Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 126

Văn bản gốc(Tây Tạng)

Trang 14 / 17 (50.000 ký tự/trang)
ཉན་
ཐོས་དང་། རང་སངས་རྒྱས་ཀྱི་གང་ཟག་ལ་བདག་མེད་པར་མཐོང་བའི་ཡང་དག་པའི་ལྟ་བ་སྐྱེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་མཐོང་བའི་ལམ་ན་གང་ཟག་དང་ཆོས་ལ་བདག་མེད་པར་ཤེས་པའི་ཡང་དག་པའི་ལྟ་བ་སྐྱེས་པས་རྣམ་པར་གྲོལ་བའི་འབྲས་
བུ་ཐོབ་པ་བྱས་པ་ནི་བྱ་བ་བྱེད་པའི་རིགས་པ་ཞེས་བྱའོ། །ཆོས་ཉིད་ཀྱི་རིགས་པ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཏེ། ཆོས་ཉིད་ནི་གྲུབ་པས་བསམ་གྱིས་མི་ཁྱབ་པ་ཡིན་ནོ་ཞེས་བྱ་བ་ལ། ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སོགས་པ་བསམ་

གྱིས་མི་ཁྱབ་པའི་གནས་ལ་ཆོས་ཉིད་ཀྱི་རིགས་པ་ཞེས་བྱ་སྟེ། ཅིའི་ཕྱིར་དེ་ལ་ཆོས་ཉིད་ཀྱི་རིགས་པ་ཞེས་བྱ་ན། ཆོས་ཀྱི་དབྱིངས་ལ་སོགས་པ་ནི་ཆོས་ཉིད་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཡང་དག་པའི་ལྟ་བ་སྐྱེ། ཡང་དག་པའི་ལྟ་བ་ལས་མྱ་ངན་ལས་འདས་
པའི་འབྲས་བུ་ཐོབ་པ། ཆོས་ཉིད་ཀྱིས་དེ་དེ་ལྟར་འགྲུབ་པ་ཡིན་པས་ན། འདི་ལ་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མས་ཅིའི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཡང་དག་པའི་ལྟ་བ་སྐྱེ། ཡང་དག་པའི་ལྟ་བ་ལས། །ཅིའི་ཕྱིར་དེ་བཞིན་ཉིད་ལ་སོགས་
པ་བསམ་གྱིས་མི་ཁྱབ་པའི་གནས་འཐོབ་ཅེས་དཔྱད་ཅིང་། དཔག་ཏུ་མེད་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་གནས་ལ་ཆོས་ཉིད་ཀྱི་རིགས་པ་ཞེས་བྱའོ། །བསམ་པ་དང་བཤད་པ་དང་། སྦྱོར་བ་དང་། ཚོགས་དང་ཡང་དག་པར་འབྱུང་བ་ཐ་མ་ནི་ཉན་ཐོས་
ཀྱི་ཐེག་པའོ་ཞེས་བྱ་བ་ལ། དེ་ལྟར་ཉན་ཐོས་དག་ནི་དེའི་དོན་ཙམ་བྱ་བར་སེམས་པས་བསམ་པ་ཆུང་སྟེ། དེ་དག་བསམ་པ་ཆུང་བས་ན། དེའི་སེམས་དང་མཐུན་པར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཀྱང་ཆུང་ངུ་བཤད་དོ། །ཆོས་ཆུང་ངུ་བཤད་པས་དེ་དག་
གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ལས་སུ་བྱ་བའི་སྦྱོར་བ་ཡང་ཆུང་ངུ་ལ་སྦྱར་ཞིང་ལས་སུ་བྱ་ལ། ཇི་ལྟར་སྦྱོར་བ་ཆུང་བ་བཞིན་དུ་དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆུང་བ་བཞིན་དུ་མངོན་པར་འབྱུང་བ་སྟེ། འབྲས་བུའང་ཆུང་ངུ་འཐོབ་པོ། །བར་མ་ནི་
རང་སངས་རྒྱས་ཀྱི་ཐེག་པའོ་ཞེས་བྱ་བ་ལ་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ནི་བསམ་པ་བར་མ་དང་ལྡན་པ་སྟེ། དེའི་ཕྱིར་དེ་དག་ལ་དེ་བཞིན་གཤེགས་པས་ཆོས་ཀྱང་བར་མ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་བཞིན་པ་དང་ལུགས་ལས་ཟློག་པ་བཤད་དོ། །
ཉན་ཐོས་རྣམས་ལ་ཆོས་ཆུང་ངུ་བཤད་པ་ནི་རང་བཞིན་ཙམ་བཤད་པའི་ཕྱིར་རོ། །དེ་ལྟར་ཆོས་བར་མ་བཤད་པས་དེ་དག་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ལས་སུ་བྱ་བ་ཡང་བར་མ་ལ་སྦྱར་ཞིང་ལས་སུ་བྱ་བ་བར་མ་ཙམ་ལ་འཇུག་གོ། །ལས་སུ་བྱ་བ་བར་མ་བྱས་

པས་ཚོགས་ཀྱང་བར་མ་བསགས་སོ། །ཚོགས་བར་མ་བསགས་པས་འབྲས་བུ་ཡང་དག་པར་འབྱུང་བ་ཡང་བར་མ་ཐོབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ལ་མྱ་ངན་ལས་འདས་པའི་འབྲས་བུ་ལ་ནི་བྱེ་བྲག་མེད་མོད་ཀྱི། མངོན་པར་ཤེས་
པ་ལྔ་ལ་ནི་བྱེ་བྲག་ཡོད་དེ། ཉན་ཐོས་ཀྱི་འཕྲུལ་གྱི་མིག་གིས་སྟོང་གཉིས་ལས་མི་མཐོང་ན། རང་སངས་རྒྱས་ཀྱི་འཕྲུལ་གྱི་མིག་དང་། རྣ་བ་ལ་སོགས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་དང་སྒྲ་ལ་སོགས་པ་ཐོས་པའི་ཕྱིར་འབྲས་
བུ་ལ་ཁྱད་པར་ཡོད་དོ། །མཆོག་ནི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་གཉིས་གའི་དོན་བྱ་བར་སེམས་པས་བསམ་པ་ཆེའོ། །དེ་ལྟར་དེ་དག་བསམ་པ་ཆེ་བས་ན། ཟབ་ཅིང་རྒྱ་ཆེ་བའི་ཐེག་པ་ཆེན་པོའི་ཆོས་བཤད་
པ་ཆེའོ། །དེ་དག་ཆོས་ཇི་ལྟར་བཤད་པ་བཞིན་དུ་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་བདག་དང་གཞན་གྱི་དོན་དུ་སྦྱོར་ཞིང་འཇུག་པས་ན་སྦྱོར་བ་ཆེ་བའོ། །དེ་དག་གི་སྦྱོར་བ་ཆེན་པོ་ལ་སྦྱར་བས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་བསགས་པས་ཚོགས་
ཆེ་བའོ། །དེ་ལྟར་ཚོགས་ཆེན་པོ་བསགས་པས་མཐར་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་འབྲས་བུ་ཐོབ་པ། ཡང་དག་པར་འབྱུང་བ་དེ་ཆེ་སྟེ། ཐེག་པ་གསུམ་གྱི་བྱེ་བྲག་ནི་རྣམ་པ་ལྔ་པོ་དག་གིས་དབྱེའོ། །ཡོངས་སུ་ཚོལ་བ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་ཞེས་བྱ་
བ་ལ། དེ་ལྟར་རྣམ་པར་གཞག་པ་བཤད་པ་རྣམ་པ་བཞི་ལ་མཁས་པ་དེ། ཇི་ལྟར་ཚིག་གི་སྒོ་ནས་སེམས་ཅན་ལ་ཆོས་སྟོན་པར་མཁས་པ་དེ་བཞིན་དུ་བདག་ཉིད་ཀྱི་སེམས་ཀྱང་། ཆོས་ཀྱི་མཚན་ཉིད་གང་ཡིན་པ་ཚོལ་ཞིང་ཤེས་པར་བྱེད་དེ། དེ་བས་ན་ཆོས་རྣམ་པ་བཞིའི་
མཚན་ཉིད་ཚོལ་བ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །དེ་ལ་ཆོས་རྣམ་པ་བཞིའི་ཚོལ་བ་ནི་མིང་ཡོངས་སུ་ཚོལ་བ་དང་། དངོས་པོ་ཡོངས་སུ་ཚོལ་བ་དང་། རང་བཞིན་བཏགས་པ་ཡོངས་སུ་ཚོལ་བ་དང་། ཁྱད་པར་དུ་བཏགས་པ་ཡོངས་སུ་ཚོལ་བ་སྟེ། ཡོངས་སུ་

ཚོལ་བ་འདི་དག་ནི་མོས་པ་སྤྱོད་པའི་སའི་དུས་ན། ཚོལ་བར་བྱེད་པར་རིག་པར་བྱའོ། །མིང་དང་དངོས་པོ་ཕན་ཚུན་དུ་གློ་བུར་དུ་འབྱུང་བ་ཚོལ་བ་སྟེ་ཞེས་བྱ་བ་ལ་མིང་ནི་གང་གིས་བུམ་པ་ཞེ་འམ། སྣམ་བུ་ཞེས་རྗོད་པར་བྱེད་པ་ལ་མིང་ཞེས་བྱའོ། །དངོས་པོ་ནི་བུམ་པ་ལྟ་བུར་ཆུ་
བླུགས་སུ་རུང་བ་དང་སྣམ་བུ་ལྟ་བུར་བགོར་རུང་བ་བརྗོད་པར་བྱ་བའི་ཆོས་ལ་དངོས་པོ་ཞེས་བྱ་སྟེ། འདི་ལྟར་བུམ་པ་ལ་སོགས་པ་ཆུ་བླུགས་སུ་རུང་བའི་དངོས་པོ་ལ་མིང་བུམ་པ་ཞེས་བཏགས་པ་ནི་མིང་ཉིད་བུམ་པའི་རང་བཞིན་མ་ཡིན་གྱི། མིང་ཐམས་ཅད་གློ་བུར་དུ་བཏགས་
ཤིང་ལོགས་ཤིག་ན་བརླ་བརྙན་ཙམ་དུ་བཏགས་པ་ཡིན་པར་ཤེས་པ་ནི། མིང་ཡོངས་སུ་ཚོལ་བ་ཞེས་བྱའོ། །མིང་ཐམས་ཅད་གློ་བུར་དུ་ཡིན་པར་ཅི་མངོན་ཞེ་ན། གལ་ཏེ་མིང་གློ་བུར་བ་མ་ཡིན་གྱི། བུམ་པ་ཉིད་ཀྱི་རང་བཞིན་ཡིན་ན་ནི། མེ་དང་ཚ་བ་ཉིད་རང་བཞིན་གཅིག་
པས་མེ་མེད་པར་བྱས་ན་ཚ་བ་ཡང་མེད་པར་འགྲོ་བ་དེ་བཞིན་དུ་བུམ་པ་བཅག་སྟེ་མེད་པར་བྱས་ནས་མིང་ཡང་མེད་པར་འགྱུར་བའི་རིགས་ན། བུམ་པ་བཅག་ཀྱང་མིང་མེད་པར་མི་འགྱུར་གྱི། མིང་ཕྱི་ན་ཡོད་པ་དང་། ལྷ་སྦྱིན་ཤི་སྟེ་མེད་ཀྱང་ལྷ་སྦྱིན་གྱི་མིང་ཡང་མེད་པར་མི་
འགྱུར་གྱི། མིང་ཕྱི་ན་ཡོད་པས་ན། མིང་དང་དངོས་པོ་རང་བཞིན་གཅིག་པ་མ་ཡིན་ནོ། །འདི་ལྟར་བུམ་པ་ཞེས་བྱ་བའི་མིང་ལ། ལྟོ་ཟླུམ་པོ་སྐྱེ་སེང་སེང་པོ་ཆུ་བླུགས་སུ་རུང་དུ་མ་བཏགས་པ་ཡང་གློ་བུར་དང་། བརྙན་མ་ཙམ་དུ་བཏགས་པ་ཡིན་པར་ཤེས་ན་དངོས་པོ་
ཡོངས་སུ་ཚོལ་བ་ཞེས་བྱ་སྟེ། དོན་དུ་ན་བུམ་པའི་དངོས་པོ་ཡང་བུམ་པའི་མིང་དང་། རང་བཞིན་མི་གཅིག་པར་ཤེས་པའོ། །བུམ་པའི་དངོས་པོ་དང་། མིང་གཉིས་ཇི་ལྟར་རང་བཞིན་མི་གཅིག་ཅེ་ན། གལ་ཏེ་མིང་དང་དངོས་པོ་གཉིས་རང་བཞིན་གཅིག་ན་ནི། མིང་མེད་
པར་བྱས་པས་དངོས་པོ་ཉིད་ཀྱང་མེད་པར་འགྱུར་བའི་སྐྱོན་དུ་འགྱུར་ཏེ། དཔེར་ན་རབ་ཏུ་མ་བྱུང་བའི་དུས་ན་ཁྱིམ་ན་གནས་པའི་མིང་བཏགས་པ་ལས་རབ་ཏུ་བྱུང་བའི་དུས་ན་ཁྱིམ་ན་གནས་པའི་མིང་མེད་པར་བྱས་པ་དང་། དངོས་པོ་ཡང་མེད་པར་འགྱུར་བའི་རིགས་ན།

མིང་མེད་པར་བྱས་ཀྱང་དངོས་པོ་ཕྱི་ན་ཡོད་པས་ན། མིང་དང་དངོས་པོ་གཉིས་གཅིག་པ་མ་ཡིན་ནོ། །བཏགས་པ་རྣམ་པ་གཉིས་པོ་འདི། །དེ་ཙམ་ཉིད་དུ་ཚོལ་བའོ། །ཞེས་བྱ་བ་ལ་འདི་ལྟར་རྗོད་པར་བྱེད་པའི་མིང་དང་། བརྗོད་པར་བྱ་བའི་བུམ་པ་ལ་སོགས་
པའི་དངོས་པོ་གཉིས་ཕན་ཚུན་ནས་འབྲེལ་པ་ལ། རང་བཞིན་དུ་བཏགས་པ་དང་། ཁྱད་པར་དུ་བཏགས་སོ། །དེ་ལ་རང་བཞིན་དུ་བཏགས་པ་ནི། ས་སྲ་བའི་མཚན་ཉིད་བཏགས་པ་དང་། ཆུ་གཤེར་བའི་མཚན་ཉིད་བཏགས་པ་དང་། ཐོགས་པ་དང་བཅས་པའི་ཕྱིར་
གཟུགས་ཞེས་བཏགས་པ་དང་། མྱོང་བའི་བདག་ཉིད་ཀྱི་ཕྱིར་ཚོར་བ་ཞེས་བཏགས་པ་སྟེ། དེ་ལྟར་ཆོས་རྣམས་ཀྱི་རང་གི་མཚན་ཉིད་སོ་སོར་བཏགས་པ་དེ་དག་ཀྱང་བཏགས་པ་ཙམ་དུ་ཡོད་པར་ཟད་ཀྱི། ས་སྲ་བའི་མཚན་ཉིད་དང་། ཆུ་གཤེར་བའི་མཚན་ཉིད་དུ་
གྲུབ་པ་མེད་པར་ཤེས་ན་རང་བཞིན་དུ་བཏགས་པ་ཡོངས་སུ་ཚོལ་བ་ཞེས་བྱའོ། །དེ་ལྟར་རང་གི་མཚན་ཉིད་དུ་བཏགས་པའི་ཆོས་དེ་དག་ཉིད་ལ་ཡང་མི་རྟག་པ་དང་། སྡུག་བསྔལ་བ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་འདུས་མ་
བྱས་དང་། གཟུགས་ཅན་དང་། གཟུགས་མེད་པ་དང་། འདོད་པའི་ཁམས་སུ་གཏོགས་པ་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པ་ལ་སོགས་པ་ནི་ཁྱད་པར་དུ་བཏགས་པ་ཞེས་བྱ་སྟེ། ཁྱད་པར་དུ་བཏགས་པ་དེ་དག་ཀྱང་མིང་ཙམ་ཚིག་ཙམ་དུ་ཟད་ཀྱི་རང་
བཞིན་ཡོད་པ་མ་ཡིན་པར་ཤེས་པ་ནི། ཁྱད་པར་དུ་བཏགས་པ་ཡོངས་སུ་ཚོལ་བ་ཞེས་བྱའོ། །དེ་ལ་དངོས་པོ་ལ་མིང་གློ་བུར་ཡིན་པར་ཡོངས་སུ་ཚོལ་བ་ནི་ཞེས་བྱ་བ་ལ་དངོས་པོ་བུམ་པ་ལ་སོགས་པའོ། །མིང་ནི་བུམ་པ་ཞེས་བྱ་བའི་ཚིག་སྟེ། བུམ་པའི་དངོས་པོ་
ལ་བུམ་པ་ཞེས་བྱ་བའི་མིང་བཏགས་པ་འདི་མིང་ཉིད་བུམ་པའི་རང་བཞིན་མ་ཡིན་གྱི། བླ་ཐབས་དང་། བླ་དྭགས་སུ་བཏགས་པར་ཟད་དེ་ཞེས་ཚོལ་ཞིང་ཤེས་པ་ནི་མིང་ཡོངས་སུ་ཚོལ་བ་ཞེས་བྱའོ། །མིང་ལ་དངོས་པོ་གློ་བུར་བ་ཡིན་པར་ཡོངས་སུ་ཚོལ་བ་ཞེས་བྱ་བ་

