་
མི་ཤེས་པའི་བག་ལ་ཉལ་ཡང་དག་པར་འཇོམས་ཤིང་ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་འཇུག་པར་འགྱུར་རོ། །ཇི་ལྟར་ཉན་ཐོས་རྣམ་པར་གཞག་ཅེ་ན། སྨྲས་པ། རྒྱུ་གསུམ་གྱིས་ཏེ། སྤྲུལ་པ་དང་། སྨོན་ལམ་དང་། ཆོས་ཉིད་ཀྱིས་སོ། །དེ་ལ་སྤྲུལ་པ་ནི་འདུལ་བའི་
དབང་གིས་དེ་བཞིན་གཤེགས་པས་དེ་དང་དེར་ཉན་ཐོས་སྤྲུལ་པ་སྤྲུལ་པར་མཛད་པ་གང་ཡིན་པའོ། །དེ་ལ་སྨོན་ལམ་ནི་གང་ཟག་ཉན་ཐོས་ཀྱི་ཐེག་པ་པར་སྨོན་ལམ་བཏབ་པ། ཉན་ཐོས་ཞེས་བྱ་བར་རྣམ་པར་འཇོག་པར་མཛད་པ་གང་ཡིན་པའོ། །དེ་ལ་ཆོས་ཉིད་ནི་གང་ཟག་གང་རང་བཞིན་
གྱིས་སྙིང་རྗེ་ཆུང་བ་དང་། སྡུག་བསྔལ་གྱིས་འཇིགས་པ་དེ་རྒྱུ་དེ་གཉིས་ཀྱིས་གཞན་གྱི་དོན་ཀྱང་མི་འདོད་ལ། གཞན་དག་གི་དོན་དུ་འཁོར་བ་ཡང་མི་འདོད་པས་དེ་ལ་ཆོས་ཉིད་དེས་ཉན་ཐོས་སུ་འདོགས་པར་མཛད་པ་སྟེ། དེ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཆོས་ཅན་ཡིན་ཡང་རྣམ་པར་

གཞག་པའི་བདེན་པ་དག་ལ་སྐྲག་པའི་རྣམ་པས་ཤས་ཆེར་འཇུག་པས་དེས་ན་དེ་ཡང་དག་པར་འགྲུབ་པར་བྱེད་དོ། །ཉན་ཐོས་ཇི་ལྟ་བ་བཞིན་དུ་རང་སངས་རྒྱས་རྣམས་ཀྱང་དེ་བཞིན་ཏེ། དེ་ནི་སངས་རྒྱས་རྣམས་འབྱུང་བ་མེད་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་
པར་འགྱུར་བས། ཁྱད་པར་དུ་འཕགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་དེ་ལས་བཟློག་པའི་རྒྱུ་གསུམ་ཁོ་ནས་བལྟ་བར་བྱའོ། །ཇི་ལྟར་ཉན་ཐོས་ཆོས་འདུལ་བ་ལས་རབ་ཏུ་ཉམས་པ་ཡིན་པར་བལྟ་བར་བྱ་ཞེ་ན། གལ་ཏེ་ཉོན་མོངས་པའི་རིམས་ནད་མེད་པ་ཙམ་འགོག་པ་ཡིན་
པར་ཡོངས་སུ་རྟོག་པ་ན། བདག་ཆད་པར་འགྱུར་རོ། །ཆུད་ཟོས་པར་འགྱུར་རོ། །མི་འབྱུང་བར་འགྱུར་རོ་སྙམ་དུ་སྐྲག་པ་སྐྱེ་བར་འགྱུར་བ་སྟེ། འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་རིམས་ཀྱིས་བཏབ་པར་གྱུར་པ་ན། དེ་རིམས་ནད་བྱུང་ན་རྣམས་ཐམས་ཅད་དུ་ནད་མེད་པར་འགྱུར་བ་མི་ཤེས་
པས་ལུས་ཐམས་ཅད་འགག་པར་འགྱུར་བར་ཡོངས་སུ་རྟོག་ཅིང་སྐྲག་པར་གྱུར་པ་ན། རིམས་ཀྱི་ནད་ལས་ཡོངས་སུ་ཐར་བར་མི་འགྱུར་བས། དེ་ལྟར་དེ་རབ་ཏུ་ཉམས་པར་འགྱུར་བ་དང་འདྲ་བར་ཉན་ཐོས་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལས་
རབ་ཏུ་ཉམས་པ་ཡིན་ཞེ་ན། གལ་ཏེ་ཆོས་རྣམས་ཀྱི་ཟབ་པ་དང་ངོ་བོ་ཉིད་མེད་པ་ཐོས་ནས་རང་བཞིན་གྱིས་ཉོན་མོངས་པའི་རིམས་ནད་མེད་པར་ཡོངས་སུ་རྟོག་ཅིང་། བདག་ཉིད་ནད་མེད་པར་རློམ་པར་བྱེད་པ་སྟེ། འདི་ལྟ་སྟེ། དཔེར་ན་མི་རིམས་ཀྱིས་བཏབ་པར་གྱུར་པ་དེ་ཉིད་བདག་ཉིད་ནད་
