Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 126

Văn bản gốc(Tây Tạng)

Trang 13 / 17 (50.000 ký tự/trang)
་ན་བྲན་དང་འདྲའོ། །ཡང་ན་ཕུན་སུམ་ཚོགས་པ་གཉིས་གཏོང་བ་ནི་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པ་དང་། ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པའོ། །དེ་དག་གི་ནི་ཐབས་ལ་མཁས། །ཞེས་བྱ་བ་
ལ་ཇི་ལྟར་བྲན་ཐབས་ལ་ཁོང་གཟོ་བས་ཤེས་པ་ཅན་ཡིན་ཏེ། ཇོ་བོའི་ལས་སུ་བྱ་བ་ཅི་དང་ཅི་བྱ་བ་རྣམས། མྱུར་དུ་འགྲུབ་པར་བྱ་བའི་ཐབས་ལ་མཁས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་རྣམས་ཀྱིས་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་དང་། འཇིག་རྟེན་ལས་འདས་
པའི་ཕུན་སུམ་ཚོགས་པ་འགྲུབ་པར་འགྱུར་བའི་ཐབས་ལ་མཁས་པ་ཡིན་ཏེ། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་འགྲུབ་པར་འགྱུར་བའི་ཐབས་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའོ། །འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་ཐབས་ནི་བྱང་ཆུབ་ཀྱི་ཕྱོགས་སུམ་
ཅུ་རྩ་བདུན་བསྒོམ་པའོ། །ལས་ལྔ་དག་གིས་སེམས་ཅན་གྱི། །རྒྱས་སྲས་སློབ་དཔོན་འདྲ་བའོ། །ཞེས་བྱ་བ་ལ་ཇི་ལྟར་ལས་རྣམ་པ་ལྔས་སློབ་དཔོན་གྱིས་སློབ་མ་ལ་ཕན་འདོགས་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། ལས་རྣམ་པ་ལྔས་སེམས་
ཅན་ལ་ཕན་འདོགས་པར་བྱེད་དོ། །སློབ་དཔོན་གྱི་ལས་རྣམ་པ་ལྔ་གང་ཞེ་ན། བདག་ཉིད་ཤིན་ཏུ་བསླབ་པ་དང་། ཐམས་ཅད་སློབ་པར་བྱེད་པ་དང་། མྱུར་དུ་སློབ་པར་བྱེད་པ་དང་། །དེའི་རང་བཞིན་ཅན་གྱི་ཕྱིར་མདངས་ཅན་དང་། ཟང་ཟིང་མེད་པའི་སེམས་དང་ལྡན་པའོ། །
མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་བ་ལ་འདི་ལྟར་སློབ་དཔོན་བདག་ཉིད་ཤིན་ཏུ་བསླབས་པ་ཡིན་ཏེ། བཤད་པར་བྱ་བ་དང་། ཤེས་པར་བྱ་བའི་ཆོས་ཐམས་ཅད་མ་ལུས་པར་ཤེས་པ་དང་། གདོད་ཕན་འདོགས་པར་བྱས་པར་སློབ་དཔོན་ཡིན་པ་དེ་བཞིན་དུ། བྱང་ཆུབ་

སེམས་དཔའ་ས་བརྒྱད་ཐོབ་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཤེས་པར་བྱ་བ་དང་། མངོན་པར་འདུ་བྱ་བ་དང་། བསྒོམ་པར་བྱ་བ་དང་། སྤང་བར་བྱ་བའི་ཆོས་རྣམས་ལ་ལྷུན་གྱིས་གྲུབ་པར་སྤྱོད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པས་ན།
སློབ་དཔོན་ཤིན་ཏུ་བསླབ་པ་དང་འདྲ་བ་ཡིན་ནོ། །གང་འདོད་པ། ཐེག་པ་ཐམས་ཅད་སྟོན་པ་དང་། །ཞེས་བྱ་བ་ལ་ཇི་ལྟར་སློབ་དཔོན་ཐམས་ཅད་སློབ་པར་བྱེད་དེ། ཁ་ཅིག་སློབ་ཁ་ཅིག་མི་སློབ་པ་མ་ཡིན་གྱི། བདག་ཅི་ཤེས་པ་རྣམས་སློབ་མ་ལ་མ་ལུས་པར་སློབ་པར་བྱེད་པ་
དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་། སེམས་ཅན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འདོད་པ་རྣམས་ལ་ཐེག་པ་འགའ་སྟོན་པ་མ་ཡིན་གྱི། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་མ་ལུས་པར་སྟོན་ཅིང་། སློབ་པར་
བྱེད་པས་ན། སློབ་དཔོན་ལྟ་བུའོ། །རྣལ་འབྱོར་གྲུབ་པར་སྦྱོར་བ་དང་། །ཞེས་བྱ་བ་ལ་ཇི་ལྟར་འཇིག་རྟེན་པའི་སློབ་དཔོན་སྒྲའི་གཙུག་ལག་དང་། རྒྱུའི་གཙུག་ལག་ལ་སོགས་པ་འཆད་པ། སློབ་མ་ཉེ་གཡོག་ཏུ་བཀོལ་བའི་ཕྱིར། སློབ་མ་དེ་དག་མྱུར་དུ་ལོབས་པར་མི་
བྱེད་ཀྱི། དུས་རིང་པོས་ལོབས་པར་བྱེད་དོ། །སློབ་དཔོན་ཡང་དག་པ་དག་ནི་དེ་ལྟ་མ་ཡིན་ཏེ། སློབ་མ་བསླབ་པའི་རྣམས་བསླབ་པའི་ལས་དག་མྱུར་དུ་ལོབས་པར་བྱེད་པ་དེ་བཞིན་དུ་རྣལ་འབྱོར་གྱི་སྒྲ་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་བྱ་སྟེ། སེམས་ཅན་རྣམས་ཀྱིས་
ཞི་གནས་དང་ལྷག་མཐོང་སྒྲུབ་པའི་ཏིང་ངེ་འཛིན་མྱུར་དུ་འགྲུབ་པར་འགྱུར་བར་སྦྱོར་བར་བྱེད་པས་ན། སློབ་དཔོན་ལྟ་བུ་ཡིན་ནོ། །མདངས་ཅན་དང་ནི་ཞེས་བྱ་བ་ལ་ཇི་ལྟར་སློབ་དཔོན་དག་སློབ་མ་ལ་བྱམས་པའི་སེམས་ཡིན་པས། བཞིན་ཁྲོ་གཉེར་མེད་ཅིང་། རྟག་ཏུ་
ཡང་འཛུམ་པ་དང་ཚིག་འཇམ་པོར་སྨྲ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་ལྡན་པས་ཁྲོ་གཉེར་མེད་ཅིང་བཞིན་མདངས་ཅན་སྟོན་པ་ལ། ཚིག་འཇམ་པོས་སྨྲ་བས་ན་སློབ་དཔོན་ལྟ་བུའོ། །ཕྱིར་བྱ་བ་དང་། རྣམ་པར་

སྨིན་པ་རེ་བ་མེད། །ཅེས་བྱ་བ་ལ། ཇི་ལྟར་སློབ་དཔོན་སློབ་མ་ལ་ཆོས་སྟོན་ཅིང་འཆད་པ་ལ་སོགས་པ་བྱེད་པ་ཡང་། རྙེད་པ་དང་བཀུར་སྟི་ལ་སོགས་པའི་སེམས་ཟང་ཟིང་ཅན་གྱིས་སྟོན་པ་མ་ཡིན་གྱི། སློབ་མའི་སྡུག་བསྔལ་མེད་པར་བྱའོ་སྙམ་པའི་སེམས་སྙིང་རྗེ་དང་
ལྡན་པས་སྟོན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་བྱེད་པ་ཡང་། ཚེ་འདི་ལ་ཕན་བཏགས་པའི་ལན་ལ་རེ་བ་མེད་པ་དང་། ཚེ་ཕྱི་མ་རྣམ་པར་སྨིན་པའི་འབྲས་བུ་ལ་རེ་བ་མེད་པས་ཕན་འདོགས་པར་བྱེད་དེ། དེ་བས་ན་སློབ་
དཔོན་དང་འདྲའོ། །ལས་ལྔ་དག་གིས་སེམས་ཅན་གྱི། །རྒྱལ་སྲས་མཁན་པོ་འདྲ་བའོ། །ཞེས་བྱ་བ་ལ་ཇི་ལྟར་མཁན་པོས་སློབ་མ་རྣམས་ལ་ལས་རྣམ་པ་ལྔས་ཕན་འདོགས་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་ལས་རྣམ་པ་ལྔས་སེམས་ཅན་
ལ་ཕན་འདོགས་པར་བྱེད་པས་ན་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་མཁན་པོ་ལྟ་བུ་ཡིན་ནོ། །མཁན་པོ་ལས་རྣམ་པ་ལྔས་སློབ་མ་ལ་ཕན་འདོགས་པའི་ལས་རྣམ་པ་གང་ཞེ་ན། རབ་ཏུ་འབྱུང་བར་བྱེད་པ་དང་། བསྙེན་པར་རྫོགས་པར་བྱེད་པ་དང་
ཉེས་པ་ཡོངས་སུ་སྤོང་བ་སྟོན་པར་བྱེད་པ་དང་། ཟང་ཟིང་གིས་སྡུད་པ་དང་། ཆོས་ཀྱིས་སྡུད་པའོ། །སེམས་ཅན་དོན་ལ་རབ་བརྩོན་པ། །ཚོགས་ནི་རྫོགས་པར་བྱེད་པ་དང་། །ཞེས་བྱ་བ་ལ་ཇི་ལྟར་མཁན་པོས་སློབ་མ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་སྟེ།
དགེ་སྦྱོང་གི་བསླབ་པ་བྱིན་ནས། རབ་ཏུ་འབྱིན་པར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་བརྩོན་པ་རྣམས་ཀྱང་། སེམས་ཅན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་རྫོགས་པ་རྣམས། ཚོགས་གཉིས་རྫོགས་པར་འབྱིན་པར་བྱེད་
པས་ན་མཁན་པོ་ལྟ་བུའོ། །ཚོགས་བསགས་གྲོལ་བར་བྱེད་པ་དང་། །ཞེས་བྱ་བ་ལ། ཇི་ལྟར་མཁན་པོས་སློབ་མ་རབ་ཏུ་བྱུང་ནས། བསླབ་པ་ཉིས་བརྒྱ་ལྔ་བཅུ་བྱིན་ཏེ། བསྙེན་པར་རྫོགས་པར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་

སེམས་ཅན་ཚོགས་གཉིས་རྫོགས་པ་དག་རྣམ་པར་གྲོལ་བ་མྱ་ངན་ལས་འདས་པའི་གནས་སུ་ཕྱིན་པར་བྱེད་པས་ན། བྱང་ཆུབ་སེམས་དཔའ་རྣམས་མཁན་པོ་ལྟ་བུའོ། །མི་མཐུན་ཕྱོགས་ནི་ཉམས་པར་བྱེད། །ཅེས་བྱ་བ་ལ་ཇི་ལྟར་མཁན་
པོས་སློབ་མ་ལ། ཕས་ཕམ་པ་དང་ལྟུང་བ་དང་ཉེས་བྱས་ལ་སོགས་པ་གང་དང་གང་ཡིན་པ་སྟོན་ཅིང་། ཉེས་པ་ལ་འཇུག་པ་ལས་ཟློག་ཅིང་སྤོང་བར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་རྣམས་ལ་རྣམ་པར་གྲོལ་བ་དང་། མྱ་ངན་ལས་འདས་པ་ཐོབ་
པར་བྱ་བ་ལ་བགེགས་སུ་གྱུར་པ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཉམས་ཤིང་སྤོང་བར་བྱེད་པས་ན་མཁན་པོ་ལྟ་བུའོ། །འཇིག་རྟེན་ཕུན་སུམ་ཚོགས་སྣ་ཚོགས། །ཞེས་བྱ་བ་ལ་ཇི་ལྟར་མཁན་པོས་སློབ་མ་ལ། ཆོས་གོས་དང་ལྷུང་བཟེད་ལ་སོགས་
པའི་ཡོ་བྱད་འཇིག་རྟེན་གྱི་ཟང་ཟིང་གིས་ཕན་འདོགས་པར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་ཐམས་ཅད་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་རྣམ་པ་སྣ་ཚོགས་པ་ཐོབ་པར་བྱེད་པས་མཁན་པོ་ལྟ་བུའོ། །
འཇིག་རྟེན་མ་ཡིན་སྦྱོར་བར་བྱེད། །ཅེས་བྱ་བ་ལ་ཇི་ལྟར་མཁན་པོས་སློབ་མ་ལ་ཆོས་བསྟན་པའི་སྒོ་ནས་ཀྱང་ཕན་འདོགས་པར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། སེམས་ཅན་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐེག་པ་གསུམ་གྱི་
ལམ་དང་། མྱ་ངན་ལས་འདས་པ་ལ་འཇོག་པར་བྱེད་པས་ན་མཁན་པོ་ལྟ་བུའོ། །དྲིན་གཟོ་བའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སེམས་ཅན་ལ་ཕན་བཏགས་ན་ཕན་བཏགས་པའི་སེམས་
ཅན་རྣམས་བྱང་ཆུབ་སེམས་དཔའ་ལ་དྲིན་དུ་གཟོ་བ་ལ། བྱང་ཆུབ་སེམས་དཔའ་སེམས་ཅན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ན། སེམས་ཅན་ལ་དྲིན་དུ་གཟོ་བར་བྱེད་དེ། དེ་ལྟར་ན་སེམས་ཅན་དང་། བྱང་ཆུབ་སེམས་དཔའ་གཉི་ག་ཕན་ཚུན་གཅིག་ལ་གཅིག་དྲིན་དུ་གཟོ་བར་བྱེད་

