Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 119

Văn bản gốc(Tây Tạng)

Trang 17 / 18 (50.000 ký tự/trang)
ེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་ཞེས་བཤད་དོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས་ནི། དད་
པ་དང་འདུན་པའི་ངོ་བོ་ཉིད་དོ་ཞེས་བཤད་དེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་ལྷག་པའི་བསམ་པ་ནི་འདི་ལྟ་སྟེ། དད་པ་དང་འདུན་པའི་ངོ་བོ་ཉིད་དོ་ཞེས་བཤད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ཀྱང་དེ་སྐད་དུ་བསྟན་ཏེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་

ལྷག་པའི་བསམ་པའི་ངོ་བོ་ཉིད་ནི་འདི་ལྟ་སྟེ། འདུན་པ་དང་མོས་པའོ། །དེ་ལ་རེ་ཞིག་འདུན་པ་ནི་རེ་ཞིང་ཚོལ་བའོ། །དད་པ་ནི་མོས་པ་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །ཐེག་པ་ཆེན་པོ་བསྡུས་པའི་
འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། ཡང་དག་པའི་བསྟན་པ་རྣམས་ལ་སེམས་ངེས་ཤིང་སོམ་ཉི་མེད་པའི་ཕྱིར་དད་པ་ཞེས་བྱའོ། །ཇི་ལྟར་མངོན་པར་ཡིད་ཆེས་པའི་ཆོས་ཉིད་ལ་བསྒོམ་པར་འདུན་པ་གང་ཡིན་པ་དེ་ནི་ལྷག་པའི་བསམ་པ་ཞེས་བྱའོ་ཞེས་བཤད་དོ། །ལྷག་པའི་བསམ་པ་
དེའི་རྣམ་པ་དང་། གྲངས་ཐ་དད་པར་གྱུར་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ལྷག་པའི་བསམ་པ་རྣམ་པ་བཅུ་ཇི་སྙེད་བསྟན་པ་བཞིན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་འདི་ལ་བྱང་ཆུབ་སེམས་དཔའ་ཐོག་མ་ཉིད་དུ་རབ་ཏུ་དགའ་བའི་ས་ལ་གནས་པ་ལ་བསམ་པ་རྣམ་
པ་བཅུས་བསམ་པ་དག་པ་ཐོབ་པ་ཡིན་ནོ། །སློབ་དཔོན་དང་བླ་མ་དང་སྦྱིན་གནས་ཐམས་ཅད་ལ་མི་སླུ་བའི་ལྷག་པའི་བསམ་པ་དང་ཆོས་མཐུན་པའི་བྱང་ཆུབ་སེམས་དཔའ་ལ་ངེས་པ་དང་། འགྲོགས་ན་བདེ་བའི་བསམ་པ་དང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་། བདུད་ཀྱི་
ལས་ཐམས་ཅད་ཟིལ་གྱིས་གནོན་ཅིང་རང་གི་སེམས་ལ་དབང་བྱ་བའི་བསམ་པ་དང་། འདུ་བྱེད་ཐམས་ཅད་ལ་ཉེས་པའི་བསམ་པ་དང་། མྱ་ངན་ལས་འདས་པ་ལ་ཕན་ཡོན་གྱི་བསམ་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དགེ་བ་རྣམས་སྒོམ་པ་ལ་རྟག་ཏུ་བྱ་བའི་བསམ་པ་དང་།
བསྒོམ་པ་དེ་ཉིད་ཀྱི་རྗེས་སུ་མཐུན་པའི་རབ་ཏུ་དབེན་པའི་བསམ་པ་དང་། འཇིག་རྟེན་གྱི་ཟང་ཟིང་དང་། ཐོས་པ་དང་རྙེད་པ་དང་བཀུར་སྟི་ཐམས་ཅད་ལ་མི་ལྟ་བའི་བསམ་པ་དང་། ཐེག་པ་དམན་པ་སྤངས་ཏེ། ཐེག་པ་ཆེན་པོ་རྟོགས་པར་བྱ་བའི་བསམ་པ་དང་། སེམས་ཅན་ཐམས་
ཅད་ཀྱི་དོན་བྱ་བའི་བསམ་པ་སྟེ། ཕྱིན་ཅི་ལོག་མེད་པའི་བསམ་པ་བཅུ་པོ་འདི་དག་ནི་སེམས་དེ་ལ་འཇུག་པ་ཡིན་ཏེ། དེའི་ཕྱིར་ལྷག་པའི་བསམ་པ་དག་པ་ཞེས་བྱའོ་ཞེས་འབྱུང་ངོ་། །རྒྱ་ཆེར་རྣམ་པར་དབྱེ་ན་ལྷག་པའི་བསམ་པ་བཅོ་ལྔ་ཡོད་དེ། བསྟན་བཅོས་རྣལ་འབྱོར་

སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། ལྷག་པའི་བསམ་པའི་མཚན་ཉིད་ནི་རྣམ་པ་བརྒྱད་ཡོད་དེ། ཚོགས་ཀྱི་ཕྱིར་ཞེས་བྱ་བ་ནི། འདི་ལྟ་སྟེ། མོས་པས་སྤྱོད་པའི་
ས་དག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་དང་རབ་ཏུ་བསྟན་པ་གང་ཡིན་པའོ། །བཟོད་པའི་འོས་སུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། ཆོས་ལ་སོ་སོར་རྟོག་པའི་བཟོད་པ་མཆོག་ཐོབ་པ་གང་ཡིན་པ་སྟེ། དེ་ནི་བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་
དག་ཡིན་ནོ། །དམིགས་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བ་འཕགས་པའི་བསྟན་པ་དག་ལ་དམིགས་པ་གང་ཡིན་པའོ། །ཡིད་ལ་བྱེད་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་རྣམ་པར་རྟོག་པ་ཙམ་དུ་རིག་པའི་ཡིད་ལ་བྱེད་པ་གང་
ཡིན་པའོ། །གཉེན་པོར་གྱུར་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཡིན་པའོ། །རང་གི་ངོ་བོ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། ལྷག་པའི་བསམ་པ་དེ་དད་པ་དང་འདུན་པས་རང་གི་བདག་ཉིད་བྱེད་པའི་ཕྱིར་རོ། །རྟགས་ཀྱི་ཕྱིར་ཞེས་བྱ་བ་ནི་
འདི་ལྟ་སྟེ། སའི་མདུན་རོལ་པ་དང་ས་ལ་གནས་པ་དག་ཏིང་ངེ་འཛིན་ལ་ཞུགས་པ་ན་སངས་རྒྱས་རྣམས་མཐོང་བའི་རྟགས་གང་ཡིན་པའོ། །ཕན་ཡོན་གྱི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། བྱང་ཆུབ་དང་ཉེ་ཞིང་དཀའ་བ་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་
པར་དབྱེ་བ་ནི་ཚིགས་སུ་བཅད་པ་གསུམ་པ་དང་འགྲེལ་པ་ཉིད་ལས་བསྟན་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་མཚན་ཉིད་རྣམ་པ་བདུན་གྱིས་སྟོན་ཏེ་གཉེན་པོར་གྱུར་པ་བཀོད་པའི་ཕྱིར་རོ། །དེ་ལས་གཉིས་པ་
ནི་ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པས་བསྡུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ས་གཉིས་པས་འཆལ་བའི་ཚུལ་ཁྲིམས་ཀྱི་ཉེས་པ་ཕྲ་མོ་ཡོངས་སུ་སྤངས་ནས་ས་འདི་ལ་གནས་ཤིང་རང་བཞིན་གྱི་ཚུལ་ཁྲིམས་དང་ལྡན་ཏེ་ལས་ཀྱི་ཉེས་པ་ཆུང་ངུ་ཡང་ཀུན་དུ་མི་སྤྱོད་ན།

འབྲིང་དང་ཆེན་པོ་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ཡོངས་སུ་དག་པ་དེས་ན་ས་གཉིས་པ་བསྡུས་པ་ཡིན་ཏེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས་ས་འདི་ལ་འཇིག་རྟེན་པའི་
བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། ཚད་མེད་པ་བཞི་དང་། མངོན་པར་ཤེས་པ་ལྔ་བསྒྲུབས་ཏེ་གནས་སོ། །དེ་དེ་དག་གིས་ལན་མང་དུ་གནས་ཏེ། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་
པ་དེ་དག་ལས་བཟློག་ནས་སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་སུ་གང་དུ་སེམས་ཅན་གྱི་དོན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཡོངས་སུ་རྫོགས་པར་གྱུར་པ་མཐོང་བ་དེར་སྐྱེ་བར་འགྱུར་བ་ཞེས་བྱ་བ་ནས། ནང་གི་སེམས་རྣམ་པར་དག་པ་ལ་བརྟེན་ནས་དེའི་འོད་དང་ལྡན་པ་ཡིན་
ཏེ། དེ་ལྟ་བས་ན་གནས་དེ་ལྷག་པའི་སེམས་ཞེས་བྱའོ་ཞེས་བྱ་བའི་བར་དུ་འགྱུར་བས་དོན་དེས་ན་ས་གསུམ་པ་ནི་ལྷག་པའི་སེམས་རྣམ་པར་དག་པས་བསྡུས་སོ་ཞེས་གསུངས་ཏེ། རྒྱ་ཆེར་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་ནོ། །དེ་ལ་ལྷག་པའི་
ཤེས་རབ་རྣམ་པར་དག་པ་ནི་ས་བཞི་པ་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་དུ་ཞེས་བྱ་བ་ནི་འདི་ལྟར་ལྷག་པའི་ཤེས་རབ་ཀྱི་ས་ཕྱི་མ་བརྒྱད་པོ་དག་སྡུད་པས་ས་བཞི་པ་ནས་གོང་མ་གོང་མའི་ས་རྣམས་སུ་ཤེས་རབ་ཀྱི་སྒོ་རྣམ་པ་སྣ་ཚོགས་ཆེས་ཁྱད་པར་དུ་འཕགས་ཤིང་གྱ་ནོམ་པར་འགྱུར་
བའི་ཕྱིར་རོ། །འདི་ལྟར་ས་བཞི་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པའོ། །ལྔ་པ་ནི་བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པའོ། །དྲུག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་
པའོ། །བདུན་པ་ནི་རྩོལ་བ་དང་བཅས་པའི་མཚན་མ་མེད་པ་ལ་གནས་པའོ། །བརྒྱད་པ་ནི་རྩོལ་བ་མེད་པའི་མཚན་མ་མེད་པ་ལ་གནས་པའོ། །དགུ་པ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས་པའོ། །བཅུ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་དང་ཡོངས་སུ་རྫོགས་པ་ལ་གནས་

པའོ། །བཅུ་གཅིག་པ་ནི་དེ་བཞིན་གཤེགས་པའི་གནས་པ་སྟེ། རྒྱ་ཆེར་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་ནོ། །ས་བཞི་པ་ཡན་ཆད་ཤེས་རབ་འབའ་ཞིག་དང་ལྡན་པར་ཅིས་མངོན་ཞེ་ན། སྨྲས་པ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལ་གནས་པ་ནི་
རྣམ་པ་བཞི་ལས་གནས་པ་བཞི་པ་ནི་ལྷག་པའི་ཤེས་རབ་ཀྱི་གནས་པའོ་ཞེས་འབྱུང་བའི་ཕྱིར། དེ་ཡན་ཆད་ཤེས་རབ་ལས་བརྩམས་ནས་བསྟན་པ་ཡིན་པར་ཤེས་སོ། །རིགས་ཀྱི་བུ་རྣམ་པར་དག་པ་རྣམ་པ་བཞི་པོ་དེ་དག་གིས་ས་རྣམས་ཡོངས་སུ་བསྡུས་པར་རིག་པར་བྱའོ་
ཞེས་བྱ་བ་ནི་གཉིས་པ་སྤྱིའི་མཇུག་བསྡུ་བའོ། །འདི་ལྟར་དག་པ་བཞི་པོ་དག་ནི་ཡོན་ཏན་རྫས་སུ་ཡོད་པ་ཡིན་ལ་ས་ནི་བཏགས་པ་ཡིན་པས། འདི་ནི་རྫས་སུ་ཡོད་པ་དག་གིས་བརྟགས་པ་བསྡུས་པ་ཡིན་ནོ། །ཇི་ལྟར་ཡན་ལག་རྣམ་པ་བཅུ་གཅིག་གིས་ས་རྣམས་བསྡུས་པར་
འགྱུར་ཞེ་ན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཡན་ལག་བཅུ་གཅིག་སྡུད་པར་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པའོ། །འདི་ནི་དང་པོ་བསྟན་པ་ལ་བརྟེན་ནས་ཞུ་བ་གསོལ་བ་སྟེ། ཡན་ལག་བཅུ་གཅིག་དང་། ས་བཅུ་
གཅིག་པོ་དག་གནས་སྐབས་ཐ་དད་པ་མེད་ཀྱང་དོན་ནི་ཐ་དད་དེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་མྱ་ངན་ལས་འདས་པའི་དོན་སྡུད་ཅིང་ཡོངས་སུ་འཛིན་པར་བྱེད་པའི་ཕྱིར་ས་ཞེས་བྱའོ། །ལོངས་སྤྱོད་པའི་གནས་ཀྱི་དོན་གྱི་ཕྱིར་གནས་ཞེས་བྱའོ་ཞེས་བཤད་དོ། །བསྟན་
བཅོས་མདོ་སྡེའི་རྒྱན་ལས་ནི་གནས་པར་མོས་པས་གནས་ཞེས་བྱའོ་ཞེས་བཤད་དོ། །དེ་ལ་ཡན་ལག་ཅེས་བྱ་བ་ནི་གནས་ཀྱི་དོན་ཏེ། འདི་ལྟར་གནས་བཅུ་གཅིག་པོ་དག་ཕྱོགས་སོ་སོ་ཐ་དད་པའི་ཡན་ལག་ཅེས་བཤད་དེ། གནས་པ་བཅུའི་བཤད་པའི་ནང་ནས་དཔེའི་ལེའུ་ལས་
དེ་ལ་ས་དང་པོའི་ཡན་ལག་ནི་ཆོས་རྣམས་ཇི་སྙེད་ཡོད་པ་འདུས་པ་ལས་ས་དང་པོ་མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི་ས་དང་པོའི་ཡན་ལག་ཅེས་བྱའོ། །འདི་ནི་གནས་པ་བཅུ་གསུམ་ལས་དང་པོ་གཉིས་མ་གཏོགས་པ་གང་ཡིན་པ་དེ་ནི་གནས་པ་བཅུ་གཅིག་ཅེས་བྱ་སྟེ། གནས་པ་