ལ། མིང་ནི་བུམ་པ་ཞེས་བྱ་བའི་ཚིག་ལ་བྱ་སྟེ། ཚིག་འདིས་བརྗོད་པར་བྱ་བའི་དངོས་པོ་ཡང་ཆུ་བླུགས་སུ་རུང་བའི་བུམ་པ་སྟེ། བུམ་པ་ཞེས་བྱ་བའི་རྗོད་པར་བྱེད་པའི་མིང་ལ། བུམ་པ་ཞེས་བྱ་བ་རྗོད་པར་བྱེད་པའི་དངོས་པོ་བཏགས་པ་ཡང་གློ་བུར་དང་བླ་ཐབས་སུ་
བཏགས་པར་ཟད་ཀྱི། མིང་དང་དངོས་པོ་གཉིས་རང་བཞིན་མི་གཅིག་པར་ཚོལ་བ་ནི། དངོས་པོ་ཡོངས་སུ་ཚོལ་བ་ཞེས་བྱའོ། །གང་གཉི་ག་མངོན་པར་འབྲེལ་པ་ལ་རང་བཞིན་དང་ཁྱད་པར་དུ་བཏགས་པ་ཞེས་བྱ་བ་ལ། གཉི་ག་མངོན་པར་འབྲེལ་བ་ནི། རྗོད་པར་
བྱེད་པའི་མིང་དང་། རྗོད་པར་བྱེད་པའི་དངོས་པོ་གཉིས་འབྲེལ་པ་སྟེ། དེ་གཉིས་འབྲེལ་པ་ལས་སྲ་བ་ལ་སོགས་པའི་ཆོས་ཀྱི་རང་གི་མཚན་ཉིད་དུ་བཏགས་པ་དང་། སྐྱེ་བ་དང་འཇིག་པ་ལ་སོགས་པ་སྤྱིའི་མཚན་ཉིད་དུ་བཏགས་པ་གཉིས་ཀྱང་བཏགས་པ་
ཙམ་དུ་ཡོད་པར་ཟད་ཀྱི། རང་གི་མཚན་ཉིད་ཀྱང་རང་བཞིན་དུ་གྲུབ་པ་མེད་པར་ཤེས་པ་ནི། རང་གི་ངོ་བོ་ཡོངས་སུ་ཚོལ་བ་ཞེས་བྱའོ། །སྤྱིའི་མཚན་ཉིད་ཀྱང་བཏགས་པ་ཙམ་དུ་ཟད་ཀྱི་རང་བཞིན་ཡོད་པ་མ་ཡིན་པར་ཤེས་པ་ནི་ཁྱད་པར་དུ་ཡོངས་སུ་ཚོལ་བ་ཞེས་བྱའོ། །
མདོ་སྡེ་རྒྱན་བམ་པོ་བདུན་པའི་བཤད་པ་རྫོགས་སོ།། །།ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཅུའོ་ཞེས་བྱ་བ་ལ། དེ་ལྟར་མོས་པ་སྤྱོད་པའི་སར་མིང་དང་དངོས་པོ་དང་། རང་བཞིན་དང་ཁྱད་པར་རྣམས་
ཡོངས་སུ་བཙལ་ན། ས་དང་པོར་མིང་དང་དངོས་པོ་དང་རང་བཞིན་དང་ཁྱད་པར་རྣམས་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་ཡོངས་སུ་ཤེས་པར་འགྱུར་ཏེ། དེ་བས་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཚིགས་སུ་བཅད་པ་བཅུས་བསྟན་ཏོ། །ཐམས་ཅད་དམིགས་སུ་མེད་
པའི་ཕྱིར། །ཡང་དག་ཤེས་པ་རྣམ་པ་བཞི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་བཞིའི་མཚན་ཉིད་དང་ལས་ཀྱི་བདག་ཉིད་ཆེན་པོ་བསྟན་ཏོ། །དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་བཞི་ནི། མིང་

ཡོངས་སུ་ཚོལ་བ་དང་ལྡན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། དངོས་པོ་ཡོངས་སུ་ཚོལ་བ་དང་ལྡན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། རང་བཞིན་ཡོངས་སུ་ཚོལ་བ་དང་ལྡན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། ཁྱད་
པར་ཡོངས་སུ་ཚོལ་བ་དང་ལྡན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །དེ་ལ་མིང་ཐམས་ཅད་དངོས་པོ་མེད་ཅིང་སྟོང་པ་ལ་དམིགས་སུ་མེད་པར་ཤེས་ན། མིང་ཡོངས་སུ་ཚོལ་བ་དང་ལྡན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ། །བུམ་པ་
ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱང་རང་བཞིན་མེད་ཅིང་སྟོང་ལ་དམིགས་སུ་མེད་པར་ཤེས་ན། དངོས་པོ་ཡོངས་སུ་ཚོལ་བ་དང་ལྡན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཞེས་བྱའོ། །སའི་རང་གི་མཚན་ཉིད་སྲ་བ་ལ་སོགས་པ་རང་གི་མཚན་ཉིད་
ཐམས་ཅད་རང་བཞིན་མེད་ཅིང་སྟོང་ལ་དམིགས་སུ་མེད་པར་ཤེས་ན། རང་བཞིན་ཡོངས་སུ་ཚོལ་བ་དང་ལྡན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ། །སྐྱེ་བ་དང་འགག་པ་ལ་སོགས་པའི་ཆོས་རྣམས་ཀྱང་རང་བཞིན་མེད་ཅིང་སྟོང་ལ་དམིགས་སུ་མེད་པར་ཤེས་
ན། ཁྱད་པར་ཡོངས་སུ་ཚོལ་བ་དང་ལྡན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱ་སྟེ། དེ་ལྟར་ཚིགས་བཅད་ཕྱེད་ཀྱིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མཚན་ཉིད་བསྟན་ཏོ། །བསྟན་པ་ཐམས་ཅད་དོན་སྒྲུབ་ཕྱིར། །ས་ཀུན་དུ་ནི་སྐྱེ་བར་བྱེད། །
ཅེས་བྱ་བ་ལ། ས་དང་པོ་ནས་བརྩམས་ཏེ་ས་བཅུ་མན་ཆད་ལ་ས་ཀུན་ཞེས་བྱ་སྟེ། བསྟན་པ་བྱང་ཆུབ་སེམས་དཔའ་རྣམས་ས་བཅུ་ཐམས་ཅད་དུ་བདག་དང་གཞན་གྱི་དོན་བསྒྲུབ་པར་བྱ་བའི་ཕྱིར། ཡང་དག་པའི་ཤེས་པ་བཞི་སྐྱེ་བར་བྱེད་ཅིང་དེ་དག་ལ་སྒོམ་པར་བྱེད་དེ། །
ཚིགས་བཅད་འོག་མ་ཕྱེད་ཀྱིས་ནི་ཡང་དག་པའི་ཤེས་པའི་ལས་ཀྱི་བདག་ཉིད་ཆེ་བ་བསྟན་ཏོ། །དེ་ལྟར་ས་དང་པོར་ཆོས་ཐམས་ཅད་བདག་མེད་པར་ཤེས་པའི་ཡེ་ཤེས་དེ་བཅིངས་པ་ཐམས་ཅད་ལས་དགྲོལ་བར་བྱ་བའི་ཐབས་ཡིན་ཏེ། དེས་བཅིངས་པ་ཐམས་ཅད་

ལས་གྲོལ་བར་བྱེད་དོ། །དེ་ལ་བཅིངས་པ་གང་ཡིན་པ་དང་། དེས་གང་བཅིངས་པ་ཤེས་པར་བྱ་བའི་ཕྱིར། གནས་དང་ལོངས་སྤྱོད་ས་བོན་གྱི། །མཚན་མ་དག་གིས་བཅིངས་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བཅིངས་པ་ནི་གནས་ཀྱི་མཚན་མ་དང་།
ལོངས་སྤྱོད་ཀྱི་མཚན་མ་དང་། ས་བོན་གྱི་མཚན་མའོ། །དེ་ལ་གནས་ཀྱི་མཚན་མ་ནི་སྣོད་ཀྱི་འཇིག་རྟེན་ཏེ། མཚན་མ་དང་ཡུལ་ཞེས་བྱ་བ་དག་དོན་གཅིག་པས་སྣོད་ཀྱི་འཇིག་རྟེན་ནི་ཀུན་གཞི་རྣམ་པར་ཤེས་པས་དམིགས་པར་བྱ་བའི་ཡུལ་ཡིན་པའི་ཕྱིར་སྣོད་ཀྱི་འཇིག་རྟེན་ལ་
གནས་ཀྱི་མཚན་མ་ཞེས་བྱའོ། །དེའི་ཕྱིར་སུམ་ཅུ་པའི་བསྟན་བཅོས་ལ་སོགས་པ་ལས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ནི་གནས་རྣམ་པར་རིག་པར་བཤད་དོ། །ལོངས་སྤྱོད་ནི་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ། རྣམ་པར་ཤེས་པ་དྲུག་ལ་ནི་ལོངས་
སྤྱོད་ཅེས་བྱ་སྟེ། རྣམ་པར་ཤེས་པ་དྲུག་གི་མཚན་མ་དང་ཡུལ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་སྟེ་ཡུལ་ལྔའོ། །ས་བོན་གྱི་མཚན་མ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་བྱ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ནི་གནས་དང་ལོངས་སྤྱོད་ལ་སོགས་པའི་མཚན་
མའི་བག་ལ་ཞ་བ་དང་། བག་ཆགས་ཀྱི་གཞི་བྱེད་པའི་ཕྱིར། ས་བོན་གྱི་མཚན་མ་ཞེས་བྱ་སྟེ། བཅིང་བ་དེ་གསུམ་གྱིས་བཅིངས་སོ་ཞེས་བྱ་བའི་དོན་ཏོ། །དེས་གང་བཅིངས་ཤེ་ན་དེའི་ཕྱིར། རྟེན་བཅས་སེམས་དང་སེམས་ལས་བྱུང་བ་དག །ཅེས་བྱ་བ་སྨོས་ཏེ། གོང་མའི་
བཅིངས་པ་དེས་ནི་རྟེན་དང་སེམས་དང་སེམས་ལས་བྱུང་བ་གསུམ་བཅིངས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྟེན་གྱི་སྒྲས་ནི་མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དུ། དབང་པོ་དྲུག་དང་བཅས་པའི་ལུས་ལ་བྱ་སྟེ། དོན་དུ་ན་གཟུགས་ཀྱི་ཕུང་པོ་ལ་བྱའོ། །ཡིད་ཀྱི་དབང་པོ་
ཡང་འདིའི་སྐབས་སུ་ཉོན་མོངས་པའི་ཡིད་ལ་བྱའོ། །སེམས་ཀྱི་སྒྲས་ནི་རྣམ་པར་ཤེས་པ་བརྒྱད་ལ་བྱ་སྟེ། ཕུང་པོ་ལྔའི་ནང་ནས་རྣམ་པར་ཤེས་པའི་ཕུང་པོ་ལ་བྱའོ། །སེམས་ལས་བྱུང་བའི་སྒྲས་ནི་ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོའི་གཉིས་དང་། རེག་པ་དང་

ཡིད་ལ་བྱེད་པ་ལ་སོགས་པ་སེམས་ལས་བྱུང་བ་ལྔ་བཅུ་རྩ་གཅིག་ལ་བྱ་སྟེ། དོན་དུ་བཤད་པའི་བཅིང་བ་དེས་ཕུང་པོ་ལྔ་བཅིངས་སོ་ཞེས་བྱ་བའི་དོན་ཏོ། །གང་དུ་བཅིངས་ཇི་ལྟར་བཅིངས་ཤེ་ན། དེའི་ཕྱིར། འདིར་ནི་ས་བོན་ལྡན་པས་བཅིངས། །ཞེས་སྨོས་ཏེ། གང་དུ་
བཅིངས་ཤེ་ན། ཁམས་གསུམ་འདིར་བཅིངས་སོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བཅིངས་ཤེ་ན། གནས་ཀྱི་མཚན་མའི་བག་ཆགས་དང་། ལོངས་སྤྱོད་ཀྱི་མཚན་མའི་བག་ཆགས་ཀུན་གཞི་ལ་བསགས་པས་ཇི་སྲིད་དུ་བག་ཆགས་མ་སྤངས་ཏེ། བག་ཆགས་དང་ལྡན་པ་དེ་སྲིད་དུ་
ཐར་པ་མེད་པས་ན་དེ་ལྟར་བཅིངས་སོ། །དེ་ལ་གནས་ཀྱི་མཚན་མ་ནི་སྣོད་ཀྱི་འཇིག་རྟེན་ཏོ་ཞེས་བྱ་བ་ལ་གནས་ནི་སྣོད་ཀྱི་འཇིག་རྟེན་ལ་བྱ་སྟེ། དེ་དག་ཉིད་ཀུན་གཞིའི་གནས་ཡིན་པས་ན་གནས་ཀྱི་མཚན་མ་ཞེས་བྱའོ། །ལོངས་སྤྱོད་ཀྱི་མཚན་མ་ནི་ཞེས་བྱ་བ་ལ། ལོངས་སྤྱོད་
ནི་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པ་དྲུག་ལ་བྱ་སྟེ། དེ་དག་གི་མཚན་མ་དང་ཡུལ་ནི་གཟུགས་ནས་རེག་བྱའི་བར་དུ་ལྔའོ། །གང་དེ་དག་གི་ས་བོན་ནི་ཞེས་བྱ་བ་ལ། གནས་དང་ལོངས་སྤྱོད་གཉིས་ཀྱི་ས་བོན་གྱི་མཚན་མ་དང་གཞིར་གྱུར་པ་ནི་ཀུན་གཞི་རྣམ་
པར་ཤེས་པ་སྟེ། ཀུན་གཞི་ནི་ཆོས་ཐམས་ཅད་ཀྱི་ས་བོན་གྱི་རྟེན་བྱེད་པའི་ཕྱིར་རོ། །ཆོས་གང་ཤེས་ཤིང་བསྒོམས་པས་བཅིངས་པ་ལས་ཐར་པར་འགྱུར་བའི་ཐབས་བསྟན་པའི་ཕྱིར། མཚན་མ་མདུན་དུ་གང་བཞག་པ། །བདག་ཉིད་ཀྱིས་ནི་གང་གནས་པ། །བརྟེན་པས་ཐམས་
ཅད་རྣམ་བཤིག་ན། །བྱང་ཆུབ་མཆོག་ནི་རྙེད་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། མཚན་མ་མདུན་དུ་གང་བཞག་པ། །ཞེས་བྱ་བ་ནི་གང་སྔོན་མཉན་པ་དང་བསམ་པ་དང་བསྒོམ་པ་ལ་སོགས་པའི་སྦྱོར་བ་ལ་བརྟེན་ནས། རྣལ་འབྱོར་པས་འཕྲལ་དུ་བམ་པ་དང་བསྔོས་པ་དང་ཀེང་རུས་
ལ་སོགས་པའི་མཚན་མ་མདུན་དུ་བསམས་ཤིང་བརྟགས་ཏེ་གཞག་པ་ནི་མཚན་མ་མདུན་དུ་བཞག་པ་ཞེས་བྱའོ། །གང་འཕྲལ་དུ་བསམས་ཏེ་གཞག་པ་ནི་མ་ཡིན་གྱི། སེམས་ཅན་རྣམས་འཁོར་བ་ཐོག་མ་མེད་པའི་དུས་ནས་བསྒྲིམས་ཤིང་འབད་མི་དགོས་པས་བུམ་པ་དང་