མེད་པར་རློམ་པར་བྱེད་པ་ན། རིམས་ཀྱི་ནད་ལས་ཡོངས་སུ་ཐར་བར་མི་འགྱུར་ཞིང་། རབ་ཏུ་ཉམས་པར་འགྱུར་བ་དང་འདྲ་བར་བྱང་ཆུབ་སེམས་དཔའ་དེ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དངོས་པོ་ལྔ་པོ་དེ་དག་ལས་དུ་ཞིག་འཇིག་ཚོགས་ཡིན། དུ་ཞིག་འཇིག་ཚོགས་མ་ཡིན་ཞེ་ན། སྨྲས་པ།
རྒྱུ་མཚན་ནི་གཉི་ག་ཡིན་ནོ། །གཉིས་ནི་འཇིག་ཚོགས་ཡིན་ནོ། །གཅིག་ནི་འཇིག་ཚོགས་མ་ཡིན་ནོ། །དེ་བཞིན་ཉིད་ནི་གཉི་ག་ཡང་མ་ཡིན་པར་བརྗོད་པར་བྱའོ། །འཇིག་ཚོགས་ཇི་ལྟ་བ་བཞིན་དུ་སྲིད་པ་དང་། འཇིག་རྟེན་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དེ་ཁོ་ན་བཞི་དང་དངོས་

པོ་ལྔ་པོ་དག་ལས་དངོས་པོ་ལྔས་དེ་ཁོ་ན་དུ་དག་བསྡུས་ཤེ་ན། སྨྲས་པ། འཇིག་རྟེན་གྱི་གྲགས་པའི་དེ་ཁོ་ན་དང་། རིགས་པས་གྲགས་པའི་དེ་ཁོ་ན་ནི་དངོས་པོ་གསུམ་གྱིས་བསྡུས་སོ། །ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་དེ་ཁོ་ན་དང་། ཤེས་བྱའི་
སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་དེ་ཁོ་ན་ནི་དངོས་པོ་གཉིས་ཀྱིས་བསྡུས་སོ། །ཡོངས་སུ་ཚོལ་བ་བཞི་དང་དངོས་པོ་ལྔ་པོ་དག་ལས། དངོས་པོ་ལྔས་ཡོངས་སུ་ཚོལ་བ་དུ་དག་བསྡུས་ཤེ་ན། སྨྲས་པ། རྣམ་པར་རྟོག་པ་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པས་ཡོངས་
སུ་ཚོལ་བ་བཞི་པོ་ཐམས་ཅད་བསྡུས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་བཞི་དང་དངོས་པོ་ལྔ་པོ་དག་ལས་དངོས་པོ་དུ་དག་གིས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་དུ་དག་བསྡུས་ཤེ་ན། སྨྲས་པ། ཡང་དག་པའི་ཤེས་པས་བཞི་པོ་ཐམས་ཅད་བསྡུས་སོ། །བཅོམ་
ལྡན་འདས་ཀྱིས་ཇི་ལས་དགོངས་ནས་ཆོས་ཐམས་ཅད་གཉིས་སུ་མེད་པ་ཞེས་གསུངས་ཤེ་ན། སྨྲས་པ། དངོས་པོ་ལྔ་པོ་དེ་དག་ཉིད་ལ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་དང་། རང་རང་གི་མཚན་ཉིད་ཀྱིས་ངོ་བོ་ཉིད་དང་བཅས་པ་ཉིད་ལས་དགོངས་ཏེ་གསུངས་སོ། །
བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་ཤེ་ན། སྨྲས་པ། འདུལ་བའི་དབང་གིས་དེ་དང་དེར་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་ལས་དགོངས་ནས་གསུངས་ཏེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་།
དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དོ། །མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་ཀྱི་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དོ། །སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། འདུ་བྱེད་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་རྐྱེན་གྱི་སྟོབས་