པ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་ལ་ནི་མ་ཆགས་ཤིང་། །ཞེས་བྱ་བ་ལ་སེམས་ཅན་བཟའ་བ་དང་། བགོ་བ་ལ་སོགས་པའི་ཡོ་བྱད་ཀྱིས་ཕོངས་པ་རྣམས་ལ། ཡོ་བྱད་ཐམས་ཅད་བྱིན་ཏེ་ལོངས་སྤྱོད་དང་ལྡན་པར་བྱས་ན་སེམས་ཅན་
དེ་དག་བྱང་ཆུབ་སེམས་དཔའ་ལ་དྲིན་དུ་གཟོ་བར་བྱེད་དོ། །དེ་བཞིན་དུ་སེམས་ཅན་ལོངས་སྤྱོད་དང་ལྡན་པ། དེ་དག་གིས་ལོངས་སྤྱོད་དང་ལྡན་པ་དང་། སེར་སྣ་སྤངས་ནས་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ན། སེམས་ཅན་འདི་དག་གིས་
ཕན་བཏགས་པ་ཞེས་སེམས་ཅན་དེ་དག་ལ་བྱང་ཆུབ་སེམས་དཔའ་དྲིན་དུ་གཟོ་བར་བྱེད་དོ། །ཚུལ་ཁྲིམས་ཀྱང་ནི་རལ་བ་མེད། །ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཚུལ་ཁྲིམས་ལ་བཀོད་ན། སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་ལ་དྲིན་དུ་གཟོ་
བར་བྱེད་པ་དེ་བཞིན་དུ་སེམས་ཅན་རྣམས་ཀྱིས་ཀྱང་། ཇི་ལྟར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལ་བཀོད་པའི་སེམས་ཅན་དེ་དག་གིས་ཚུལ་ཁྲིམས་ཉམས་པར་མ་བྱས་ཏེ། ཕས་ཕམ་པ་ལ་བག་བྱ་སྟེ། བསྲུང་བ་བཞིན་དུ་ཉེས་བྱས་ལ་སོགས་པ་ཉེས་པ་ཕྲ་མོ་རྣམས་
ལ་ཡང་། བག་བྱས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་དེ་དག་ལ་དྲིན་དུ་གཟོ་བར་བྱེད་དོ། །དྲིན་དུ་གཟོ་བ་དང་ལྡན་པ་སྟེ་ཞེས་བྱ་བ་ལ་སེམས་ཅན་རྣམས་ཀྱིས་ལུས་དང་ངག་གི་སྒོ་ནས་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་ཀྱང་བྱང་ཆུབ་སེམས་དཔའ་གནོད་པ་
དང་ལྡན་པ་དེས། སེམས་ཅན་ལ་སླར་གནོད་པ་མི་བྱེད་པ་རྣམས་ལ། སླར་ཕན་འདོགས་པར་བྱེད་དེ། དེས་ན་སེམས་ཅན་རྣམས་བྱང་ཆུབ་སེམས་དཔའ་བདག་ཅག་ལ་གནོད་པ་མ་བྱས་སོ་ཞེས་བྱང་ཆུབ་སེམས་དཔའ་དྲིན་དུ་གཟོ་བར་བྱེད་ལ། བྱང་ཆུབ་སེམས་དཔའ་
བཟོད་པ་ལ་དགའ་བས་སེམས་ཅན་དེ་དག་ཀྱང་བཟོད་པ་ལ་གནས་པར་གྱུར་ན། སེམས་ཅན་དེ་དག་ལ་བྱང་ཆུབ་སེམས་དཔའ་ཡང་དྲིན་དུ་གཟོ་བར་བྱེད་དོ། །བསྒྲུབ་པ་ལ་ཡང་སྦྱོར་བའོ། །ཞེས་པ་ལ། སེམས་ཅན་རྣམས་བྱང་ཆུབ་སེམས་དཔས་བརྩོན་འགྲུས་བསྒྲུབ་པ་

དང་། བསམ་གཏན་བསྒྲུབ་པ་དང་། ཤེས་རབ་བསྒྲུབ་པ་ལ་བཀོད་ན། སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་ལ་དྲིན་དུ་གཟོ་བར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་ཇི་ལྟར་བཀོད་པ་ལྟར། །སེམས་ཅན་བརྩོན་འགྲུས་བསྒྲུབ་པ་
དང་། བསམ་གཏན་བསྒྲུབ་པ་དང་། ཤེས་རབ་བསྒྲུབ་པ་ན། བྱང་ཆུབ་སེམས་དཔའ་སེམས་ཅན་དེ་དག་ལ་དྲིན་དུ་གཟོ་བར་བྱེད་དོ། །ཕ་རོལ་ཕྱིན་པ་དྲུག་ལ་ནི། །དེ་ལྟར་ལུས་ཅན་སྒྲུབ་པར་བྱེད། །དེ་བཞིན་བྱང་ཆུབ་སེམས་དཔའ་ལ། །ཕྱིར་ཡང་དྲིན་དུ་གཟོ་
བར་འགྱུར། །ཞེས་བྱ་བ་ལ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་ན། སེམས་ཅན་རྣམས་བྱང་ཆུབ་སེམས་དཔའ་ལ་དྲིན་དུ་གཟོ་བ་བྱེད་དོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སེམས་ཅན་བཀོད་དེ། ལུས་ཅན་སེམས་
ཅན་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པར་བྱེད་ན། འདི་དག་གིས་བདག་ལ་ཕན་བཏགས་སོ་ཞེས་དེ་དག་ལ་བྱང་ཆུབ་སེམས་དཔའ་དྲིན་དུ་གཟོ་བར་བྱེད་དོ། །དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་ལ་དྲིན་དུ་གཟོ་བ་དེ་ལྟར་རོ་ཞེས་བྱ་བ་ལ་སེམས་ཅན་
རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་བཀོད་ན། སེམས་ཅན་དེ་དག་བྱང་ཆུབ་སེམས་དཔས་བདག་ཅག་ལ་ཕན་བཏགས་སོ་ཞེས་བྱང་ཆུབ་སེམས་དཔའ་ལ་དྲིན་དུ་གཟོ་བར་བྱེད་པ་དེ་བཞིན་དུ། སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པར་བྱེད་ན་ཡང་། སེམས་ཅན་
འདི་དག་གིས་བདག་ལ་ཕན་བཏགས་སོ་ཞེས་སེམས་ཅན་དེ་དག་ལ་བྱང་ཆུབ་སེམས་དཔའ་སླར་དྲིན་དུ་གཟོ་བར་བྱེད་དོ། །ཚུལ་ཁྲིམས་ལའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་ཚུལ་ཁྲིམས་ལ་བཀོད་ན། སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་ལ་
དྲིན་དུ་གཟོ་བར་བྱེད་པ་ལྟར། སེམས་ཅན་དེ་དག་ཚུལ་ཁྲིམས་ལ་གནས་ན་ཡང་། སེམས་ཅན་དེ་དག་ལ་བྱང་ཆུབ་སེམས་དཔའ་དྲིན་དུ་གཟོ་བར་བྱེད་དོ། །བཟོད་པ་ལ་དགའ་བ། བྱང་ཆུབ་སེམས་དཔས་ཕན་པ་བྱས་པ་ལ་དྲིན་དུ་གཟོ་བའི་ཕྱིར། དྲིན་དུ་གཟོ་

བ་དང་ལྡན་པ་ནི་བཟོད་པའོ་ཞེས་བྱ་བ་ལ་སེམས་ཅན་གྱིས་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་ཀྱང་། སེམས་ཅན་དེ་དག་ལ་བྱང་ཆུབ་སེམས་དཔའ་གནོད་པ་མི་བྱེད་པས་གནོད་པ་བྱས་པའི་སེམས་ཅན་དེས་བྱང་ཆུབ་སེམས་དཔའ་བཟོད་པ་ལ་དགའ་བ་ཤེས་ནས།
བྱང་ཆུབ་སེམས་དཔའ་ཕན་བཏགས་པའི་སེམས་ཅན་དེ་ལ་ཕན་པ་བྱས་ལ་དྲིན་དུ་གཟོ་བའི་ཕྱིར། དྲིན་དུ་གཟོ་བའི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་བཟོད་པ་ལ་དག་པའི་སེམས་དང་མཐུན་པར་བཟོད་པ་ལ་གནས་པར་བྱེད་ན། སེམས་ཅན་དེ་ལ་བྱང་ཆུབ་
སེམས་དཔའ་དྲིན་དུ་གཟོ་བར་བྱེད་དོ། །གང་གིས་གང་དུ་སྒྲུབ་པར་བྱེད་པའི་ཕྱིར། །ཞེས་བྱ་བ་ལ་གང་གིས་སྒྲུབ་པར་བྱེད་ཅེ་ན། བརྩོན་འགྲུས་ཀྱིས་སྒྲུབ་པར་བྱེད་དོ། །གང་ལ་སྒྲུབ་པར་བྱེད་ཅེ་ན། བསམ་གཏན་དང་ཤེས་རབ་ལ་སྒྲུབ་པར་བྱེད་དོ། །རེ་བ་རྣམ་པར་
དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་དེ་ལྟར་སེམས་ཅན་ལ་ཕན་འདོགས་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་གནས་རྣམ་པ་ལྔ་ཇི་ལྟར་ཐོབ་པར་བྱ་ཞེ་ན་རེ་བ་དང་སྨོན་པ་སྐྱེ་སྟེ། དེ་བསྟན་པ་ལ་ཚིགས་སུ་བཅད་པ་གཅིག་བརྩམས་སོ་ཞེས་བྱ་བའི་དོན་ཏོ། །
འཕེལ་བ་དང་ནི་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཇི་ལྟར་འཕེལ་བར་འགྱུར་ཞེས་རེ་ཞིང་འདོད་དེ། འདི་ནི་རེ་བའི་གནས་རྣམ་པ་གཅིག་གོ། །འབྲི་བར་
འདོད་ཅེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས། སེར་སྣ་ནས་འཆལ་བའི་ཤེས་རབ་ཀྱི་བར་དག་རྟག་ཏུ་ཇི་ལྟར་འཕྲི་ཞིང་ཉམས་པར་འགྱུར་ཞེས་རེ་ཞིང་འདོད་དེ། འདི་ནི་རེ་ཞིང་འདོད་པའི་གནས་རྣམ་པ་གཉིས་
སོ། །སེམས་ཅན་རྣམས་ནི་སྨིན་པ་དང་། །ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རྟག་ཏུ་དད་པ་མ་སྐྱེས་པ་རྣམས་ནི་དད་པ་སྐྱེད། དད་པ་སྐྱེས་པ་རྣམས་ནི་དགེ་བ་ལ་འགོད། དགེ་བ་ལ་བཀོད་པ་རྣམས་ནི་ཡོངས་སུ་སྨིན་པར་བྱའོ་ཞེས་རེ་ཞིང་འདོད་

དེ། འདི་ནི་རེ་བའི་གནས་རྣམ་པ་གསུམ་མོ། །ས་ལ་ཁྱད་པར་འགྲོ་བ་དང་། །ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་རྟག་ཏུ་ས་དང་པོ་ཐོབ་ནས། ས་གཉིས་པ་ཇི་ལྟར་ཐོབ་པར་བྱ་ཞེས་འདོད་པ་ནས། ས་དགུ་པ་ཐོབ་ན་ས་བཅུ་པ་ཇི་ལྟར་
ཐོབ་པར་བྱ་ཞེས་འདོད་ཅིང་རེ་སྟེ། འདི་ནི་རེ་བའི་གནས་རྣམ་པ་བཞི་པའོ། །རྟག་ཏུ་བླ་མེད་བྱང་ཆུབ་ལའོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་དུས་ཐམས་ཅད་དུ་ས་བཅུ་ལས་འདས་ནས། སངས་རྒྱས་ཇི་ལྟར་ཐོབ་པར་བྱ་ཞེས་འདོད་དེ། འདི་ནི་རེ་བའི་
གནས་རྣམ་པ་ལྔ་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་རེ་ཞིང་འདོད་ན་ཡང་གནས་ལྔ་པོ་དེ་དག་ལ་རེ་ཞིང་འདོད་པ་སྐྱེ་སྟེ། འཇིག་རྟེན་གྱི་ཕུན་སུམ་ཚོགས་པའམ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལམ་དང་། མྱ་ངན་ལས་འདས་པ་ལ་ནི་རེ་བ་ཅུང་ཟད་ཀྱང་མི་
སྐྱེའོ། །སྦྱོར་བ་ཆུད་མི་ཟ་བའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་ཉན་ཐོས་དག་གིས་སྦྱོར་བ་བྱས་པ་ནས། བདག་གི་དོན་དུ་ཞུས་པས་སེམས་ཅན་གྱི་དོན་མེད་པའི་ཕྱིར་ཆུད་ཟོས་པ་དང་། འཇིག་རྟེན་པ་དག་གི་སྦྱོར་བ་ནི་ཕལ་ཆེར་འབྲས་བུ་མེད་པར་འགྱུར་
བས་ཆུད་ཟོས་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་རེ་བ་ཕྱིན་ཅི་མ་ལོག་ཅིང་རེ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་ལས་སུ་ཇི་དང་ཇི་བྱས་པ་རྣམས་དེ་བཞིན་དུ་འབྲས་བུ་གྲུབ་ཅིང་འབྲས་བུ་མེད་པར་མི་འགྱུར་ན་སྦྱོར་བ་ཆུད་མི་ཟ་བ་ཞེས་བྱ་སྟེ། དེའང་སྦྱོར་བ་རྣམ་པ་བཞི་ཆུད་མི་ཟའོ། །
འཇིགས་པ་སྤངས་དང་ཞེས་བྱ་བ་ལ་གལ་ཏེ་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་སྐྲག་ན་ནི་བྱང་ཆུབ་སེམས་དཔའ་དེ་ཐེག་པ་ཆེན་པོ་ལ་སྦྱོར་བ་ལས་ཆུད་ཟོས་པ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་རྣམས་ནི་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་བདག་ཉིད་ཀྱང་སྐྲག་ཅིང་འཇིགས་པ་
མེད་པ། སེམས་ཅན་རྣམས་ཐེག་པ་ཆེན་པོའི་དོན་ལ། སྐྲག་ཅིང་འཇིགས་པ་ཡང་སེལ་བར་བྱེད་པས་ན། སྦྱོར་བ་ཆུད་མི་ཟ་བ་ཞེས་བྱ་སྟེ། འདི་ནི་ཆུད་མི་ཟ་བ་རྣམ་པ་གཅིག་གོ། །དེ་ལ་ཆོས་དང་གང་ཟག་བདག་མེད་པ་ནི་ཟབ་པའོ། །ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་

རྒྱ་ཆེ་བའོ། །བསྐྱེད་པ་དང་ཞེས་བྱ་བ་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་བདག་དང་སེམས་ཅན་དག་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་འདོད་པའི་ཕྱིར་སེམས་བསྐྱེད་དམ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་འདོད་པའི་སེམས་བསྐྱེད་ན་ནི་སྦྱོར་བ་ཆུད་ཟོས་
པ་ཡིན་ན། བྱང་ཆུབ་སེམས་དཔའ་ནི་དེ་ལྟར་མི་མཛད་ཀྱི། བདག་དང་སེམས་ཅན་རྣམས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པས་ན། བྱང་ཆུབ་ཀྱི་སེམས་ལས་མ་ཉམས་པའི་ཕྱིར་སྦྱོར་བ་ཆུད་མ་ཟོས་ཏེ། འདི་ནི་ཆུད་མ་ཟོས་པ་རྣམ་པ་གཉིས་པའོ། །ཐེ་ཚོམ་
ཡང་ནི་གཅོད་པ་དང་། །ཞེས་བྱ་བ་ལ་གལ་ཏེ་སེམས་ཅན་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ཐེག་པ་ཆེན་པོའི་ཆོས་ལ་ཐེ་ཚོམ་བཅད་ན་ནི་སེམས་ཅན་དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་ལོག་པར་འགྱུར་བ་ཆུད་ཟ་བ་ཡིན་ན། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་
ཐེག་པ་ཆེན་པོའི་ཆོས་ལ་ཐེ་ཚོམ་ཟ་བའི་ཐེ་ཚོམ་གཅོད་པར་བྱེད་པས་ན་བྱང་ཆུབ་ཀྱི་སེམས་ལས་མི་ལྡོག་པའི་ཕྱིར་སྦྱོར་བ་ཆུད་མི་ཟ་སྟེ། འདི་ནི་ཆུད་མི་ཟ་བ་རྣམ་པ་གསུམ་པའོ། །བསྒྲུབ་པ་དག་ནི་གདམས་ངག་རྣམས། །རྒྱལ་སྲས་རྟག་ཏུ་ཆུད་མི་ཟ། །ཞེས་བྱ་བ་ལ་གལ་ཏེ་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་ཀྱིས། ས་དང་ཕ་རོལ་ཏུ་ཕྱིན་པའི་གདམས་ངག་བསྟན་པ་བཞིན་དུ། བདག་ཉིད་ཀྱང་མི་བསྒྲུབ་ཅིང་། སེམས་ཅན་ལ་ཡང་བསྒྲུབ་པའི་གདམས་ངག་མི་སྟོན་ན་སྦྱོར་བ་ཆུད་ཟོས་པ་ཡིན་ན། བྱང་ཆུབ་སེམས་དཔའི་
བདག་ཉིད་ཀྱང་ཡང་དག་པའི་གདམས་ངག་དང་མན་ངག་བཞིན་དུ་སྒྲུབ་པར་བྱེད་པ་ཡིན་ལ། སེམས་ཅན་ལ་ཡང་ཡང་དག་པའི་གདམས་ངག་དང་མན་ངག་སྟོན་པར་བྱེད་པས་སྦྱོར་བ་ཆུད་མི་ཟ་སྟེ། འདི་ནི་ཆུད་མི་ཟ་བ་རྣམ་པ་བཞི་པ་སྟེ། འདི་ནི་ཆུད་མི་ཟ་བ་གོང་དུ་བཤད་པའི་
ཆོས་བཞི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟག་ཏུ་ཆུད་མི་ཟ་བའི་ཆོས་ཞེས་བྱའོ། །ཡང་དག་པའི་སྦྱོར་བའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ་སྦྱོར་བ་ནི་ལས་སུ་བྱེད་པ་ལ་བྱ་སྟེ། དེ་ལྟར་ཆུད་མི་ཟ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལུས་