སྣམ་བུ་ལ་སོགས་པ་རང་གི་ངང་གིས་སེམས་ལ་སྣང་བ་ནི། བདག་ཉིད་ཀྱིས་གང་གནས་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་བརྟན་པ་རྣམས་ཀྱིས་མདུན་དུ་བཞག་པའི་མཚན་མ་དང་། བདག་ཉིད་ཀྱིས་གནས་པའི་མཚན་མ་གཉིས་བཤིག་སྟེ། སྟོང་པར་དམིགས་སུ་མེད་པའི་མཚན་
ཉིད་དུ་བྱས་ནས། དེ་ལ་ཡོད་པའི་ངོ་བོར་རྟོག་པའི་ཚུལ་དུ་བསྒོམས་ན། བྱང་ཆུབ་ཐོབ་པ་དང་། བྱང་ཆུབ་མཆོག་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བསྒོམ་པའི་རིམ་པ་ཡང་དང་པོ་ནི་མདུན་དུ་གཞག་པའི་མཚན་ཉིད་སྟོང་པར་བཤིག་སྟེ། བསྒོམ་པ་དེ་སྟོང་པར་
བཤིག་པ་དང་དེའི་འོག་ཏུ་བདག་ཉིད་ཀྱིས་གནས་པའི་དངོས་པོ་རྣམས་སྟོང་པར་བཤིག་སྟེ་ཇི་ལྟར་ཞེ་ན་འདི་ལྟར་བམ་པ་དང་། བསྔོས་པ་ལ་སོགས་པ་འདི་དག་སེམས་དང་སེམས་ལས་བྱུང་བ་ལ། སྣང་བ་ཙམ་དུ་ཟད་ཀྱི་རང་བཞིན་དུ་གྲུབ་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ།
བུམ་པ་དང་སྣམ་བུ་ལ་སོགས་པ་འདི་དག་ཀྱང་སེམས་དང་སེམས་ལས་བྱུང་བ་ལ་སྣང་བར་ཟད་ཀྱི། རང་བཞིན་གྱིས་གྲུབ་པར་ཡོད་པ་མ་ཡིན་ནོ་ཞེས་དེ་ལྟར་བསྒོམ་མོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་རྟག་པ་དང་། གཙང་བ་དང་བདག་དང་བདེ་བ་དང་ལྡན་པའི་
གང་ཟག་སྟོང་པར་བཤིག་སྟེ་བསྒོམས་ན་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ཟག་དང་ཆོས་གཉིས་སྟོང་པར་བཤིག་སྟེ་བསྒོམས་ན་ནི་བླ་ན་མེད་པའི་བྱང་ཆུབ་མཆོག་འཐོབ་པར་འགྱུར་རོ། །དེ་
བཞིན་དུ་མི་རྟོག་པ་དེ་ལྟ་བུ་རིམ་གྱིས་སྨྲ་བར་བྱའོ་ཞེས་བྱ་བ་ནི་མདུན་དུ་གཞག་པའི་མཚན་མ་དང་ལྡན་པ་བདག་ཉིད་གནས་པའི་མཚན་མ་གཉིས་ལ་བསྒོམ་པའི་རིམ་པ་ཡང་། དང་པོར་མདུན་དུ་གཞག་པའི་མཚན་མ་ཀེང་རུས་ལ་སོགས་པ་སྟོང་པར་བཤིག་ནས་དེ་ལ་
མི་རྟོག་པར་བྱའོ། །དེ་ནས་བུམ་པ་ལ་སོགས་པ་བདག་ཉིད་གནས་པའི་མཚན་མ་སྟོང་པར་བཤིག་སྟེ། དེ་ལ་མི་རྟོག་པར་བྱའོ། །གང་མཉན་པ་དང་བསམ་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ་མདུན་དུ་གཞག་པའི་མཚན་མ་ཞེས་བྱ་བའི་དོན་འཆད་དེ། མདུན་དུ་

གཞག་པའི་མཚན་མ་ཞེས་བྱ་བ་ནི་གང་རྣལ་འབྱོར་པས་མཉན་པ་དང་བསམ་པ་དང་བསྒོམ་པའི་ཏིང་ངེ་འཛིན་གྱི་ཡུལ་ལ་བྱ་སྟེ། ཀེང་རུས་ལ་སོགས་པའི་མཚན་མ་ཉིད་འཕྲལ་དུ་སེམས་ཀྱིས་བརྟགས་ཏེ་གཞག་པའོ། །རང་བཞིན་ལ་གནས་
པར་གྱུར་ཅིང་ཞེས་བྱ་བ་ལ། བདག་ཉིད་གནས་པ་ནི་གང་འཕྲལ་དུ་བསམས་ཏེ་མདུན་དུ་གཞག་པ་ནི་མ་ཡིན་གྱི་འཁོར་བ་ཐོག་མ་མེད་པའི་དུས་ནས་བསྒྲིམས་ཤིང་འབད་མི་དགོས་པར་སེམས་ལ་རང་གི་ངང་གིས་སྣང་བ་སྟེ། གང་བུམ་པ་ལ་སོགས་པ་རང་བཞིན་གྱི་
སེམས་ཀྱིས་བརྟགས་ཏེ། སེམས་ལས་ཕྱི་རོལ་དུ་ཡོད་པ་ལྟ་བུར་སྣང་བའོ། །དེ་ལ་བཤིག་པ་ནི་ཡོད་པའི་དངོས་པོ་ལས་བྲལ་བ་རྣམ་པར་མི་རྟོག་པ་སྟེ་ཞེས་བྱ་བ་ལ་དེ་གཉིས་སྟོང་པར་བཤིག་པའི་ཐབས་ནི་མདུན་དུ་གཞག་པའི་མཚན་མ་དང་རང་བཞིན་ལ་གནས་
པ་གཉིས་སེམས་ལ་སྣང་བ་དང་བྲལ་ཞིང་། སེམས་ལ་མི་སྣང་བར་བྱ་བ་ནས། དེ་ལ་ཡོད་པར་རྟོག་པ་སྤངས་ཏེ། མི་རྟོག་པའི་ཚུལ་དུ་བསྒོམ་པ་ནི་གཞག་པ་ཞེས་བྱའོ། །དེའི་ཐབས་ནི་མཚན་མའི་གཉེན་པོའོ་ཞེས་བྱ་བ་ལ་སྟོང་པར་བཤིག་ནས་མི་རྟོག་པའི་
ཚུལ་དུ་བསྒོམ་པ་ཉིད་མཚན་མར་འཛིན་པ་ཐམས་ཅད་མེད་ཅིང་འཇིག་པར་བྱེད་པའི་ཐབས་ཡིན་ནོ། །མདུན་དུ་གཞག་པ་དང་། ཕྱིར་བདག་ཉིད་གནས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་གཉིས་སྟོང་པར་བསྒོམ་པའི་རིམ་པ་ནི་དང་པོ་ཉིད་དུ་མདུན་དུ་གཞག་པའི་མཚན་
མ་ཀེང་རུས་ལ་སོགས་པ་སྟོང་པར་བཤིག་སྟེ་ཇི་ལྟར་བཤིག་ཅེ་ན། ཀེང་རུས་ལ་སོགས་པ་སྣང་བ་འདི་དག་སེམས་ལ་སྣང་བ་ཙམ་དུ་ཟད་ཀྱི་ཡང་དག་པར་ཡོད་པ་མ་ཡིན་ནོ་ཞེས་གཞིག་གོ། །བུམ་པ་ལ་སོགས་པ་བདག་ཉིད་ཀྱིས་གནས་པ་རྣམས་སྟོང་པར་བཤིག་
སྟེ། ཇི་ལྟར་བཤིག་ཅེ་ན་སྟེ། ཇི་ལྟར་ཀེང་རུས་ལ་སོགས་པ་སེམས་ལ་སྣང་བར་ཟད་ཀྱི་རང་བཞིན་ཡོད་པ་མ་ཡིན་པ་དེ་བཞིན་དུ་བུམ་པ་ལ་སོགས་པ་འདི་དག་ཀྱང་སེམས་ལ་སྣང་བར་མ་ཟད་ཀྱི། རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་དེ་དེ་ལ་ཕྱིན་ཅི་ལོག་བཞི་

དང་ལྡན་པའི་གང་ཟག་གི་མཚན་མ་རྣམ་པར་འཇིག་པའི་རྣལ་འབྱོར་ཅན་ནོ་ཞེས་བྱ་བ་ལ་སོགས་པ་ལ་རྟག་པ་དང་། བདེ་བ་དང་། གཙང་བ་དང་། བདག་དང་ལྡན་པའི་གང་ཟག་ལ་ཡོད་པར་འཛིན་པ་སྟོང་པར་བཤིག་ནས་བསྒོམ་པའི་རྣལ་འབྱོར་པས་ནི། ཉན་ཐོས་ཀྱི་བྱང་ཆུབ་
དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་མཚན་མ་རྣམ་པར་འཇིག་པ་ནི་བྱང་ཆུབ་ཆེན་པོར་རོ་ཞེས་བྱ་བ་ལ། གང་ཟག་གི་མཚན་མ་དང་། ཆོས་ཀྱི་མཚན་མ་གཉིས་སྟོང་པར་བཤིག་ནས་བསྒོམ་པའི་རྣལ་འབྱོར་པས་ནི་
བླ་ན་མེད་པའི་བྱང་ཆུབ་འཐོབ་པོ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ཇི་ལྟ་བུར་བཅིངས་པ་ཡོངས་སུ་ཤེས་པར་ཐལ་བར་འགྱུར་བ་དང་། ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་དེ་དག་བསྟན་ཏོ་ཞེས་བྱ་བ་ལ། གང་དུ་ཚིགས་སུ་བཅད་པ་གསུམ་བཤད་པའི་
བསྡུས་པའི་དོན་ནི། ཇི་ལྟ་བུས་སེམས་ཅན་ཡོངས་སུ་བཅིངས་པ་ཤེས་པ་དང་། ཡོངས་སུ་བཅིངས་པ་ཤེས་པ་ནས། གང་གིས་བཅིངས་པ་ལས་ཐར་བར་འགྱུར་བ་ཤེས་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མཚན་ཉིད་གང་ཡིན་པ་
སྟེ། དོན་དེ་གསུམ་བསྟན་ཏོ། །དེ་ལ། གནས་དང་ལོངས་སྤྱོད་ས་བོན་གྱི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་བཅིངས་པ་གང་ཡིན་པ་ཤེས་པ་བསྟན་ཏོ། །མཚན་མ་མདུན་དུ་གཞག་པ་དང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་
པ་གཅིག་གིས་ནི་གང་ཡོངས་སུ་ཤེས་པས་ཐར་བར་འགྱུར་བའི་ཐབས་བསྟན་ཏོ། །དང་པོ་ཚིགས་སུ་བཅད་པ། ཐམས་ཅད་དམིགས་པ་མེད་པའི་ཕྱིར། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་གང་ཡིན་པ་བསྟན་ཏོ། །
མཚན་ཉིད་གསུམ་ཡོངས་སུ་ཤེས་པས་ཀུན་གཞི་རྣམ་པར་ཤེས་པ་ལ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་བག་ཆགས་ཡོད་པ་སྤངས་ནས་ཐར་བར་འགྱུར་བ་དེ་བསྟན་པའི་ཕྱིར། དེ་བཞིན་ཉིད་དམིགས་ཡེ་ཤེས་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །

དེ་ལ་དེ་བཞིན་ཉིད་ནི་སྟོང་པ་ཉིད་ཆོས་ཀྱི་དབྱིངས་ལ་བྱ་སྟེ། སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས་ཀྱིས་ནི་ཡོངས་སུ་རྫོགས་པའི་མཚན་ཉིད་མངོན་སུམ་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གཟུང་བ་གཉིས་ནི་རྣམ་པར་སྤངས། །ཞེས་བྱ་བ་ལ་གཟུང་
བ་གཉིས་ནི་གཟུང་འཛིན་གཉིས་སམ་ཀུན་དུ་བརྟགས་པའི་གང་ཟག་དང་། ཀུན་བརྟགས་ཀྱི་ཆོས་གཉིས་རི་བོང་གི་རྭ་བཞིན་དུ་མཚན་ཉིད་མེད་པར་ཤེས་ན་ཀུན་དུ་བརྟགས་པའི་མཚན་ཉིད་མངོན་སུམ་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གནས་ངན་ལེན་ཚོགས་མངོན་སུམ་
དང་། །ཞེས་བྱ་བ་ལ་གནས་ངན་ལེན་གྱི་ཚོགས་ནི་ཀུན་གཞི་རྣམ་པར་ཤེས་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བཅས་པ་ལ་བྱ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་ཕྱིན་ཅི་ལོག་ཏུ་རྣམ་པར་རྟོག་པ་
རྣམས་ཀྱི་གནས་ཡིན་ནོ་ཞེས་ཤེས་ན། གཞན་གྱི་དབང་མངོན་སུམ་དུ་འགྱུར་རོ། །བརྟན་པ་དེ་དག་ཟད་པར་འདོད། །ཅེས་བྱ་བ་ལ། དེ་ལྟར་བྱང་ཆུབ་སེམས་དཔའ་མཚན་ཉིད་གསུམ་མངོན་སུམ་དུ་བྱས་ན། ཀུན་གཞི་རྣམ་པར་ཤེས་པ་གཞན་གྱི་དབང་གི་མཚན་
ཉིད་ལ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཅི་ཡོད་པ་ཟད་ཅིང་དག་ནས་ཐར་པ་ཐོབ་པར་འགྱུར་ཞིང་འདོད་དོ་ཞེས་བྱ་བའི་དོན་ཏོ། །གནས་ངན་ལེན་གྱི་ཚོགས་མངོན་སུམ་པའི་ཕྱིར་ཞེས་བྱ་བ་ལ། གནས་ངན་ལེན་གྱི་ཚོགས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་
པ་ལ་བྱ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ནི་ཕྱིན་ཅི་ལོག་ཐམས་ཅད་ཀྱི་རྒྱུ་ཡིན་ནོ་ཞེས་ཤེས་ན། གཞན་གྱི་དབང་གི་མཚན་ཉིད་མངོན་སུམ་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཟད་པར་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ་གནས་ངན་ལེན་གྱི་ཚོགས་ཀུན་གཞི་
རྣམ་པར་ཤེས་པ་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཟད་པར་བྱ་བའི་ཕྱིར་མཚན་ཉིད་མངོན་སུམ་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །མཚན་ཉིད་གསུམ་མངོན་སུམ་དུ་བྱས་ན། ཀུན་གཞི་རྣམ་པར་ཤེས་པ་ལ་བག་ལ་ཉལ་ཡོད་པ་ཟད་པར་གྱུར་ནས་ཐར་པ་འཐོབ་པར་

འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འཕགས་པ་ཉན་ཐོས་རྣམས་ཀྱིས་ཀྱང་ཕྱིན་ཅི་ལོག་བཞི་དང་ལྡན་པའི་གང་ཟག་སྟོང་པར་ཤེས་པའི་ཡང་དག་པའི་ཡེ་ཤེས་བསྒོམས་པས་ན། འཕགས་པ་ཉན་ཐོས་ལ་ཡང་དག་པའི་ཡེ་ཤེས་ཡོད་དེ། འཕགས་པ་
ཉན་ཐོས་ལ་ཡང་དག་པའི་ཡེ་ཤེས་ཡོད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དག་པའི་ཡེ་ཤེས་ཡོད་པར་ཁྱད་པར་ཅི་ཡོད་ཅེ་ན། ཡང་དག་པའི་ཡེ་ཤེས་ཀྱི་ཁྱད་པར་བསྟན་པའི་ཕྱིར། དེ་བཞིན་མི་དམིགས་ཡེ་ཤེས་ནི། རྣམ་པ་ཐ་དད་མེད་
བསྒོམས་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིགས་སུ་བཅད་པ་འདིས། ཉན་ཐོས་རྣམས་མཚན་མ་མེད་པ་ལ་བསྒོམ་པ་བས། བྱང་ཆུབ་སེམས་དཔའ་དག་མཚན་མ་མེད་པ་བསྒོམ་པ་ཁྱད་ཞུགས་པ་སྟོན་ཏེ། ཇི་ལྟ་ཞེ་ན། འཕགས་
པ་ཉན་ཐོས་རྣམས་ཀྱིས་ནི་མཚན་མ་དང་མཚན་མ་མེད་པ་གཉིས་ཐ་དད་པ་བསྒོམ་སྟེ། དེ་ལ་མཚན་མ་ཞེས་བྱ་བ་ནི་འཁོར་བ་ལ་བྱའོ། །མཚན་མ་མེད་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་བྱ་སྟེ། འཁོར་བ་ལ་ནི་སྐྱེ་བ་དང་། རྒ་བ་ལ་སོགས་པའི་སྡུག་བསྔལ་
དང་བཅས་པས། མ་ཞི་བའི་རང་བཞིན་དུ་ཡིད་ལ་བྱེད། མྱ་ངན་ལས་འདས་པ་ལ་ནི་སྡུག་བསྔལ་ཐམས་ཅད་སྤངས་པས་ཞི་བའི་མཚན་ཉིད་དུ་ཡིད་ལ་བྱེད། འཁོར་བ་ནི་སྤོང་བར་འདོད། མྱ་ངན་ལས་འདས་པ་ནི་མངོན་སུམ་དུ་བྱ་བར་འདོད་དོ། །དེ་ལ་དེ་
བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་ཤེས་བྱ་བ་ནི་ཆོས་རྣམས་རང་བཞིན་གྱིས་མྱ་ངན་ལས་འདས་པའི་མཚན་ཉིད་དུ་དམིགས་པ་སྟོང་པ་ཉིད་ལ་ལྟ་བ་ཡེ་ཤེས་ལ་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཚན་མ་སྟེ། འཁོར་བ་དང་དེ་བཞིན་ཉིད་ལ་
དམིགས་པའི་ཡེ་ཤེས་ཏེ་མྱ་ངན་ལས་འདས་པ་གཉིས་ཐ་དད་པ་མེད་ཅིང་རོ་གཅིག་པར་མཐོང་ནས་འཁོར་བའི་སྟོང་པ་ཉིད་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བསྒོམས་ན། ཉན་ཐོས་མཚན་མ་མེད་པར་བསྒོམས་པ་བས་ཁྱད་ཞུགས་སོ། །དེ་བས་ན་འཕགས་པ་བློ་གྲོས་མི་

ཟད་པའི་མདོ་ལས་ཀྱང་ཆོས་ཀྱི་དབྱིངས་དང་། འཁོར་བའི་ཁམས་དང་མྱ་ངན་ལས་འདས་པའི་དབྱིངས་དེ་ནི་མཚུངས་སོ། །ཆོས་ཀྱི་དབྱིངས་དང་སེམས་ཅན་གྱི་ཁམས་དང་ཆོས་ཐམས་ཅད་ཀྱི་ཁམས་དེ་ནི་མཚུངས་སོ། །ཅིའི་ཕྱིར་མཚུངས་ཤེ་
ན། སྟོང་པ་ཉིད་དུ་མཚུངས་པས་ན་དེ་ནི་མཚུངས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་མཚན་མ་དང་དེ་བཞིན་ཉིད་ཐ་དད་པ་མེད་པར་བསྒོམས་པས་ཇི་ལྟར་ན་ཉན་ཐོས་ལ་སོགས་པའི་མཚན་མ་མེད་པར་བསྒོམ་པ་བས། ཁྱད་ཞུགས་ཤེ་ན། ཡོད་མེད་
དོན་ནི་མངོན་སུམ་དུ། །རྣམ་པར་རྟོག་ལས་འབྱོར་ཞེས་བྱ། །ཞེས་སྨོས་ཏེ། མཚན་མ་དང་དེ་བཞིན་ཉིད་ཐ་མི་དད་པར་བསྒོམས་པས་ན། ཡོད་པའི་དོན་ཀྱང་མངོན་སུམ་དུ་གྱུར་ལ། མེད་པའི་དོན་ཀྱང་མངོན་སུམ་དུ་གྱུར་ཏེ། དེ་ལྟར་གྱུར་པས། སེམས་ཅན་
གྱིས་གང་དང་གང་བསམས་ཤིང་ཇི་དང་ཇི་ལྟར་བསམས་པ་དེ་དང་དེ་དག་དེ་བཞིན་དུ་འགྲུབ་པར་འགྱུར་ཏེ། ནམ་མཁའ་སྟོང་པ་ལས་ཡོ་བྱད་ཀྱི་ཆར་འབབ་པར་གྱུར་ཅིག་ཅེས་བསམས་ན་ཡང་། ཡོ་བྱད་ཀྱི་ཆར་འབབ་པར་འགྱུར་བས་རྣམ་པར་རྟོག་པ་ལས་
ཐམས་ཅད་འབྱོར་པ་ཞེས་བྱ་སྟེ། དེ་བས་ན་ཉན་ཐོས་ཀྱི་མཚན་མ་མེད་པ་བས། བྱང་ཆུབ་སེམས་དཔའ་མཚན་མ་མེད་པར་བསྒོམ་པ་ཁྱད་ཞུགས་པ་ཡིན་ནོ། །དེ་ལ་ཡོད་པ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱི་ཆོས་ཀྱི་དབྱིངས་ལ་བྱ་སྟེ། ཆོས་ཀྱི་དབྱིངས་མངོན་
སུམ་དུ་གྱུར་པས་ན་ཡོད་པ་མངོན་སུམ་དུ་གྱུར་པ་ཞེས་བྱའོ། །དེ་ལ་མེད་པ་ནི་གཟུང་བ་དང་འཛིན་པ་ཀུན་བརྟགས་ཀྱི་མཚན་མ་ལ་བྱ་སྟེ། ཀུན་བརྟགས་རང་བཞིན་མེད་པ་ཡང་མངོན་སུམ་དུ་གྱུར་པས་ན། མེད་པ་མངོན་སུམ་པ་ཞེས་བྱའོ། །མཚན་མ་དང་དེ་
བཞིན་ཉིད་ཐ་དད་པ་མེད་པ་མཐོང་བའི་ཕྱིར་ཏེ་ཞེས་བྱ་བ་ལ། མཚན་མ་ནི་འཁོར་བའི་ཆོས་ལ་བྱའོ། །དེ་བཞིན་ཉིད་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པའི་མཚན་ཉིད་སྟོང་པ་ཉིད་ལ་བྱ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་རང་

བཞིན་གཅིག་པར་མཐོང་བས་ན་མཚན་མ་དང་དེ་བཞིན་ཉིད་ཐ་དད་པ་མེད་པར་མཐོང་བ་ཞེས་བྱ་སྟེ། དོན་དུ་འཁོར་བ་དང་རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ཉིད་མྱ་ངན་ལས་འདས་པ་ཡིན་གྱི། མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་འཁོར་བའི་སྟོང་པ་
ཉིད་ལ་མ་གཏོགས་པར་ལོགས་ཤིག་ན་ཡོད་པ་མ་ཡིན་པར་མཐོང་བའོ། །དེ་བས་ན་བྱང་ཆུབ་སེམས་དཔའི་མཚན་མ་མེད་པ་བསྒོམ་པ་ནི། ཉན་ཐོས་ཀྱི་མཚན་མ་མེད་པ་བསྒོམ་པ་བས་ཁྱད་ཞུགས་པ་ཡིན་ནོ། །ཇི་ལྟར་ཁྱད་ཞུགས་པ་བསྟན་པའི་ཕྱིར་རོ། །
དེ་དག་གི་མཚན་མ་དང་། མཚན་མ་མེད་པ་ཐ་དད་པར་མཐོང་ནས། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་དང་། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པས་ཞེས་བྱ་བ་སྟེ། ཉན་ཐོས་དེ་དག་གིས་ནི་མཚན་མ་སྟེ་འཁོར་བ་དང་། མཚན་མ་མེད་པ་སྟེ།
མྱ་ངན་ལས་འདས་པ་གཉིས་ཐ་དད་པར་མཐོང་སྟེ། ཇི་ལྟར་ཐ་དད་པར་མཐོང་ཞེ་ན། འཁོར་བ་ནི་སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་ལྡན་པས་མ་ཞི་བའི་རང་བཞིན་དུ་མཐོང་ལ། མྱ་ངན་ལས་འདས་པ་ནི་སྐྱེ་བ་དང་རྒ་བ་ལ་སོགས་
པའི་སྡུག་བསྔལ་རྣམས་སྤངས་པས་ཞི་བའི་རང་བཞིན་དུ་མཐོང་སྟེ། དེ་བས་ན་འཁོར་བ་ནི་སྤོང་འདོད་པས་ཡིད་ལ་བྱེད་ལ། མྱ་ངན་ལས་འདས་པའི་མངོན་དུ་བྱ་བར་འདོད་པས། མྱ་ངན་ལས་འདས་པའི་དབྱིངས་ནི་ཡིད་ལ་བྱེད་དོ། །བྱང་ཆུབ་སེམས་དཔས་ནི་དེ་བཞིན་
ཉིད་ལས་གཞན་དུ་མཚན་མ་མ་མཐོང་བས། མཚན་ཉིད་མེད་པར་མཐོང་སྟེ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་དེ་བཞིན་ཉིད་སྟོང་པ་ཉིད་ལ་མ་རྟོགས་པའི་མཚན་མ་ཞེས་བྱ་བ། འཁོར་བའི་ཆོས་ལོགས་ཤིག་ན་ཡོད་པར་མ་མཐོང་སྟེ། མཚན་མ་
སྟེ་འཁོར་བ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དུ་མཐོང་ནས། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་རོ་གཅིག་པར་མཐོང་བའི་ཕྱིར། འཁོར་བ་ཡང་མི་སྤོང་ལ། མྱ་ངན་ལས་འདས་པ་ཡང་མི་ལེན་པའི་ཚུལ་དུ་བསྒོམས་ཏེ། དེ་བས་ན་འཁོར་བ་དང་མྱ་ངན་ལས་འདས་པ་ཐ་དད་པ་

མེད་པར་བསྒོམ་པའི་ཕྱིར། ཉན་ཐོས་མཚན་མ་མེད་པ་བསྒོམ་པ་དང་། བྱང་ཆུབ་སེམས་དཔའ་མཚན་མ་མེད་པ་བསྒོམ་པ་ལ་བྱེ་བྲག་ཡོད་དོ། །དེ་བཞིན་ཉིད་ཡོད་པའི་དོན་དང་། །ཞེས་བྱ་བ་ལ། དེ་བཞིན་ཉིད་ནི་སྟོང་པ་ཉིད་ལ་བྱ་སྟེ། སྟོང་པ་ཉིད་ནི་ཡོད་པའི་དོན་དུ་
མངོན་སུམ་དུ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །མཚན་མ་མེད་པའི་དོན་ལ་མངོན་སུམ་དུ་གྱུར་པ་སྟེ། ཞེས་བྱ་བ་ལ་མཚན་མ་ནི་གཟུང་བ་དང་། འཛིན་པ་ལ་སོགས་པ་སྟེ། གཟུང་འཛིན་མཚན་མ་རྣམས་ནི་མེད་པའི་མཚན་ཉིད་ཡིན་པ་མངོན་སུམ་དུ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །
ཇི་ལྟར་རྣམ་པར་བརྟགས་པ་བཞིན་དུ་དོན་ཐམས་ཅད་འབྱོར་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་མེད་པའི་དོན་ཀྱང་མངོན་སུམ་དུ་གྱུར། ཡོད་པའི་དོན་ཀྱང་མངོན་སུམ་དུ་གྱུར། གང་དང་གང་བསམས་པ་རྣམས་དེ་བཞིན་དུ་གྲུབ་པར་འགྱུར་ཏེ། དེ་བས་ན་རྣམ་པར་རྟོག་པ་ལས་འབྱོར་པ་
རྙེད་པ་ཞེས་བྱའོ། །བརྒལ་བ། གལ་ཏེ་འཁོར་བ་ནི་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ན། སེམས་ཅན་ཐམས་ཅད་ལ་མྱ་ངན་ལས་འདས་པ་ཡོད་པས། སེམས་ཅན་ཐམས་ཅད་ཀྱིས་མྱ་ངན་ལས་པ་མཐོང་བར་རིགས་ན། ཅིའི་ཕྱིར་མ་མཐོང་སྙམ་པ་ལ་དེའི་ཕྱིར།
ནུས་པ་དག་ནི་ཡང་དག་བསྒྲིབས། །ཡང་དག་མ་ཡིན་ཀུན་དུ་སྣང་། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་འཁོར་བ་ཉིད་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ཡང་། བྱིས་པ་སོ་སོའི་སྐྱེ་བོ་དག་བདག་དང་ཆོས་སུ་མངོན་པར་ཆགས་པའི་བག་ཆགས་ཀྱི་སྒྲིབ་པས་ཡང་དག་པར་
བསྒྲིབས་ཏེ། སྟོང་པ་ཉིད་ལ་ཡོད་པའི་ཆོས་མ་མཐོང་ལ། ཡང་དག་པ་མ་ཡིན་པ་གཟུང་བ་དང་། འཛིན་པའི་ཆོས་མེད་པ་རྣམས་ནི། སེམས་ལ་སྣང་ཞིང་མཐོང་སྟེ་དཔེར་ན། མི་ཤེས་པས་བསྒྲིབས་པས། ཐག་པ་ཡོད་པ་ནི་མི་མཐོང་ལ། ཐག་པ་ལ་སྦྲུལ་གྱི་རང་བཞིན་
མེད་པའི་སྦྲུལ་མཐོང་བ་ལྟ་བུའོ། །ཡང་དག་བྱང་ཆུབ་སེམས་དཔའ་ལ། །དེ་བསལ་ནས་ནི་ཐམས་ཅད་སྣང་། །ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་གང་ཟག་དང་། ཆོས་སུ་མངོན་པར་ཆགས་པ་མེད་པས། ཡང་དག་པ་སྟོང་པ་ཉིད་ཡོད་པའི་ཆོས་ནི་སེམས་