བཅུ་གཅིག་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་རིགས་ལ་གནས་པ་དང་། མོས་པས་སྤྱོད་པ་ལ་གནས་པ་དང་། རབ་ཏུ་དགའ་བ་ལ་གནས་པ་དང་། ལྷག་པའི་ཚུལ་ཁྲིམས་ལ་གནས་པ་དང་། ལྷག་པའི་སེམས་ལ་གནས་པ་དང་། བྱང་ཆུབ་ཀྱི་
ཕྱོགས་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་དང་། བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་དང་། མངོན་པར་འདུ་བྱེད་པ་དང་བཅས་ཤིང་རྩོལ་བ་དང་བཅས་པའི་མཚན་
མ་མེད་པ་ལ་གནས་པ་དང་། རྩོལ་བ་མེད་ཅིང་ལྷུན་གྱིས་གྲུབ་པའི་མཚན་མ་མེད་པ་ལ་གནས་པ་དང་། སོ་སོ་ཡང་དག་པར་རིག་པ་ལ་གནས་པ་དང་། བྱང་ཆུབ་སེམས་དཔའི་གནས་པ་མཆོག་དང་། དེ་བཞིན་གཤེགས་པའི་གནས་པའོ་ཞེས་བཤད་པ་ལྟ་བུའོ། །རྒྱ་ཆེར་དེ་ཉིད་ལས་བསྟན་
པ་བཞིན་ནོ། །མདོ་འདི་ལས་ནི་གནས་པ་དང་པོ་གཉིས་མ་གཏོགས་པ་གནས་པ་བཅུ་གཅིག་ལས་བརྩམས་ནས་ཡན་ལག་གི་མིང་གིས་སྟོན་པར་མཛད་པས། དེའི་ཕྱིར་འདིར་ཡན་ལག་གིས་ས་རྣམས་སྡུད་པར་བསྟན་ཏོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་སྔར་མོས་པས་སྤྱོད་
པའི་ས་ལ་ཆོས་སྤྱོད་པ་རྣམ་པ་བཅུ་ལ་བརྟེན་ནས་མོས་པའི་བཟོད་པ་ཤིན་ཏུ་བསྒོམས་པའི་ཕྱིར་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུས་པ་བཞིན་དུ་ལན་ཡང་དག་པར་གསུངས་པ་དང་།
རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་སྤྱིའི་མཇུག་བསྡུ་བའོ། །ལན་དུ་ཡང་དག་པར་གསུངས་པ་ལ་ཡང་ཡན་ལག་བཅུ་གཅིག་པ་བསྟན་པ་ཉིད་ཀྱིས་བཅུ་གཅིག་ཏུ་དབྱེ་སྟེ། འདི་ནི་ཡན་ལག་དང་པོས་ས་རབ་ཏུ་དགའ་བ་བསྡུས་པར་བསྟན་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། སའི་
མདུན་རོལ་པས་དང་པོར་མ་ཞུགས་པ་བསྟན་པ་དང་ས་དེ་ལས་ཡང་དག་པར་འདས་ནས་ཞེས་བྱ་བ་མན་ཆད་སའི་མདུན་རོལ་ལས་ཡང་དག་པར་འདས་ནས་ས་དང་པོར་འཇུག་པ་བསྟན་པ་སྟེ། འདི་ནི་དང་པོའོ། །ཡན་ལག་བཅུ་གཅིག་པོ་འདི་བསྟན་པ་ལ་ཡང་བཤད་པ་རྣམ་པ་གཉིས་

ཡོད་དེ། ཁ་ཅིག་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ཀྱང་ལང་གི་ཚེ་བསྒྱུར་བ་ལ་བརྟེན་ནས་ས་རེ་རེ་ལ་ཡང་སྒྲིབ་པ་གསུམ་གསུམ་སྤངས་ནས་ཡོན་ཏན་ཁྱད་པར་དུ་འཕགས་པ་ཐོབ་པར་འགྱུར་བ་ལས་བརྩམས་ནས་ས་བཅུ་གཅིག་པོ་དག་སྟོན་ཏེ། དེ་ལ་བྱེ་བྲག་ཡོད་པ་
ཡང་། དེ་ལས་དང་པོ་གཅིག་གིས་ནི་སྒྲིབ་པ་རྣམ་པ་གསུམ་སྤངས་ནས་ཡོན་ཏན་བཅུ་ཐོབ་པར་འགྱུར་རོ། །ས་བར་མ་དགུ་པོ་དག་གིས་ནི་སོ་སོ་ནས་སྒྲིབ་པ་གསུམ་གསུམ་སྤངས་ནས་ཡོན་ཏན་བརྒྱད་འཐོབ་པར་འགྱུར་རོ། །ས་ཕྱི་མ་གཅིག་གིས་ནི་སྒྲིབ་པ་གསུམ་སྤངས་ནས་ཡོན་ཏན་
བདུན་འཐོབ་པར་འགྱུར་ཏེ། རྒྱུ་དང་རྐྱེན་དེས་ན་ས་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་ཟེར་ཏེ། ཕྱིས་འོག་ནས་ཇི་སྐད་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །ཁ་ཅིག་ན་རེ་ས་རེ་རེ་ལ་ཡང་སྤྱོད་པ་རྣམས་བསྒྲུབས་པས་རྒྱུ་དང་རྐྱེན་བྱེད་དེ་ཇི་ལྟར་ས་རབ་ཏུ་དགའ་བ་ལ་ཆོས་སྤྱོད་རྣམ་
པ་བཅུ་དང་། མོས་པའི་བཟོད་པ་བསྒོམས་པས་རྒྱུ་དང་རྐྱེན་བྱེད་པ་བཞིན་ནོ། །དེ་ལ་ཡན་ལག་ཅེས་བྱ་བ་ནི་འདི་ཡིན་ཏེ། ས་བཅུའི་ཕྱོགས་ཀྱི་ཆ་སོ་སོ་ཐ་དད་པ་གང་ཡིན་པ་དེ་ནི་ཡན་ལག་ཅེས་བྱའོ་ཞེའོ། །དེ་ལ་ས་དང་པོ་བསྟན་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། སའི་མདུན་རོལ་
པས་ཕྱི་མའི་རྒྱུ་སྤྱོད་པ་བསྒྲུབ་པ་བསྟན་པ་དང་། རང་གི་ཡན་ལག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བསྒྲུབ་པར་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པའི་གང་ཟག་སྨོས་པ་སྟེ། རིགས་དང་ལྡན་པ་དང་། བརྟེན་
པའི་རིགས་ཅན་གྱི་གང་ཟག་རྣམ་པ་གཉིས་པོ་དག་གོ། །སྔར་མོས་པས་སྤྱོད་པའི་ས་ལས་ཞེས་བྱ་བ་ནི་སྤྱོད་པ་གནས་པའི་གནས་སྐབས་ཏེ། སྔར་བསྟན་པའི་ཚོགས་དང་སྦྱོར་བ་དང་། མཐོང་བ་དང་། བསྒོམ་པ་དང་། མཐར་ཕྱིན་པའི་གནས་སྐབས་ལྔ་ལས་གནས་སྐབས་དང་པོ་
གཉིས་ལ་བརྟེན་ནས། མོས་པ་ཤིན་ཏུ་ཟབ་པ་སྐྱེད་པས་མོས་པ་སྤྱོད་པས་སྤྱོད་པའི་ས་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་འདི་ལྟ་སྟེ། ས་རྣམས་ལ་མོས་པ་ཤིན་ཏུ་ཟབ་པ་གང་ཡིན་པ་དེ་ནི་སའི་གྲངས་ཀྱི་ཆོས་ལ་དེ་ཁོ་ན་བཞིན་དུ་ངེས་

པར་འཛིན་པར་བྱེད་དོ་ཞེས་བཤད་དོ། །དེ་ལ་ཆོས་སྤྱོད་པ་རྣམ་པ་བཅུ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་ནི་གནས་སྐབས་ལ་བརྟེན་ནས་སྤྱོད་པ་སློང་བ་སྟེ། མོས་པས་སྤྱོད་པའི་ས་ལ་བརྟེན་ནས་ཡང་དག་པའི་སྤྱོད་པ་རྣམ་པ་བཅུ་འབྱུང་བས་སོ། །ཡང་
དག་པའི་སྤྱོད་པ་རྣམ་པ་བཅུ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། གཞན་ཡང་ཐེག་པ་ཆེན་པོ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་སྤྱོད་པ་བཅུ་པོ་འདི་དག་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་བ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཐེག་པ་ཆེན་
པོ་དང་ལྡན་པའི་མདོ་སྡེ་ལ་སོགས་པའི་ཆོས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱིས་བསྡུས་པ་དག་ཡི་གེར་འདྲིར་བཅུག་པ་དང་། འཛིན་པ་དང་། དེ་བཞིན་ཉིད་དུ་མཆོད་པ་དང་། གཞན་དག་ལ་སྦྱིན་པ་དང་། སྟོན་པ་ན་གུས་པར་བྱས་ཏེ་ཉན་པ་དང་། བདག་ཉིད་ཀློག་པ་དང་། དེ་
བཞིན་དུ་ཀུན་ཆུབ་པར་ལུང་ནོད་པ་དང་། ལུང་ཕོག་པ་རྣམས་རྒྱ་ཆེར་དབྱངས་ཀྱིས་ཁ་དོན་བྱེད་པ་དང་། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་དང་། གཅིག་པུ་དབེན་པར་སོང་སྟེ། སེམས་པ་དང་འཇལ་བ་དང་། ཉེ་བར་རྟོག་པར་བྱེད་པ་དང་། སྒོམ་པའི་རྣམ་པར་རྗེས་
སུ་འཇུག་པར་བྱེད་པའོ། །ཆོས་སྤྱོད་པ་བཅུ་པོ་དེ་དག་ལས་དུ་ཞིག་བསོད་ནམས་རྒྱ་ཆེན་པོ་སྐྱེ་བའི་ལམ་ཡིན་ཞེ་ན། སྨྲས་པ། ཐམས་ཅད་དོ། །དུ་ཞིག་སྦྱོར་བའི་ལམ་ཡིན་ཞེ་ན། སྨྲས་པ་གཅིག་སྟེ། དགུ་སོགས་དུ་ཞིག་སྒྲིབ་པ་རྣམ་པར་དག་པའི་ལམ་ཡིན་ཞེ་ན། སྨྲས་པ་
གཅིག་སྟེ། བཅུ་པའོ་ཞེས་བསྟན་པ་ལྟ་བུའོ། །ཆོས་སྤྱོད་པ་རྣམ་པ་བཅུ་པོ་འདི་དག་ནི་སྔར་གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། དེ་ལ་མོས་པའི་བཟོད་པ་ཤིན་དུ་བསྒོམས་པའི་ཕྱིར་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། བྱང་ཆུབ་
སེམས་དཔའ་སྔར་མོས་པས་སྤྱོད་པའི་ས་ལ་ཆོས་སྤྱོད་པ་རྣམ་པ་བཅུ་ལ་བརྟེན་ནས་སྨོན་ལམ་དང་། བཟོད་པ་བསྒོམས་པ་མངོན་པར་འགྲུབ་པར་འགྱུར་ལ། སྨོན་ལམ་དང་བཟོད་པ་མངོན་པར་གྲུབ་པས་མོས་པས་སྤྱོད་པའི་ས་ལས་ཡང་དག་པར་འདས་ནས་ཡང་དག་པ་