དང་ངག་དང་ཡིད་གསུམ་གྱི་སྒོ་ནས་ལས་སུ་བྱེད་པ་རྣམས་མ་ནོར་བར་བྱེད་པར་འགྱུར་ཏེ། དེ་བས་ན་ལས་སུ་བྱེད་པ་ལ་མ་ནོར་བར་བྱེད་པ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། །སྦྱིན་པ་ལ་ནི་རེ་བ་མེད། །ཅེས་བྱ་བ་ལ་བྲེལ་བ་དང་ཕོངས་པ་རྣམས་
ལ་ཆོས་དང་ཟང་ཟིང་དང་། མི་འཇིགས་པའི་སྦྱིན་པ་བྱས་ཀྱང་། ཚེ་འདི་ལ་ཕན་འདོགས་པའི་ལན་ཡང་རེ་བ་མེད་ལ། ཚེ་རབས་གཞན་དུ་ཡང་ལོངས་སྤྱོད་ཆེན་པོའི་རྣམ་པར་སྨིན་པ་ལ་རེ་བ་མེད་པར་གཏོང་སྟེ། དེ་ལྟར་གཏོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་
པར་སྦྱོར་བའོ། །ཚུལ་ཁྲིམས་སྲེད་པར་འདོད་པ་མེད། །ཅེས་བྱ་བ་ལ་ཚུལ་ཁྲིམས་བསྲུངས་ནས་ལྷ་དང་མིའི་ནང་དུ་སྐྱེ་བར་འགྱུར་བ་ཡིན་ན། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་བསྲུང་བ་ནི་སྲིད་པའི་བདེ་བ་ལྷ་དང་མིའི་གནས་ཐོབ་པར་བྱ་བའི་ཕྱིར་བསྲུང་བ་མ་ཡིན་
གྱི། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བསྲུང་སྟེ། འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་བའོ། །ཐམས་ཅད་དུ་ནི་བཟོད་པ་དང་། །ཞེས་བྱ་བ་ལ་ལུས་ཀྱི་སྒོ་ནས་མི་རྡེག་པ་དང་ངག་གི་སྒོ་ནས་ཚིག་རྩུབ་པོ་ཙམ་མི་འབྱིན་ཀྱང་སེམས་ལ་
ཁོང་ཁྲོ་བ་ཡོད་ན། ཐམས་ཅད་དུ་བཟོད་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་ལུས་དང་ངག་གི་གནོད་པ་མི་བྱེད་པ་བཞིན་དུ་ཡིད་ལ་ཡང་ཁོང་ཁྲོ་བ་མེད་པས་ན། ཐམས་ཅད་དུ་བཟོད་པ་ཞེས་བྱ་སྟེ། འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་བའོ། །
བརྩོན་འགྲུས་དགེ་བ་ཐམས་ཅད་འབྱུང་། །ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་འགའ་ཙམ་བསྒྲུབ་པའི་ཕྱིར་བརྩོན་འགྲུས་རྩོམ་པའམ། ཐེག་པ་འགའ་ཙམ་གྱི་ཆོས་ལ་བརྩོན་འགྲུས་རྩམ་པ་ནི་དགེ་བ་ཐམས་ཅད་འབྱུང་བའི་བརྩོན་འགྲུས་ཞེས་མི་བྱའི། བྱང་ཆུབ་སེམས་
དཔའ་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། ཐེག་པ་གསུམ་ཆར་གྱི་ཆོས་ལ་ཡང་བརྩོན་འགྲུས་རྩོམ་པས་ན། དགེ་བ་ཐམས་ཅད་འབྱུང་བའི་བརྩོན་འགྲུས་ཞེས་བྱ་སྟེ། འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་བའོ། །དེ་བཞིན་གཟུགས་

མེད་མ་ཡིན་བསམ་གཏན་དང་། །ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་བསམ་གཏན་བསྒོམ་པ་ནི་བསམ་གཏན་གྱི་འབྲས་བུ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་སུ་སྐྱེ་བར་འགྱུར་བར་བསྒོམ་གྱི་གཟུགས་མེད་པའི་ཁམས་སུ་སྐྱེ་བར་འགྱུར་བའི་
བསམ་གཏན་མི་བསྒོམ་སྟེ། གཟུགས་མེད་པའི་ཁམས་སུ་སྐྱེས་ནས་བདག་ཉིད་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་མཐའ་མེད་པའི་ཕྱིར་ཏེ། དེ་ལྟ་བུའི་བསམ་གཏན་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་
ལ་ཡང་དག་པར་སྦྱོར་བ་ཞེས་བྱའོ། །ཤེས་རབ་ཐབས་དང་ལྡན་ན་ནི། །ཞེས་བྱ་བ་ལ་ཐབས་ཡོད་ལ་ཤེས་རབ་མེད་པ་དང་ཤེས་རབ་ཡོད་པ་ལ་ཐབས་མེད་པ་ནི་བྱང་ཆུབ་སེམས་དཔའི་འཆིང་བ་ཡིན་པས། ཆོས་རྣམས་སྟོང་པ་ཉིད་དུ་ཤེས་པའི་ཤེས་རབ་དེ་སེམས་ཅན་
ཡོངས་སུ་སྨིན་པར་བྱེད་པའི་ཐབས་བསྡུ་བའི་དངོས་པོ་བཞི་དང་ལྡན་ན། ཐབས་ཀྱིས་ཡོངས་སུ་ཟིན་པའི་ཤེས་རབ་ཡིན་ཏེ། དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡང་དག་པའི་སྦྱོར་བའོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ལ། །བསྟན་པ་
རྣམས་ཀྱིས་ཡང་དག་སྦྱོར། །ཞེས་བྱ་བ་ལ་གོང་དུ་བཤད་པ་ལྟ་བུར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་ན་བསྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡང་དག་པ་དང་མ་ནོར་བར་སྦྱོར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དཀོན་མཆོག་བརྩེགས་པ་ལས་
ཀྱང་ཞེས་བྱ་བ་ལ་སོགས་པ་ལ་གོང་དུ་བཤད་པ་ལྟ་བུར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་སྦྱོར་བ་ཡིན་པར། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་བཤད་དེ། ཇི་སྐད་དུ་གསུངས་ཤེ་ན། རྣམ་པར་སྨིན་
པ་ལ་མི་རེ་བའི་སྦྱིན་པ་དང་། སྲིད་པའི་སྐྱེ་བ་ཐམས་ཅད་ལ་མི་གནས་པའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་བཟོད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྡུད་པའི་བརྩོན་འགྲུས་དང་། གཟུགས་མེད་པའི་ཁམས་ཀྱིས་

མ་གོས་པའི་བསམ་གཏན་དང་ཐབས་ལ་མཁས་པས་བསྡུ་བའི་དངོས་པོ་བཞི་དང་རབ་ཏུ་ལྡན་པའི་ཐབས་ཀྱིས་ཡོངས་སུ་ཟིན་པའི་ཤེས་རབ་དང་ཞེས་བྱ་བ་གསུངས་སོ། །ཉམས་པ་དང་ཁྱད་པར་གྱི་ཕྱོགས་ཀྱི་ཆོས་རྣམ་པར་དབྱེ་བ་ལ་ཚིགས་སུ་
བཅད་པ་རྣམ་པ་གཉིས་སོ་ཞེས་བྱ་བ་ལ་ཆོས་གང་གནས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་ཉམས་པར་འགྱུར་བའི་ཉམས་པའི་ཕྱོགས་ཀྱི་ཆོས་ཞེས་བྱའོ། །ཆོས་གང་ལ་གནས་ན་ཕ་རོལ་ཏུ་ཕྱིན་པ་རྣམས་འཕེལ་ཞིང་འབོགས་པར་འགྱུར་བའི་ཆོས་ལ་ནི་ཁྱད་པར་གྱི་
ཕྱོགས་ཀྱི་ཆོས་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཡང་དག་པའི་སྦྱོར་བ་ལ་གནས་པ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ནི་ཉམས་ཤིང་འབྲི་བར་འགྱུར་ལ། དེའི་གཉེན་པོར་གྱུར་པའི་ཆོས་རྣམས་ནི་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་བར་འགྱུར་ཏེ།
དེ་བས་ན་ཉམས་པ་དང་འཕེལ་བར་འགྱུར་བ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། །ལོངས་སྤྱོད་ཆགས་དང་ཞེས་བྱ་བ་ལ་གཟུགས་ལ་སོགས་པའི་འདོད་པ་ལྔའི་ཡོན་ཏན་ལ་ཆགས་པ་ནི་ལོངས་སྤྱོད་ལ་ཆགས་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ལོངས་
སྤྱོད་ལ་ཆགས་ན་སྦྱིན་པ་ཡོངས་སུ་གཏོང་བར་མི་ནུས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པར་འགྱུར་རོ། །རལ་བར་བཅས་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔས་བསླབ་ཚིག་ཕྲ་མོ་དག་ཀྱང་ཉམས་པར་བྱས་ན། དེས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལས་ཉམས་པར་འགྱུར་རོ། །ང་རྒྱལ་དང་ནི་ཞེས་བྱ་བ་ལ། མཁན་པོ་དང་སློབ་དཔོན་དང་གང་ཟག་ཡོན་ཏན་ཅན་ལ་ལུས་དང་ངག་དང་ཡིད་ཀྱིས་གུས་པ་མེད་པ་ནི་ང་རྒྱལ་དང་བཅས་པ་ཞེས་བྱ་སྟེ། ཡོད་པའི་རྣམས་ལ་བཟོད་པར་མི་ནུས་མི་སྲིད་པ་སྲིད་པས་ང་རྒྱལ་གྱིས་
ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉམས་པར་འགྱུར་རོ། །ཉམས་རངས་དང་ཞེས་བྱ་བ་ལ་ཉལ་བ་དང་འཕྲོས་པ་ལ་སོགས་པའི་བདེ་བ་ཙམ་ལ་ཆགས་པ་ནི་ཉམས་རངས་ཞེས་བྱ་སྟེ། དེ་ལྟར་ཉམས་རངས་ཡོད་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་ཏུ་མི་བཏུབ་པས་

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པར་འགྱུར་རོ། །མྱོང་དང་ཞེས་བྱ་བ་ལ་མྱང་བ་ནི་བསམ་གཏན་གྱི་རོ་ལ་ཆགས་པ་སྟེ། བསམ་གཏན་གྱི་རོ་མྱོངས་ན་བསམ་གཏན་ལས་ཉམས་པར་འགྱུར་བས་ན་བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པར་འགྱུར་བའི་
རྒྱུའོ། །རྣམ་པར་རྟོག་པ་ནི་ཞེས་བྱ་བ་ལ་བདག་དང་སེམས་ཅན་དང་། རྫས་ཀྱི་དངོས་པོ་ལ་སོགས་པ་ཡོད་པར་རྟོག་པ་ནི་རྣམ་པར་རྟོག་པ་ཞེས་བྱ་སྟེ། དེ་ལྟར་བརྟགས་ན་རྣམ་པར་མི་རྟོག་པའི་ཤེས་རབ་མི་འབྱུང་བས། ཤེས་རབ་ལས་ཉམས་པར་འགྱུར་བའི་རྒྱུའོ། །
དེ་རྣམས་ཀྱི་ནི་གཉེན་པོ་ལ། །གནས་པའི་བྱང་ཆུབ་སེམས་དཔའ་ནི། །དེ་དག་ལས་ནི་བཟློག་པས་ན། །ཁྱད་པར་ཕྱོགས་ཆོས་ཤེས་པར་བྱ། །ཞེས་བྱ་བ་ལ་དེ་རྣམས་ཀྱི་སྒྲས་ནི་གོང་དུ་བཤད་པའི་ལོངས་སྤྱོད་ལ་ཆགས་པ་ནས། རྣམ་པར་རྟོག་པ་དང་ལྡན་པའི་ཉམས་པར་
གྱུར་པའི་རྒྱུ་དྲུག་ལ་བྱ་སྟེ། རྒྱུ་དྲུག་པོ་དེའི་གཉེན་པོ་ནི་ལོངས་སྤྱོད་ལ་མ་ཆགས་པ་དང་། ཚུལ་ཁྲིམས་མ་རལ་བ་དང་། ང་རྒྱལ་མེད་པ་དང་། རང་ཉམས་མེད་པ་དང་། བསམ་གཏན་གྱི་རོ་ལ་མི་མྱང་བ་དང་། བདག་དང་སེམས་ཅན་དང་། ཆོས་རྣམས་ལ་ཡོད་པར་མི་རིགས་
པ་སྟེ། གཉེན་པོའི་ཆོས་དེ་དྲུག་ལ་གནས་པ་ནི་ནག་པོའི་ཆོས་ལས་བཟློག་སྟེ། དཀར་པོའི་ཕྱོགས་ལ་གནས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་འབོགས་ཤིང་ཁྱད་པར་དུ་འགྲོ་བའི་ཆོས་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །ཡོན་ཏན་གྱི་གཟུགས་བརྙན་དུ་གྱུར་པ་དབྱེ་བ་ལ་ཚིགས་སུ་བཅད་པ་དྲུག་སྟེ། གཅིག་རྩ་བ་དྲུག་པའོ་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་ཉམས་པར་འགྱུར་བའི་རྒྱུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་འཕེལ་བར་འགྱུར་བའི་རྒྱུར་བཤད་དེ། དེ་ལ་བྱང་ཆུབ་སེམས་
དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་པར་འགྱུར་བའི་རྒྱུ་ལ་གནས་ན་ནི་ཡོན་ཏན་གྱི་གཟུགས་བརྙན་ལ་གནས་པ་ཞེས་བྱ་བ་སྟེ། དེ་ལ་ཡང་དག་པའི་ཡོན་ཏན་མེད་ཀྱི། ཡོན་ཏན་སྒྱུ་མ་ཙམ་ལ་གནས་པའོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལ་གནས་ན་ནི་བྱང་ཆུབ་སེམས་