ལ་སྣང་ཞིང་མཐོང་ལ། ཡང་དག་པ་མ་ཡིན་པ་གཟུང་བ་དང་། འཛིན་པ་ལྟ་བུ་ནི་བསལ་ནས་སེམས་ལ་མི་སྣང་སྟེ། དཔེར་ན་སྔས་པ་དང་བྲལ་བའི་མིས་ཐག་པ་ཡོད་པ་ནི་མཐོང་ལ་སྦྲུལ་མེད་པ་ནི་མི་མཐོང་བ་བཞིན་ནོ། །རང་གི་ངང་གིས་ཞེས་བྱ་བ་ལ། བྱིས་པ་རྣམས་ལ་
ནི་གཟུང་བ་དང་། འཛིན་པ་ལ་སོགས་པའི་མེད་པའི་ཆོས་ནི་བསྒྲིམ་མི་དགོས་པར་སེམས་ལ་སྣང་ངོ་ཞེས་བྱ་བའི་དོན་ཏོ། །རང་གི་ངང་གིས་ཡང་དག་པ་ཉིད་སྣང་། ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སྟོང་པ་ཉིད་ཀྱི་ཆོས་སེམས་ལ་བསྒྲིམ་མི་དགོས་པར་
སྣང་ཞིང་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །འཕགས་པ་རྣམས་ལ་སྟོང་པ་ཉིད་སྣང་གི །མཚན་མ་མི་སྣང་ངོ་ཞེས་བསྟན་པའི་དོན་དེ་ཉིད་བསྒྲུབ་པའི་ཕྱིར། མི་སྣང་བ་དང་སྣང་བ་ནི། །ཡོད་མེད་དོན་དུ་རིག་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་པའི་དོན་ནི་སྟོང་པ་
ཉིད་ལ་མེད་པའི་དོན་ནི་གཟུང་འཛིན་གྱི་མཚན་མ་རྣམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོད་པའི་དོན་ནི་སེམས་ལ་སྣང་ཞིང་མཐོང་ལ། མེད་པའི་དོན་མཚན་མ་རྣམས་ནི་སེམས་ལ་མི་སྣང་ཞིང་མི་མཐོང་བར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གནས་ཀྱང་
ཤིན་ཏུ་འཕོས་པ་སྟེ། །དེ་ནི་ཐར་པ་འདོད་བཞིན་སྤྱོད། །ཅེས་བྱ་བ་ལ། གང་གི་ཚེ་སྟོང་པ་ཉིད་ཡོད་པའི་ཆོས་ཀྱང་མཐོང་། མཚན་མ་སྟེ་མེད་པའི་ཆོས་ཀྱང་མཐོང་ལ། དེའི་ཚེ་ན་གཞན་གྱི་དབང་གི་མཚན་ཉིད་དུ་ཀུན་གཞི་རྣམ་པར་ཤེས་པ། གནས་གཞན་དུ་གྱུར་
པ་ཞེས་བྱ་སྟེ། གནས་གཞན་དུ་གྱུར་པ་དེ་ཉིད་ལ་ཐར་པ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་གནས་གཞན་དུ་གྱུར་པ་ཉིད་ལ་བྱ་བ་ཡིན་པར་རིག་པར་བྱའོ། །ཅིའི་ཕྱིར་གནས་གཞན་དུ་གྱུར་པ་ཐར་པ་ཞེས་བྱ་ཞེ་ན། དཔེར་ན་སྐྱེ་བོ་ལ་ལ་ཞིག་བཅིངས་པ་ལས་ཐར་པ་ན།
ཇི་དགར་སྤྱོད་པ་དེ་བཞིན་དུ། གནས་གཞན་དུ་གྱུར་པ་དེའི་ཚེ། སེམས་ལ་དབང་ཐོབ་སྟེ། དངོས་པོ་གང་མཐོང་ཡང་། ཆགས་པ་དང་ཞེ་སྡང་གི་འཆིང་བ་མི་འབྱུང་བར་སྤྱོད་པས་ན་ཐར་བ་ཞེས་བྱའོ། །དེས་ནི་མི་སྣང་བ་དང་སྣང་བ་དེ་ཉིད་ཐར་པར་རིག་པར་བྱའོ་ཞེས་བྱ་བ་ལ། སྟོང་པ་ཉིད་མཐོང་

བ་དང་། མཚན་མ་རྣམས་མི་མཐོང་བའི་སེམས་རྙེད་པ་ཉིད་ཐར་པ་དང་། མྱ་ངན་ལས་འདས་པ་ཡིན་པས་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། འདོད་པ་བཞིན་སྤྱོད་པའི་ཕྱིར་ཏེ་ཞེས་བྱ་བ་ལ། ཡོད་མེད་ཀྱི་དོན་དུ་མཐོང་བ་དེ་ལ། ཅིའི་ཕྱིར་ཐར་པ་ཞེས་བྱ་ཞེ་ན།
དེའི་ཚེ་ཇི་དགར་འདོད་པ་བཞིན་དུ་སྤྱོད་པས་ན་ཐར་པ་ཞེས་བྱའོ། །ཇི་དགར་འདོད་བཞིན་དུ་སྤྱོད་པའི་དོན་བསྟན་པའི་ཕྱིར། དེ་རང་དབང་ཐོབ་པས་རང་གི་སེམས་ལ་དབང་བྱེད་པས། རང་བཞིན་གྱིས་མཚན་མ་མི་འབྱུང་བའི་ཕྱིར་རོ་ཞེས་སྨོས་ཏེ། ཇི་སྲིད་དུ་སེམས་ལ་མཚན་མ་
འབྱུང་བ་དེ་སྲིད་དུ་འཆིང་བ་ཡིན་ནོ། །ནམ་སྟོང་པ་ཉིད་ཡོད་པའི་དོན་མཐོང་བ་དང་མཚན་མ་ལ་སོགས་པ་མེད་པའི་དོན་མཐོང་བ་ནས། སེམས་ལ་དབང་ཐོབ་སྟེ། ཆགས་པ་དང་ཞེ་སྡང་ལ་སོགས་པ་གང་གི་དབང་དུ་ཡང་མི་འགྱུར་ཞིང་། སེམས་ནམ་མཁའ་བཞིན་དུ་གནས་པའི་
མཚན་མ་བཅིང་ལ་སེམས་གང་ལ་ཡང་མི་འབྱུང་བའི་ཕྱིར་དེའི་ཚེ་ཐར་པ་ཞེས་བྱའོ། །ད་ཚིགས་སུ་བཅད་པ་གཅིག་གིས་ཐབས་གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བའི་སངས་རྒྱས་ཀྱི་ཞིང་དག་པར་བྱ་བའི་ཐབས་བསྟན་པའི་ཕྱིར། ཐམས་ཅད་ཆེན་པོར་
དོན་སྣང་ན། །བར་ཆད་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆེན་པོའི་སྒྲས་ནི་སྣོད་ཀྱི་འཇིག་རྟེན་ས་གཞི་ཆེན་པོ་ལ་བྱ་སྟེ། དུས་ཐམས་ཅད་སྐད་ཅིག་མ་རེ་རེ་ལ་ཡང་ཀུན་གཞི་རྣམ་པར་ཤེས་པ་ལས་ས་གཞི་ཆེན་པོ་ལྟ་བུར་སྣང་བར་འགྱུར་ན། ཇི་སྲིད་དུ་སེམས་ལས་དེ་སྲིད་
དུ་སྣང་བ་ཡོད་པ་དེ་སྲིད་དུ་ས་གཞི་ཆེན་པོ་ཡང་ངམ་གྲོག་དང་ཚེར་མ་དང་གྱོ་མོ་ལ་སོགས་པ་ཡོད་པར་མ་དག་པར་སྣང་གི །གསེར་ལ་སོགས་པ་རིན་པོ་ཆེའི་ཁ་དོག་ཏུ་མི་སྣང་བས་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བྱ་བ་ལ་བར་དུ་གཅོད་པ་ཡིན་ནོ། །བརྒལ་བ་གལ་ཏེ་ས་
གཞི་ཆེན་པོ་འདི་སྐད་ཅིག་མ་རེ་རེ་ལ་སེམས་ལ་སྣང་བ་ཡིན་ན། སེམས་ཅན་རྣམས་ཅིའི་ཕྱིར་འདི་སྙམ་དུ། ཁར་སང་སྔར་མཐོང་བའི་ས་གཞི་ཉིད་བདག་གིས་དི་རིང་ཡང་མཐོང་ངོ་སྙམ་པའི་བློ་སྐྱེ་བར་འགྱུར་ཞེས་རྒོལ་བ་ཡིན་ལ། དེའི་ལན་དུ་གཅིག་ནས་གཅིག་བརྒྱུད་དང་མཐུན་པས་

ཞེས་བྱ་བ་སྨོས་ཏེ་ས་གཞི་ཆེན་པོ་སྐད་ཅིག་མའི་ངང་གིས་སྣང་བ་ནས་སྐད་ཅིག་མ་སྔ་མ་ལས་ས་གཞི་ཆེན་པོའི་དབྱིབས་དང་ཁ་དོག་ཅི་འདྲ་བར་འབྱུང་བ་སྐད་ཅིག་མ་ཕྱི་མ་ལ་ཡང་ས་གཞི་ཆེན་པོའི་ཁ་དོག་དང་དབྱིབས་སྔ་མ་དང་འདྲ་བ་ཤ་དག་བརྒྱུད་མར་འབྱུང་བས་ན། ཁར་སང་སྔར་
མཐོང་བའི་ས་ཉིད་དི་རིང་ཡང་བདག་གིས་དེ་མཐོང་ངོ་སྙམ་པའི་བློ་སྐྱེ་སྟེ། དེ་བས་ན་དེ་ལྟ་བུའི་བློ་ཇི་སྲིད་ཡོད་ཀྱི་བར་དུ་སངས་རྒྱས་ཀྱི་ཞིང་དག་པར་མི་འགྱུར་རོ། །འོ་ན་ཇི་ལྟར་བྱས་པས་སངས་རྒྱས་ཀྱི་ཞིང་དག་པར་འགྱུར་ཞེ་ན། དེའི་ཕྱིར། དེ་བས་ན། ཡོངས་སུ་ཤེས་པས་འདི་
དག་པའོ་ཞེས་སྨོས་ཏེ། དེ་ལྟར་ཇི་སྲིད་དུ་ས་གཞི་ཆེན་པོ་སེམས་ལ་སྣང་བ་ཡོད་པ་དེ་སྲིད་དུ། སངས་རྒྱས་ཀྱི་ཞིང་སྦྱོང་བ་ལ་བར་དུ་གཅོད་པ་ཡིན་པར་ཤེས་པར་བྱས་ནས། ཅི་ནས་ཀྱང་ས་གཞི་ཆེན་པོ་ལྟ་བུར་སེམས་ལ་སྣང་བར་མ་གྱུར་ཅིང་ས་ཆེན་པོ་ལ་ཆགས་པའི་སེམས་
སྤང་བར་བྱ་སྟེ། ཆགས་པའི་སེམས་སྤངས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་མཚན་ཉིད་སེམས་ལ་སྦྱང་བར་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་ནི་དེ་ལྟར་སྦྱོང་ངོ་། །དེ་བས་ན་བར་ཆད་བྱེད་པར་ཡོངས་སུ་ཤེས་ནས་ཞེས་བྱ་བ་ལ་སོགས་པ་ཇི་སྲིད་དུ་སེམས་ལ་ས་
གཞི་ཆེན་པོ་ལྟ་བུར་ཡོད་པར་སྣང་ཞིང་། ཡོད་པར་ཆགས་པ་ཡོད་པ་དེ་སྲིད་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་བར་དུ་གཅོད་པ་ཡིན་པར་ཤེས་ནས། ཡོད་པར་ཆགས་པ་སྤང་བར་བྱ་སྟེ། དེ་ལ་ཡོད་པར་ཆགས་པ་སྤངས་ན། སངས་རྒྱས་ཀྱི་ཞིང་ཤེལ་གྱི་ཁ་དོག་ལ་
སོགས་པ་དག་པའི་མཚན་ཉིད་དུ་སེམས་ལ་སྣང་བར་འགྱུར་རོ། །དཔག་ཏུ་མེད་པ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དེ་ལྟར་ཡང་དག་པའི་ཡེ་ཤེས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་བདག་གྲོལ་བ་དང་ཐར་པ་ཐོབ་པ་དེས་སེམས་ཅན་དཔག་ཏུ་མེད་པ་
རྣམས་སྒྲོལ་བར་བྱེད་དེ། དེ་བས་ན་དཔག་ཏུ་མེད་པ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །དེ་ལ་དཔག་ཏུ་མེད་པ་རྣམས་བསྡུས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔག་ཏུ་མེད་པ་ནི་རྣམ་པ་ལྔའོ། །སྨིན་པར་བྱ་དང་རྣམ་སྦྱང་དང་། །ཐོབ་བྱ་སྨིན་

པར་རུང་བ་དང་། །ཡང་དག་བསྟན་པའི་དངོས་པོ་དང་། །བློ་ལྡན་རྣམས་ཀྱིས་དཔག་ཏུ་མེད། །ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔག་ཏུ་མེད་པའི་དངོས་པོ་ནི་རྣམ་པ་ལྔ་སྟེ། ཡོངས་སུ་སྨིན་པར་བྱ་བའི་དངོས་པོ་དཔག་ཏུ་མེད་པ་དང་། རྣམ་པར་བྱང་བའི་དངོས་པོ་
དཔག་ཏུ་མེད་པ་དང་། ཐོབ་པར་བྱ་བའི་དངོས་པོ་དཔག་ཏུ་མེད་པ་དང་། ཡང་དག་པར་བསྟན་པར་བྱ་བའི་དངོས་པོ་དཔག་ཏུ་མེད་པ་སྟེ། དཔག་ཏུ་མེད་པའི་དངོས་པོ་རྣམ་པ་ལྔའོ། །དེ་ལ་ཡོངས་སུ་སྨིན་པར་བྱ་བའི་དངོས་པོ་ནི་ཁྱད་པར་མེད་པར་ཉན་ཐོས་ཀྱི་རིགས་ལ་གནས་པ་དང་། རང་སངས་
རྒྱས་ཀྱི་རིགས་ལ་གནས་པ་དང་། བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་དང་། རིགས་མ་ངེས་པ་དང་། རིགས་མེད་པ་རྣམས་ཏེ། ནམ་མཁའི་ཁམས་མཐར་ཐུག་པ་སེམས་ཅན་གྱི་ཁམས་དེར་ཐུག་སྟེ། ནམ་མཁའ་བཞིན་དུ་སེམས་ཅན་གྱི་ཁམས་ལ་མཐར་ཐུག་པ་མེད་པས་
ན། ཡོངས་སུ་སྨིན་པར་བྱ་བའི་དངོས་པོ་དཔག་ཏུ་མེད་པ་ཞེས་བྱའོ། །དེ་ལྟར་ཉན་ཐོས་ཀྱི་རིགས་ཅན་དང་། རང་སངས་རྒྱས་ཀྱི་རིགས་ཅན་དང་། བྱང་ཆུབ་སེམས་དཔའི་རིགས་ཅན་ནི་ཐེག་པ་གསུམ་དུ་ཡོངས་སུ་སྨིན་པར་བྱའོ། །མ་ངེས་པའི་རིགས་ཅན་རྣམས་ནི་ཐེག་པ་གསུམ་
དུ་ཡོངས་སུ་སྨིན་པར་བྱའོ། །རིགས་མེད་པ་ནི་དགེ་བ་བཅུ་ལ་བཀོད་ནས་ལྷ་དང་མིའི་ནང་དུ་གཞག་སྟེ། ཡོངས་སུ་སྨིན་པར་བྱའོ། །རྣམ་པར་སྦྱོང་བའི་དངོས་པོ་ནི་འཇིག་རྟེན་གྱི་ཁམས་སྣོད་ཀྱི་འཇིག་རྟེན་ཏེ། དེ་དག་ཀྱང་ངམ་གྲོག་དང་ཚེར་མ་ལ་སོགས་པ་མེད་ཅིང་མ་གཞི་ཤེལ་ལ་སོགས་
པའི་མཚན་ཉིད་དུ་ཡོངས་སུ་སྦྱང་བའི་འཇིག་རྟེན་གྱི་ཁམས་ཀྱང་ནམ་མཁའི་མཐའ་ཐོག་ཐག་ཏུ་ཟ་འོག་གི་གུར་བཞིན་དུ་གནས་པས་ན། ཡོངས་སུ་སྦྱོང་བའི་དངོས་པོ་དཔག་ཏུ་མེད་དོ། །ཐོབ་པར་བྱ་བའི་ཆོས་དངོས་པོ་ནི་དགེ་བའི་ཆོས་དང་མི་དགེ་བའི་ཆོས་རྣམ་པ་གཉིས་ལས་མི་དགེ་
བའི་ཆོས་རྣམས་སྤངས་ནས། སྟོབས་དང་མི་འཇིགས་པ་ལ་སོགས་པ་དགེ་བའི་ཆོས་ཐོབ་པར་བྱ་ཞིང་། མངོན་དུ་བྱ་བ་ཡང་དཔག་ཏུ་མེད་པ་ཞིག་ཡོད་དེ། སྨིན་པར་རུང་བའི་དངོས་པོ་དཔག་ཏུ་མེད་པ་ནི་འདི་ལྟར་རིགས་ལྔ་ལས། ཉན་ཐོས་ཀྱི་རིགས་དང་། རང་སངས་རྒྱས་ཀྱི་རིགས་དང་།