ཀྱིས་སྐྱེ་བ་ཡིན་གྱི། རང་མི་སྐྱེ་བ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། དེ་ཁོ་ནའི་དོན་གྱིས་མཚན་ཉིད་དང་བྲལ་བའི་ཆོས་གང་ཡིན་པ་དེ་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། དཔེར་ན་དགེ་སློང་རྣལ་འབྱོར་སྤྱོད་པས་རུས་པའི་ཀེང་རུས་མང་པོ་

ལ་མོས་པར་བྱས་ནས་རྣམ་པར་འཇིག་པར་མ་ནུས་པ་ན། རུས་པའི་ཀེང་རུས་དེ་ལ་རྟག་ཏུ་རྒྱུན་མི་འཆད་པར་དོན་དམ་པའི་ངོ་བོ་ཉིད་མེད་པའི་འདུ་ཤེས་འབྱུང་བ་དང་འདྲ་བར། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱང་། དེ་བཞིན་དུ་བལྟ་བར་བྱའོ། །དེ་ལ་དངོས་པོ་ལྔ་པོ་དག་
ནི་མཚན་ཉིད་ངོ་བོ་ཉིད་མེད་པས། ངོ་བོ་ཉིད་མེད་པ་མ་ཡིན་པ་ཡང་། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ཏེ། དེ་ཡང་ཅི་རིགས་པར་འགྱུར་རོ། །དེ་ལ་རྒྱུ་མཚན་དང་མིང་དང་རྣམ་པར་རྟོག་པ་དང་ཡང་དག་པའི་ཤེས་པ་ནི་གཉིས་ཀྱིས་སོ། །
དེ་བཞིན་ཉིད་ནི་ངོ་བོ་ཉིད་མེད་པ་ཉིད་གང་གིས་ཀྱང་ངོ་བོ་ཉིད་མེད་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལས་དགོངས་ནས་བདེན་པ་གཅིག་སྟེ་གཉིས་པ་མེད་པར་སྨྲས་ཞེས་ཚིགས་སུ་བཅད་པ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས། ཆོས་ཐམས་
ཅད་མ་སྐྱེས་པ་དང་། མ་འགགས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་ཤེ་ན། སྨྲས་པ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཁོ་ན་ལས་དགོངས་ཏེ་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས། ཆོས་ཐམས་
ཅད་ནམ་མཁའ་ལྟ་བུ་ཞེས་གསུངས་ཤེ་ན། སྨྲས་པ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དེ་ཁོ་ན་ལས་དགོངས་ཏེ་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ནས། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཞེས་གསུངས་ཤེ་ན། སྨྲས་པ། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་
དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ཏེ་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས། གཟུགས་ན་ཡོད་དོ། །རྣམ་པར་ཤེས་པའི་བར་ཡང་ཡོད་དེ། མི་རྟག་པར་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་གསུངས་ཤེ་ན། སྨྲས་པ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་
ལས་དགོངས་ཏེ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྟག་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་གང་གསུངས་པ་དེ་ནི་མི་རྟག་པར་ཡོད་པར་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་གསུངས་པ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས། གཟུགས་ནི་ཡོད་