དཔའ་དེ་ཡང་དག་པའི་ཡོན་ཏན་ལ་གནས་པ་ཞེས་བྱ་སྟེ། དེ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་རྩོམ་མོ། །དེ་ལ་ཚིགས་སུ་བཅད་པ་དང་པོ་ནི་རྩ་བ་དྲུག་པའོ། །སྟོབས་པ་དང་ཞེས་བྱ་བ་ལ་ཕྱི་དང་ནང་གི་སྦྱིན་ནོ་ཞེས་ཚིག་གིས་སྟོབས་པར་བྱེད་པ་ཙམ་
དུ་ཟད་ཀྱི། ཕྱི་ནང་གི་དངོས་པོ་གཏོང་བའི་སྦྱིན་པ་སྒྲུབ་པ་མེད་པ་ན་སྦྱིན་པ་ཡང་དག་པ་མ་ཡིན་གྱི། སྦྱིན་པའི་གཟུགས་བརྙན་ལ་གནས་པ་ཞེས་བྱ་སྟེ། ཚུལ་འཆོས་དང་ཞེས་བྱ་བ་ཕས་ཕམ་པ་དང་ལྟུང་བ་ལ་སོགས་པའི་ཉེས་པ་ནི་མི་སྲུང་ཞིང་ཉེས་པ་རྒྱུན་དུ་འབྱུང་ལ།
སྤྱོད་ལམ་ཙམ་གྱི་སྒོ་ནས་ཚུལ་འཆོས་པ་ལ་ཡོན་ཏན་དང་འདྲ་བར་སྟོན་པ་ནི་ཚུལ་ཁྲིམས་ཀྱི་གཟུགས་བརྙན་ལ་གནས་པ་ཞེས་བྱའོ། །ངག་འཇམ་པ་དག་སྟོན་པ་དང་། །ཞེས་བྱ་བ་ལ། སེམས་ལ་སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་སྤངས་པའི་བྱམས་པ་མེད་པ་ལ།
རྟག་ཏུ་སེམས་ཅན་ལ་གསོད་པར་བྱ་བའི་ཞེ་སྡང་དང་། སེམས་ལྡན་ཞིང་ཚིག་གི་སྒོ་ནས་འཇམ་ཞིང་སྙན་པ་ཙམ་སྨྲ་བ་ནི་བཟོད་པའི་གཟུགས་བརྙན་ལ་གནས་པ་ཞེས་བྱའོ། །གློ་བུར་འཇུག་པ་དེ་བཞིན་ཏེ། །ཞེས་བྱ་བ་ལ་རྒྱུན་དུ་དགེ་བ་ལ་བརྩོན་འགྲུས་བྱེད་པ་ནི་མེད་ཀྱི་སྐྱེ་བོ་མང་
པོའི་ནང་དུ་བརྩོན་འགྲུས་ཆེ་བ་དང་ཕུལ་འཕྲལ་ལ་གློ་བུར་དུ་བརྩོན་འགྲུས་རྩོམ་པ་ནི་བརྩོན་འགྲུས་ཀྱི་གཟུགས་བརྙན་ལ་གནས་པའོ། །ལུས་དང་ངག་ཡིད་དེ་བཞིན་ནི། །ཞེས་བྱ་བ་ནི་ལུས་ཞི་སྟེ་ཤིང་དྲུང་དང་བྲག་ལ་སོགས་པའི་གནས་ན་གནས་པ་དང་། ངག་
ཞི་སྟེ་སྨྲ་བ་མང་པོ་མི་སྨྲ་བར་བྱེད་ཀྱང་སེམས་ལ་རྒོད་པ་དང་གཡེང་བ་རྣམ་པ་སྣ་ཚོགས་རྒྱུན་དུ་འབྱུང་སྟེ། དེ་ནི་བསམ་གཏན་གྱི་གཟུགས་བརྙན་ལ་གནས་པའོ། །ཚིག་སྙན་ཕུན་སུམ་ཚོགས་པ་དང་། །ཞེས་བྱ་བ་ལ་ཐེག་པ་གསུམ་གྱི་ཆོས་རྣམས་ཀྱི་རང་དང་སྤྱིའི་
མཚན་ཉིད་ལ་ཤེས་པ་ནི་མེད་ཀྱི། འཇིག་རྟེན་གྱི་སྒྲའི་གཙུག་ལག་དང་རྒྱུའི་གཙུག་ལག་ཤེས་ཤིང་སྨྲ་བའི་དུས་ན་ཚིག་འབྲེལ་པ་ཙམ་དུ་སྨྲ་བར་ཟད་ཀྱི་དོན་གང་ལ་བྱ་གཏོལ་མེད་ན་ཤེས་རབ་ཀྱི་གཟུགས་བརྙན་ལ་གནས་པ་ཞེས་བྱའོ། །བསྒྲུབ་པ་རབ་ཏུ་སྤངས་པ་སྟེ། །

ཡང་དག་མ་ཡིན་པར་ཡང་བཤད། །ཅེས་བྱ་བ་ལ་སྟོབས་པ་ཙམ་ལ་གནས་ནས་ཚིག་སྙན་པ་ཕུན་སུམ་ཚོགས་པ་ལ་གནས་པར་ཟད་ཀྱི་སྦྱིན་པ་སྒྲུབ་པ་ནས་ཆོས་ཀྱི་རང་དང་སྤྱིའི་མཚན་ཉིད་རྟོགས་པའི་སྒྲུབ་པ་མེད་ན། བྱང་ཆུབ་སེམས་དཔའ་དེ་ཡང་དག་པའི་བྱང་ཆུབ་
སེམས་དཔའ་མ་ཡིན་པར་བཤད་དེ། ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཙམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་པར་བཤད་དོ། །བཟློག་པ་རབ་ཏུ་སྦྱོར་བ་ནི། །ཡང་དག་པར་ནི་དེ་བཤད་དོ། །ཞེས་བྱ་བ་ལ་གོང་དུ་བཤད་པའི་སྟོབས་པ་ནས་ཚིག་སྙན་པ་ཕུན་
སུམ་ཚོགས་པ་སྤྱོད་པ་ལས་བཟློག་སྟེ། སྦྱིན་པ་ལ་སོགས་པ་ནས་ཆོས་ཀྱི་མཚན་ཉིད་རྟོགས་པའི་ཤེས་རབ་ལ་སྤྱོད་པ་ན་བྱང་ཆུབ་སེམས་དཔའ་དེ་ཡང་དག་པའི་ཡོན་ཏན་ལ་གནས་པར་བཤད་དོ། །འདུལ་བ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ།
དེ་ལྟར་ཡང་དག་པའི་ཡོན་ཏན་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་ནི་སེམས་ཅན་གྱི་སེམས་ཀྱི་རྒྱུད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། མི་མཐུན་པ་ཡོད་པའི་ཕྱོགས་རྣམས་འདུལ་བར་བྱེད་པར་ནུས་ཏེ། དེ་བས་ན་འདུལ་བ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་
གཅིག་གིས་བསྟན་ཏོ། །དེའང་མདོར་ན། གང་གིས་འདུལ་བ་དང་། ས་གང་ལ་གནས་པ་ན་འདུལ་བ་དང་། ཆོས་གང་བསྒྲུབས་པས་འདུལ་བ་དང་། གང་གིས་འདུལ་བ་དང་། གང་འདུལ་བས་འདུལ་བ་རྣམ་པར་དབྱེ་བ་བསྟན་ཏོ། །བློ་ལྡན་ཞེས་བྱ་བ་ལས་ཀུན་ནི་ས་
བཅུ་ཀུན་ལ་བྱ་སྟེ། ས་གང་ལ་གནས་པའི་ཚེ་འདུལ་ཞེ་ན། ས་བཅུ་ལ་གནས་པའི་ཚེ་འདུལ་ལོ། །སྦྱིན་པ་ལ་སོགས་ཉེར་བསྒྲུབས་པས། །ཞེས་བྱ་བ་ལ་ཆོས་གང་བསྒྲུབས་ཤེ་ན། ས་བཅུ་རྣམས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་རྣམས་བསྒྲུབས་པས་འདུལ་ལོ། །སེམས་ཅན་རྣམས་ཀྱིས་ཞེས་བྱ་བ་ལ་སུ་
ཡིས་འདུལ་ཞེ་ན། སེམས་ཅན་རྣམས་ཀྱིས་འདུལ་ལོ། །མི་མཐུན་ཕྱོགས་རྣམས་དྲུག་ནི་འདུལ་བར་བྱེད། །ཅེས་བྱ་བ་ལ་ཅི་ཞིག་འདུལ་ཞེ་ན། སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སེར་སྣ་ནས་འཆལ་བའི་ཤེས་རབ་

ཀྱི་བར་དག་ཡོད་པར་འདུལ་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་བསྒྲུབས་པས་ནི་སེམས་ཅན་གྱི་སེར་སྣ་འདུལ་ལོ། །ཚུལ་ཁྲིམས་བསྒྲུབས་པས་ནི་སེམས་ཅན་གྱི་ངན་པའི་ངང་ཚུལ་འདུལ་ལོ། །བཟོད་པ་བསྒྲུབས་པས་ནི་ཁོང་ཁྲོ་བ་འདུལ་ལོ། བརྩོན་འགྲུས་བསྒྲུབས་པས་ནི་སེམས་ཅན་གྱི་ལེ་ལོ་
འདུལ་ལོ། །བསམ་གཏན་བསྒྲུབས་པས་ནི་སེམས་ཅན་གྱི་སེམས་གཡེང་བ་འདུལ་ལོ། །ཤེས་རབ་བསྒྲུབས་པས་ནི་སེམས་ཅན་གྱི་འཆལ་བའི་ཤེས་རབ་འདུལ་ལོ། །ལུང་བསྟན་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་དེ་ལྟར་བྱང་ཆུབ་སེམས་དཔའ་བདག་ཉིད་
ཀྱང་ཡང་དག་པའི་ཡོན་ཏན་ལ་གནས་ཤིང་སེམས་ཅན་གྱི་སེམས་ཀྱི་རྒྱུད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མི་མཐུན་པའི་ཕྱོགས་ཡོད་པ་འདུལ་བ་ལ་ཞུགས་པ་དེ་བདག་ཉིད་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྒོམ་པ་འཐོབ་པར་འགྱུར་ཞིང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་གནས། ས་
བརྒྱད་པ་ལ་ཡང་འཇུག་པར་འགྱུར་ཏེ། དེ་བས་ན་ལུང་དུ་བསྟན་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏོ། །བློ་ལྡན་ལུང་བསྟན་རྣམ་གཉིས་ཏེ། །གང་ཟག་དུས་ཀྱི་བྱེ་བྲག་གིས། །ཞེས་བྱ་བ་ལ་བློ་དང་ལྡན་པ་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པའི་
བྱང་ཆུབ་ཏུ་ལུང་བསྟན་པ་རྣམ་པ་གཉིས་ཡོད་དེ། གང་ཟག་གི་བྱེ་བྲག་གིས་ལུང་བསྟན་པ་དང་། དུས་ཀྱི་བྱེ་བྲག་གིས་ལུང་བསྟན་པའོ། །དེ་ལ་གང་ཟག་གི་བྱེ་བྲག་གིས་བསྟན་པ་ལ་རྣམ་པ་བཞི་སྟེ། རིགས་ལ་གནས་པའི་གང་ཟག་ལུང་བསྟན་པ་དང་། བྱང་ཆུབ་ཏུ་
སེམས་བསྐྱེད་པའི་གང་ཟག་ལུང་བསྟན་པ་དང་། མངོན་དུ་གྱུར་པའི་གང་ཟག་ལུང་བསྟན་པ་དང་། མངོན་དུ་གྱུར་པ་མ་ཡིན་པའི་གང་ཟག་ལུང་བསྟན་པའོ། །དེ་ལ་རིགས་ལ་གནས་པའི་གང་ཟག་ལུང་བསྟན་པ་ནི་སྦྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རིགས་དང་ས་
བོན་ཡོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་མ་སྣང་ན་གང་ཟག་དེ་དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་སྟོན་གྱི་ཐེག་པ་ཆེན་པོའི་རིགས་ཡོད་ཀྱང་རིག་པའི་མཚན་མ་མེད་པ་རྣམས་ནི་འཚང་རྒྱ་བར་འགྱུར་

བར་ལུང་མི་སྟོན་ཏེ། སེམས་བསྐྱེད་པའི་ལུང་བསྟན་པ་རིགས་ལ་གནས་པའི་གང་ཟག་ལས་བདག་དང་སེམས་ཅན་ཕན་པར་འདོད་པའི་ཕྱིར་དད་པ་དང་། མོས་པ་ཆེན་པོའི་ཤུགས་ཀྱིས་དཀོན་མཆོག་གསུམ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན།
དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་གང་ཟག་འདི་མ་འོངས་པའི་དུས་ན་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །མངོན་སུམ་དུ་འགྱུར་བར་ལུང་བསྟན་པ་ནི་དེ་བཞིན་གཤེགས་པ་ཆོས་འཆད་པའི་འོག་ཏུ་གང་ཟག་དེ་འདུས་ན། དེ་ལ་དེ་བཞིན་གཤེགས་པ་གང་
ཟག་འདི་མངོན་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་པའོ། །མངོན་སུམ་མ་ཡིན་པ་ལ་ལུང་བསྟན་པ་ནི་གང་ཟག་ལུང་སྟོན་པར་འོས་པ་སྟེ། དེ་བཞིན་གཤེགས་པ་ཆོས་འཆད་པའི་འཁོར་དུ་ཚོགས་པ་ནི་མ་ཡིན་གྱི། དེའི་ཚེ་འཇིག་རྟེན་གྱི་ཁམས་གཞན་ལ་གནས་
པའམ། སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་འབྱུང་བ་སྟེ། དེ་དག་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་གནས་པའི་གང་ཟག་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་སྟོན་པའམ། མ་འོངས་པ་ན་གང་ཟག་འདི་ལྟ་བུ་དག་
འབྱུང་སྟེ། དེ་མངོན་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་སྟོན་པ་སྟེ། དཔེར་ན་ཨཱ་ཙཱརྱ་ནཱ་ག་རྫུ་ན་ལུང་བསྟན་པ་ལྟ་བུའོ། །དུས་ཀྱི་བྱེ་བྲག་གིས་ལུང་སྟོན་པ་ལ་རྣམ་པ་གཉིས་ཏེ། དུས་དཔག་ཏུ་ཡོད་པར་ལུང་སྟོན་པ་དང་དུས་དཔག་ཏུ་མེད་པར་ལུང་སྟོན་པར་ལོ་དང་
ཟླ་བ་དང་བསྐལ་པ་གྲངས་ཆད་པར་བྱས་ནས་ལུང་སྟོན་པ་སྟེ། བསྐལ་པ་བརྒྱ་ཞེའམ་སྟོང་ཞེའམ་བསྐལ་པ་བྱེ་བ་སྟོང་ཇི་སྙེད་ཅིག་ན་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་སྟོན་པར་འགྱུར་རོ་ཞེས་སྟོན་པའོ། །དུས་དཔག་ཏུ་མེད་པར་ལུང་སྟོན་པ་ནི་བསྐལ་པའི་གྲངས་ཆད་པ་
མེད་དེ། འདི་ལྟར་གང་ཟག་འདི་ནམ་ཞིག་ན་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་སྟོན་པའོ། །བྱང་ཆུབ་པ་དང་ལུང་བསྟན་དང་། །ཞེས་བྱ་བ་ལ་ཡང་ལུང་བསྟན་པ་རྣམ་པ་གཉིས་ཏེ། བྱང་ཆུབ་ཏུ་ལུང་བསྟན་པ་དང་། ལུང་བསྟན་པའི་ལུང་བསྟན་པའོ། །དེ་ལ་བྱང་