ཉིད་ཀྱི་གནས་སྐབས་ལ་འཇུག་པར་འགྱུར་རོ། །དེ་ལ་སྨོན་ལམ་ནི་སྨོན་ལམ་རྒྱ་ཆེན་པོ་བཅུའོ། །བཟོད་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་ཞེས་འབྱུང་ངོ་། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། ས་དང་པོ་ལ་མི་སྐྱེ་བའི་སྨོན་ལམ་དང་བཟོད་པ་དང་། སྨོན་ལམ་
ཆེན་པོ་བཅུ་མངོན་པར་འགྲུབ་པར་འགྱུར་རོ་ཞེས་བཤད་དེ། བཤད་པ་འདི་དང་སྦྱར་ན་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། སྤྱོད་པ་མཆོག་ཅེས་བྱ་བ་བསྟན་པ་འདི་ས་དང་པོའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །འདིར་མདོ་
འདིའི་དགོངས་པ་བརྟགས་ན་དགེ་བའི་རྩ་བ་བཞི་པོ་དག་ལ་སྤྱིར་བཟོད་པ་ཞེས་སྟོན་པར་མཛད་དོ། །ཡང་ན་ལྷག་པའི་བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་ལ་མོས་པའི་བཟོད་པ་ཞེས་བྱའོ་ཞེས་བསྟན་ཏོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་
ལས་ནི། མོས་པས་སྤྱོད་པའི་ས་ལ་བྱང་ཆུབ་སེམས་དཔའི་ཆོས་སྤྱོད་པ་རྣམ་པ་བཅུ་ཡོད་པས། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་བཟོད་པ་ཤིན་དུ་སྒོམ་པར་བྱེད་དོ་ཞེས་གསུངས་སོ། །ས་དེ་ལས་ཡང་དག་པར་འདས་ནས་བྱང་ཆུབ་སེམས་དཔའི་ཡང་དག་པ་ཉིད་སྐྱོན་
མེད་པར་འཇུག་གོ། །བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་ནི་གཉིས་པ་རང་གི་ཡན་ལག་ཡོངས་སུ་རྫོགས་པ་སྟོན་ཏོ། །འདི་ལྟར་ས་དང་པོ་དག་སྔ་མའི་སྦྱོར་བའི་སའི་ཆོས་སྤྱོད་པ་རྣམ་པ་བཅུ་ལ་སོགས་པའི་རྒྱུ་དང་
རྐྱེན་གྱི་སྟོབས་ཀྱིས་སྦྱོར་བ་ལས་ཡང་དག་པར་འདས་ནས་ས་དང་པོའི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་སྟེ། རྒྱུ་དང་རྐྱེན་དེས་ན་ཡན་ལག་དེ་ཡོངས་སུ་རྫོགས་པར་འགྱུར་བའོ། །དེ་ལ་ཡང་དག་པ་ཉིད་ཅེས་བྱ་བ་ནི་ཟག་པ་མེད་པའི་འཕགས་པའི་ལམ་སྟེ། ལོག་པ་ལས་
བཟློག་པའི་ཕྱིར་ཡང་དག་པ་ཉིད་ཅེས་བྱའོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པས་སེམས་ཅན་ལ་གནོད་པ་ནི་ཟས་མ་ཚོས་པ་དང་འདྲ་བས་ན་སྐྱོན་ཞེས་བྱའོ། །ཟག་པ་མེད་པའི་འཕགས་པའི་ལམ་གྱིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བའི་ཕྱིར་ཡང་དག་པ་

ཉིད་སྐྱོན་མེད་པ་ཞེས་བྱ་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་གོང་དུ་རྣལ་འབྱོར་རྣམ་པར་འབྱེད་པའི་ལེའུ་ལས་བཤད་པའི་སྐབས་སུ་བསྟན་པ་བཞིན་དུ་རིག་པར་བྱའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་མོས་པས་སྤྱོད་པའི་ས་དེ་ལས་ཡང་དག་
པར་འདས་ནས་ཏིང་ངེ་འཛིན་གྱི་ཕུང་པོ་རྒྱུད་ལ་ཡོད་པའི་འཇུག་གོ་ཞེས་གསུངས་སོ། །ཚིག་ཐ་དད་ཀྱང་དོན་མི་མཐུན་པ་མེད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལ་བརྟེན་ནས་ཡང་དག་པ་ཉིད་སྐྱོན་མེད་པ་ཞེས་བྱ་བ་ལ་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་
རེ་དམིགས་སུ་ཡོད་པ་གང་ཡིན་པ་དེ་ནི་སྐྱོན་ཞེས་བྱའོ། །དམིགས་སུ་མེད་པའི་ཤེས་རབ་གང་ཡིན་པ་དེ་ནི་ཡང་དག་པ་ཉིད་སྐྱོན་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་མདོ་དེ་ཉིད་ལས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
བྱང་ཆུབ་སེམས་དཔའ་ཡང་དག་པ་ཉིད་སྐྱོན་མ་མཆིས་པ་ལ་ཞུགས་པ་ཐོབ་པའི་སྐྱོན་ནི་གང་ལགས། །སྐྱོན་དང་བྲལ་བ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཇི་ཙམ་དུ་དམིགས་པ་དང་བཅས་པ་གང་ཡིན་
པ་དེ་ཐམས་ཅད་ནི་སྐྱོན་ཞེས་བྱའོ། །ཐམས་ཅད་དུ་དམིགས་སུ་མེད་པ་གང་ཡིན་པ་དེ་ནི་ཡོན་ཏན་ཞེས་བྱའོ་ཞེས་གསུངས་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་དུ་ཞེའོ། །ཁ་ཅིག་ན་རེ་ཆོས་ལ་སྲེད་པའི་རྗེས་སུ་འབྲང་བ་ནི་སྐྱོན་ཞེས་བྱ་སྟེ། དཔེར་ན་ཟས་གཡོས་སུ་མ་བྱས་
པས་ནད་སློང་བ་ལྟ་བུའོ། །སྟོང་པ་ཉིད་ཁོང་དུ་ཆུད་པའི་ཤེས་པས་སྐྱོན་དེ་ཉེ་བར་ཞི་བར་བྱེད་པས་དེའི་ཕྱིར་ཡང་དག་པ་ཉིད་སྐྱོན་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དང་མི་ལྡན་པས་ཕ་
རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ནི་ཐེག་པ་གཉིས་ཀྱི་སར་ལྟུང་བར་འགྱུར་བས་བྱང་ཆུབ་སེམས་དཔའི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་སྨྲས་པ། ཆོས་གང་ནི་སྐྱོན་ཞེས་བྱ་ཞེ་ན། རབ་འབྱོར་གྱིས་

སྨྲས་པ། དེ་ལ་སྐྱོན་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཆོས་ལ་སྲེད་པའི་རྗེས་སུ་འབྲང་བ་གང་ཡིན་པའོ། །ཆོས་ལ་སྲེད་པ་དེ་ཉིད་ནི་སྐྱོན་ཞེས་བྱ་སྟེ། དཔེར་ན་ཟས་མ་ཚོས་པས་ནད་རྣམས་སློང་བ་དང་འདྲའོ། །དེ་ཡོངས་སུ་བསལ་བའི་ཕྱིར་སྐྱོན་མེད་པ་ཞེས་བྱའོ་ཞེས་གསུངས་
ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ་ཞེའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བམ་པོ་སུམ་ཅུ་དྲུག་པ་དང་། བཞི་བརྒྱ་བརྒྱད་པ་དང་། ལེའུ་ཆེན་པོའི་མདོ་ལས་བཤད་པ་ཕྱི་མ་དང་མཐུན་པར་སྟོན་ཏོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་འཕགས་པ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ཀྱང་ལང་གི་ཚེ་བསྒྱུར་བ་ལས་བསྟན་པ་དང་སྦྱར་ཏེ། མདོའི་ཚིག་འདི་བཤད་པ་ན། དེ་ལས་སྒྲིབ་པ་གསུམ་སྤངས་ནས་ཡན་ལག་བཅུའི་ཡོན་ཏན་ཐོབ་པའི་རྒྱུ་དང་རྐྱེན་དེའི་སྟོབས་
ཀྱིས་ས་དང་པོ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བཤད་དེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། ས་རྣམས་སོ་སོ་ནས་སྒྲིབ་པ་གསུམ་སྤངས་ནས། སོ་སོ་ནས་ཡོན་ཏན་ཁྱད་པར་དུ་འཕགས་པ་འཐོབ་པར་འགྱུར་རོ། །དེ་ལ་ས་དང་པོ་པས་སྤོང་བར་བྱེད་པའི་སྒྲིབ་པ་གསུམ་ནི་ཆོས་
དང་བདག་ཏུ་རྣམ་པར་རྟོག་པའི་མ་རིག་པ་དང་ངན་སོང་བའི་ལས་ཀྱི་མ་རིག་པའོ། །མ་རིག་པ་ནི་འདི་གཉིས་ཀྱི་སྦྱོར་བ་ལས་མངོན་པར་གྲུབ་པའི་འཁོར་བ་གང་ཡིན་པ་དེ་ནི་གནས་ངན་ལན་རྣམ་པར་སྨིན་པ་ཞེས་པའོ། །སྒྲིབ་པ་གསུམ་པོ་དག་སྤང་པའི་ཕྱིར་བརྩོན་འགྲུས་རྩོམ་པར་བྱེད་དོ། །
སྒྲིབ་པ་གསུམ་པོ་སྤངས་ནས་ཡན་ལག་བཅུ་གཅིག་ཡོངས་སུ་རྫོགས་པ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཡང་དག་པའི་ཏིང་ངེ་འཛིན་གྱི་གནས་སྐབས་ལ་འཇུག་པར་འགྱུར་བ་ཡིན་ཏེ། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན། ཆོ་རིགས་སྨད་པ་
མེད་པ་ཡིན། འཇིག་རྟེན་པའི་ཆོས་སྤྱོད་པ་ཐམས་ཅད་ལས་བཟློག་པ་ཡིན་ཏེ། ངེས་པར་སྲོག་གཅོད་པ་ལ་སོགས་པ་ལོག་པར་སྤྱོད་པ་མི་བྱེད་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་སྤྱོད་པ་ལས་ཡང་དག་པར་འདས་པ་ཡིན་ཏེ། གཞན་གྱི་སེམས་ཤེས་པ་ཐོབ་པ་ལ་

ཟླ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་ཆོས་ཀྱི་དེ་བཞིན་ཉིད་ཐོབ་པ་ཡིན་ཏེ། བདག་དང་གཞན་ལ་མཉམ་པ་ཉིད་ཐོབ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་གནས་ལ་ལེགས་པར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་དེ་ཁོ་ན་ཉིད་ཀྱི་ཆོས་ཐོབ་པའི་
ཕྱིར་རོ། །དུས་གསུམ་ལས་འདས་ཤིང་མཉམ་པ་ཉིད་དུ་གྱུར་པ་ཡིན་ཏེ། ཆོས་བདག་མེད་པའི་དེ་བཞིན་ཉིད་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པའི་ཕྱིར་རོ། །ངེས་པར་དེ་བཞིན་གཤེགས་པའི་རིགས་ལ་གནས་པ་ཡིན་ཏེ། མ་འོངས་པ་ན་གདོན་མི་ཟ་བར་མངོན་པར་འཚང་རྒྱ་
བར་འགྱུར་བའི་ཕྱིར་རོ། །སྒོ་ངའི་དངོས་པོ་སྤངས་པ་དང་འཇིག་པ་ཡིན་ཏེ། སངས་རྒྱས་ལམ་གྱི་བསྟན་པ་མ་རིག་པའི་སྒོ་ངའི་སྦུབས་བཅོམ་ནས། དེ་ལས་ཕྱི་རོལ་དུ་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ས་དང་པོ་ལ་ཆོས་ཀྱི་དབྱིངས་ཀུན་དུ་ཁྱབ་
པའི་དོན་མཐོང་བས། ཡན་ལག་བཅུ་པོ་འདི་དག་འཐོབ་པར་འགྱུར་ལ། ཡན་ལག་དེ་འཐོབ་པའི་ཕྱིར་ས་དང་པོ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བཤད་དོ། །དེ་ལ་ས་བཅུ་གཅིག་པས་སྒྲིབ་པ་གསུམ་སྤང་བར་བྱ་བ་གང་ཡིན་པ་དེ་ནི་མདོ་ལས་མ་རིག་པ་ཉི་ཤུ་རྩ་གཉིས་ཞེས་གསུངས་
པ་ཉིད་དོ། །གནས་ངན་ལེན་བཅུ་གཅིག་ནི་འོག་ནས་རྒྱ་ཆེར་སྟོན་ཏོ། །ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་དུ་འབྱུང་བ་དག་ཤེས་བཞིན་དུ་སྤྱོད་པར་མི་ནུས་པས་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཡན་ལག་གཉིས་པས་དྲི་མ་མེད་པ་བསྡུས་
པར་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། སྔ་མ་ལ་ཕྱི་མའི་སྤྱོད་པ་ཡོངས་སུ་རྫོགས་པར་བརྩོན་པ་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཡན་ལག་དང་པོའི་ཚེ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པའི་ཉེས་པ་དང་བཅས་པའི་ཕྱིར་འཁྲུལ་པའི་ཉེས་པ་ཡོངས་སུ་བསལ་བར་མི་ནུས་པས་
ན་རྒྱུ་དང་རྐྱེན་དེས་ཡོངས་སུ་རྫོགས་པར་མི་འགྱུར་རོ། །ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་དེ་བསྒོམས་པས་དེ་ཡང་འཐོབ་བོ། །བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་ནི། གཉིས་པ་རང་གི་ཡན་ལག་ནན་ཏན་གྱིས་

ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བརྩོན་པར་བསྟན་པའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་ནང་ནས་གནས་པའི་ལེའུ་ལས། དེ་ལྟར་གནས་པ་བཅུ་པོ་དག་བདག་ཉིད་བཅུ་པོ་དེ་དག་བདག་ཉིད་ཆེ་བའི་ཕྱིར་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་
ལྷག་པའི་ཚུལ་ཁྲིམས་ཀྱི་གནས་པ་ཉིད་ལ་འཇུག་ཅིང་གནོན་ཏོ། །གནས་དེ་ལ་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པས་ལོག་པའི་ལམ་དུ་གཏོགས་པའི་འཆལ་བའི་ཚུལ་ཁྲིམས་ཆུང་ངུ་ཡང་ཀུན་དུ་མི་སྤྱོད་ན། འབྲིང་ངམ་ཆེན་པོ་ལྟ་ཅི་སྨོས་ཞེས་འབྱུང་བ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་
བསྟན་པ་བཞིན་ནོ། །རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་ནི། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ནུས་པ་ཁྱད་པར་དུ་འཕགས་པ་དང་མི་ལྡན་པས་བྱང་ཆུབ་སེམས་དཔའ་
ཚུལ་ཁྲིམས་ལས་འཆལ་བའི་ཚུལ་ཁྲིམས་ཀྱི་ཉེས་པ་ཕྲ་མོའི་འཁྲུལ་པ་ཀུན་དུ་སྤྱོད་པ་མི་རྟོགས་སོ། །དེ་ལྟར་མི་ནུས་པ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་ཏེ། ལྟུང་བ་ཕྲ་མོའི་ཉེས་པའི་མ་རིག་པ་དང་། ལས་ཀྱི་རྣམ་པ་སྣ་ཚོགས་པའི་མ་རིག་པའོ། །མ་རིག་པ་འདི་ཉིད་ཀྱི་སྦྱོར་བ་ལས་མངོན་
པར་གྲུབ་པའི་འཁོར་བ་གང་ཡིན་པ་དེ་ནི་གནས་ངན་ལེན་རྣམ་པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་གསུམ་པོ་དག་སྤང་བའི་ཕྱིར་ཡང་དག་པར་བརྩོན་པར་བྱེད་དོ། སྒྲིབ་པ་གསུམ་པོ་དག་སྤངས་ནས་ས་གཉིས་པ་ལ་འཇུག་ཅིང་ཡོན་ཏན་རྣམ་པར་དག་པ་བརྒྱད་འཐོབ་པར་འགྱུར་ཏེ། བསམ་པ་རྣམ་པར་
དག་པ་དང་། བྱམས་པ་དང་སྙིང་རྗེ་རྣམ་པར་དག་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། སངས་རྒྱས་ཀྱི་མཛད་པ་མཛད་པ་མཐོང་བ་རྣམ་པར་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དག་པ་དང་། མཐུ་དང་ཡོན་ཏན་རྣམ་པར་དག་པའོ། ས་གོང་མ་གོང་མ་ནས་
སངས་རྒྱས་ཀྱི་སའི་བར་དག་ནི་ཡོན་ཏན་བརྒྱད་པོ་འདི་དག་ཆེས་མཆོག་དང་། ཁྱད་པར་དུ་འཕགས་པར་རིག་པར་བྱ་སྟེ། ཡན་ལག་དེས་ན་ས་གཉིས་པ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་འབྱུང་སྟེ། རྣམ་པར་དག་པ་བརྒྱད་ནི་འོག་ནས་ཕྱིས་སྟོན་ཏོ།། །།བམ་པོ་ལྔ་

བཅུ་གསུམ་པ། འཇིག་རྟེན་པའི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཡོངས་སུ་རྫོགས་པ་དང་། ཐོས་པའི་གཟུངས་ཡོངས་སུ་རྫོགས་པ་ཐོབ་པར་མི་ནུས་པས། རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་
གསུམ་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ས་གསུམ་པ་ཕྱི་མའི་སྤྱོད་པ་ཡོངས་སུ་མ་རྫོགས་པར་བསྟན་པ་དང་། རང་གི་ཡན་ལག་ཡོངས་སུ་རྫོགས་པ་ཐོབ་པར་མི་ནུས་པས་སོ། །དེ་ལ་ཏིང་ངེ་འཛིན་ཞེས་བྱ་བ་ནི་བྱིང་རྒོད་དང་བྲལ་བའི་ཕྱིར་ཏིང་ངེ་འཛིན་ཞེས་བྱའོ། །གཞན་
ཡང་རྩེ་གཅིག་པ་ཉིད་དུ་གྱུར་པའི་ཏིང་ངེ་འཛིན་ཞེས་བྱའོ། །སྙོམས་པར་འཇུག་པ་ཞེས་བྱ་བ་ལ་ནི་བྱིང་རྒོད་དང་བྲལ་བའི་མཐར་ཐུག་པའི་ཕྱིར་ཏེ། འདི་ལྟར་རབ་ཏུ་ཞི་ཞིང་དབེན་པའི་མཐའི་གནས་ཡིན་པའི་ཕྱིར་སྙོམས་པར་འཇུག་པ་ཞེས་བྱའོ། །རྣམ་པ་གཉིས་པོ་འདི་དག་ནི་ཟག་པ་
དང་བཅས་པའི་ཕྱིར་དང་འཇུག་པར་འགྱུར་བའི་ཕྱིར་འཇིག་རྟེན་པ་ཞེས་བྱའོ། །ཏིང་ངེ་འཛིན་དེ་དག་གི་མིང་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་འགྲེལ་པ་དང་སྦྱར་ན་མིང་ཡང་རྣམ་པ་གསུམ་ཡོད་དེ། འདི་ལྟ་སྟེ། མཉམ་པར་གཞག་པ་དང་། ཏིང་ངེ་འཛིན་དང་
སྙོམས་པར་འཇུག་པ་སྟེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་མཉམ་པར་གཞག་པའི་ས་ཞེས་བྱ་བ་ནི། འདི་ལྟ་སྟེ། ཏིང་ངེ་འཛིན་གྱི་མཆོག་བྱིང་རྒོད་དང་བྲལ་བས་མཉམ་པ་ཉིད་དུ་གྱུར་པའམ། མཉམ་པ་ཉིད་དུ་འདྲེས་པའམ། མཉམ་པ་ཉིད་ཀྱིས་བསྐྱེད་པའི་ཕྱིར་མཉམ་
པར་གཞག་པའི་ས་ཞེས་བྱའོ། །ཁ་ཅིག་ན་རེ་མིང་འདི་ནི་སེམས་དང་བཅས་པའི་ཏིང་ངེ་འཛིན་ཐམས་ཅད་བསྡུས་པ་ཡིན་ཏེ། ཐམས་ཅད་ཀྱང་མཉམ་པ་ཉིད་དུ་གྱུར་ཅིང་། ཡོན་ཏན་རྣམས་འདྲེས་པའི་ཕྱིར་རོ། །སེམས་མེད་པ་དག་ནི་མི་བསྡུ་སྟེ། འདི་ལྟར་ཚིགས་སུ་བཅད་པ་སྔ་
མ་ལས་ཏིང་ངེ་འཛིན་དང་ལྷན་ཅིག་པའི་ཕྱིར་རོ་ཞེས་བསྟན་པས་སོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི་ཡུལ་སོ་སོར་ངེས་པ་ལས་སེམས་ལས་བྱུང་བའི་ཆོས་ཀྱི་གྲངས་གཅིག་ཡིན་པའི་ཕྱིར་དང་། སེམས་མེད་པའི་ཏིང་ངེ་འཛིན་གྱིས་ཡོན་ཏན་རྣམས་འདྲེན་པར་མི་ནུས་པའི་ཕྱིར་མཉམ་པར་གཞག་

པའི་ས་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་མཉམ་པར་གཞག་པའི་ས་ཞེས་བྱ་ཞེ་ན། མཉམ་པར་གཞག་པའི་ས་ནི་མདོར་བསྡུ་ན་རྣམ་པ་བཞི་ཡོད་པས། འདི་ལྟ་སྟེ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའོ། །དེ་ལ་བསམ་
གཏན་བཞི་ཞེས་བྱ་བ་ནི་འདི་ལྟ་སྟེ། བསམ་གཏན་བཞི་པ་དག་གོ། །རྣམ་པར་ཐར་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། རྣམ་པར་ཐར་པ་བརྒྱད་པོ་དག་གོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། མཚན་མ་མེད་
པའི་ཏིང་ངེ་འཛིན་ཏོ། །སྙོམས་པར་འཇུག་པ་ནི་མཐོང་བ་ལྔའི་སྙོམས་པར་འཇུག་པའོ། །དེ་ལ་མཐོང་བ་ལྔའི་སྙོམས་པར་འཇུག་པ་ནི་ནང་གི་ལུས་ཀྱི་མི་སྡུག་པ་ལ་སོ་སོར་རྟོག་པ་དང་། ཀེང་རུས་ལ་རྣམ་པར་ཤེས་པ་དེར་རྒྱུ་བར་བྱེད་དོ་ཞེས་སོ་སོར་རྟོག་པ་དང་། ཀེང་རུས་ལ་རྣམ་པར་ཤེས་པ་
དེར་འདྲ་བ་དང་། མ་འོངས་པ་ན་གནས་སོ་ཞེས་སོ་སོར་རྟོག་པ་དང་། ཀེང་རུས་ལ་རྣམ་པར་ཤེས་པ་དེར་རྒྱུ་བར་བྱེད་ཀྱང་ད་ལྟར་གྱི་ལ་མི་གནས་ཀྱི་མ་འོངས་པ་ལ་གནས་པ་ཁོ་ནའོ་ཞེས་བྱ་བ་སོ་སོར་རྟོག་པ་དང་། ཀེང་རུས་ལ་རྣམ་པར་ཤེས་པ་དེར་རྒྱུ་བར་བྱེད་ཀྱང་ད་ལྟར་དང་། མ་འོངས་
པ་ལ་མི་གནས་པའོ་ཞེས་སོ་སོར་རྟོག་པ་སྟེ། རྒྱ་ཆེར་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཀྱི་སྙོམས་པར་འཇུག་པ་དང་། ཟད་པར་གྱི་སྐྱེ་མཆེད་བཅུའི་སྙོམས་
པར་འཇུག་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པའོ་ཞེས་འབྱུང་བས་འདི་ལ་ཉེས་པ་མེད་དོ། །སེམས་མེད་པའི་སྙོམས་པར་འཇུག་པ་ནི་མཉམ་པར་གཞག་པའི་སྐྱོན་ཡིན་པའི་
ཕྱིར། དེ་ཡང་དག་པར་མཉམ་པར་གཞག་པ་མ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་མིང་འདི་ནི་སེམས་དང་བཅས་པའི་གནས་སྐབས་དང་། སེམས་མེད་པའི་གནས་སྐབས་ལ་ཡོད་པའི་ཏིང་ངེ་འཛིན་གྱི་བདག་ཉིད་དེ། སེམས་དང་བཅས་པའི་མཉམ་པ་ཉིད་དུ་གྱུར་པ་གང་ཡིན་པ་དེ་ནི།

ཡོན་ཏན་རྣམས་འདྲེན་པའི་ཕྱིར་དང་། མཉམ་པ་ཉིད་ཀྱི་དབང་པོ་འདྲེན་པར་ཡང་ཕལ་ཆེར་མཚུངས་པའི་ཕྱིར་དང་། བྱིང་རྒོད་དང་བྲལ་བའི་ཕྱིར་དང་། འགྱོད་པ་མེད་པ་ལ་སོགས་པའི་མཉམ་པ་ཉིད་ཀྱི་སྦྱོར་བ་ཡང་རབ་ཏུ་འདྲེན་པའི་ཕྱིར་མཉམ་པར་གཞག་པ་ཞེས་
བྱའོ། །སེམས་མེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཡོན་ཏན་ཁྱད་པར་དུ་འཕགས་པ་འདྲེན་པར་མི་ནུས་མོད་ཀྱི། མཉམ་པ་ཉིད་ཀྱི་དབང་པོ་འདྲེན་པར་ཕལ་ཆེར་མཚུངས་པའི་ཕྱིར་དང་། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་བསྐྱེད་པའི་ཕྱིར། དེ་ལ་ཡང་མཉམ་པར་གཞག་པ་ཞེས་
བྱའོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་ཚིགས་སུ་བཅད་པ་སྔ་མ་ལས་ཏིང་ངེ་འཛིན་དང་ལྷན་ཅིག་ཅེས་བཤད་ཀྱང་ཉེས་པ་མེད་ཅེ་ན། ཚིགས་སུ་བཅད་པ་ལས་ལྡན་པ་ཞེས་བྱ་བ་མི་མངོན་པར་བྱས་པས་དེ་དང་ལྷན་ཅིག་ཅེས་བྱ་བ་སྨོས་པ་ཡིན་ཏེ། ཡང་དག་པར་ན་མཉམ་པར་གཞག་པ་ནི་
ལྷན་ཅིག་པར་ཡང་མ་ཡིན་ལ། མཉམ་པར་གཞག་པའི་སེམས་མེད་གཏོགས་པར་བསྟན་པའི་ཕྱིར་རོ། །ཡང་དག་པའི་དོན་དུ་ན་མཉམ་པར་གཞག་པའི་སའི་མིང་ནི་ཀུན་དུ་བསྡུས་པར་གཏོགས་པ་ཡང་ཡོད། སྤངས་པ་མ་ཡིན་པ་ཡང་ཡོད་དེ། སེམས་ཡོད་པ་དང་མེད་པའི་
གནས་སྐབས་གཉི་ག་བསྡུས་པའི་ཕྱིར་ནི་ཀུན་བསྡུ་བར་གཏོགས་པ་ཞེས་བྱའོ། །གཞན་ཡང་འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་པར་འཇུག་པ་ཡང་མཉམ་པར་གཞག་པའི་སའི་བདག་ཉིད་ཡིན་པར་བསྟན་པའི་ཕྱིར་ཟག་པ་དང་བཅས་པའི་དང་། ཟག་པ་མེད་པའི་
ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པ་ལ་བྱའི། འདོད་པའི་ཁམས་ལ་སོགས་པ་རྣམ་པར་གཡེང་བའི་སེམས་ཐམས་ཅད་ལ་བྱ་བ་ནི་མ་ཡིན་པའི་ཕྱིར་སྤངས་པ་མ་ཡིན་པ་ཞེས་བྱའོ་ཞེའོ། །ཅིའི་ཕྱིར་བསམ་གཏན་ལ་སོགས་པ་ལ་མཉམ་པར་གཞག་པའི་ས་ཞེས་བྱ་བ་ལ། འདོད་
པའི་ཁམས་ཀྱི་སེམས་རྩེ་གཅིག་པ་ཉིད་ནི་མ་ཡིན་ཞེ་ན། ཏིང་ངེ་འཛིན་དེ་ནི་འགྱོད་པ་མེད་པ་དང་། མཆོག་ཏུ་དགའ་བ་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བདེ་བས་བསྒྲུབས་པ་ཡིན་ལ་འདོད་པ་ན་སྤྱོད་པ་ན་དེ་ལྟ་མ་ཡིན་ནོ་ཞེས་འབྱུང་སྟེ། འདི་དང་སྦྱར་ན་ཁམས་གོང་མའི་