ཐེག་པ་ཆེན་པོའི་རིགས་དང་། རིགས་མ་ངེས་པའི་གང་ཟག་རྣམས་ནི་ཐེག་པ་གསུམ་ལ་གཟུད་ཅིང་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་སྐལ་པ་ཡོད་པས་ན། སྨིན་པར་བྱར་རུང་བའི་དངོས་པོ་ཞེས་བྱ་སྟེ། སྨིན་པར་བྱར་རུང་བའི་སེམས་ཅན་གྱི་ཁམས་ལ་ཡང་མཐའ་མེད་པས་ན་དཔག་ཏུ་
མེད་པ་ཞེས་བྱའོ། །ཡང་དག་པར་བསྟན་པར་བྱ་བའི་དངོས་པོ་དཔག་ཏུ་མེད་པ་ནི། གདུལ་བའི་སེམས་ཅན་དེ་དག་གདུལ་བར་བྱ་བའི་ཐབས་བསྟན་པའི་ཐབས་ཀྱང་དཔག་ཏུ་མེད་དེ། འདོད་ཆགས་ཅན་ལ་མི་གཙང་བའི་ཆོས་བསྟན་པ་དང་། ཞེ་སྡང་ཅན་ལ་བྱམས་པའི་ཆོས་བསྟན་པ་ལ་
སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་བསྟན་ཅིང་བཤད་པ་ཡང་དཔག་ཏུ་མེད་པའི་ཕྱིར་རོ། །དེ་ལ་སྨིན་པར་བྱ་བའི་དངོས་པོ་དང་། སྨིན་པར་རུང་བའི་དངོས་པོ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། འདི་ལྟར་རིགས་ཡོད་པ་དང་། རིགས་མེད་པ་ལ་སོགས་པའི་སེམས་ཅན་བྱེ་
བྲག་མེད་པར་སེམས་ཅན་ཐམས་ཅད་ལ་ནི་སྨིན་པའི་དངོས་པོ་ཞེས་བྱའོ། །ཐེག་པ་གསུམ་དུ་ཡོངས་སུ་མྱ་ངན་ལས་འདར་རུང་བའི་སེམས་ཅན་རིགས་ཡོད་པའི་སེམས་ཅན་རྣམས་ལ་ནི་སྨིན་པར་རུང་བའི་དངོས་པོ་ཞེས་བྱའོ། །དེའང་མདོར་ན་གང་ལ་དམིགས་པར་བྱ་བ་ཡང་དཔག་ཏུ་
མེད་པ་དང་། གང་ལ་གནས་ནས་སྨིན་པར་བྱ་བ་ཡང་དཔག་ཏུ་མེད་པ་དང་། གང་དང་ལྡན་པས་སྨིན་པར་བྱ་བ་ཡང་དཔག་ཏུ་མེད་པ་དང་། གང་སྨིན་པར་བྱ་བ་ཡང་དཔག་ཏུ་མེད་པ་དང་། ཐབས་གང་གིས་སྨིན་པར་བྱ་བ་ཡང་དཔག་ཏུ་མེད་པ་སྟེ། མདོར་ན་དེ་རྣམས་སྟོན་ཏོ། །དེ་ལ་གང་ལ་དམིགས་
ཤེ་ན། རིགས་ཡོད་པ་དང་རིགས་མེད་པ་ལ་སོགས་པའི་སེམས་ཅན་ཀུན་ལ་དམིགས་ཏེ། དེའང་དཔག་ཏུ་མེད་དོ། །གང་ལ་གནས་ནས་སྨིན་པར་བྱེད་ཅེ་ན། སྣོད་ཀྱི་འཇིག་རྟེན་ལ་གནས་ནས་སྨིན་པར་བྱེད་དེ། སྣོད་ཀྱི་འཇིག་རྟེན་དེའང་དཔག་ཏུ་མེད་དོ། །གང་དང་ལྡན་པས་སྨིན་པར་བྱེད་
ཅེ་ན། ཆོས་ཀྱི་ཁམས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་ལྡན་པས་སྨིན་པར་བྱེད་དོ། །དེའང་དཔག་ཏུ་མེད་དོ། །གང་སྨིན་པར་བྱེད་ཅེ་ན། སྨིན་པར་ནུས་པའི་སེམས་ཅན་རིགས་ཅན་རྣམས་སྨིན་པར་བྱེད་དེ། དེ་ཡང་དཔག་ཏུ་མེད་དོ། །གང་གིས་སྨིན་པར་བྱེད་ཅེ་ན།

གདུལ་བར་བྱ་བའི་ཐབས་ཆོས་བསྟན་པས་སྨིན་པར་བྱེད་དེ། དེའང་དཔག་ཏུ་མེད་དོ། །བསྟན་པའི་འབྲས་བུ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། ཐབས་གང་གིས་སེམས་ཅན་རྣམས་འདུལ་བར་བྱེད་ཅེ་ན། ཆོས་བསྟན་པའི་
ཐབས་ཀྱིས་སེམས་ཅན་འདུལ་བར་བྱེད་དེ། དེ་བས་ན་ཚིགས་སུ་བཅད་པ་གཉིས་ཀྱིས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཆོས་བསྟན་ན། འབྲས་བུ་རྣམ་པ་བརྒྱད་ཡོད་པར་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། །བྱང་ཆུབ་ཀྱི་ནི་སེམས་
བསྐྱེད་ཅིང་། །དེ་བཞིན་མི་སྐྱེ་བཟོད་པ་དང་། །ཆུང་ངུར་དྲི་མ་མེད་པའི་མིག །ཟག་པ་ཟད་པ་དེ་བཞིན་ཏེ། །དམ་ཆོས་རིང་དུ་གནས་པ་དང་། །ཤེས་དང་གཅོད་དང་ལོངས་སྤྱོད་དང་། །བཤད་པ་དག་གི་འབྲས་བུ་ནི། །དེ་བརྩོན་བློ་ལྡན་དག་གིས་ཤེས། །ཞེས་བྱ་བ་ལ་བློ་ལྡན་བྱང་ཆུབ་
སེམས་དཔའ་རྣམས་ཆོས་བཤད་པར་བརྩོན་པ་ལ། འབྲས་བུ་རྣམ་པ་བརྒྱད་ཡོད་པར་ཤེས་པར་བྱ་སྟེ། འབྲས་བུ་རྣམ་པ་བརྒྱད་ནི། །བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། ཐེག་པ་ཆུང་ངུར་ཆོས་ཀྱི་མིག་དྲི་མ་མེད་པ་ཐོབ་པ་དང་། དེ་
བཞིན་དུ་ཐེག་པ་ཆུང་ངུར་ཟག་པ་ཟད་པ་ཐོབ་པ་དང་། དམ་པའི་ཆོས་ཡུན་རིང་དུ་གནས་པ་དང་། མི་ཤེས་པ་རྣམས་ཆོས་ཀྱི་དོན་ཤེས་པར་གྱུར་པ་དང་། ཐེ་ཚོམ་དུ་གྱུར་པ་རྣམས་ཐེ་ཚོམ་གཅོད་པ་དང་། ཆོས་ཀྱི་ལོངས་སྤྱོད་ཆེན་པོ་མྱོང་བའོ། །འབྲས་བུ་རྣམ་པ་བརྒྱད་
བསྡུས་ན། འབྲས་བུ་རྣམ་པ་གསུམ་ཞིག་སྟོན་ཏེ། ཉན་ཐོས་རྣམས་ཀྱིས་ཆོས་ཐོབ་པ་ལས། འབྲས་བུ་གང་ཐོབ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབྲས་བུ་གང་ཐོབ་པ་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཉི་གས་འབྲས་བུ་གང་ཐོབ་པ་སྟེ། རྣམ་པ་དེ་
གསུམ་སྟོན་ཏོ། །དེ་ལ་ཆོས་བཤད་པ་ན། ཉན་པའི་སེམས་ཅན་ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དེ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབྲས་བུ་ཐོབ་པའོ། །དེ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམ་པ་གསུམ་

སྟེ། མོས་པ་སྤྱོད་པའི་ས་ལ་བཟོད་པ་ཐོབ་པའི་དུས་ན་དེ་ཁོ་ན་ཕྱོགས་གཅིག་པའི་སྟོན་པ་ཉིད་ཁོང་དུ་ཆུད་པ་ལ་ཡང་བཟོད་པ་ཐོབ་པ་ཞེས་བྱའོ། །ས་དང་པོའི་དུས་ན་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་སྟེ། དེའི་ཚེ་གཟུང་འཛིན་གཉིས་དང་བྲལ་བའི་ཆོས་
ཀྱི་དབྱིངས་མངོན་སུམ་དུ་བྱས་པས་ན། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱའོ། །ས་བརྒྱད་པ་ཐོབ་པའི་དུས་ན་ཡང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་སྟེ། རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་རྙེད་པའི་ཕྱིར་རོ། །དེ་ལ་ཆོས་བཤད་པའི་དུས་
ན་ཁ་ཅིག་གིས་ནི་བཟོད་པའི་དུས་དེ་ཁོ་ན་ཕྱོགས་གཅིག་པའི་ཏིང་ངེ་འཛིན་མངོན་སུམ་དུ་བྱེད་པ་དང་། ཁ་ཅིག་གིས་ནི་ས་དང་པོ་ཐོབ། ཁ་ཅིག་གིས་ནི་ས་བརྒྱད་པ་ལ་འཇུག་པས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་སྟེ། འབྲས་བུ་འདི་ཡང་བྱང་ཆུབ་སེམས་དཔའ་
རྣམས་ཀྱིས་ཐོབ་པའི་འབྲས་བུའོ། །ཆོས་ལ་དྲི་མ་མེད་པའི་མིག་ཐོབ་པ་ནི། ཉན་ཐོས་ཀྱི་ཐེག་པ་ལ་གནས་པ་རྣམས་ལ་མཐོང་བའི་ལམ་སྐྱེས་ནས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ཏེ། རྒྱུན་དུ་ཞུགས་པ་ཐོབ་པ་ནི་ཆོས་ཀྱི་མིག་དྲི་མ་མེད་པ་ཞེས་བྱ་སྟེ།
ཤེས་རབ་ཀྱིས་བདེན་པ་བཞི་མཐོང་བས་ན། ཆོས་ཀྱི་མིག་ཅེས་བྱ་ལ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པས་ན་དྲི་མ་མེད་པ་ཞེས་བྱ་སྟེ་དེ་བས་ན་མདོ་སྡེ་དང་དེ་དག་གི་ནང་ནས། ཆོས་ཀྱི་རྣམ་གྲངས་འདི་བཤད་པས་ན། རྡུལ་མེད་ཅིང་དྲི་མ་དང་བྲལ་
པའི་ཆོས་ལ་ཆོས་ཀྱི་མིག་སྐྱེས་སོ་ཞེས་གསུངས་སོ། །དེ་ལ་བཟོད་པའི་དུས་ན་ནི། རྡུལ་མེད་པ་ཞེས་བྱ་སྟེ། བཟོད་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤོང་བར་བྱེད་པའི་ཕྱིར་རོ། །ཡེ་ཤེས་ཀྱི་དུས་ན་ནི་དྲི་མ་དང་བྲལ་བ་ཞེས་བྱ་བ་སྟེ། ཡེ་ཤེས་
ཀྱིས་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །མཐོང་བའི་ལམ་སྐྱེས་པའི་གང་ཟག་དག་ནི་ཆོས་བཤད་པའི་མཐུས། བསྒོམ་པའི་ལམ་དང་། མཐར་ཐུག་པའི་ལམ་སྐྱེས་ནས། ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་དགྲ་བཅོམ་པའི་འབྲས་

བུ་ཐོབ་པ་ནི་ཟག་པ་ཟད་པ་ཐོབ་པ་ཞེས་བྱ་སྟེ། དྲི་མ་མེད་པའི་ཆོས་ཀྱི་མིག་ཐོབ་པ་དང་། ཟག་པ་ཟད་པ་ཐོབ་པ་གཉིས་ནི། འཕགས་པ་ཉན་ཐོས་རྣམས་ཀྱིས་ནི་ཆོས་ཐོས་པའི་འབྲས་བུའོ། །དམ་པའི་ཆོས་གཞན་ལ་བཤད་ན། དེས་
ཀྱང་གཞན་ལ་བཤད། དེས་ཀྱང་གཞན་ལ་བཤད་པའི་སྒོ་ནས་མར་མེ་གཅིག་ལས་མར་མེ་མང་པོ་འཕེལ་བ་བཞིན་དུ་དམ་པའི་ཆོས་ཡུན་རིང་དུ་མི་འཇིག་པར་འགྱུར་བས་ན། དམ་པའི་ཆོས་ཡུན་རིང་དུ་གནས་པ་ཞེས་བྱའོ། །སྔོན་ཐེག་པ་ཆེ་ཆུང་གི་ཆོས་རྣམས་ཀྱི་རང་དང་སྤྱིའི་
མཚན་ཉིད་ལ་ཤེས་པ་མེད་པ་ལས། དམ་པའི་ཆོས་ཤེས་ནས་ཤེས་པ་མེད་པ་དང་བྲལ་ཏེ། ཐེག་པ་ཆེ་ཆུང་གི་ཆོས་རྣམས་ཀྱི་རང་དང་། སྤྱིའི་མཚན་ཉིད་ལ་མཁས་པར་འགྱུར་བས་ན། དོན་ཤེས་པར་འགྱུར་བ་ཞེས་བྱའོ། །སྔོན་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་
ཐེ་ཚོམ་དུ་གྱུར་པའི་ཆོས། ཆོས་ཐོས་ནས་ཆོས་ཀྱི་མཚན་ཉིད་ལ་ཐེ་ཚོམ་ཐམས་ཅད་དང་བྲལ་བར་འགྱུར་བས་ན་ཐེ་ཚོམ་གཅོད་པ་ཞེས་བྱའོ། །སྔོན་གྱི་མི་ཤེས་པ་ཡང་མེད་ཐེ་ཚོམ་གྱི་མི་ཤེས་པ་ཡང་མེད་པ་ངེས་པའི་སེམས་ཐོབ་པ་རྣམས་ནི། དམ་པའི་ཆོས་རྒྱ་ཆེན་པོ་དག་
ཐོབ་ནས། ཆོས་ཀྱི་ལོངས་སྤྱོད་ཁ་ན་མ་ཐོ་བ་མེད་པའི་དོན་སེམས་ཀྱིས་མྱོང་བར་འགྱུར་བས་ཆོས་ལ་ལོངས་སྤྱོད་ཐོབ་པ་ཞེས་བྱ་སྟེ། དེ་ལྟར་དམ་ཆོས་ཡུན་རིང་དུ་གནས་པ་དང་། མི་ཤེས་པ་རྣམས་དོན་ཤེས་པར་འགྱུར་བ་དང་། ཐེ་ཚོམ་གཅོད་པ་དང་ཆོས་ཀྱི་ལོངས་སྤྱོད་
མྱོང་བ་རྣམས་ནི། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཉི་གའི་ཆོས་ཐོས་པའི་ཐུན་མོང་གི་འབྲས་བུའོ། །གཅིག་ནས་གཅིག་ཏུ་འཛིན་པས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལ་ལས་གཞན་དག་ལ་ཆོས་བཤད་ན། དེས་ཆོས་བཟུང་ནས། གཞན་ལ་འཆད་པར་
བྱེད། དེས་ཀྱང་གཞན་ལ་འཆད་པར་བྱེད་པའི་སྒོ་ནས། དམ་པའི་ཆོས་ཡུན་རིང་དུ་འཇིག་རྟེན་དུ་གནས་པར་འགྱུར་རོ། །ངེས་པ་རྣམས་ནི་བྱ་བ་ལ། མི་ཤེས་པ་མེད་པ་དང་ཐེ་ཚོམ་མེད་པའི་གང་ཟག་ནི་ངེས་པ་ཞེས་བྱའོ། །དམ་པའི་ཆོས་ཀྱི་དགའ་བའི་རོ་ཁ་ན་མ་ཐོ་བ་