ཆུབ་ཏུ་ལུང་བསྟན་པ་ནི་མ་འོངས་པ་ན། སངས་རྒྱས་ཆེ་གེ་མོ་ཞིག་མངོན་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་སྟོན་པ་སྟེ། དཔེར་ན་ཤཱཀྱ་ཐུབ་པས་མ་འོངས་པ་ན་སངས་རྒྱས་བྱམས་པ་ཞེས་བྱ་བ་འབྱུང་བར་འགྱུར་རོ་ཞེས་ལུང་སྟོན་པའོ། །ལུང་སྟོན་
པའི་ལུང་བསྟན་པ་ནི་ནམ་ཞིག་ན་གང་ཟག་གང་འབྱུང་བ་དེ་བཞིན་གཤེགས་པ་ཉིད་ཀྱིས་ལུང་མི་སྟོན་གྱི་མ་འོངས་པ་ན་དེ་བཞིན་གཤེགས་པ་ཆེ་གེ་མོ་ཞིག་འབྱུང་བར་འགྱུར་ཏེ། དེས་གང་ཟག་ཆེ་གེ་མོ་ཞིག་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་
པར་འགྱུར་རོ། །གཞན་ཡང་ཆེན་པོར་ཤིན་ཏུ་བཤད། །ཅེས་བྱ་བ་ལ། ལུང་བསྟན་པ་རྣམ་པ་གཞན་ཡང་ཡོད་དེ། གང་ཞེ་ན། གང་ཆེན་པོར་ལུང་བསྟན་པའོ། །དེ་ལ་ཆེན་པོར་ལུང་བསྟན་པ་ནི་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་
ལུང་བསྟན་པ་ཞེས་བྱའོ། །ས་བརྒྱད་པ་ལུང་བསྟན་པ་ལ། ཅིའི་ཕྱིར་ཆེན་པོར་ལུང་བསྟན་པ་ཞེས་བྱ་ཞེ་ན། དེའི་ཕྱིར། མི་སྐྱེ་བཟོད་པ་ཐོབ་པ་དང་། །ང་དང་སྤྱོད་པ་སྤངས་པ་དང་། །སངས་རྒྱས་ཐམས་ཅད་རྒྱལ་སྲས་དང་། །གཅིག་གིས་དངོས་སུ་གྱུར་པའི་ཕྱིར་
རོ། །ཞེས་བྱ་བ་སྨོས་ཏེ་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས། ང་སྤངས་པ་སྟེ། རྩོལ་བ་དང་འབད་པ་སྤངས་པ་དང་། སྤྱོད་པ་སྤངས་པ་སྟེ། མཚན་མ་དང་བཅས་པའི་སྤྱོད་པ་སྤངས་པ་དང་། སངས་རྒྱས་ཐམས་ཅད་དང་། ཕྲིན་ལས་གཅིག་ཏུ་གྱུར་
པ་ལས་ས་བརྒྱད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཕྲིན་ལས་གཅིག་ཅིང་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་བརྙེས་པ་རང་བཞིན་གཅིག་པས་ན། ས་བརྒྱད་པ་ལུང་བསྟན་པ་ནི་ཆེན་པོར་ལུང་བསྟན་པ་ཞེས་བྱའོ། །ལུང་བསྟན་པའི་རྣམ་
གྲངས་གཞན་ཡང་བསྟན་པའི་ཕྱིར། ཞིང་དང་དུས་དང་མིང་དག་དང་། །དེ་ཡང་བསྐལ་པའི་མིང་དག་དང་། །གཡོག་དང་རྗེས་སུ་འཇུག་པ་དང་། །དམ་ཆོས་རྣམས་སུ་དེ་འདོད་དོ། །ཞེས་བྱ་བ་སྨོས་ཏེ། གཞན་ཡང་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་ཞེའམ། ཆེ་གེ་མོ་

ཞིག་ཏུ་སངས་རྒྱས་ཀྱི་མཚན་སྣང་བ་མཐའ་ཡས་ཞེ་འམ་ཆེ་གེ་མོ་ཞིག་དུས་འདི་སྲིད་ཅིག་འདས་ནས། བསྐལ་པའི་མིང་སྐར་མ་ཅན་ཞེའམ། ཆེ་གེ་མོ་ཞིག་ཏུ་ཉན་ཐོས་ཀྱི་གཡོག་འདི་སྙེད་ཅིག་དང་། དེའི་རྗེས་སུ་འབྲང་བའི་བྱང་ཆུབ་སེམས་དཔའ་འདི་སྙེད་ཅིག་འཁོར་དུ་
འགྱུར་ཞིང་དེ་མངོན་པར་སངས་རྒྱས་ཏེ་བཤད་པའི་ཆོས་རྣམས་ཀྱང་བསྐལ་པ་འདི་སྙེད་ཅིག་ཏུ་གནས་པར་འགྱུར་རོ་ཞེས་ལུང་བསྟན་པའོ། །ཡང་བྱང་ཆུབ་ཏུ་ལུང་སྟོན་པ་ཡིན་ཞེས་བྱ་བ་ལ་ཡང་བསྟན་པ་གཉིས་ཏེ། བྱང་ཆུབ་ཏུ་ལུང་བསྟན་པ་དང་། ལུང་བསྟན་པའི་ལུང་
བསྟན་པའོ། །དེ་ལ་བྱང་ཆུབ་ཏུ་ལུང་བསྟན་པ་ནི་མ་འོངས་པ་ན་དེ་བཞིན་གཤེགས་པ་ཆེ་གེ་མོ་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་སྟོན་པའོ། །དེ་བཞིན་གཤེགས་པ་འདི་ཞེས་བྱ་བས། དུས་ཆེ་གེ་མོ་ཞིག་ན་ཞེས་བྱ་བ་ལ་སོགས་པའོ། །
ལུང་བསྟན་པའི་ལུང་བསྟན་པ་ནི་གང་ཟག་གང་ཞིག་ལུང་སྟོན་ན། དེ་བཞིན་གཤེགས་པ་དེ་ཉིད་ཀྱིས་དེ་ལ་ལུང་མི་སྟོན་གྱི་ནམ་ཞིག་ན་དེ་བཞིན་གཤེགས་པ་ཆེ་གེ་མོ་ཞིག་འདི་སྲིད་ཅིག་ན། འབྱུང་བར་འགྱུར་ཏེ་དེས་གང་ཟག་ཆེ་གེ་མོ་ཞིག་བླ་ན་མེད་པའི་བྱང་ཆུབ་ཏུ་
འཚང་རྒྱ་བར་འགྱུར་རོ་ཞེས་ལུང་སྟོན་པ་ནི་ལུང་སྟོན་པའི་ལུང་སྟོན་པ་ཞེས་བྱའོ། །གཞན་ཡང་ལུང་བསྟན་པ་ཆེན་པོ་ནི་ས་བརྒྱད་པ་ལ་མི་སྐྱེ་བའི་བཟོད་པ་ཐོབ་པའི་ཕྱིར། བདག་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བ་ལ་ལུང་བསྟན་པའི་གྲངས་སུ་གཞན་ཡང་ཡོད་དེ།
གང་ཞེ་ན། ལུང་བསྟན་པ་ཆེན་པོ་ཞེས་བྱ་བའོ། །དེ་ལ་ས་བརྒྱད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ནི་ལུང་བསྟན་པ་ཞེས་བྱའོ། །ཅིའི་ཕྱིར། དེའི་ཚེ་ལུང་བསྟན་པ་ཞེས་བྱ་ཞེ་ན། དེའི་ཚེ་མི་སྐྱེ་
བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར། ས་བརྒྱད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་བདག་ཉིད་གདོན་མི་ཟ་བར་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་ཤེས་པས་བདག་འཚང་རྒྱ་བར་འགྱུར་རོ་ཞེས་བདག་ཉིད་ཀྱིས་བདག་ཉིད་ལ་ཡང་ལུང་སྟོན་ཅིང་དེ་བཞིན་གཤེགས་

པ་རྣམས་ཀྱིས་ཀྱང་ལུང་སྟོན་པར་མཛད་པས་ན། ལུང་སྟོན་པ་ཞེས་བྱའོ། །ས་བརྒྱད་པ་ལ་ཞུགས་པ་ཇི་ལྟར་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅེ་ན་དེའི་ཕྱིར། ང་རྒྱལ་སྤངས་པའི་ཕྱིར་དང་། མཚན་མ་ལ་སྤྱོད་པ་སྤངས་པའི་ཕྱིར་དང་། དེ་དང་བདག་གི་
རྒྱུད་ཐ་དད་པ་མེད་པར་མ་མཐོང་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་བརྒྱད་པ་ལ་ཞུགས་པའི་ཚེ། རྩོལ་བ་དང་འབད་པ་ཐམས་ཅད་སྤངས་པས་ན་ང་རྒྱལ་སྤངས་པ་ཞེས་བྱའོ། །མདོ་སྡེ་ལ་སོགས་པའི་ཆོས་མང་པོ་ལ་མཚན་མ་རྣམ་པ་སྣ་ཚོགས་སུ་ཡིད་ལ་བྱེད་པ་
སྤངས་པས་ན། མཚན་མ་ལ་སྤྱོད་པ་སྤངས་པ་ཞེས་བྱའོ། །ས་བརྒྱད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བདག་ཉིད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཐོབ་པ་མི་འདྲ་བ་མེད་དེ། རྒྱུད་ཐ་དད་པ་མེད་པར་
མཐོང་བས། དེའི་ཚེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་བདག་འཚང་རྒྱ་བར་འགྱུར་རོ་ཞེས་བདག་ལ་བདག་ལུང་སྟོན་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་སངས་རྒྱས་པར་འགྱུར་རོ་ཞེས་ལུང་སྟོན་པས་ནི། ལུང་སྟོན་པ་ཆེན་པོ་ཞེས་བྱའོ། །ངེས་པར་འགྱུར་བ་
རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྩ་བ་དྲུག་པ་སྟེ། ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟ་བུར་ལུང་བསྟན་པ་ལ་སོགས་པ་ཡོན་ཏན་དང་ལྡན་པ་བྱང་ཆུབ་སེམས་དཔའ་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་ཡང་དེ་དག་གི་འབྲས་བུ་ཐོབ་པར་འདོད་པའི་སྒྲུབ་པ་ནི་མ་ཡིན་གྱི་བླ་ན་
མེད་པའི་བྱང་ཆུབ་ཐོབ་པར་འདོད་པའི་ཕྱིར་སྒྲུབ་མོད་ཀྱི། ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་རྣམ་པ་དྲུག་ཀྱང་གདོན་མི་ཟ་བ་དང་། ངེས་པར་འཐོབ་པར་འགྱུར་ཏེ། དེ་བས་ན་ངེས་པར་འགྱུར་བའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྩ་བ་དྲུག་པ་གཅིག་གིས་བསྟན་ཏོ། །བློ་
ལྡན་ཕུན་སུམ་ཚོགས་པ་དང་། །སྐྱེ་དང་སྐྱེ་མེད་ངེས་པར་འགྱུར། །རྟག་ཏུ་སྒོམ་པར་བྱེད་པ་དང་། །མཉམ་པར་གཞག་ལས་མི་ཉམས་དང་། །བྱ་བ་འགྲུབ་དང་ལྷུན་གྱིས་འགྲུབ། །ཀུན་དུ་བཟོད་པ་ཐོབ་པ་ལ། །ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་

དྲུག་སྒྲུབ་པ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་གི་འབྲས་བུ་རྣམ་པ་དྲུག་ངེས་པར་འཐོབ་པར་འགྱུར་ཏེ། འབྲས་བུ་ངེས་པར་ཐོབ་པ་རྣམ་པ་དྲུག་ནི་ཕུན་སུམ་ཚོགས་པ་ངེས་པར་འཐོབ་པར་འགྱུར་བ་དང་། སྐྱེ་བ་ངེས་པར་འཐོབ་པར་འགྱུར་བ་དང་། མི་སྐྱེ་བ་ངེས་པར་འཐོབ་པར་
འགྱུར་བ་དང་། རྟག་ཏུ་བསྒོམ་པ་ངེས་པར་འཐོབ་པར་འགྱུར་བ་དང་། མཉམ་པར་གཞག་པ་ལས་མི་ཉམས་པ་ངེས་པར་འཐོབ་པར་འགྱུར་བ་དང་། བྱ་བ་བསྒྲུབ་པ་ངེས་པར་འཐོབ་པར་འགྱུར་བ་དང་། ལྷུན་གྱིས་གྲུབ་ཅིང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ངེས་པར་འཐོབ་པར་
འགྱུར་བའོ། །རྟག་ཏུ་རྒྱ་ཆེན་པོའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་པས་ན་ཕུན་སུམ་ཚོགས་པ་ངེས་པར་ཐོབ་པར་འགྱུར་ཏེ། སྦྱིན་པའི་མཐུས་བྱང་ཆུབ་སེམས་དཔའ་གང་ནས་གང་དུ་སྐྱེས་པ་སྟེ་དེ་དག་ཐམས་
ཅད་དུ་བརྒྱ་བྱིན་དང་ཚངས་པ་དང་། འཁོར་ལོས་སྒྱུར་བ་ལ་སོགས་པའི་ལོངས་སྤྱོད་འཐོབ་པར་གདོན་མི་ཟ་བའི་ཕྱིར་རོ། །རྟག་ཏུ་ཇི་ལྟར་འདོད་པ་བཞིན་དུ། སྐྱེ་བ་ཡོངས་སུ་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་པས་ནི་སྐྱེ་བ་ངེས་
པར་འཐོབ་པར་འགྱུར་ཏེ། ཚུལ་ཁྲིམས་དང་ལྡན་པ་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཕན་པ་བཞིན་དུ་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བར་སྐྱེ་བ་ལྟ་བུ་ནི་མ་ཡིན་གྱི། ལྷ་དང་མི་ལ་སོགས་པའི་གནས་དེ་དང་། དེ་དག་ཏུ་ཇི་དགར་སྐྱེ་བར་འགྱུར་བར་
གདོན་མི་ཟ་བའི་ཕྱིར་རོ། །རྟག་ཏུ་འཁོར་བའི་སྡུག་བསྔལ་གྱིས་མི་སྐྱོ་བའི་ཕྱིར་རོ་ཞེས་བྱ་བ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་པས་ནི་མི་སྐྱོ་བའི་ངེས་པ་འཐོབ་པར་འགྱུར་ཏེ། བཟོད་པ་ལ་གནས་པ་རྣམས་དུས་ཐམས་ཅད་དུ་ཡང་བདག་དང་། སེམས་ཅན་གྱི་
དོན་དུ་ཞུགས་པ་ན་གྲང་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཀྱིས་སྐྱོ་བ་མེད་པའི་སེམས་ཐོབ་པར་གདོན་མི་ཟ་བའི་ཕྱིར་རོ། །རྟག་ཏུ་བསྒོམ་པ་རྒྱུན་མི་འཆད་པའི་ཕྱིར་རོ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་པས། རྟག་ཏུ་བསྒོམ་པ་