སེམས་རྣམ་པར་གཡེང་བ་ཡང་མཉམ་པར་གཞག་པ་མ་ཡིན་ཏེ། འདོད་པའི་ཁམས་དང་མཚུངས་པའི་ཕྱིར་རོ། །དེ་ནས་ཕན་ཚུན་ལྟོས་པའི་མུ་བཞིར་འགྱུར་ཏེ། ཏིང་ངེ་འཛིན་དང་ལྷན་ཅིག་པ་ཡིན་ལ་མཉམ་པར་གཞག་པའི་སེམས་མ་ཡིན་པ་ཡང་ཡོད་དོ། །འདི་ལྟ་སྟེ། འདོད་པའི་
ཁམས་ལ་སོགས་པ་རྣམ་པར་གཡེང་བའི་སེམས་ཀྱི་གནས་སྐབས་སུ་ཏིང་ངེ་འཛིན་དང་ལྡན་པའི་སེམས་དང་། སེམས་ལས་བྱུང་བ་གང་ཡིན་པ་རྣམས་སོ། །མཉམ་པར་གཞག་པའི་ས་ཡིན་ལ་ཏིང་ངེ་འཛིན་དང་ལྷན་ཅིག་པ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། སྙོམས་པར་འཇུག་པའི་
གནས་སྐབས་སུ་ཏིང་ངེ་འཛིན་གྱི་བདག་ཉིད་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་གནས་སྐབས་ལ་ཡོད་པའི་ཆོས་རྣམས་གང་ཡིན་པའོ། །ཏིང་ངེ་འཛིན་དང་ལྷན་ཅིག་པ་ཡང་ཡིན་ལ། མཉམ་པར་གཞག་པའི་ས་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། བསམ་གཏན་
རྣམས་དང་གཟུགས་མེད་པའི་སེམས་ཡོད་པའི་ཏིང་ངེ་འཛིན་གྱི་གནས་སྐབས་ཀྱི་སེམས་དང་། སེམས་ལས་བྱུང་བ་ལ་སོགས་པ་གང་ཡིན་པ་སྟེ། ཏིང་ངེ་འཛིན་མ་གཏོགས་པའོ། །གཉི་ག་མ་ཡིན་པ་ཡང་ཡོད་དེ། གོང་དུ་བསྟན་པའི་གནས་སྐབས་ལ་མ་གཏོགས་པའི་ཆོས་
རྣམས་གང་ཡིན་པའོ། །གཞན་ཡང་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མཉམ་པར་གཞག་པ་ལ་ཡང་དོན་ཅི་ཡོད་ཅེ་ན། དེ་ལ་ཏིང་ངེ་འཛིན་ཞེས་བྱ་བ་ནི་སེམས་ལས་བྱུང་བའི་ཆོས་ཀྱི་ནང་ན་ཏིང་ངེ་འཛིན་ཞེས་བྱ་བ་ཆོས་གཅིག་གི་མིང་ཡིན་ཏེ། སེམས་ཡོད་པའི་
གནས་སྐབས་ཀྱི་སེམས་རྩེ་གཅིག་པ་ཉིད་ཐམས་ཅད་བསྡུས་ཤིང་། མཉམ་པར་གཞག་པ་དང་། རྣམ་པར་གཡོ་བའི་གནས་སྐབས་སུ་ཡང་གཏོགས་པ་ཡིན་ཡང་། མདོ་སྡེ་དང་བསྟན་བཅོས་དག་ལས་ནི་གཙོ་བོའི་དབང་དུ་མཛད་ནས་སྟོང་པ་དང་། སྨོན་པ་མེད་པ་ལ་
སོགས་པ་ལ་ཏིང་ངེ་འཛིན་ཞེས་བསྟན་ཏོ། །སྙོམས་པར་འཇུག་པའི་མིང་ནི་སེམས་ཡོད་པ་དང་། སེམས་མེད་པའི་ཏིང་ངེ་འཛིན་རྣམས་ཀྱི་གནས་སྐབས་ཐམས་ཅད་ལ་ཡོད་པའི་ཏིང་ངེ་འཛིན་གྱི་བདག་ཏུ་གཏོགས་པ་ཡིན་ཡང་མདོ་སྡེ་དང་བསྟན་བཅོས་དག་ལས་ནི་གཙོ་བོའི་

དབང་དུ་མཛད་ནས་མཐོང་བ་ལྔ་ལ་སོགས་པ་དང་ལྡན་པའི་ཏིང་ངེ་འཛིན་རྣམས་ལ་སྙོམས་པར་འཇུག་པ་ཞེས་བསྟན་ཏོ། །མཉམ་པར་གཞག་པའི་ས་ཞེས་བྱ་བའི་མིང་ནི་སེམས་ཡོད་པ་དང་། མེད་པའི་ཏིང་ངེ་འཛིན་གྱི་གནས་སྐབས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། ས་
འདིས་ཏིང་ངེ་འཛིན་གྱི་གནས་སྐབས་ཐམས་ཅད་ཡོན་ཏན་ཐམས་ཅད་བསྡུས་ཏེ་སྤྱི་ཡིན་པའི་ཕྱིར་གཅིག་པུས་སའི་མིང་ཐོབ་པ་ཡིན་ནོ། །མདོ་འདི་ཉིད་ལས་ནི་མདོར་བསྡུས་ནས་མིང་གཉིས་བསྟན་ཏེ། མཉམ་པར་གཞག་པ་དང་། རྣམ་པར་གཡེང་བ་དང་། སེམས་ཡོད་པ་དང་། སེམས་
མེད་པ་རྣམས་སྡུད་པའི་ཕྱིར་རོ། །དེ་ལ་གཟུངས་ཞེས་བྱ་བ་ནི་དྲན་པ་དང་། ཤེས་རབ་ཀྱི་བདག་ཉིད་དོ། །གཟུངས་དེ་ཡང་མདོར་བསྡུ་ན་རྣམ་པ་བཞི་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་དམ་པ་གང་ཞེ་ན། དེ་ནི་
མདོར་བསྡུ་ན་རྣམ་པ་བཞིར་བལྟ་བར་བྱ་སྟེ། ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་དང་། གསང་སྔགས་ཀྱི་གཟུངས་དང་། བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་བྱེད་པའི་གཟུངས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་ཀྱི་གཟུངས་གང་ཞེ་ན། འདི་ལྟ་སྟེ། དེ་ལ་བྱང་ཆུབ་
སེམས་དཔའ་ནི་གང་གིས་ཐོས་པ་ཙམ་ཁོ་ནས་གོམས་ཤིང་ཁ་དོན་བྱ་བར་མ་བྱས་པའི་མིང་དང་། ཚིག་དང་ཡི་གེར་གཏོགས་པའི་རིམ་བཞིན་དུ་བསྡེབས་ཤིང་རིམ་བཞིན་དུ་སྦྱར་བའི་ཡི་གེ་ཚད་མེད་པ་དག་ཏུ་ཚད་མེད་པར་འཛིན་པར་འགྱུར་བ་དེ་ལྟ་བུའི་དྲན་པ་དང་། ཤེས་རབ་
ཀྱི་བསྐྱེད་པ་ཐོབ་པར་འགྱུར་བ་དེ་ནི། བྱང་ཆུབ་སེམས་དཔའི་ཆོས་ཀྱི་གཟུངས་ཞེས་བྱའོ། །དེ་ལ་དོན་གྱི་གཟུངས་གང་ཞེ་ན། འདི་ལྟ་སྟེ། སྔ་མ་དང་དྲན་པ་ལས་དེའི་ཁྱད་པར་ནི་འདི་ཡིན་ནོ། །ཆོས་དེ་བདག་ཉིད་ཀྱི་དོན་ཚད་མེད་པ་དག་མ་གོམས་ཤིང་ཡིད་ཀྱི་བྱ་བར་མ་བྱས་པས་དུས་ཚད་
མེད་པ་དག་ཏུ་འཛིན་ཅིང་བརྗེད་པར་མི་འགྱུར་བ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་དོན་གྱི་གཟུངས་ཞེས་བྱའོ། དེ་ལ་བྱང་ཆུབ་སེམས་དཔའི་གསང་སྔགས་ཀྱི་གཟུངས་གང་ཞེ་ན། འདི་ལྟ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་གི་གསང་སྔགས་ཀྱི་གཞི་གང་དག་

སེམས་ཅན་རྣམས་ཡམས་ཀྱི་ནད་ཡང་དག་པར་ཞི་བར་བྱེད་པའི་ཕྱིར་བྱིན་གྱིས་རློབ་པར་བྱེད། ཡམས་ཀྱི་ནད་རྣམ་པ་དུ་མ་ཡང་དག་པར་ཞི་བར་བྱ་བ་ལ་དེ་དག་གྲུབ་ཅིང་མཆོག་ཏུ་གྲུབ་ལ། དོན་ཡོད་པ་དེ་ལྟ་བུའི་ཏིང་ངེ་འཛིན་གྱི་དབང་འཐོབ་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་
དཔའི་གསང་སྔགས་ཀྱི་གཟུངས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་བྱེད་པའི་གཟུངས་གང་ཞེ་ན། འདི་ལྟ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་རྒྱུ་ལ་ཤིན་ཏུ་སྤྱད་པ་ཤེས་རབ་དང་ལྡན་པ་དབེན་པ་ལ་གནས་
ཤིང་ཚིག་ཀྱང་མི་སྨྲ་ལ། སུ་དང་ཡང་མི་ཕུད་ཅིང་དེ་བཞིན་དུ་རན་པར་ཟ་བ་དང་། བབ་ཅོལ་དུ་མི་ཟ་བ་དང་། ཁ་ཟས་སྣ་གཅིག་ཟ་བ་དང་། སེམས་ལྷུར་བྱེད་པ་དང་། མཚན་མོ་ཡུན་ཐུང་ངུ་ཉལ་ཞིང་ཡུན་རིང་དུ་མི་ཉལ་བ་ནི། བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་བྱེད་པའི་
གསང་སྔགས་བཞི་གང་དག་དེ་བཞིན་གཤེགས་པས་གསུངས་པ་དེ་དག་སེམས་ཤིང་འཇལ་བ་ཉེ་བར་རྟོག་སྟེ་ཞེས་འབྱུང་བ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །ཞིབ་ཏུ་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ནི་འདི་སྐད་དུ། ཏིང་ངེ་འཛིན་དང་།
སྙོམས་པར་འཇུག་པ་ནི་བསྒོམས་པའི་ཤེས་རབ་ཀྱི་རྒྱུའོ། །གཟུངས་ནི་ཐོས་པ་དང་བསམས་པའི་ཤེས་རབ་ཀྱི་རྒྱུ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་སོགས་པའི་ཤེས་རབ་རྣམ་པ་གསུམ་བསྐྱེད་པའི་རྒྱུ་ཐོབ་པས། རྒྱུ་དང་རྐྱེན་དེས་ལྷག་
པའི་སེམས་ཀྱི་ཡན་ལག་དེ་ཡོངས་སུ་རྫོགས་པར་གྱུར་པར་སྟོན་ཏོ་ཞེས་བསྟན་པར་འགྱུར་རོ། །ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་དེ་བསྒོམས་པས་དེ་ཡང་འཐོབ་པོ། །བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་ནི་
གཉིས་པ་རང་གི་ཡན་ལག་འབད་དེ་བསྒོམས་པས་ཡོངས་སུ་རྫོགས་པར་འགྱུར་བ་སྟོན་ཏོ། །འདི་ལྟར་ས་གསུམ་པས་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། གཟུངས་ཐོབ་པའི་རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་ཡན་ལག་དེ་ཡོངས་སུ་རྫོགས་པར་འགྱུར་བའོ། །བསྟན་བཅོས་

ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་བ་ལང་གི་ཚེ་བསྒྱུར་བ་ལས། བྱང་ཆུབ་སེམས་དཔའ་ས་གཉིས་པ་ལ་ནུས་པ་ཁྱད་པར་ཅན་དང་མི་ལྡན་པས། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། ཐོས་པའི་གཟུངས་དྲན་པའི་སྟོབས་
དང་ལྡན་པར་མི་འགྱུར་རོ། །དེ་ལྟར་འཐོབ་པར་མི་འགྱུར་བ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་ཏེ། འདོད་པ་ལ་སྲེད་པའི་མ་རིག་པ་དང་། ཐོས་པ་དང་གཟུངས་དང་ལྡན་པའི་མ་རིག་པའོ། །མ་རིག་པ་འདི་ཉིད་ཀྱི་སྦྱོར་བ་ལས་མངོན་པར་འགྲུབ་པའི་འཁོར་བ་གང་ཡིན་པ་དེ་ནི་གནས་
ངན་ལེན་རྣམ་པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་གསུམ་པོ་དེ་དག་སྤང་བའི་ཕྱིར་ཡང་དག་པར་རྩོལ་བའི་རྒྱུ་སྒྲུབ་པར་བྱེད་དོ། །ཡང་དག་པར་རྩོལ་བས་སྒྲིབ་པ་གསུམ་པོ་དག་སྤངས་ནས་ས་གསུམ་པོ་ལ་འཇུག་ཅིང་རྣམ་པར་དག་པ་ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་དང་།
སྙོམས་པར་འཇུག་པ་བཞི་ལ་སོགས་པ་ཡང་འཐོབ་ལ། ཆོས་ཀྱི་དབྱིངས་རྒྱུ་མཐུན་པའི་དོན་དུ་ཡང་རྟོགས་པར་འགྱུར་ཏེ། ཡན་ལག་དེས་ས་གསུམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་བཤད་དོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཇི་ལྟར་ཐོབ་པ་དག་ལ་ལན་མང་
དུ་བསྒོམས་ཤིང་གནས་པར་བྱ་བ་དང་། སྙོམས་པར་འཇུག་པ་ལ་སྲེད་པ་དང་། ཆོས་ལ་སྲེད་པ་ལས་སེམས་ལྷག་པར་བཏང་སྙོམས་སུ་འཇོག་མི་ནུས་པས། རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བཞི་པ་ཡན་ལག་བཞི་པས་ས་
བཞི་པ་འོད་འཕྲོ་བ་ཅན་སྡུད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ས་གསུམ་པ་ལ་ཕྱི་མའི་སྤྱོད་པ་ཡོངས་སུ་མ་རྫོགས་པར་བསྟན་པ་དང་། རང་གིས་འབད་དེ་བསྒོམས་པས་ཡོངས་སུ་མ་རྫོགས་པར་འགྱུར་བ་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་དེ་
རྐྱེན་རྣམ་པ་གཉིས་ཀྱི་ཕྱིར་ས་བཞི་པའི་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པར་མི་འགྱུར་ཏེ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཇི་ལྟར་ཐོས་པ་དག་ལ་ལན་མང་དུ་མི་གནས་པ་དང་། སྙོམས་པར་འཇུག་པ་ལ་སྲེད་པ་དང་། ཆོས་ལ་སྲེད་པ་ལས་ལྷག་པར་བཏང་སྙོམས་སུ་འཇོག་མི་

ནུས་པ་སྟེ། རྐྱེན་རྣམ་པ་དེ་གཉིས་ཀྱིས་ཡན་ལག་དེ་ཡོངས་སུ་རྫོགས་པར་མི་འགྱུར་བའོ། །ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་དེ་བསྒོམས་པས་དེ་ཡང་འཐོབ་པའོ། །བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་
བྱ་བ་ནི་གཉིས་པ་རང་གིས་འབད་དེ་བསྒོམས་པས་ཡོངས་སུ་རྫོགས་པར་འགྱུར་བ་སྟོན་ཏོ། །འདི་ཡང་ས་བཞི་པ་དག་གིས་བྱང་ཆུབ་ཀྱི་ཕྱོགས་ཐོབ་པ་དང་། སྙོམས་པར་འཇུག་པ་དང་། ཆོས་ལ་སྲེད་པ་རྣམ་པ་གཉིས་སྤངས་པའི་རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་ཡན་ལག་དེ་ཡོངས་སུ་
རྫོགས་པར་འགྱུར་བའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལང་གི་ཚེ་བསྒྱུར་བ་ལས། བྱང་ཆུབ་སེམས་དཔའ་ས་གསུམ་པ་ལ་ནུས་པ་ཁྱད་པར་ཅན་དང་མི་ལྡན་པས། ཇི་ལྟར་བདག་གིས་ཐོབ་པའི་བྱང་ཆུབ་ཀྱི་ཕྱོགས་ལ་ཡིད་བཞིན་དུ་གནས་པ་དང་། སྙོམས་པར་འཇུག་པ་
ལ་སྲེད་པ་དང་། ཆོས་ལ་སྲེད་པ་སྤངས་ནས་སེམས་ཡོངས་སུ་དག་པར་གནས་པར་མི་ནུས་སོ། །དེ་ལྟར་མི་ནུས་པ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་ཏེ། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་སྲེད་པའི་མ་རིག་པ་དང་། ཆོས་ལ་སྲེད་པའི་མ་རིག་པའོ། །མ་རིག་པ་འདི་
གཉིས་ཀྱི་སྦྱོར་བ་ལས་མངོན་པར་འགྲུབ་པའི་འཁོར་བ་གང་ཡིན་པ་དེ་ནི་གནས་ངན་ལེན་རྣམ་པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་དེ་དག་སྤང་བའི་ཕྱིར་ཡང་དག་པར་རྩོལ་བའི་རྒྱུ་སྒྲུབ་པར་བྱེད་དོ། །ཡང་དག་པར་རྩོལ་བས་སྒྲིབ་པ་གསུམ་པོ་སྤངས་ནས་ས་བཞི་པ་ལ་འཇུག་ཅིང་རྣམ་པར་
དག་པ་ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ཡུན་རིང་དུ་གནས་པ་ལ་སོགས་པ་ཡང་འཐོབ་ལ། ཆོས་ཀྱི་དབྱིངས་གཟུང་བ་མེད་པའི་དོན་དུ་ཡང་རྟོགས་པར་འགྱུར་ཏེ། ཡན་ལག་དེས་ས་བཞི་པ་ཡང་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་
ཞེས་བཤད་དོ། །བདེན་པ་རྣམས་ཀྱི་རིགས་པ་ལ་རྣམ་པར་དཔྱད་པར་མི་ནུས་པ་དང་། གཞན་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་མི་ཕྱོགས་པ་དང་། མངོན་དུ་ཕྱོགས་པ་ཉིད་ཡིན་ལ་བྱེད་པ་ལ་ལྷག་པར་བཏང་སྙོམས་སུ་བཞག་པར་མི་ནུས་པ་དང་།

གཞན་ཡང་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམ་པར་མི་ནུས་པས་རྒྱུ་དང་རྐྱེན་དེས་ཡན་ལག་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ལྔ་པ་ཡན་ལག་ལྔ་པས་ས་ཤིན་ཏུ་སྦྱང་དཀའ་བ་བསྡུས་པར་སྟོན་ཏོ། །འདི་
ཡང་རྣམ་པ་གཉིས་ཏེ། ས་བཞི་པ་ལ་ཕྱི་མའི་སྤྱོད་པ་ཡོངས་སུ་མ་རྫོགས་པར་བསྟན་པ་དང་། རང་གི་ས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བསྒྲུབ་པར་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་ས་བཞི་པས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐོབ་པར་གྱུར་ཀྱང་། རྐྱེན་རྣམ་པ་
གསུམ་གྱི་ཕྱིར་ས་ལྔ་པ་འཐོབ་པར་མི་འགྱུར་ཏེ། ས་དང་པོ་ནི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པར་གྱུར་ཀྱང་བདེན་པ་རྣམས་ཀྱི་རིགས་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དཔྱད་པར་མི་ནུས་པའོ། །དེ་ལ་བདེན་པ་རྣམས་ཞེས་བྱ་བ་ནི། འཕགས་པ་ས་བཅུ་པའི་མདོ་
ལས། འཕགས་པ་བདེན་པ་རྣམ་པ་བཞི་དང་། བདེན་པ་རྣམ་པ་གཉིས་ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་བསྟན་པ་ལྟ་བུ་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཉིས་པ་ནི་འཁོར་བ་ལ་གཅིག་ཏུ་རྒྱབ་ཀྱིས་ཕྱོགས་ཤིང་། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ་ཉིད་ཀྱི་
ཡིད་ལ་བྱེད་པ་རྣམ་པ་གཉིས་ལྷག་པར་བཏང་སྙོམས་སུ་གཞག་པར་མི་ནུས་པ་སྟེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ། འཁོར་བ་དང་མྱ་ངན་ལས་འདས་པ་བྱེ་བྲག་མེད་པའི་ལམ་མ་ཐོབ་པའི་ཕྱིར་རོ་ཞེས་པ་བསྟན་པ་ལྟ་བུའོ། །གསུམ་པ་ནི་ཐབས་ཀྱིས་ཟིན་
པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམ་པར་མི་ནུས་པའོ། །ས་བཞི་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཐོབ་ཟིན་པ་ཡིན་ན། ཅིའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒོམ་པར་མི་ནུས་ཤེ་ན། སྨྲས་པ། བྱང་ཆུབ་ཀྱི་ཆོས་ནི་རྣམ་པ་གཉིས་ཏེ། དང་པོ་ནི་བྱང་ཆུབ་ཀྱི་
ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་སྟེ། སྔར་བཤད་པ་བཞིན་ནོ། །གཉིས་པ་ནི་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམ་པ་གསུམ་སྟེ། འཕགས་པ་ས་བཅུའི་མདོ་ལས། ས་ལྔ་པའི་གནས་ནས་ཇི་སྐད་དུ། བསོད་ནམས་ཉེ་བར་རྩོམ་པས་ངོམས་མི་ཤེས་པ་ཡིན། ཡེ་

ཤེས་ཀྱི་ཡོངས་སུ་ཚོལ་བས་བརྩོན་འགྲུས་རྒྱུན་མི་འཆད་པ་ཡིན། བྱམས་པ་དང་སྙིང་རྗེ་ཆེན་པོའི་ཚོགས་ཡང་དག་པར་སྐྱོ་བ་མེད་པའི་བསམ་པ་དང་ལྡན་པ་ཡིན་ཞེས་གསུངས་པ་ལྟ་བུ་སྟེ། དེའི་ཕྱིར་སྔ་ཕྱིར་བཤད་པ་ལ་ཕན་ཚུན་འགལ་བ་མེད་དོ། །རྐྱེན་རྣམ་པ་གསུམ་པོ་དེས་ན།
ཡན་ལག་དེ་ཡོངས་སུ་རྫོགས་པར་མི་འགྱུར་བའོ། །ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་དེ་བསྒོམས་པས་དེ་ཡང་འཐོབ་བོ། །བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་ནི་གཉིས་པ་རང་གིས་ཡོངས་སུ་
རྫོགས་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པར་སྟོན་ཏོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ས་ལྔ་པོ་དེ་གོང་དུ་བསྟན་པའི་སྐྱེ་བ་རྣམ་པ་གསུམ་གྱི་སྟོབས་ཀྱིས་ཡན་ལག་དེ་ཡོངས་སུ་རྫོགས་པར་འགྱུར་བའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལང་གི་ཚེ་བསྒྱུར་བ་ལས། བྱང་ཆུབ་
སེམས་དཔའི་ས་བཞི་པ་ལས་ནི་ནུས་པ་ཁྱད་པར་ཅན་བདེན་པ་བཞི་བསྒོམ་པར་མི་ནུས་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པར་ལྟ་ཞིང་རྒྱབ་ཀྱིས་ཕྱོགས་ཤིང་མངོན་དུ་ཕྱོགས་པ་ཡོངས་སུ་མ་སྤངས་པ་དང་། སེམས་ཀྱི་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་
རྣམས་བསྒོམ་པར་མི་ནུས་ཏེ། དེ་ལྟར་མི་ནུས་པ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་རྒྱབ་ཀྱིས་ཕྱོགས་ཤིང་མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པའི་མ་རིག་པ་དང་། ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་མ་
རིག་པའོ། །མ་རིག་པ་འདི་གཉིས་ཀྱི་རྒྱུ་དང་རྐྱེན་ལས་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་གནས་ངན་ལེན་རྣམ་པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་གསུམ་པོ་དེ་དག་སྤང་བའི་ཕྱིར་ཡང་དག་པར་རྩོལ་བའི་རྒྱུ་མངོན་པར་སྒྲུབ་པར་བྱེད་དོ། །ཡང་དག་པར་རྩོལ་བས་སྒྲིབ་པ་དག་
སྤངས་ནས་ས་ལྔ་པ་ལ་འཇུག་ཅིང་། རྣམ་པར་དག་པ་ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་ཀྱང་འཐོབ་ལ། རྒྱབ་ཀྱིས་ཕྱོགས་པ་དང་མདུན་དུ་ཕྱོགས་པའི་སེམས་ལ་སོགས་པ་སྤོང་བར་འགྱུར་རོ། །ཆོས་ཀྱི་རྒྱུན་ཐ་དད་པའི་དོན་གྱི་བར་དུ་ཡང་རྟོགས་པར་འགྱུར་ཏེ། ཡན་