དོ། །རྣམ་པར་ཤེས་པའི་བར་ཡང་ཡོད་དེ། སྡུག་བསྔལ་བར་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་གསུངས་ཤེ་ན། སྨྲས་པ། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ཏེ་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས། གཟུགས་
ནི་ཡོད་དོ། །རྣམ་པར་ཤེས་པའི་བར་ཡང་ཡོད་དེ། སྟོང་པར་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་གསུངས་ཤེ་ན། སྨྲས་པ། ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་དང་བྲལ་བ་ཉིད་དང་། དེ་དག་ཉིད་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ཏེ་
གསུངས་སོ། །བྲལ་བ་ཉིད་ཇི་ལྟ་བ་དེ་བཞིན་དུ་མཚན་ཉིད་མི་འདྲ་བ་ཉིད་ལས་དགོངས་ནས་བདག་མེད་པར་གསུངས་པར་བལྟ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས། གཟུགས་དང་རྣམ་པར་ཤེས་པའི་བར་ལ་ཚུལ་བཞིན་དུ་ལྟ་བ་དང་ངེས་པར་རྟོག་པ་དང་། ཉེ་བར་རྟོག་
པའི་བར་དུ་བྱེད་པ་དེ་ལ་ནི་ཚུལ་བཞིན་དུ་སྣང་ཞིང་། དེ་ལ་མེད་པར་ཡང་སྣང་ངོ་ཞེས་གསུངས་ཤེ་ན། སྨྲས་པ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ཏེ་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས། དེ་ལ་གསོག་དང་གསོབ་དང་སྙིང་པོ་མེད་པར་ཡང་
སྣང་ངོ་ཞེས་གསུངས་ཤེ་ན། སྨྲས་པ། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ཏེ་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས། དེ་ལྟ་བས་ན་གང་ལ་མིག་ཀྱང་འགག་ཅིང་ཁ་དོག་གི་འདུ་ཤེས་དང་བྲལ་བར་འགྱུར་བ་དང་།
ཡིད་ཀྱི་བར་ཡང་འགག་ཅིང་ཆོས་ཀྱི་འདུ་ཤེས་དང་བྲལ་བར་འགྱུར་བའི་གནས་དེ་རིག་པར་བྱའོ་ཞེས་གསུངས་ཤེ་ན། སྨྲས་པ། ངོ་བོ་ཉིད་མེད་པ་ཉིད་གང་ལས་ཀྱང་མ་དགོངས་པར་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས། གང་གི་ཕྱིར་ཐམས་ཅད་དུ་སེམས་ཀྱི་འདུ་
ཤེས་ཐམས་ཅད་རྣམ་པར་བཤིག་པར་གྱུར་པ་དེ་ཅི་ལ་བསྟེན་ཅིང་བསམ་གཏན་བྱེད་པ་ནི་དབང་པོ་དང་བཅས་པའི་ལྷ་རྣམས་ཀྱིས་ཀྱང་མི་ཤེས་སོ་ཞེས་གསུངས་ཤེ་ན། སྨྲས་པ། ངོ་བོ་ཉིད་མེད་པ་ཉིད་གང་ལས་ཀྱང་མ་དགོངས་པར་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་

ནས། མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་དང་། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་བར་གྱི་ཆོས་ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་
མ་ལོག་པ་ཉིད་མེད་དོ་ཞེས་ཀྱང་གསུངས་ལ། འཕགས་པ་འཇིག་རྟེན་ལས་འདས་པ་ནི། བདེན་པ་ཡིན་པར་བཀའ་སྩལ