མེད་པ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པར་འགྱུར་རོ་ཞེས་བྱ་བ་ལ། མི་ཤེས་པ་མེད་པ་དང་ཐེ་ཚོམ་མེད་པའི་གང་ཟག་རྣམས་དམ་པའི་ཆོས་ཐོས་པ་ནི། ཆོས་ཀྱི་དགའ་བའི་རོ་ཉོན་མོངས་པའི་དྲི་མས་མ་གོས་པས་ཟག་པ་མེད་པའི་ཆོས་ཀྱི་ལོངས་སྤྱོད་ཆེན་པོ་མྱོང་བར་འགྱུར་རོ། །
ཐེག་པ་ཆེན་པོའི་ཆེ་བ་པོ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ། གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པ་ཡང་མ་ཟད་ཀྱི། བདག་ཉིད་ཀྱི་དོན་ཕུན་སུམ་
ཚོགས་པ་དང་ཡང་ལྡན་ཏེ། དེ་ལ་བདག་གི་དོན་ཕུན་སུམ་ཚོགས་པ་གང་ཞེ་ན། ཐེག་པ་ཆེན་པོའི་བདག་ཉིད་ཆེན་པོ་དང་ལྡན་པའོ། །དེ་ལ་ཐེག་པ་ཆེན་པོའི་བདག་ཉིད་ཆེན་པོ་ལ་ཡང་བདག་ཉིད་ཆེན་པོ་རྣམ་པ་བདུན་ཡོད་དོ། །བདག་ཉིད་ཆེན་པོ་རྣམ་
པ་བདུན་ལ་ཐེག་པ་ཆེན་པོ་ཞེས་བྱའོ། །བདག་ཉིད་ཆེན་པོ་རྣམ་པ་བདུན་ཡང་། ཆེན་པོ་རྣམ་པ་གཉིས་སུ་བསྡུས་ཏེ། རྒྱུ་ཆེ་བ་དང་འབྲས་བུ་ཆེ་བའོ། །དམིགས་པ་དག་ནི་ཆེ་བ་དང་། །གྲུབ་པ་གཉིས་ཀྱང་དེ་བཞིན་དུ། །ཡེ་ཤེས་གཉིས་ནི་བརྩོན་འགྲུས་
བརྩམས། །ཐབས་ལ་མཁས་པར་འགྱུར་བ་དང་། །ཡང་དག་ཐོབ་པ་ཆེན་པོ་དང་། །སངས་རྒྱས་ལས་ནི་ཆེན་པོའོ། །ཆེན་པོ་དེ་དག་ལྡན་པས་ན། །ཐེག་པ་ཆེན་པོ་བརྗོད་པའོ། །ཞེས་བྱ་བ་ལ། ཆེན་པོ་རྣམ་པ་བདུན་དང་ལྡན་པས་ན། ཐེག་པ་ཆེན་པོ་ཞེས་བྱ་སྟེ། ཆེན་
པོ་རྣམ་པ་བདུན་ནི། དམིགས་པ་ཆེ་བ་དང་། སྒྲུབ་པ་གཉིས་ཆེ་བ་དང་། ཡེ་ཤེས་གཉིས་ཆེ་བ་དང་། བརྩོན་འགྲུས་བརྩམས་པ་ཆེ་བ་དང་། ཐབས་ལ་མཁས་པར་འགྱུར་བ་ཆེ་བ་དང་། ཡང་དག་པར་ཐོབ་པ་ཆེ་བ་དང་། སངས་རྒྱས་ཀྱི་ལས་ཆེ་བའོ། །དམིགས་
པ་ཆེན་པོ་ནི་རྒྱ་ཆེ་བའི་མདོ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ལ། ཉན་ཐོས་རྣམས་ནི་སྡེ་སྣོད་གསུམ་ཙམ་ལ་དམིགས་པར་ཟད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་

སོགས་པ་སྟོང་ཕྲག་བརྒྱ་པའི་མདོ་སྡེ་དཔག་ཏུ་མེད་པ་ལ་དམིགས་པས་ན་དམིགས་པ་ཆེའོ། །སྒྲུབ་པ་ཆེན་པོ་ནི་སྒྲུབ་པ་རྣམ་པ་གཉིས་ཏེ། བདག་གི་དོན་དང་གཞན་གྱི་དོན་ཏོ་ཞེས་བྱ་བ་ལ། ཉན་ཐོས་རྣམས་ནི་བདག་གི་དོན་ཙམ་སྒྲུབ་པར་ཟད་ཀྱི།
བྱང་ཆུབ་སེམས་དཔའ་དག་བདག་དང་གཞན་གཉི་གའི་དོན་བསྒྲུབས་པས་ན་སྒྲུབ་པ་ཆེའོ། །ཡེ་ཤེས་ཆེན་པོ་ནི་ཆེན་པོ་གཉིས་ཏེ། གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་སྟེ། རྟོགས་པའི་དུས་ནའོ་ཞེས་བྱ་བ་ལ། རྟོགས་པའི་དུས་ནི་ས་དང་པོ་ལ་བྱ་སྟེ།
ས་དང་པོའི་དུས་ན་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་གཉིས་རྟོགས་པས་ནི། ཡེ་ཤེས་ཆེན་པོ་ཞེས་བྱ་སྟེ། ཉན་ཐོས་ཀྱི་ས་རྣམས་ཀྱིས་ནི། མཐོང་བའི་ལམ་རྒྱུན་དུ་ཞུགས་པ་ཐོབ་པའི་དུས་ན། གང་ཟག་ལ་བདག་མེད་པ་ལས་མ་རྟོགས་པའི་ཕྱིར་
ཡེ་ཤེས་ཆེན་པོ་ཞེས་མི་བྱའོ། །བརྩོན་འགྲུས་ཆེན་པོ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་རྟག་ཏུ་གུས་པར་སྦྱོར་བའི་ཕྱིར་རོ་ཞེས་བྱ་བ་ལ། ཉན་ཐོས་རྣམས་ཀྱི་ཚེ་གསུམ་མམ། ཚེ་བདུན་ཙམ་ཞིག་བརྩོན་འགྲུས་རྩོམ་གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་
ནི་རབ་ཏུ་ཉེ་བ། བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་བརྩོན་འགྲུས་རྩོམ་སྟེ། དེ་བས་ན་བརྩོན་འགྲུས་བརྩམས་པ་ཆེའོ། །ཐབས་ལ་མཁས་པ་ཆེན་པོ་ནི་ཉོན་མོངས་པ་མེད་པར་འཁོར་བ་ཡོངས་སུ་མི་གཏོང་ངོ་ཞེས་བྱ་བ་ལ་ཉན་ཐོས་རྣམས་ནི་སྐྱེ་བ་དང་རྒ་བ་ལ་
སོགས་པའི་སྡུག་བསྔལ་དང་ལྡན་པར་མཐོང་ལ་མྱ་ངན་ལས་འདས་པ་ནི་ཞི་བའི་མཚན་ཉིད་དུ་མཐོང་བས། འཁོར་བ་སྤངས་ནས། མྱ་ངན་ལས་འདས་པ་མངོན་སུམ་དུ་བྱ་བར་སེམས་པའི་ཕྱིར་ཐབས་ཆེན་པོ་ཞེས་མི་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་
ཤེས་རབ་དང་སྙིང་རྗེ་དང་ལྡན་པས་སྙིང་རྗེས་འཁོར་བ་ཡོངས་སུ་མི་གཏོང་ལ། ཤེས་རབ་ཀྱིས་ནི་འཁོར་བར་གནས་ཀྱང་འཁོར་བའི་ཉོན་མོངས་པས་མི་གོས་པར་བྱེད་དེ། དཔེར་ན་པདྨོ་འདམ་ལས་སྐྱེས་ཀྱང་འདམ་གྱི་ཉེས་པས་མི་གོས་པ་བཞིན་དུ་གནས་པས་ན་

ཐབས་མཁས་པ་ཆེའོ་ཞེས་བྱའོ། །དེ་ཡན་ཆད་རྒྱུ་ཆེ་བ་བསྟན་ཏོ། །ཡང་དག་པར་ཐོབ་པ་ཆེན་པོ་ནི་སྟོབས་དང་མི་འཇིགས་པ་དང་ཞེས་བྱ་བ་ལ་སོགས་པ་དང་། འཕགས་པ་ཉན་ཐོས་རྣམས་ཀྱིས་ནི་མཇུག་ཏུ་དགྲ་བཅོམ་པའི་འབྲས་བུ་མཐའ་དག་སྐྱེ་མཆེད་
དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། མངོན་པར་ཤེས་པ་དྲུག་ཙམ་ལས་མི་འཐོབ་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཐར་སྟོབས་དང་། མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་འཐོབ་པ་ཆེ་བ་ཞེས་བྱའོ། །
སངས་རྒྱས་ཀྱི་ཕྲིན་ལས་ཆེན་པོ་ནི། མངོན་པར་བྱང་ཆུབ་སྟོན་པ་དང་། །མྱ་ངན་ལས་འདས་པ་ཡང་དག །ཅེས་བྱ་བ་ལ། ཉན་ཐོས་རྣམས་ཀྱིས་ནི། དགྲ་བཅོམ་པའི་འབྲས་བུ་འཐོབ་ཅིང་མྱ་ངན་ལས་འདས་པ་ཐོབ་ན། མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་
འཁོར་ལོ་བསྐོར་བ་ལ་སོགས་པའི་ལས་མི་བྱེད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མངོན་པར་སངས་རྒྱས་ནས་ཀྱང་སེམས་ཅན་བསྒྲལ་བར་བྱ་བའི་ཕྱིར། འོག་མིན་གྱི་ཕོ་བྲང་ན་བཞུགས་པ་དང་། ལྷུམས་སུ་གཤེགས་པ་དང་། མངོན་པར་འཚང་རྒྱ་
བ་ལ་སོགས་པ་ནས། ཡོངས་སུ་མྱ་ངན་ལས་འདས་པའི་བར་དག་ཆོས་སྟོན་པའི་ཕྲིན་ལས་མཛད་པས་ན་ཕྲིན་ལས་ཆེ་བ་ཞེས་བྱ་སྟེ། རྣམ་པ་དེ་གཉིས་ཀྱིས་ནི་འབྲས་བུ་ཆེ་བར་བསྟན་ཏོ། །ཐེག་པ་ཆེན་པོས་ཀུན་བསྡུས་པས་རྣམ་པར་དབྱེ་བའི་ཚིགས་སུ་
བཅད་པ་གཉིས་ཏེ་ཞེས་བྱ་བ་ལ་དེ་ལྟར་ཐེག་པ་ཆེན་པོའི་བདག་ཉིད་ཆེན་པོ་དང་ལྡན་པ་རྣམས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་བརྟེན་ནས། མྱ་ངན་ལས་འདས་པའི་གནས་སུ་འབྱུང་བར་མེད་པ་ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་བདག་ཉིད་ཆེན་པོ་ཉིད་
ཀྱིས་མི་གནས་པའི་མྱ་ངན་ལས་འདས་པའི་གནས་སུ་འབྱུང་བར་བྱེད་དོ། །དེ་བས་ན་ཐེག་པ་ཆེན་པོའི་བདག་ཉིད་ཆེ་བའི་འོག་ཏུ། ཐེག་པ་ཆེན་པོ་བསྡུས་པའི་སྐབས་བཤད་དོ། །དེ་ལ་ཐེག་པ་ཆེན་པོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་

ལས། རྨད་གཅད་ལ་སོགས་པ་ལ་བྱ་བས་ཐེག་པ་ཆེན་པོའི་དོན་བརྗོད་ན་དཔག་ཏུ་མེད་མོད་ཀྱི་འོན་ཀྱང་དཔག་ཏུ་མེད་པ་དེ་དག་བསྡུས་ན་ཆོས་རྣམ་པ་བརྒྱད་ཀྱི་ནང་དུ། ཐེག་པ་ཆེན་པོའི་དོན་མ་ལུས་པར་འདུས་པ་ན། ཆོས་རྣམ་པ་བརྒྱད་ལ་ཐེག་
པ་ཆེན་པོ་ཞེས་བྱའོ། །དེ་ལ་ཆོས་རྣམ་པ་བརྒྱད་བསྡུས་པའི་དོན་ཀྱང་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མོས་པ་སྤྱོད་པའི་སར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབས་ཏེ། དེའི་འོག་ཏུ་ས་
བཅུའི་རིམ་གྱིས་བསྒོམས་ནས་སངས་རྒྱས་ཀྱི་ས་མངོན་དུ་བྱས་པ་སྟེ། དེ་རྣམས་ལ་ཐེག་པ་ཆེན་པོ་ཞེས་བྱའོ། །རིགས་དང་ཞེས་བྱ་བ་ལ། རིགས་ཞེས་བྱ་བ་དང་ས་བོན་ཞེས་བྱ་བ་དང་སྐལ་བ་ཡོད་པ་ཞེས་བྱ་བའི་དོན་གཅིག་སྟེ། དོན་དུ་ན་སྦྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པའི་བར་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ས་བོན་ཡོད་པ་ལ་རིགས་ཞེས་བྱ་སྟེ། འདི་ནི་རིགས་ལ་གནས་པ་ཞེས་བྱ་བའི་དོན་བསྟན་ཏེ། ཆོས་རྣམ་པ་གཅིག་གོ། །ཆོས་ལ་མོས་པ་དང་ཞེས་བྱ་བ་ལ། དེ་ལྟར་ཐེག་པ་ཆེན་པོའི་རིགས་ཡོད་པས། ཟབ་ཅིང་རྒྱ་ཆེ་བའི་
ཆོས་ལ་ཡང་སེམས་གཅིག་ཏུ་དད་པ་ནི་ཆོས་ལ་མོས་པ་ཞེས་བྱ་སྟེ་འདི་ནི་ཆོས་རྣམ་པ་གཉིས་སོ། །དེ་ལྟར་སེམས་ནི་བསྐྱེད་པ་དང་། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་རིགས་ཀྱང་ཡོད། ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་ཡང་མོས་པར་འགྱུར་བས་དེའི་འོག་ཏུ། བདག་
དང་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་ནི་སེམས་བསྐྱེད་པ་ཞེས་བྱ་སྟེ། འདི་ནི་ཆོས་རྣམ་པ་གསུམ་སྟེ། དེ་ཡན་ཆད་ཀྱིས་རིགས་ལ་གནས་པས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཞེས་བྱ་
བའི་དོན་སྨྲས་སོ། །སྦྱིན་ལ་སོགས་པ་སྒྲུབ་པ་དང་། །ཞེས་བྱ་བ་ལ། དེ་ལྟར་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མོས་པ་སྤྱོད་པའི་སར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་ནི་ཆོས་རྣམ་པ་བཞི་སྟེ། དེས་ནི་བྱང་

ཆུབ་ཏུ་སེམས་བསྐྱེད་ནས་མོས་པ་སྤྱོད་པའི་སར་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་ཅེས་བྱ་བའི་དོན་བསྟན་ཏོ། །སྐྱོན་མེད་པ་ལ་འཇུག་པ་དང་། །ཞེས་བྱ་བ་ལ་གཟུང་བ་དང་འཛིན་པ་ལ་མངོན་བར་ཆགས་པ་ནི་སྐྱོན་ཏེ། ས་དང་པོར་གཟུང་བ་དང་འཛིན་པ་ལ་མངོན་པར་ཆགས་པ་སྤངས་པས་ན། མོས་
པ་སྤྱོད་པའི་སར་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབས་པས་ས་དང་པོ་ཐོབ་པའི་ཕྱིར་སྐྱོན་མེད་པ་ཞེས་བྱའོ། །འདི་ནི་ཆོས་ལྔའོ། །སེམས་ཅན་རྣམས་ནི་སྨིན་བྱེད་དང་། །ཞེས་བྱ་བ་ལ། དེ་ནས་ས་གཉིས་ནས་བརྩམས་ཏེ། ས་བདུན་པ་མན་ཆད་ན་བྱང་ཆུབ་ཀྱི་ཕྱོགས་དང་། ཕ་རོལ་ཏུ་ཕྱིན་པའི་ཆོས་
རྣམས་ཀྱིས་སེམས་ཅན་བསྟན་པ་ལ་མ་དད་པ་རྣམས་ནི་བསྟན་པ་ལ་དད་པར་བྱེད། བསྟན་པ་ལ་དད་པ་རྣམས་ནི་དགེ་བ་ལ་བཀོད་ནས་ཡོངས་སུ་སྨིན་པར་བྱེད་དེ། འདི་ནི་ཆོས་དྲུག་གོ། །ཞིང་ཡང་ཡོངས་སུ་སྦྱོང་བ་དང་། །མི་གནས་པའི་མྱ་ངན་ལས་འདས། །ཞེས་བྱ་བ་ལ། དེ་ནས་ཕྱིར་
མི་ལྡོག་པའི་ས། ས་བརྒྱད་པ་དང་། དགུ་པ་དང་། བཅུ་པ་ལ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ལ་གནས་པར་བྱེད་དེ། འདི་ནི་ཆོས་བདུན་ནོ། །དེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ལ་ནི་སྣོད་ཀྱི་འཇིག་རྟེན་ཤེལ་དང་གསེར་ལ་
སོགས་པའི་ཁ་དོག་ཏུ་སྣང་བར་བྱེད་པའོ། །མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ནི་ཤེས་པ་དང་སྙིང་རྗེ་གཉིས་ཏེ། སྙིང་རྗེས་འཁོར་བ་ཡོངས་སུ་མ་བཏང་ན། མྱ་ངན་ལས་འདས་པ་འབའ་ཞིག་གི་ཕྱོགས་ལ་མི་གནས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་
འཁོར་བ་ན་གནས་ཀྱང་ཡེ་ཤེས་ཀྱི་མཐུས། འཁོར་བའི་ཉེས་པས་མི་གོས་པས་ན། འཁོར་བ་ན་མི་གནས་སོ། །བྱང་ཆུབ་མཆོག་ཀྱང་རྣམ་པར་སྟོན། །ཞེས་བྱ་བ་ལ། དེ་ནས་ས་བཅུ་འདས་ནས་ས་བཅུ་གཅིག་པ་སངས་རྒྱས་ཀྱི་ས་སྐུ་གསུམ་ཐོབ་པས་ན་བྱང་ཆུབ་པ་ཞེས་བྱ་ལ། བྱང་
ཆུབ་པ་ནས་ཡུམ་གྱི་ལྷུམས་སུ་འཇུག་པ་དང་། ལྷུམས་ནས་འབྱུང་བ་དང་། ཁབ་ནས་བྱུང་ཞིང་རབ་ཏུ་འབྱུང་བ་བསྟན་པ་ལ་སོགས་པ་བསྟན་ནས་མངོན་པར་སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདས་པའི་བར་དག་སྟོན་པར་བྱེད་དེ་དེ་ནི་ཆོས་བརྒྱད་པའོ། །དེ་