ལག་དེས་ས་ལྔ་པ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་བཤད་དོ། །འཁོར་བར་འཇུག་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོགས་པར་མི་ནུས་པ་དང་། གཞན་ཡང་དེ་ལ་སྐྱོ་བ་མང་བའི་ཕྱིར། མཚན་མ་མེད་པ་ཡིད་ལ་བྱེད་པས་མང་དུ་
གནས་པར་མི་ནུས་པས། རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དྲུག་པ་ཡན་ལག་དྲུག་པས་མངོན་དུ་གྱུར་པ་བསྡུས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ས་ལྔ་པ་ལ་ཕྱི་མའི་སྤྱོད་པ་ཡོངས་སུ་མ་རྫོགས་པ་བསྟན་པ་
དང་། རང་གི་ས་ཡོངས་སུ་རྫོགས་པར་སྒྲུབ་པར་བྱེད་པ་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་ས་ལྔ་པས་བདེན་པའི་རྣལ་འབྱོར་ཐོབ་མོད་ཀྱི། རྒྱུ་དང་རྐྱེན་རྣམ་པ་གཉིས་ཀྱིས་ས་དྲུག་པ་འཐོབ་པར་མི་འགྱུར་ཏེ། འཁོར་བར་འཇུག་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་
དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་རིགས་པ་སོ་སོར་རྟོགས་པར་མི་ནུས་པ་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་བའི་ཉོན་མོངས་པ་ལ་སྐྱོ་བ་མང་དུ་སྐྱེས་པའི་ཕྱིར། མཚན་མ་མེད་པ་ཡིད་ལ་བྱེད་པས་མང་དུ་གནས་པར་མི་ནུས་པ་སྟེ། རྐྱེན་རྣམ་པ་གཉིས་པོ་དེས་ས་དྲུག་པའི་ཡན་
ལག་ཡོངས་སུ་རྫོགས་པར་མི་འགྱུར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་དེ་བསྒོམས་པས་དེ་ཡང་འཐོབ་བོ། །བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་ནི་གཉིས་
པ་རང་གི་སའི་ཆོས་ཡོངས་སུ་རྫོགས་པར་སྒྲུབ་པ་སྟོན་ཏོ། །འདི་ལྟར་ས་དྲུག་པའི་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བའི་ཕྱིར། ཡན་ལག་དེ་ཡོངས་སུ་རྫོགས་པར་འགྱུར་བའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་
བསྒྱུར་བ་ལས། བྱང་ཆུབ་སེམས་དཔའ་ས་ལྔ་པ་ལ་འདུ་བྱེད་ཀྱི་ཆོས་རྣམས་རྒྱུན་མི་འཆད་པར་འབྱུང་བ་ཚུལ་བཞིན་དུ་མངོན་དུ་བྱེད་པའི་ནུས་པ་ཁྱད་པར་དུ་འཕགས་པ་དང་མི་ལྡན་པའི་ཕྱིར། འདུས་བྱས་ཀྱི་ཆོས་ལ་ཆོས་མང་དུ་བསྒོམས་པས་ཡུན་རིང་པོར་ཡིད་བཞིན་དུ་མཚན་

མ་ཡིད་ལ་བྱེད་པས་གནས་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་མི་ནུས་པ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་ཏེ། འདུ་བྱེད་ཀྱི་ཆོས་རྣམས་རྒྱུན་མི་འཆད་པས་འཇུག་པ་མངོན་དུ་བྱ་བའི་མ་རིག་པ་དང་། མཚན་མ་མང་པོ་ཀུན་དུ་འབྱུང་བའི་མ་རིག་པའོ། །མ་རིག་པ་འདི་གཉིས་ཀྱི་རྒྱུ་དང་རྐྱེན་ལས་
མངོན་པར་གྲུབ་པའི་འཁོར་བ་གང་ཡིན་པ་དེ་ནི་གནས་ངན་ལེན་རྣམ་པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་གསུམ་པོ་དེ་དག་སྤང་བའི་ཕྱིར། ཡང་དག་པར་རྩོལ་བའི་རྒྱུ་མངོན་པར་སྒྲུབ་པར་བྱེད་དོ། །ཡང་དག་པར་རྩོལ་བས་སྒྲིབ་པ་གསུམ་པོ་དག་སྤངས་ནས་ས་དྲུག་པ་ལ་
འཇུག་ཅིང་། རྣམ་པར་དག་པ་ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་ཀྱང་འཐོབ་པར་འགྱུར་ལ། འདུ་བྱེད་རྣམས་རྒྱུན་མི་འཆད་པར་འབྱུང་བ་ལ་སོགས་པ་མངོན་དུ་བྱེད་པ་དང་། ཆོས་ཀྱི་དབྱིངས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་པའི་དོན་ཀྱང་རབ་ཏུ་
རྟོགས་པར་འགྱུར་བས་ཡན་ལག་དེས་ས་དྲུག་པ་ཡང་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་བཤད་དོ། །བར་ཆད་མེད་པ་དང་། རྒྱུན་མི་འཆད་པར་མཚན་མ་མེད་པའི་ཡིད་ལ་བྱེད་པ་མེད་པས་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་
པ་ནི། བདུན་པ་ཡན་ལག་བདུན་པས་རིང་དུ་སོང་བའི་ས་གསུམ་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ས་དྲུག་པ་ལ་ཕྱི་མའི་སྤྱོད་པ་ཡོངས་སུ་མ་རྫོགས་པར་བསྟན་པ་དང་། རང་གི་ས་ཡོངས་སུ་རྫོགས་པར་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་ས་དྲུག་པས་རྟེན་ཅིང་
འབྲེལ་པར་འབྱུང་བ་སྒོམ་པ་ཐོབ་ཀྱང་ས་བདུན་པ་ལྟར་ན་མཚན་མ་མེད་པ་འབའ་ཞིག་ཏུ་བསྒོམ་པར་མི་ནུས་པས་སོ། །མཚན་མ་མེད་པར་བསྒོམ་པ་ན་རྒྱུན་ཆད་པ་མེད་ཅིང་འགག་པ་མེད་པའི་ཕྱིར་བར་ཆད་མེད་པ་ཞེས་བྱའོ། །མཚན་མས་བར་དུ་ཆོད་པ་མ་ཡིན་པའི་ཕྱིར་རྒྱུན་ཆད་པ་མེད་
པ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ས་སྔ་མ་ལྔ་པོ་དག་ནི་མཚན་མ་དང་བཅས་པའི་བསྒོམ་པ་ནི་མང་ལ་མཚན་མ་མེད་པའི་བསྒོམ་པ་ནི་ཉུང་ངོ་། །ས་དྲུག་པ་ལ་ནི་མཚན་མ་མེད་པའི་བསྒོམ་པ་ནི་མང་ལ། མཚན་མ་དང་བཅས་པའི་བསྒོམ་པ་ནི་

ཉུང་ངོ་། །ས་བདུན་པ་ལ་ནི་གཅིག་ཏུ་མཚན་མ་མེད་པ་འབའ་ཞིག་ཏུ་བསྒོམས་པས། རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པར་མི་འགྱུར་བའོ། །ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་དེ་བསྒོམས་པས་དེ་ཡང་འཐོབ་བོ། །བྱང་ཆུབ་སེམས་
དཔའ་དེ་དག་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བྱ་བ་ནི་གཉིས་པ་རང་གི་ས་ཡོངས་སུ་རྫོགས་པར་བྱ་བ་བསྒྲུབ་པ་སྟོན་ཏོ། །འདི་ལྟར་ས་བདུན་པའི་བྱང་ཆུབ་སེམས་དཔའ་བར་ཆད་མེད་པ་དང་། རྒྱུན་ཆད་པ་མེད་པར་མཚན་མ་མེད་པའི་ཡིད་ལ་བྱེད་པ་མངོན་
དུ་གྱུར་པས་ན། རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པར་འགྱུར་བའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། བྱང་ཆུབ་སེམས་དཔའ་ས་དྲུག་པ་ལ་འདུས་བྱས་ཀྱི་ཆོས་ཀྱི་མཚན་མ་མེད་པའི་སྤྱོད་པ་ཕྲ་མོ་ཀུན་དུ་འབྱུང་བ་སྤོང་
བའི་ནུས་པ་ཁྱད་པར་དུ་འཕགས་པ་དང་། ཡུན་རིང་པོར་ཡིད་བཞིན་དུ་བར་ཆད་མེད་པ་དང་། རྒྱུན་ཆད་པ་མེད་པར་མཚན་མ་མེད་པའི་ཡིད་ལ་བྱེད་པ་ལ་གནས་པར་མི་ནུས་སོ། །དེ་ལྟར་མི་ནུས་པ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་ཏེ། མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་མ་རིག་པ་དང་།
མཚན་མ་མེད་པ་གཅིག་ཏུ་ཐབས་ཀྱིས་མ་རིག་པའོ། །མ་རིག་པ་འདི་གཉིས་ཀྱི་རྒྱུ་དང་རྐྱེན་ལས་མངོན་པར་གྲུབ་པའི་འཁོར་བ་གང་ཡིན་པ་དེ་ནི་གནས་ངན་ལེན་རྣམ་པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་གསུམ་དག་ཡང་སྤོང་བའི་ཕྱིར་ཡང་དག་པར་རྩོལ་བའི་རྒྱུ་སྒྲུབ་པར་བྱེད་དེ། ཡང་དག་
པར་རྩོལ་བས་སྒྲིབ་པ་གསུམ་སྤངས་ནས། ས་བདུན་པ་ལ་འཇུག་ཅིང་རྣམ་པར་དག་པ་ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་ཀྱང་འཐོབ་པར་འགྱུར་ལ། འདུས་བྱས་ཀྱི་ཆོས་མཚན་མ་ཀུན་དུ་འབྱུང་བ་ཕྲ་མོ་ཡོངས་སུ་སྤོང་བར་འགྱུར་ཏེ། ཆོས་ཀྱི་དབྱིངས་ཆོས་སྣ་ཚོགས་ཐ་དད་
པ་མེད་པའི་དོན་ཀྱང་རབ་ཏུ་རྟོགས་པར་འགྱུར་བས། ཡན་ལག་དེས་ས་བདུན་པ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་བཤད་དོ། །མཚན་མ་མེད་པར་གནས་པ་ལ་རྩོལ་བ་ལྷག་པར་བཏང་སྙོམས་སུ་བཞག་པ་དང་། གཞན་ཡང་མཚན་མ་ལ་དབང་ཐོབ་པར་མི་ནུས་པས་

རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བརྒྱད་པ་ཡན་ལག་བརྒྱད་པས་མི་གཡོ་བའི་ས་བསྡུས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཡན་ལག་དེ་སྔ་མ་ལ་ཕྱི་མའི་སྤྱོད་པ་ཡོངས་སུ་མ་རྫོགས་པར་བསྟན་པ་དང་། རང་གི་ཡན་ལག་ལ་འབད་
པས་བསྒྲུབ་པར་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་ས་བདུན་པའི་བྱང་ཆུབ་སེམས་དཔའ་དེ་མཚན་མ་མེད་པར་གནས་པ་ལ་རྩོལ་བ་སྤང་བར་མི་ནུས་པ་དང་། གཞན་ཡང་མཚན་མ་ལ་དབང་ཐོབ་པར་མི་ནུས་པས། རྒྱུ་དང་རྐྱེན་དེས་ཡན་ལག་བརྒྱད་པ་དེ་མ་རྫོགས་པར་གྱུར་
པའོ། །ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་དེ་བསྒོམས་པས་དེ་ཡང་འཐོབ་བོ། །བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་པ་ནི། གཉིས་པ་རང་གི་སའི་ཆོས་འབད་པས་ཡོངས་སུ་སྒྲུབ་པ་སྟོན་ཏོ། །འདི་ལྟར་ས་
བརྒྱད་པའི་བྱང་ཆུབ་སེམས་དཔའ་དེ་མཚན་མ་མེད་པར་གནས་པ་དེ་ལ་འབད་པ་སྤོང་བར་ནུས་པ་དང་། གཞན་ཡང་མཚན་མ་ལ་དབང་ཐོབ་པར་ནུས་པས། རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པར་འགྱུར་བའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་
བསྒྱུར་བ་ལས། བྱང་ཆུབ་སེམས་དཔའ་ས་བདུན་པ་སྤངས་ནས། མཚན་མ་མེད་པ་ལ་གནས་པ་དང་། བདག་ལ་ཕན་འདོགས་པ་དང་། གཞན་ལ་ཕན་འདོགས་པའི་མཚན་མ་ལ་དབང་ཐོབ་པའི་ནུས་པ་ཁྱད་པར་དུ་འཕགས་པ་དང་མི་ལྡན་ཏེ། དེ་ལྟར་མི་ནུས་པ་ཡང་སྒྲིབ་པ་གསུམ་གྱི་
ཕྱིར་ཏེ། མཚན་མ་མེད་པ་ལ་སོགས་པའི་མ་རིག་པ་དང་། མཚན་མ་ལ་དབང་མ་ཐོབ་པའི་མ་རིག་པའོ། །མ་རིག་པ་འདི་གཉིས་ཀྱིས་མངོན་པར་བསྒྲུབ་པའི་འཁོར་བ་གང་ཡིན་པ་དེ་ནི་གནས་ངན་ལེན་རྣམ་པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་གསུམ་པོ་དག་སྤང་བའི་ཕྱིར་ཡང་དག་
པར་རྩོལ་བའི་རྒྱུ་སྒྲུབ་པར་བྱེད་དེ། །ཡང་དག་པར་རྩོལ་བས་སྒྲིབ་པ་གསུམ་པོ་སྤངས་ནས་ས་བརྒྱད་པ་ལ་འཇུག་ཅིང་། རྣམ་པར་དག་པ་ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་ཀྱང་འཐོབ་པར་འགྱུར། རྩོལ་བ་དང་བྲལ་བའི་སེམས་ཀྱིས་མཚན་མ་མེད་པ་ལ་གནས་པ་ལ་སོགས་པ་