ངེས་པར་ཐོབ་པར་འགྱུར་ཏེ། བརྩོན་འགྲུས་ཀྱི་མཐུས། བྱང་ཆུབ་སེམས་དཔའ་གར་སྐྱེས་གར་སྐྱེས་ཀྱང་དེ་དག་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་བསྒོམ་པ་ལ་རྒྱུན་མི་འཆད་པར་བསྒོམ་པ་གདོན་མི་ཟ་བ་འཐོབ་པར་
འགྱུར་བའི་ཕྱིར་རོ། །རྟག་ཏུ་ཏིང་ངེ་འཛིན་ལས་མི་ཉམས་པ་དང་། སེམས་ཅན་བྱ་བ་བསྒྲུབ་པའི་ཕྱིར་རོ་ཞེས་བྱ་བ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་པས་ནི་མཉམ་པར་གཞག་པ་ལས་མི་ཉམས་པ་ངེས་པར་འཐོབ་པར་འགྱུར་བ་དང་། བྱ་བ་བསྒྲུབ་པ་
ངེས་པར་འཐོབ་པར་འགྱུར་ཏེ། ཇི་ལྟ་ཞེ་ན་བསམ་གཏན་བསྒྲུབས་པའི་མཐུས། བྱང་ཆུབ་སེམས་དཔའ་ཚེ་རབས་གར་སྐྱེས་གར་སྐྱེས་ཀྱང་བསམ་གཏན་ལ་གནས་ནས་ནམས་ཀྱང་ཉམས་པར་མི་འགྱུར་བར་གདོན་མི་ཟ་བ་དང་། བསམ་གཏན་གྱི་མཐུས།
རྫུ་འཕྲུལ་བསྒྲུབས་ནས་རྫུ་འཕྲུལ་གྱིས་སེམས་ཅན་གྱི་དོན་བསྒྲུབ་པར་གདོན་མི་ཟ་བར་རྣམ་པར་ངེས་པར་རྣམ་པ་གཉིས་ནི་བསམ་གཏན་གྱི་འབྲས་བུ་ཡིན་པར་བསྡུའོ། །ཀུན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་གནས་པའི་ཕྱིར་རོ་ཞེས་བྱ་བ་ལ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་པས་ནི་ལྷུན་གྱིས་གྲུབ་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་ངེས་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཤེས་རབ་བསྒོམས་པའི་མཐུས་ས་བརྒྱད་པ་ཐོབ་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་གནས་པ་ལ་
གདོན་མི་ཟ་བར་འཐོབ་པར་འགྱུར་ཏེ། དེ་བས་ན་ཤེས་རབ་ཀྱི་འབྲས་བུ་ནི་ལྷུན་གྱིས་གྲུབ་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་ངེས་པའོ། །གདོན་མི་ཟ་བར་བྱ་བའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྩ་བ་དྲུག་སྟེ་ཞེས་བྱ་བ་ལ་ཆོས་གང་མ་བྱས་ན། བྱང་
ཆུབ་སེམས་དཔའ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་མི་འགྱུར་ཏེ། དེ་བས་ན་མི་བྱར་མི་རུང་བའི་ཆོས་ལ་གདོན་མི་ཟ་བར་བྱ་བ་ཞེས་བྱ་སྟེ། དེ་ཚིགས་སུ་བཅད་པ་རྩ་བ་དྲུག་པ་གཅིག་གིས་བསྟན་ཏོ། །མཆོད་པ་དང་ཞེས་བྱ་བ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་

ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཆོས་གོས་དང་། ལྷུང་བཟེད་ལ་སོགས་པ་མཆོད་པ་མི་བྱར་མི་རུང་སྟེ། འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གདོན་མི་ཟ་བར་བྱའོ། །བསླབ་པའི་ཡི་དམ་དང་ཞེས་བྱ་བ་ལ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་མཁན་པོ་དང་
སློབ་དཔོན་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་དག་པར་བླངས་ནས་བསླབ་པ་མི་ཉམས་པར་བྱའོ་ཞེས་དམ་བཅས་པ་བཞིན་དུ། བསླབ་པ་མི་དྲལ་མི་ཉམས་པར་བྱ་བར་མི་བྱར་མི་རུང་སྟེ། འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདོན་
མི་ཟ་བར་བྱ་བའོ། །སྙིང་རྗེ་ཞེས་བྱ་བ་ལ། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ནི་སེམས་ཅན་གྱི་སྡུག་བསྔལ་བར་བྱ་བའི་སྙིང་རྗེའི་སེམས་མི་བྱར་མི་རུང་སྟེ། འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གདོན་མི་ཟ་བར་བྱ་བའོ། །དགེ་བ་སྒོམ་པ་དང་ཞེས་བྱ་བ་ལ། བརྩོན་འགྲུས་
ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་རྒྱུན་དུ་བསྒོམ་པ་མི་བྱར་མི་རུང་སྟེ། དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གདོན་མི་ཟ་བར་བྱའོ། །བག་ཡོད་དེ་བཞིན་དགོན་པ་དང་། །ཞེས་བྱ་བ་ལ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་
ནི་བག་མེད་པའི་གནས་སུ་འདུ་འཛི་སྤངས་ནས་དགོན་པ་ན་གནས་པ་མི་བྱར་མི་རུང་སྟེ། དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གདོན་མི་ཟ་བར་བྱ་བའོ། །ཐོས་པའི་དོན་ལ་མི་ངོམས་པ། །ཞེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་དགེ་བའི་བཤེས་གཉེན་མང་པོ་
ལ་བརྟེན་ཅིང་མདོ་སྡེ་ལ་སོགས་པ་གསུང་རབ་མང་དུ་མཉན་པ་ལ་ཆོག་མི་ཤེས་པ་མི་བྱར་མི་རུང་སྟེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདོན་མི་ཟ་བར་བྱ་བའོ། །ས་རྣམས་ཀུན་ལ་བརྟན་པ་ཡི། །གདོན་མི་ཟ་བར་བྱ་བ་རྣམས། །ཞེས་བྱ་བ་གོང་དུ་བཤད་པའི་ཆོས་མི་བྱར་
མི་རུང་བ་རྣམ་པ་དྲུག་ནི་ས་བཅུ་ཀུན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་བྱར་མི་རུང་བ་ཡིན་ཏེ། གདོན་མི་ཟ་བར་བྱ་དགོས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུན་དུ་བྱ་བ་ལ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་བསྐལ་པ་རེ་རེ། ལོ་རེ་རེ། ཉི་མ་རེ་རེ།

སྐད་ཅིག་མ་རེ་རེ་ལ་ཡང་ཕྲེང་མ་ཆད་པར་བྱ་བ་ནི་རྒྱུན་དུ་བྱ་བ་ཞེས་བྱ་སྟེ། ཆོས་རྣམ་པ་དྲུག་ནི་རྒྱུན་དུ་བྱ་བ་ཡིན་པར་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །འདོད་པའི་ཉེས་ལ་ཤེས་པ་དང་། །ཞེས་བྱ་བ་ལ་འདོད་པའི་གཟུགས་དང་།
སྒྲ་དང་། དྲི་དང་། རོ་དང་། རེག་སྟེ་འདོད་པ་ལྔའི་ཡོན་ཏན་ལ་བྱའོ། །བྱང་ཆུབ་སེམས་དཔས་སེར་སྣ་སྤང་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱ་བའི་ཕྱིར། འདོད་པ་ལྔའི་ཉེས་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། རྨི་ལམ་དང་། སྒྱུ་མ་ལྟ་བུ་དང་། དུག་དང་།
མཚོན་ལྟ་བུ་ཡིན་པར་རྟག་ཏུ་ཤེས་པར་བྱ་སྟེ། དེ་ལྟར་དུ་ཡིད་ལ་བྱས་ན་ལོངས་སྤྱོད་ལ་སོགས་པའི་སེམས་མི་འབྱུང་བས་སྦྱིན་པ་རྫོགས་པར་འགྱུར་རོ། །འཁྲུལ་པ་དག་ལ་རྣམ་པར་རྟོག །ཅེས་བྱ་བ་ལ་ངན་བའི་ངང་ཚུལ་སྤངས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་
རྫོགས་པར་བྱ་བའི་ཕྱིར། ཚུལ་ཁྲིམས་ཉམས་པར་འགྱུར་བའི་རྒྱུ་ལུས་ཀྱི་འཁྲུལ་པ་ཇི་ཡོད་པ་དང་། ངག་གི་འཁྲུལ་པ་ཇི་ཡོད་པ་དང་། ཡིད་ཀྱི་འཁྲུལ་པ་ཇི་ཡོད་པ་ལ་རྟག་ཏུ་བརྟག་ཅིང་། འཁྲུལ་པ་མི་འབྱུང་བར་བག་བྱ་སྟེ། དེ་ལྟར་བྱས་ན་ངན་པའི་ངང་ཚུལ་
དང་བྲལ་ཞིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་སྡུག་བསྔལ་བཟོད་པ་དང་། །ཞེས་བྱ་བ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ནི་བདག་དང་སེམས་ཅན་གྱི་དོན་དུ་ཕྱི་དང་ནང་གི་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བ་ཉམས་སུ་བླང་ཞིང་
བཟོད་པར་བྱ་བ་རྒྱུན་དུ་བྱ་སྟེ། དེ་ལྟར་བྱས་ན་ཞེ་སྡང་སྤངས་ཤིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་འགྱུར་རོ། །དགེ་བ་དག་ཀྱང་གོམས་པར་བྱེད། །ཅེས་བྱ་བ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་རྒྱུན་དུ་
བསྒོམ་པར་བྱ་སྟེ། དེ་ལྟར་ན་ལེ་ལོ་སྤངས་ཤིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་འགྱུར་རོ། །དེ་ལྟར་བདེ་བའི་རོ་མི་མྱང་བ་ཞེས་བྱ་བ་ལ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ནི་བསམ་གཏན་གྱི་བདེ་བའི་རོ་ལ་མ་ཆགས་ཤིང་བསམ་གཏན་གྱི་རོ་མི་མྱང་

བར་རྒྱུན་དུ་བྱ་སྟེ། དེ་ལྟར་བྱས་ན་བསམ་གཏན་ལས་མི་ཉམས་པར་འགྱུར་ཞིང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་རྫོགས་པར་འགྱུར་རོ། །མཚན་མ་དག་ལ་མི་རྟོག་ཅིང་། །ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བདག་དང་ཆོས་དང་སེམས་ཅན་
རྣམས་ལ་སོགས་པ་དག་ལ་ཡོད་པ་དང་། མེད་པར་རྟོག་པའི་མཚན་མ་ལ་མི་རྟོག་པ་རྒྱུན་དུ་བྱ་སྟེ། དེ་ལྟར་བྱས་ན་ལོག་པའི་ཤེས་རབ་སྤངས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་རྫོགས་པར་འགྱུར་རོ། །ས་རྣམས་ཀུན་ལ་བསྟན་པ་ཡི། །རྟག་ཏུ་བྱ་བ་རྣམས་
ཡིན་ནོ། །ཞེས་བྱ་བ་ལ་གོང་དུ་བཤད་པའི་ཆོས་དྲུག་པོ་དག་ནི་ས་བཅུ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་ཏུ་རྒྱུན་མི་འཆད་པར་ཡིད་ལ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམ་པའི་དངོས་པོ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྩ་བ་དྲུག་པའོ་ཞེས་
བྱ་བ་ལ། དེ་ལྟར་མི་བྱར་མི་རུང་བའི་ཆོས་དང་། རྒྱུན་དུ་བྱ་བའི་ཆོས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཡོན་ཏན་དམ་པ་དང་ལྡན་པར་འགྱུར་ཏེ། ཡོན་ཏན་དམ་པ་དང་ལྡན་བས་ན་བྱང་ཆུབ་སེམས་དཔའ་ཉིད་ཀྱང་སེམས་ཅན་ཐམས་ཅད་ཀྱི་མཆོག་དང་དམ་པར་
འགྱུར་ཏེ། དེ་བས་ན་དམ་པའི་དངོས་པོ་གང་ཡིན་པ་ཚིགས་སུ་བཅད་པ་རྩ་བ་དྲུག་པ་གཅིག་གིས་བསྟན་ཏོ། །ཆོས་སྦྱིན་པ་དང་ཞེས་བྱ་བ་ལ། སྦྱིན་པ་རྣམ་པ་གསུམ་སྟེ། ཟང་ཟིང་སྦྱིན་པ་དང་མི་འཇིགས་པ་སྦྱིན་པ་དང་། ཆོས་སྦྱིན་པའོ། །དེ་ལ་སྦྱིན་པ་རྣམ་པ་
གསུམ་ལས་ཆོས་ཀྱི་སྦྱིན་པ་ནི་སྦྱིན་པའི་དམ་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཆོས་སྦྱིན་པས་ནི་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་འགྲུབ་ལ་མི་འཇིགས་པ་དང་། ཟང་ཟིང་སྦྱིན་པས་ནི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་འགྲུབ་པར་འགྱུར་བའི་ཕྱིར་ཆོས་
སྦྱིན་པ་དམ་པ་སྟེ། དེ་བས་ན་རྡོ་རྗེ་གཅོད་པ་ལ་སོགས་པའི་མདོ་ལས་ཀྱང་། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་བྱིན་པ་བས། གང་གིས་མདོ་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་