བས་ན་ཐེག་པ་ཆེན་པོ་ཞེས་བྱ་བ་ཡང་མདོར་བསྡུས་ན། རིགས་ནས་བརྩམས་ཏེ། ཡོངས་སུ་མྱ་ངན་ལས་འདས་པའི་བར་དག་བསྟན་པ་ཐེག་པ་ཆེན་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཅུའོ་ཞེས་བྱ་བ་ལ། གང་དུ་བྱང་
ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒྲུབས་པ་དེས་ཡོན་ཏན་རྣམ་པ་གཉིས་ཐོབ་སྟེ། ཡོན་ཏན་གཉིས་ནི་བསྒྲུབ་པའི་ཡོན་ཏན་དང་། རབ་ཏུ་བསྔགས་པའི་ཡོན་ཏན་ནོ། །དེ་ལ་སྒྲུབ་པའི་ཡོན་ཏན་ལ་ཡང་རྒྱུ་མཐུན་པའི་ཡོན་ཏན་དང་བྲལ་བའི་ཡོན་ཏན་དང་སེམས་ཅན་ལ་མངོན་དུ་ལྟ་བའི་
ཡོན་ཏན་གསུམ་ནི་འདི་ཡན་ཆད་དུ་བཤད་ཟིན་ཏོ། །ད་ནི་བྱང་ཆུབ་སེམས་དཔའ་རྣམ་པར་དབྱེ་བ་མན་ཆད་ཀྱིས་རབ་ཏུ་བསྔགས་པའི་ཡོན་ཏན་སྟོན་ཏོ། །དེ་ལ་མོས་པ་སྤྱོད་པའི་ས་ནས། ས་བཅུ་རྣམས་ལ་ཕྱེ་ན་བྱང་ཆུབ་སེམས་དཔའ་དུ་ཡོད་པ་དང་། ས་དེ་དག་ལ་གནས་པའི་བྱང་
ཆུབ་སེམས་དཔའ་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་པ་བསྟན་པ་ནི། བྱང་ཆུབ་སེམས་དཔའ་རྣམ་པར་དབྱེ་བ་ཞེས་བྱ་སྟེ། དེ་ཚིགས་སུ་བཅད་པ་བཅུས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ལྔ་པོ་ནི། །ས་རྣམས་ཀུན་དུ་ཤེས་པར་བྱ། །ཞེས་བྱ་བ་ལ། ས་བཅུའི་སྟེང་དུ། མོས་པ་སྤྱོད་
པའི་ས་བསྟན་ཏེ་ས་བཅུ་གཅིག་པོ་དེ་དག་ལ། བྱང་ཆུབ་སེམས་དཔའ་རྣམ་པ་ལྔ་ཞིག་ཡོད་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཅིག་ནི་མོས་དང་ལྡན་པ་དང་། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམ་པ་ལྔ་པོ་གང་ཡིན་བ་དེ་ནི་སྟོན་ཏོ། །དེ་ལ་གཅིག་ཅེས་བྱ་བ་ནི་མོས་
པ་སྤྱོད་པའི་ས་བཞི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། མོས་པ་སྤྱོད་པའི་ས་བཞི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་མོས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཇི་ལྟའི་ཕྱིར་མོས་པ་དང་ལྡན་པ་ཞེས་བྱ་ཞེ་ན། དེའི་ཚེ་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་
བའི་མཚན་ཉིད་མངོན་སུམ་དུ་མ་བྱས་ཀྱི། ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་ལ་དད་ཅིང་ཡིད་ཆེས་པ་ཙམ་ཡོད་པའི་ཕྱིར་རོ། །ལྷག་པའི་བསམ་པ་དག་པ་གཞན། །ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་གཉིས་པ་ནི། །ཞེས་བྱ་བའི་དོན་ཏོ། །ས་དང་

པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་ནི་ལྷག་པའི་བསམ་པ་རྣམ་པར་དག་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཅིའི་ཕྱིར་ལྷག་པའི་བསམ་པ་རྣམ་པར་དག་པ་ཞེས་བྱ་ཞེ་ན། དེའི་ཚེ་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་རྟོགས་པ་དང་། བདག་དང་གཞན་གྱི་
དོན་ཕུན་སུམ་ཚོགས་པའི་སེམས་དང་ལྡན་པ་ལྷག་པ་ཞེས་བྱ་བ་ལ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་རྣམ་པར་དག་པ་ཞེས་བྱའོ། །མཚན་མ་དང་ནི་ཞེས་བྱ་བ་ལ། །ས་གཉིས་པ་ཡན་ཆད་ས་དྲུག་པ་མན་ཆད་ལ་གནས་པའི་
བྱང་ཆུབ་སེམས་དཔའ་ལ་མཚན་མ་དང་བཅས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཅིའི་ཕྱིར་མཚན་མ་དང་བཅས་པ་ཞེས་བྱ་ཞེ་ན། ས་གཉིས་པ་ལ་ནི་འདི་ནི་ཉན་ཐོས་ཀྱི་ཐེག་པ། འདི་ནི་རང་སངས་རྒྱས་ཀྱི་ཐེག་པ། འདི་ནི་ཐེག་པ་ཆེན་པོའོ་ཞེས་ཐེག་པ་ལ་རྣམ་པ་སྣ་ཚོགས་
སུ་འབྱེད་པའི་མཚན་མ་སྤྱོད་པའི་ཕྱིར་རོ། །ས་གསུམ་པ་ལ་ནི་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བའི་མཚན་མ་སྤངས་སོ། །ས་བཞི་པ་ལ་ནི་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ལ་གནོད་པའི་རྣམ་པར་མཐོང་བ་དང་། འགོག་པ་དང་ལམ་གྱི་བདེན་པ་ལ་ཞི་བའི་རྣམ་
པར་མཐོང་བའི་མཚན་མ་ཡོད་པའི་ཕྱིར་རོ། །ས་ལྔ་པ་ལ་ནི་བཟོའི་ལས་ཀྱི་གནས་རྣམ་པ་སྣ་ཚོགས་ལ་འཇུག་ཅིང་རྟོག་པ་ཀུན་དུ་འབྱུང་ངོ་། །ས་དྲུག་པ་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་ལུགས་བཞིན་པ་དང་། མ་རིག་པ་འགགས་
པས་འདུ་བྱེད་འགག་པ་ལ་སོགས་པ་ལུགས་ལས་བཟློག་པ་ལ་རྟོགས་པའི་མཚན་མ་ཡོད་པས། ས་དེ་དག་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་མཚན་མ་དང་བཅས་པ་ཞེས་བྱའོ། །མཚན་མ་མེད་ཅེས་བྱ་བ་ལ། ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་
མཚན་མ་མེད་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཇི་ལྟར་མཚན་མ་མེད་པ་ཞེས་བྱ་ཞེ་ན། ས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་ས་དྲུག་པ་མན་ཆད་ལ་འབྱུང་བའི་མཚན་མ་ཐམས་ཅད་སྤངས་པའི་ཕྱིར་མཚན་མ་མེད་པ་ཞེས་བྱའོ། །མངོན་པར་འདུ་མི་བྱེད་ལ་སྤྱོད། །

ཅེས་བྱ་བ་ལ། ཕྱིར་མི་ལྡོག་པའི་ས་བརྒྱད་པ་དང་། དགུ་པ་དང་། བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི། མངོན་པར་འདུ་མི་བྱེད་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཅིའི་ཕྱིར་ས་དེ་གསུམ་ལ་གནས་པ་ལ་མངོན་པར་འདུ་མི་བྱེད་པ་ལ་སྤྱོད་
པ་ཞེས་བྱ་ཞེ་ན། དེའི་ཚེ་བདག་དང་གཞན་གྱི་དོན་སྒྲུབ་པ་དང་། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་རྩོལ་འབད་མེད་པར་ལྷུན་གྱིས་གྲུབ་པ་ཉིད་དུ་གནས་པས་མངོན་པར་འདུ་མི་བྱེད་པ་ལ་སྤྱོད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ལྔ་པོ་ནི། །ས་རྣམས་ཀུན་དུ་ཤེས་པར་བྱ། །
ཞེས་བྱ་བ་ལ་མོས་པ་སྤྱོད་པའི་ས་ཡན་ཆད་ས་བཅུ་པ་མན་ཆད་ས་བཅུ་གཅིག་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམ་པ་ལྔ་ཞིག་ཡོད་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་བྱང་ཆུབ་སེམས་དཔའ་དེ་ལྔའི་མཚན་ཉིད་བཤད་དེ། དེ་ལ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་
པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབས་པ་རྣམས་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པར་མི་བསྔོའོ། །བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་བསྔོ་ཞིང་སྨོན་ལམ་འདེབས་པ་དེ། བྱང་ཆུབ་སེམས་དཔའི་མཚན་
ཉིད་ཡིན་པར་བསྟན་པའི་ཕྱིར་འདོད་ལ་མ་ཆགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་འདོད་པ་ལ་མ་ཆགས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ན། གཟུགས་ལ་སོགས་པ་འདོད་པ་ལྔའི་ཡོན་ཏན་དང་། ལོངས་སྤྱོད་ལ་མ་ཆགས་
ཤིང་ཕྱི་ནང་གི་དངོས་པོ་ཡོངས་སུ་གཏོང་བར་བྱེད་དོ། །ལས་གསུམ་རྣམ་པར་དག་ཅེས་བྱ་བ་ལ། ལས་གསུམ་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚུལ་ཁྲིམས་ལ་གནས་ན་ལུས་ཀྱི་སྒོ་ནས་སྲོག་མི་གཅོད། མ་བྱིན་པར་མི་ལེན། མི་ཚངས་པར་མི་
སྤྱོད་པས། ལུས་ཀྱི་ལས་རྣམ་པར་དག་པ་དང་ངག་གི་སྒོ་ནས་བརྫུན་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་འཁྱལ་བ་མི་སྨྲ་བས་ངག་གི་ལས་རྣམ་པར་དག་པ་དང་། ཡིད་ཀྱི་སྒོ་ནས་ཆགས་སེམས་དང་གནོད་སེམས་དང་ལོག་པའི་ལྟ་བ་མེད་པས་ཡིད་ཀྱི་ལས་རྣམ་པར་

དག་གོ། །ཁྲོ་བ་ཟིལ་གནོན་ཞེས་བྱ་བ་ལ། ཁྲོ་བ་ཟིལ་གྱིས་གནོན་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། བཟོད་པ་ལ་གནས་ན་ཞེ་སྡང་གི་སེམས་མི་འབྱུང་བར་ཟིལ་གྱིས་གནོན་པའི་ཕྱིར་རོ། །ཡོན་ཏན་མཆོག་ལ་བརྩོན་ཞེས་བྱ་བ་ལ། ཡོན་ཏན་གྱི་སྒྲས་ནི། སྦྱིན་པ་ལ་སོགས་པ་འཇིག་
རྟེན་ལས་འདས་པའི་དགེ་བ་ལ་བྱ་སྟེ། ཡོན་ཏན་མཆོག་ལ་བརྩོན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བརྩོན་འགྲུས་ཀྱིས་ནི་འཇིག་རྟེན་ལས་འདས་པའི་དགེ་བ་ཐམས་ཅད་བསྒྲུབ་པ་ལ་བརྩོན་པའི་ཕྱིར་རོ། །ཆོས་ལ་མི་གཡོ་ཞེས་བྱ་བ་ལ། ཆོས་ལ་མི་གཡོ་བ་ནི་བསམ་གཏན་
གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བསམ་གཏན་གྱིས་ནི་སེམས་རྩེ་གཅིག་ཏུ་གཞག་པའི་སེམས་ལས་སེམས་ཕྱི་རོལ་དུ་གཡོ་ཞིང་གཡེང་བ་མི་བྱེད་པའི་ཕྱིར་རོ། །ཡང་དག་ཟབ་མོ་མཐོང་ཞེས་བྱ་བ་ལ། ཡང་དག་ཟབ་མོ་ནི་གང་ཟག་དང་ཆོས་ལ་བདག་མེད་པའོ། །ཡང་དག་ཟབ་མོ་མཐོང་བ་ནི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱིས་བདག་མེད་པ་གཉིས་མཐོང་ཞིང་ཁོང་དུ་ཆུད་པའི་ཕྱིར་རོ། །འདི་ཡན་ཆད་ཀྱི་ཚིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་བསྟན་ཏོ། །བྱང་ཆུབ་ཆེན་པོར་མོས་ལྡན་བྱང་ཆུབ་སེམས། །ཞེས་བྱ་བ་ལ། གང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་
བསྒྲུབ་པ་རྣམས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག་ཅེས་བསྔོ་བ་ནི་བྱང་ཆུབ་ཆེན་པོར་མོས་པ་དང་ལྡན་པ་ཞེས་བྱ་སྟེ། འདིས་ནི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་བསྟན་ཏོ། །ཡང་རྣམ་གྲངས་གཞན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་དང་། བྱང་ཆུབ་ཏུ་སྨོན་ལམ་
འདེབས་པས་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་པའི་ཕྱིར། ཕན་འདོགས་འདོད་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཕན་འདོགས་པར་འདོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། སྦྱིན་པ་ནི་བཟའ་བ་དང་བགོ་བ་ལ་སོགས་པའི་ཡོ་བྱད་ཀྱིས་སེམས་ཅན་རྣམས་
ལ་ཕན་འདོགས་པའི་ཕྱིར་རོ། །གནོད་པ་མེད་པར་ལྟ་ཞེས་བྱ་བ་ལ། གནོད་པ་མེད་པར་ལྟ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚུལ་ཁྲིམས་ལ་གནས་པ་རྣམས་སེམས་ཅན་གཞན་གྱི་སྲོག་མི་གཅོད་པས་ན་སྲོག་ལ་གནོད་པར་མི་བྱེད། ནོར་ལ་མ་

བྱིན་པར་མི་ལེན་པས་ན། ལོངས་སྤྱོད་ལ་གནོད་པར་མི་བྱེད། གཞན་གྱི་བུད་མེད་ལ་མི་ཚངས་པར་མི་སྤྱོད་པས་ན་ཆུང་མ་ལ་གནོད་པར་མི་བྱེད་དོ། །ཕ་རོལ་གནོད་བྱེད་དག་ལ་བཟོད་པ་དང་། །ཞེས་བྱ་བ་ལ་ཕ་རོལ་གནོད་བྱེད་ལ་བཟོད་པ་ནི་
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། བཟོད་པ་ལ་གནས་པ་རྣམས་ནི། སེམས་ཅན་གཞན་གྱིས་བདག་གི་སྲོག་དང་ལོངས་སྤྱོད་ལ་གནོད་པ་བྱས་ཀྱང་། སླར་གནོད་པའི་ལན་ལྡོན་པར་མི་བྱེད་དེ། འ