བསྟན་ཅིང་བཤད་ན་བསོད་ནམས་དཔག་ཏུ་མེད་པ་འཕེལ་བར་འགྱུར་ཞེས་གསུངས་པ་ལྟ་བུའོ། །ཚུལ་ཁྲིམས་དག་ཅེས་བྱ་བ་ལ། ཚུལ་ཁྲིམས་ལ་རྣམ་པ་གསུམ་སྟེ། སོ་སོར་ཐར་པའི་སྡོམ་པ་དང་། བསམ་གཏན་གྱི་སྡོམ་པ་དང་། ཟག་
པ་མེད་པའི་སྡོམ་པ་ལས་གང་འཕགས་པ་རྣམས་དགྱེས་པའི་ཚུལ་ཁྲིམས་རྣམ་པར་དག་པའི་རང་བཞིན་ཟག་པ་མེད་པའི་སྡོམ་པ་ནི་སྡོམ་པ་རྣམ་པ་གསུམ་གྱི་ནང་ན་དམ་པ་ཡིན་ནོ། །ཡང་ན་ཚུལ་ཁྲིམས་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་
བ་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་གསུམ་ལས། ཚུལ་ཁྲིམས་རྣམ་པར་དག་པ་ཞེས་བྱ་བ་ནི། དགེ་བ་སྡུད་པའི་ཚུལ་ཁྲིམས་ལ་བྱ་སྟེ། དགེ་བ་སྡུད་པའི་ཚུལ་ཁྲིམས་གསུམ་གྱི་ནང་ན་དམ་པ་ཡིན་ནོ། །དེ་བཞིན་
མ་སྐྱེས་བཟོད་པ་དང་། །ཞེས་བྱ་བ་ལ་བཟོད་པ་རྣམ་པ་གསུམ་སྟེ། སྡུག་བསྔལ་ཇི་མི་སྙམ་པའི་བཟོད་པ་དང་། གནོད་པ་ཉམས་སུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་རྟོག་པའི་བཟོད་པ་དང་གསུམ་ལས་ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ནི་བཟོད་པའི་
དམ་པ་ཡིན་ནོ། །དེ་ལ་མོས་པས་སྤྱོད་པའི་ས་བཞི་ལས་བཟོད་པའི་དུས་དེ་ཁོ་ན་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་དང་ལྡན་པའི་ཤེས་རབ་ཀྱིས་རྟོགས་པ་ལ། ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ཞེས་བྱའོ། །ཐེག་ཆེན་བརྩོན་འགྲུས་བརྩམས་པ་
དང་། །ཞེས་བྱ་བ་ལ་འཇིག་རྟེན་པ་དག་ལྷ་དང་མི་ལ་སོགས་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། དགེ་བ་ལ་བརྩོན་འགྲུས་རྩོམ་པ་ཡང་ཡོད། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དག་རང་གི་ཐེག་པ་ལ་ཉན་པ་དང་། སེམས་པ་དང་། བསྒོམ་
པའི་སྒོ་ནས་བརྩོན་འགྲུས་རྩོམ་པ་ཡང་ཡོད་མོད་ཀྱི། ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ཉན་པ་དང་། སེམས་པ་དང་། བསྒོམ་པ་ལ་སོགས་པའི་སྒོ་ནས། བརྩོན་འགྲུས་རྩོམ་པ་ནི་བརྩོན་འགྲུས་ཐམས་ཅད་ཀྱི་དམ་པ་ཡིན་ནོ། །མཐར་ནི་སྙིང་རྗེ་ལྡན་པར་

གནས། །ཞེས་བྱ་བ་ལ་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་ལས་མཐའི་སྒྲས་ནི་བསམ་གཏན་བཞི་པ་ལ་བྱ་སྟེ། ཚད་མེད་པ་བཞི་ལས་སྙིང་རྗེ་ཚད་མེད་པ་དང་ལྡན་པའི་བསམ་གཏན་བཞི་པ་ནི་བསམ་གཏན་
གྱི་ནང་ན་དམ་པ་ཡིན་ནོ། །ཡང་ཚད་མེད་པ་བཞི་དང་ལྡན་པའི་ཟག་པ་མེད་པའི་བསམ་གཏན་བཞི་པ་ནི་བསམ་གཏན་གྱི་ནང་ན་དམ་པ་ཡིན་ནོ། །ཤེས་རབ་ཕ་རོལ་ཕྱིན་པ་ལ། །ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམ་པ་ཡིན་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་པའི་ནང་ནས་ཀྱང་། གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འདོད་ན། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཤད་པ་རྣམ་པར་གཞག་པ་དབྱེ་བའི་ཚིགས་སུ་བཅད་པ་བཞི་སྟེ་ཞེས་བྱ་བ་ལ་དེ་ལྟར་ཡོན་ཏན་མཆོག་དང་ལྡན་པ་བྱང་ཆུབ་སེམས་དཔའ་དེ། སེམས་ཅན་འདུལ་བར་བྱ་བའི་
ཐབས་ཀྱང་ཤེས་ཤིང་། ཐབས་དེ་ཤེས་པས་སེམས་ཅན་རྣམས་ཀྱི་སྟོན་པར་འགྱུར་རོ། །སེམས་ཅན་གྱི་སྟོན་པར་འགྱུར་ན། སེམས་ཅན་རྣམས་ལ་ཆོས་འཆད་པ་ལ་ཡང་མཁས་པར་འགྱུར་ཏེ། ཆོས་བཤད་པ་ཡང་རྣམ་པ་བཞི་འཆད་དོ། །གང་ཞེ་ན་ཆོས་
རྣམ་པར་གཞག་པ་འཆད་པ་དང་། བདེན་པ་རྣམ་པར་གཞག་པ་འཆད་པ་དང་། རིགས་རྣམ་པར་གཞག་པ་འཆད་པ་དང་། ཐེག་པ་རྣམ་པར་གཞག་པ་འཆད་པ་སྟེ། རྣམ་པར་གཞག་པ་བཞི་འཆད་པ་ཚིགས་སུ་བཅད་པ་བཞིས་བསྟན་ཏོ། །མདོ་སོགས་རྣམ་པའི་
བྱེ་བྲག་གིས། །རིག་པའི་གནས་ནི་རྣམ་པར་གཞག །ས་རྣམས་བདུན་ལ་བློ་ལྡན་པའི། །ཆོས་རྣམས་རྣམ་པར་གཞག་རིག་བྱ། །ཞེས་བྱ་བ་ལ་མདོ་ལ་སོགས་པ་ནི། མདོའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་ལ་སོགས་པ་གསུང་རབ་ཡན་ལག་

བཅུ་གཉིས་ལ་བྱའོ། །རྣམ་པའི་བྱེ་བྲག་གིས་ཞེས་བྱ་བ་ནི། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཚུལ་དུའམ། གསུང་རབ་ཡན་ལག་བཅུ་གཉིས་དང་མི་འགལ་བར་ཞེས་བྱ་བའི་དོན་ཏོ། །གསུང་རབ་ཡན་ལག་བཅུ་གཉིས་དང་མི་འགལ་བར་ནང་
རིག་པ་དང་། རྒྱུ་རིག་པ་དང་། སྒྲ་རིག་པ་དང་། གསོ་བ་རིག་པ་དང་། བཟོའི་ལས་ཀྱི་གནས་རིག་པ་རྣམ་པར་གཞག་ཅིང་སེམས་ཅན་གཞན་ལ་འཆད་ན། བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་ཀུན་དུ་ཆོས་རྣམ་པར་གཞག་པ་ཡིན་པར་རིག་པར་བྱའོ། །དེ་ཉིད་རྣམ་
བདུན་བརྟེན་པ་ལས། །བདེན་པ་དག་ཀྱང་རྣམ་གཞག་ཡིན། །ཞེས་བྱ་བ་ལ། དེ་ཁོ་ན་ཉིད་རྣམ་པ་བདུན་ལ་བརྟེན་ནས། དེ་ཁོ་ན་ཉིད་རྣམ་པ་བདུན་འཆད་ཅིང་སྟོན་པ་ནི་བདེན་པ་བཞི་རྣམ་པར་གཞག་པ་འཆད་པ་ཡིན་པར་རིག་པར་བྱའོ། །རིགས་དང་ཐེག་པ་རྣམ་པར་
གཞག་པ་ནི། རྣམ་པ་བཞི་དང་རྣམ་པ་གསུམ་ཡིན་ནོ་ཞེས་བྱ་བ་ལ་རིགས་པ་བཞི་སྟེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་བསྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་སྟེ། རིགས་པ་བཞི་སེམས་ཅན་ལ་འཆད་ན། རིགས་པ་རྣམ་པར་གཞག་པ་འཆད་པ་ཞེས་བྱའོ།
དེ་ལ་འཇིག་རྟེན་གྱི་ཚུལ་གྱིས་རིགས་པ་བཞི་བཤད་ན། མིག་དང་གཟུགས་ལ་ལྟོས་ནས། མིག་གི་རྣམ་པར་ཤེས་པ་སྐྱེ་བ་དང་། ས་བོན་ལ་ལྟོས་ནས་མྱུ་གུ་སྐྱེ་བ་ནི་ལྟོས་པའི་རིགས་པ་ཞེས་བྱའོ། །དེ་ལྟར་དངོས་པོ་རྣམས་རྒྱུ་དང་རྐྱེན་ལ་ལྟོས་ནས་སྐྱེས་པའི་འོག་ཏུ་རང་
གི་ལས་བྱེད་པ་ནི་བྱ་བ་བྱེད་པའི་རིགས་པ་ཞེས་བྱ་སྟེ། དཔེར་ན་མིག་དང་གཟུགས་ལ་ལྟོས་ནས་མིག་གི་རྣམ་པར་ཤེས་པ་སྐྱེས་པ་དང་། མིག་གི་རྣམ་པར་ཤེས་པ་གཟུགས་ལ་ལྟ་བའི་བྱེད་པ་ལ་བྱ་བ་བྱེད་པའི་རིགས་པ་ཞེས་བྱའོ། །མངོན་སུམ་དང་རྗེས་སུ་དཔག་
པའི་རིགས་པས་དངོས་པོ་མངོན་སུམ་དུ་གྱུར་པ་དང་། ལྐོག་ཏུ་གྱུར་པ་གཉིས་ནི་ཡོངས་སུ་སྤྱོད་པ་ནི་འཐད་པ་སྒྲུབ་པའི་རིགས་པ་ཞེས་བྱ་སྟེ། མངོན་སུམ་གྱི་རིགས་པས་ནི་ས་ཕྱོགས་གང་དུ་བུམ་པ་མཐོང་ན། ས་ཕྱོགས་དེ་ན་བུམ་པ་ཡོད་པ་ཞེས་བྱའི། བུམ་པ་

མེད་པ་ཞེས་མི་བྱ་བ་ནི་མངོན་སུམ་གྱི་ཚད་མའོ། །སྔོན་མེ་གང་ན་ཡོད་པ་ན་དུ་བ་ཡོད་པར་མཐོང་ནས། ཕྱིས་རི་སུལ་ལ་སོགས་པ་ནས་དུད་པ་བྱུང་བར་མཐོང་ན། མེ་མ་མཐོང་ཡང་དེ་ན་མེ་ཡོད་པར་དཔག་པ་ནི་རྗེས་སུ་དཔག་པའི་ཚད་མ་ཞེས་བྱའོ། །འཇིག་རྟེན་ན་མེ་རང་
བཞིན་གྱིས་ཚ་བ་དང་། ཆུ་རང་བཞིན་གྱིས་གཤེར་བ་ནི་ཆོས་ཉིད་ཀྱི་རིགས་པ་ཞེས་བྱའོ། །རིགས་པ་བཞི་ཆོས་ཀྱི་དོན་དང་སྦྱར་བ་སྟེ་བསྟན་པའི་ཕྱིར། ཚུལ་བཞིན་ཡིད་ལ་བྱེད་པ་ལྟར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པས།
མོས་པ་སྤྱོད་པའི་སར་ཆོས་རྣམས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཚུལ་བཞིན་ཡིད་ལ་བྱེད་པ་ལ་ལྟོས་ནས། མཐོང་བའི་ལམ་རྒྱུན་དུ་ཞུགས་པའི་ཚེ་གང་ཟག་ལ་བདག་མེད་པར་མ་མཐོང་བའི་ཡང་དག་པའི་ལྟ་བ་སྐྱེས་པ་ནི་ལྟོས་
པའི་རིགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མོས་པ་སྤྱོད་པའི་སར་ཆོས་རྣམས་མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཚུལ་བཞིན་ཡིད་ལ་བྱེད་པ་ལ་ལྟོས་ནས། མཐོང་བའི་ལམ་ས་དང་པོར་གང་ཟག་དང་ཆོས་ལ་བདག་
མེད་པར་ཁོང་དུ་ཆུད་པའི་འཇིག་རྟེན་ལས་འདས་པའི་ལྟ་བ་སྐྱེས་པ་ནི་ལྟོས་པའི་རིགས་པ་ཞེས་བྱའོ། །ཡང་དག་ལྟ་བ་འབྲས་བུ་ལྡན། །ཞེས་བྱ་བ་ལ་འབྲས་བུ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་མྱ་ངན་ལས་འདས་པ་ལ་བྱ་སྟེ། དེ་ལྟར་མཐོང་བའི་ལམ་དུ་ཡང་དག་
པའི་ལྟ་བ་སྐྱེས་ནས་ཡང་དག་པའི་ལྟ་བ་དེས། རྣམ་པར་གྲོལ་བ་མྱ་ངན་ལས་འདས་པ་སྐྱེད་པར་བྱེད་པ་ནི་བྱ་བ་བྱེད་པའི་རིགས་པ་ཞེས་བྱའོ། །ཚད་མས་རྣམ་དབྱེ་ཞེས་བྱ་བ་ལ་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མས་མངོན་སུམ་དུ་གྱུར་པ་དང་། ལྐོག་ཏུ་གྱུར་
པ་དག་ཐོག་ཏུ་དབབ་ཅིང་ཡོངས་སུ་སྒྲུབ་པ་ནི་འཐད་པ་སྒྲུབ་པའི་ཚད་མ་ཞེས་བྱའོ། །དཔེར་ན་ཚེ་འདིར་སྲོག་གཅོད་པ་ལ་སོགས་པའི་ལས་ངན་པ་བྱས་ན། འཕྲལ་དུ་བཅིང་བ་དང་། བརྡེག་པ་ལ་སོགས་པའི་སྡུག་བསྔལ་མྱོང་བར་མངོན་སུམ་དུ་སྣང་བ་ནི་མངོན་

སུམ་གྱི་ཚད་མའོ། །མིག་གི་དབང་པོ་བལྟར་མི་སྣང་ཡང་མིག་དང་། གཟུགས་ལ་བརྟེན་ནས། མིག་གི་རྣམ་པར་ཤེས་པ་སྐྱེ་བ་དང་སྦྱར་ན་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་སྒོ་དང་རྟེན་དུ་གྱུར་པ་མིག་གི་དབང་པོ་ཡོད་དོ་ཞེས་དཔག་པ་ནི་
རྗེས་སུ་དཔག་པའི་ཚད་མ་ཞེས་བྱའོ། །གཞན་ཡང་རྒྱུ་དང་རྐྱེན་གྱིས་བྱས་པ་དེ་དག་མི་རྟག་པ་སྟེ། དཔེར་ན་བུམ་པ་བཞིན་ནོ་ཞེས་རྒྱུ་རྐྱེན་གྱིས་བྱས་པའི་སྒོ་ནས་མི་རྟག་པ་ཡིན་པར་དཔག་པ་ནི་རྗེས་སུ་དཔག་པའི་ཚད་མ་ཞེས་བྱའོ། །བསམ་མི་ཁྱབ་ཅེས་བྱ་བ་
ལ་ཆོས་ཀྱི་དབྱིངས་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་སྟེ། ཡང་དག་པའི་ལྟ་བ་སྐྱེས་ན་བསམ་གྱིས་མི་ཁྱབ་པའི་གནས་ཆོས་ཀྱི་དབྱིངས་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་འགྱུར་བ་ནི་ཆོས་ཉིད་ཀྱི་རིགས་པ་ཞེས་བྱ་སྟེ།
དཔེར་ན་མེ་ཆོས་ཉིད་ཀྱིས་ཚ་བ་ཡིན་པ་བཞིན་དུ། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལས་ཡང་དག་པའི་ལྟ་བ་སྐྱེ་ལ་ཡང་དག་པའི་ལྟ་བ་ལས་མྱ་ངན་ལས་འདས་པའི་གནས་ཐོབ་པ་ནི། ཆོས་ཉིད་ཀྱིས་དེ་ལྟར་ཐོབ་པ་ཡིན་པའི་ཕྱིར། དེ་ལ་ཆོས་ཉིད་ཀྱི་རིགས་པ་
ཞེས་བྱའོ། །བསམ་པ་དང་ནི་བཤད་པ་དང་། །སྦྱོར་བ་དང་ནི་ཚོགས་རྣམས་དང་། །ཡང་དག་འབྱུང་བའི་བྱེ་བྲག་གིས། །ཐེག་པ་རྣམ་པ་གསུམ་དུ་འདོད། །ཅེས་བྱ་བ་ལ། རྣམ་པ་ལྔས་ཐེག་པ་གསུམ་གྱི་མཚན་ཉིད་རིག་པར་བྱ་སྟེ། དེ་ལ་བསམ་པ་ཆུང་
ངུ་དང་། བཤད་པ་ཆུང་ངུ་དང་། སྦྱོར་བ་ཆུང་ངུ་དང་། ཚོགས་ཆུང་ངུ་དང་། ཡང་དག་པར་འབྱུང་བ་ཆུང་བ་ལ་ནི་ཉན་ཐོས་ཀྱི་ཐེག་པ་ཞེས་བྱའོ། །བསམ་པ་འབྲིང་དང་། བཤད་པ་འབྲིང་དང་། སྦྱོར་བ་འབྲིང་དང་། ཚོགས་འབྲིང་དང་། ཡང་དག་པར་འབྱུང་བ་
འབྲིང་ལ་ནི། རང་སངས་རྒྱས་ཀྱི་ཐེག་པ་ཞེས་བྱའོ། །བསམ་པ་ཆེན་པོ་དང་། བཤད་པ་ཆེན་པོ་དང་། སྦྱོར་བ་ཆེན་པོ་དང་། ཚོགས་ཆེན་པོ་དང་། ཡང་དག་པར་འབྱུང་བ་ཆེན་པོ་ལ་ནི་ཐེག་པ་ཆེན་པོ་ཞེས་བྱའོ། །མདོ་དང་དབྱངས་ཀྱིས་བསྙད་པའི་བྱེ་བྲག་གིས་

སོ་ཞེས་བྱ་བ་ལ། རིག་པའི་གནས་ལྔ་མདོ་དང་དབྱངས་ཀྱིས་བསྙད་པ་ལ་སོགས་པའི་གསུང་རབ་ཡན་ལག་བཅུ་གཉིས་དང་མཐུན་པའི་ཆད་པ་ནི་ཆོས་རྣམ་པར་གཞག་པ་འཆད་པ་ཞེས་བྱའོ། །བརྒལ་བ། མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་
བཅུ་གཉིས་ནི་ནང་རིག་པ་ཞེས་བྱ་སྟེ། དེ་བཤད་པས་ན་རིག་པ་བཤད་པར་ཟད་དེ། དེའི་ནང་དུ་རྒྱུ་རིག་པ་དང་། སྒྲ་རིག་པ་དང་། གསོ་བ་རིག་པ་དང་། བཟོའི་ལས་ཀྱི་གནས་རིག་པ་རྣམས་ཇི་ལྟར་འདུས་ཤིང་བཤད་པར་འགྱུར་ཞེས་རྒོལ་བ་ལ། ཐེག་པ་ཆེན་པོའི་མདོ་
སྡེའི་རིག་པར་ནི་གནས་ལྔ་ཆར་འདུས་པར་ཡོད་པར་བསྟན་པའི་ཕྱིར། རིག་པའི་གནས་གཞན་དག་ཀྱང་དེར་འདུས་པར་ཐེག་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་དོ་ཞེས་སྨོས་ཏེ། དེ་ལ་ཐེག་པ་ཆེན་པོ་ཉིད་ནི་ནང་རིག་པ་ཞེས་བྱའོ། །རྒྱུ་
རིག་པ་དང་། སྒྲ་རིག་པ་དང་། གསོ་བ་རིག་པ་དང་། བཟོའི་ལས་ཀྱི་གནས་རིག་པ་དག་ཀྱང་ཐེག་པ་ཆེན་པོའི་མདོ་སྡེར་བསྡུས་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་དེ། དཔེར་ན་རྒྱུ་རིག་པ་ལྟ་བུ་ཡང་མངོན་སུམ་དང་། རྗེས་
སུ་དཔག་པའི་ཚད་མ་ལང་ཀར་གཤེགས་པ་དང་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་མདོ་སྡེའི་ནང་ནས་བཤད་དེ། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། རིག་པ་ནི་རྣམ་པ་བཞིར་ཤེས་པར་བྱ་སྟེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་
རིགས་པ་དང་། འཐད་པ་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །སྒྲ་རིག་པ་ཡང་ཐོགས་པ་དང་བཅས་པའི་ཕྱིར་གཟུགས་སོ། །མྱོང་བའི་བདག་ཉིད་ཀྱི་ཕྱིར་ཚོར་བའོ་ཞེས་བྱ་བ་ལ་སོགས་པ་མདོ་སྡེ་དེ་
དང་། དེ་དག་གི་ནང་ནས་སྒྲའི་མཚན་ཉིད་རྒྱས་པར་བཤད་དོ། །གསོ་བ་རིག་པ་ཡང་གསེར་འོད་དམ་པའི་མདོ་ལ་སོགས་པའི་ནང་ནས་སྨན་དཔྱད་ཀྱི་ཆོ་ག་བཤད་པ་ལྟ་བུའོ། །བཟོའི་ལས་ཀྱི་གནས་རིག་པ་ཡང་ཐེག་པ་ཆེན་པོའི་མདོ་སྡེ་དེ་དང་དེ་དག་གི་ནང་ནས། གར་དང་གླུ་དང་

རོལ་མོ་ལ་སོགས་པའི་བཟོའི་ལས་རྣམ་པ་སྣ་ཚོགས་གསུངས་པ་ལྟ་བུ་སྟེ། དེ་བས་ན་ཐེག་པ་ཆེན་པོའི་མདོ་སྡེའི་ནང་ན་རིག་པའི་གནས་ཐམས་ཅད་འདུས་སོ། །དེ་བཞིན་ཉིད་རྣམ་བདུན་བརྟེན་ནས། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་
ཉིད་རྣམ་པ་བདུན་ལ་བརྟེན་ཏེ། དེ་བཞིན་ཉིད་རྣམ་པ་བདུན་བཤད་པ་ནི་བདེན་པ་བཞིའི་རྣམ་པར་གཞག་པ་བཤད་པ་ཞེས་བྱའོ། །འཇུག་པའི་དེ་བཞིན་ཉིད་དང་ཞེས་བྱ་བ་ལ་འཁོར་བ་ཐོག་མ་མེད་པ་དང་། ཐ་མ་མེད་པ་ལ་འཇུག་པའི་དེ་བཞིན་ཉིད་ཅེས་བྱ་སྟེ། འདི་ལྟར་འཁོར་
བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སྐྱེད་པ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་སྐྱེད་པའི་ཚུལ་དུ་གཅིག་གིས་གཅིག་སྐྱེད་ཅིང་འཇུག་པར་བྱེད་ལ་བདེན་ཞིང་མ་ནོར་བས་ན་འཇུག་པའི་དེ་བཞིན་ཉིད་ཅེས་བྱའོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་དང་ཞེས་བྱ་བ་ལ་ཀུན་བརྟགས་པ་དང་།
གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་གསུམ་ལ་མཚན་ཉིད་ཀྱི་དེ་བཞིན་ཉིད་ཅེས་བྱ་སྟེ། ཀུན་བརྟགས་པའི་མཚན་ཉིད་ནི་རི་བོང་གི་རྭ་བཞིན་དུ་མཚན་ཉིད་མེད་པར་བདེན། གཞན་གྱི་དབང་གི་མཚན་ཉིད་ནི་གཟུང་བ་དང་། འཛིན་པ་ལྟ་བུར་ཕྱིན་ཅི་ལོག་ཏུ་རྟོག་པའི་
གཞི་དང་རྟེན་དུ་འགྱུར་བར་བདེན། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་གཟུང་འཛིན་གཉིས་དང་བྲལ་བའི་རང་བཞིན་ཡིན་པར་བདེན་པས་ན་མཚན་ཉིད་ཀྱི་དེ་བཞིན་ཉིད་ཅེས་བྱའོ། །རྣམ་པར་རིག་པའི་དེ་བཞིན་ཉིད་ཅེས་བྱ་བ་ལ། ཆོས་ཐམས་ཅད་སེམས་ལ་སྣང་བ་ཙམ་དུ་ཟད་
པ་ནི། རྣམ་པར་རིག་པའི་དེ་བཞིན་ཉིད་ཅེས་བྱ་ལ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་སེམས་ཙམ་དུ་ཟད་དེ། སེམས་ལས་ལོགས་ཤིག་ན་ཡོད་པ་མ་ཡིན་པར་བདེན་ཞིང་ཕྱིན་ཅི་མ་ལོག་པས་ན། རྣམ་པར་རིག་པའི་དེ་བཞིན་ཉིད་ཅེས་བྱ་སྟེ། དེ་བས་ན་
ས་བཅུའི་མདོ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་སོ། །གནས་པའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སྡུག་བསྔལ་གྱི་བདེན་པ་ལ་གནས་པའི་དེ་བཞིན་ཉིད་ཅེས་བྱ་སྟེ། སྡུག་བསྔལ་གྱི་བདེན་པ་ནི་སྐྱེ་བ་དང་རྒ་ཤི་ལ་

སོགས་པའི་མཚན་ཉིད་དུ་གནས་པར་བདེན་ཞིང་མ་ནོར་བའི་ཕྱིར་རོ། །ལོག་པར་སྒྲུབ་པའི་དེ་བཞིན་ཉིད་དང་ཞེས་བྱ་བ་ལ། ལས་དང་ཉོན་མོངས་པའི་མཚན་ཉིད་དང་། ཀུན་འབྱུང་གི་བདེན་པ་ལ་ལོག་པར་སྒྲུབ་པའི་དེ་བཞིན་ཉིད་ཅེས་བྱ་སྟེ། ཀུན་འབྱུང་གི་བདེན་པས་སྡུག་
བསྔལ་གྱི་བདེན་པ་སྒྲུབ་ཅིང་སྐྱེད་པར་མ་ནོར་ཅིང་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །རྣམ་པར་དག་པའི་དེ་བཞིན་ཉིད་ཅེས་བྱ་བ་ལ། འགོག་པའི་བདེན་པ་ལ་ནི་རྣམ་པར་དག་པའི་དེ་བཞིན་ཉིད་ཅེས་བྱ་སྟེ། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ཤེས་པའི་མཚན་ཉིད་མ་
ནོར་ཅིང་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་ཅེས་བྱ་བ་ལ། ལམ་གྱི་བདེན་པ་ལ་ནི་ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་ཅེས་བྱ་སྟེ། ལམ་གྱི་བདེན་པ་དེས་འགོག་པའི་བདེན་པ་སྒྲུབ་པར་བྱེད་པ་མ་ནོར་ཅིང་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །དེ་
ལ་འཇུག་པའི་དེ་བཞིན་ཉིད་དང་། གནས་པའི་དེ་བཞིན་ཉིད་དང་། ལོག་པར་སྒྲུབ་པའི་དེ་བཞིན་ཉིད་གསུམ་གྱིས་ནི་སེམས་ཅན་ཐམས་ཅད་འདྲ་ཞིང་མཉམ་མོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་གཉིས་ཀྱིས་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་འདྲ་ཞིང་
མཉམ་མོ། །རྣམ་པར་དག་པའི་དེ་བཞིན་ཉིད་ཀྱིས་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་རྣམས་འདྲ་ཞིང་མཉམ་མོ། །ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་ཀྱིས་ནི་ཉན་པ་དང་སེམས་པ་ནས་བསྒོམ་པའི་དགེ་བ་ལ་ཞུགས་པ་རྣམས་འདྲ་ཞིང་
མཉམ་མོ། །དེ་བས་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཀྱང་། བྱམས་པ་དེ་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་དེ་དག་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཇི་ལྟ་བ་བཞིན་ཡིན་པ་སྟེ། དེ་ལ་རྣམ་པ་བདུན་ཏེ། འབྱུང་བ་དེ་
བཞིན་ཉིད་གང་འདུ་བྱེད་རྣམས་ཀྱི་ཐོག་མ་དང་ཐ་མ་མེད་པའོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ཆོས་རྣམས་ཀྱི་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པའོ། །རྣམ་པར་རིག་པའི་དེ་བཞིན་ཉིད་ནི། གང་དུ་འདུ་བྱེད་རྣམ་པར་རིག་པ་ཙམ་མོ། །

གནས་པའི་དེ་བཞིན་ཉིད་ནི་གང་ངས་སྡུག་བསྔལ་གྱི་བདེན་པ་བཤད་པའོ། །ལོག་པའི་ནན་ཏན་གྱི་དེ་བཞིན་ཉིད་ནི་གང་ངས་ཀུན་འབྱུང་གི་བདེན་པ་བཤད་པའོ། །རྣམ་པར་དག་པའི་དེ་བཞིན་ཉིད་ནི་གང་ངས་འགོག་པའི་བདེན་པ་བཤད་པའོ། །
ཡང་དག་པའི་ནན་ཏན་གྱི་དེ་བཞིན་ཉིད་ནི་གང་ངས་ལམ་གྱི་བདེན་པ་བསྟན་པའོ། །བྱམས་པ་དེ་ལ་འབྱུང་བའི་དེ་བཞིན་ཉིད་དང་། གང་གནས་པའི་དེ་བཞིན་ཉིད་དང་། གང་ལོག་པའི་ནན་ཏན་གྱི་དེ་བཞིན་ཉིད་ནི་དེས་ནི་སེམས་ཅན་ཐམས་ཅད་མཚུངས་ཤིང་མཉམ་མོ། །
བྱམས་པ་དེ་ལ་གང་མཚན་ཉིད་ཀྱི་དེ་བཞིན་ཉིད་དང་། གང་རྣམ་པར་རིག་པའི་དེ་བཞིན་ཉིད་དེས་ནི་ཆོས་ཐམས་ཅད་མཚུངས་ཤིང་མཉམ་མོ། །བྱམས་པ་དེ་ལ་གང་རྣམ་པར་དག་པའི་དེ་བཞིན་ཉིད་དེས་ནི། གང་ཉན་ཐོས་ཀྱི་བྱང་ཆུབ་དང་། རང་སངས་རྒྱས་ཀྱི་
བྱང་ཆུབ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། བྱང་ཆུབ་ཐམས་ཅད་མཚུངས་ཤིང་མཉམ་མོ། །བྱམས་པ་གང་ཡང་དག་པའི་ནན་ཏན་དེ་བཞིན་ཉིད་དེས་ནི་ཐོས་པ་དང་། བསམས་པ་དང་བསྒོམས་པའི་འདྲེས་པ་ལ་དམིགས་པའི་ཞི་གནས་དང་ལྷག་
མཐོང་གིས་ཡོངས་སུ་ཟིན་པའི་ཤེས་རབ་མཚུངས་ཤིང་མཉམ་མོ་ཞེས་གསུངས་སོ། །བྱ་བ་བྱེད་པའི་རིགས་པ་ནི་ཡང་དག་པར་ལྟ་བ་འབྲས་བུ་དང་བཅས་པའོ་ཞེས་བྱ་བ་ལ། འབྲས་བུ་ནི་རྣམ་པར་གྲོལ་བ་མྱ་ངན་ལས་འདས་པ་ལ་བྱ་སྟེ། མཐོང་བའི་ལམ་དུ་