ཡང་ཐོབ་པར་འགྱུར། ཆོས་ཀྱི་དབྱིངས་འཕེལ་བ་དང་འགྲིབ་པ་མེད་པའི་དོན་ཀྱང་རབ་ཏུ་རྟོགས་པར་འགྱུར་ཏེ། ཡན་ལག་དེའི་ཕྱིར་ས་བརྒྱད་པ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་བཤད་དོ། །རྣམ་གྲངས་དང་། མཚན་ཉིད་མང་པོ་དང་། ངེས་པའི་
ཚིག་རབ་ཏུ་དབྱེ་བ་དང་། རྣམ་པ་ཐམས་ཅད་དུ་ཆོས་སྟོན་པ་ལ་དབང་ཐོབ་པར་མི་ནུས་པས་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི། དགུ་པ་ཡན་ལག་དགུ་པས་ས་ལེགས་པའི་བློ་གྲོས་བསྡུས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ།
ཡན་ལག་སྔ་མ་ལ་ཕྱི་མའི་སྤྱོད་པ་ཡོངས་སུ་མ་རྫོགས་པར་བསྟན་པ་དང་། རང་གི་ཕྱོགས་བརྩོན་འགྲུས་ཀྱིས་ཡོངས་སུ་རྫོགས་པར་སྒྲུབ་པར་བྱེད་པ་བསྟན་པ་སྟེ། འདི་ནི་དང་པོའོ། །དེ་ལ་རྣམ་གྲངས་ཞེས་བྱ་བ་ནི་ཆོས་སོ་སོ་ཡང་དག་པར་རིག་པའི་ཡུལ་ལོ། །མཚན་ཉིད་མང་
པོ་ཞེས་བྱ་བ་ནི་དོན་སོ་སོ་ཡང་དག་པར་རིག་པའི་ཡུལ་ལོ། །ངེས་པའི་ཚིག་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའི་ཡུལ་ལོ། །རྣམ་པ་ཐམས་ཅད་དུ་སྟོན་པ་ལ་དབང་ཐོབ་པ་ཞེས་བྱ་བ་ནི། སྤོབས་པ་སོ་སོ་ཡང་དག་པར་རིག་པའི་ཡུལ་ཏེ། དེའི་ཕྱིར་
བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཆོས་ཀྱི་རྣམ་གྲངས་ལ་བརྟེན་པའི་ཤེས་པ་ནི། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཐོགས་པ་མེད་པའི་ཤེས་རབ་གང་ཡིན་པའོ། །ཆོས་ཀྱི་མཚན་ཉིད་ལ་བརྟེན་པའི་ཤེས་པ་ནི། འདི་ལྟ་སྟེ། བྱང་ཆུབ་པའི་དོན་ལ་ཐོགས་པ་མེད་
པའི་ཤེས་རབ་གང་ཡིན་པའོ། །ངེས་པའི་ཚིག་ལ་བརྟེན་པའི་ཤེས་པ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ངེས་པའི་ཚིག་ལ་ཐོགས་པ་མེད་པའི་ཤེས་རབ་གང་ཡིན་པའོ། །ཆོས་ཐམས་ཅད་ཀྱི་རྣམ་པ་རབ་ཏུ་དབྱེ་བ་ལ་བརྟེན་པའི་ཤེས་པ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་
སྤོབས་པ་ཐོགས་པ་མེད་པའི་ཤེས་རབ་གང་ཡིན་པའོ་ཞེས་བཤད་དོ། །འདི་ལྟར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ས་དགུ་པའི་སོ་སོ་ཡང་དག་པར་རིག་པ་བཞི་མ་ཐོབ་པའི་ཕྱིར་མི་ནུས་པ་ཞེས་བཤད་དེ། །རྒྱུ་དང་རྐྱེན་དེས་ཡན་ལག་དགུ་པ་ཡོངས་སུ་མ་རྫོགས་པར་གྱུར་པའོ། །ཡན་ལག་

དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་དེ་བསྒོམས་པས་དེ་ཡང་འཐོབ་བོ། །བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་ནི། གཉིས་པ་རང་གི་ཡན་ལག་བརྩོན་འགྲུས་ཀྱིས་བསྒྲུབ་པར་བསྟན་ཏེ། འདི་ལྟར་ས་དགུ་པས་སོ་སོ་
ཡང་དག་པར་རིག་པ་བཞི་ཐོབ་པའི་ཕྱིར། ཐོབ་པ་ཞེས་བཤད་དེ། རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡང་ཡོངས་སུ་རྫོགས་པར་འགྱུར་བའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་ཡང་དག་པར་
ཆོས་བསྟན་པ་ཕུན་སུམ་ཚོགས་པའི་མཚན་ཉིད་དང་རྣམ་གྲངས་དང་། རྣམ་པ་ལ་སོགས་པ་ལ་དབང་ཐོབ་པའི་ནུས་པ་ཁྱད་པར་དུ་འཕགས་པ་དང་མི་ལྡན་པས་ལེགས་པར་བཤད་པའི་གཟུངས་འཐོབ་པར་མི་ནུས་སོ། །དེ་ལྟར་མི་ནུས་པ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་ཏེ། ཆོས་བསྟན་
པ་དཔག་ཏུ་མེད་པ་དང་། ཆོས་ཀྱི་ཚིག་དང་། ཡི་གེ་དཔག་ཏུ་མེད་པ་དང་། གོང་ནས་གོང་དུ་ཤེས་རབ་དང་། སྤོབས་པ་དང་། གཟུངས་གྱི་དབང་ཐོབ་པའི་མ་རིག་པ་དང་སོ་སོ་ཡང་དག་པར་རིག་པ་བཞིས་ཐེ་ཚོམ་བཅད་ནས་ཤེས་པ་སྐྱེ་བའི་མ་རིག་པའོ། །མ་རིག་པ་འདི་གཉིས་
ཀྱིས་མངོན་པར་བསྒྲུབ་པའི་འཁོར་བ་གང་ཡིན་པ་དེ་ནི་གནས་ངན་ལེན་རྣམ་པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་གསུམ་པོ་དག་སྤང་བའི་ཕྱིར་ཡང་དག་པར་རྩོལ་བའི་རྒྱུ་སྒྲུབ་པར་བྱེད་དོ། །ཡང་དག་པར་རྩོལ་བས་སྒྲིབ་པ་གསུམ་པོ་དག་སྤངས་ནས་ས་དགུ་པ་ལ་འཇུག་ཅིང་རྣམ་པར་དག་
པ་ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་ཀྱང་འཐོབ་བོ། །ཡང་དག་པར་ཆོས་བསྟན་པ་ལ་ཕུན་སུམ་ཚོགས་པའི་དབང་ལ་སོགས་པ་ཡང་འཐོབ་པར་འགྱུར་ཞིང་། ཆོས་ཀྱི་དབྱིངས་ཡེ་ཤེས་ལ་དབང་བའི་གནས་ཀྱི་དོན་ཀྱང་རབ་ཏུ་རྟོགས་པར་འགྱུར་བས་ཡན་ལག་དེའི་ཕྱིར་ས་དགུ་
པ་ཡང་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་བཤད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་བསྟན་པ་དང་སྦྱར་ན་མ་རིག་པ་གཉིས་ཀྱིས་སོ་སོ་ཡང་དག་པར་རིག་པ་བཞི་ལ་སྒྲིབ་པར་བྱེད་དེ། འདི་ལྟ་སྟེ། མ་རིག་པ་དང་པོས་ནི་

སོ་སོ་ཡང་དག་པར་རིག་པ་དང་པོ་གསུམ་ལ་སྒྲིབ་པར་བྱེད་དོ། །མ་རིག་པ་གཉིས་པས་ནི་སོ་སོ་ཡང་དག་པར་རིག་པ་བཞི་པ་ལ་སྒྲིབ་པར་བྱེད་དོ་ཞེས་བཤད་པ་དེ་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། མདོ་འདི་ཉིད་ཁུངས་སུ་བཞག་ནས། སློབ་
དཔོན་ཡང་དག་བདེན་པས་རང་ཉིད་ཀྱིས་བཞག་པ་ཡིན་གྱི། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ། རྒྱ་གར་གྱི་དཔེ་ཉིད་ལས་ནི་ཚིག་འདི་ལྟ་བུ་དང་། གཏན་ཚིགས་འདི་ལྟ་བུ་གཏན་མེད་དེ། མ་རིག་པ་གཉིས་པ་ནི་མོས་པ་སོ་སོ་ཡང་དག་པར་རིག་པ་ལ་སྒྲིབ་པར་བྱེད་པའི་
ཕྱིར་རོ། །ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་མངོན་དུ་བྱ་བ་དང་། རབ་ཏུ་མྱོང་བ་འཐོབ་པར་མི་ནུས་པས་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི། བཅུ་པ་ཡན་ལག་བཅུ་པས་ས་ཆོས་ཀྱི་སྤྲིན་སྒྲུབ་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་
ཏེ། ཡན་ལག་སྔ་མ་ལ་ས་སྔ་མའི་སྤྱོད་པ་ཡོངས་སུ་མ་རྫོགས་པར་བསྟན་པ་དང་། རང་གི་ཡན་ལག་འབད་དེ་བསྒྲུབ་པར་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་ས་དགུ་པ་རྒྱུ་ཡོངས་སུ་མ་རྫོགས་པའི་ཕྱིར་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་མངོན་དུ་བྱ་བར་མི་ནུས་པའོ། །སློབ་དཔོན་
ཡང་དག་བདེན་པའི་འགྲེལ་པ་ལས། འདི་ལྟར་ས་དགུ་པ་ཡོངས་སུ་མ་རྫོགས་པས་སྐུ་གསུམ་ཡོངས་སུ་རྫོགས་པ་མངོན་དུ་བྱ་བར་མི་ནུས་ཏེ། རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པར་མ་གྱུར་ཏོ་ཞེས་བཤད་དོ། །ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་དེ་བསྒོམས་
པས་དེ་ཡང་འཐོབ་བོ། །བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བ་ནི་གཉིས་པ་རང་གི་ཡན་ལག་འབད་དེ་བསྒྲུབ་པར་བསྟན་པའོ། །འདི་ལྟར་ས་བཅུ་པ་དེ་ཡོངས་སུ་རྫོགས་པའི་ཕྱིར་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་འཐོབ་པར་འགྱུར་བ་
སྟེ། རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པར་འགྱུར་བའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། བྱང་ཆུབ་སེམས་དཔའ་ས་དགུ་པ་ལ་ནུས་པ་ཁྱད་པར་དུ་འཕགས་པས་ཡང་དག་པར་ཆོས་སྟོན་པའི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང་།

མ་ཆགས་མ་ཐོགས་པའི་མངོན་པར་ཤེས་པ་དྲུག་གི་ཤེས་རབ་འཐོབ་པར་མི་ནུས་ཏེ། དེ་ལྟར་མི་ནུས་པ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་ཏེ། མངོན་པར་ཤེས་པ་དྲུག་གི་ཤེས་རབ་ཀྱི་མ་རིག་པ་དང་། སངས་རྒྱས་ཀྱི་ཆོས་ཤིན་ཏུ་གསང་བ་ལ་འཇུག་པའི་མ་རིག་པའོ། །མ་རིག་པ་འདི་གཉིས་
ཀྱིས་མངོན་པར་བསྒྲུབ་པའི་འཁོར་བ་གང་ཡིན་པ་དེ་ནི་གནས་ངན་ལེན་རྣམ་པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་གསུམ་པོ་དེ་དག་སྤང་བའི་ཕྱིར་ཡང་དག་པར་རྩོལ་བའི་རྒྱུ་སྒྲུབ་པར་བྱེད་དོ། །ཡང་དག་པར་རྩོལ་བས་སྒྲིབ་པ་གསུམ་པོ་སྤངས་ནས་ས་བཅུ་པ་ལ་འཇུག་ཅིང་ཁྱད་པར་དུ་
འཕགས་པའི་རྣམ་པར་དག་པ་བརྒྱད་ཀྱང་འཐོབ་པར་འགྱུར་ལ། ཡང་དག་པར་ཆོས་བསྟན་པའི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་ལ་སོགས་པ་ཡང་འཐོབ་པར་འགྱུར་ཏེ། ཆོས་ཀྱི་དབྱིངས་ལ་དབང་བའི་གནས་ཀྱི་དོན་ཀྱང་རབ་ཏུ་རྟོགས་པར་འགྱུར་བས། ཡན་ལག་དེའི་ཕྱིར། ས་
བཅུ་པ་ཡང་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་བཤད་དོ། །སློབ་དཔོན་ཡང་དག་བདེན་པའི་འགྲེལ་པ་ལས། ས་དགུ་པ་ཡོངས་སུ་རྫོགས་ནས་ཐོབ་པའི་སྐུ་གསུམ་པ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཞེས་བྱ་སྟེ། འདི་ནི་ཡང་དག་པར་ཆོས་སྟོན་པའི་ཆོས་ཀྱི་
སྐུའོ། །ཆོས་ཀྱི་སྐུ་ལས་བྱུང་བའི་མངོན་པར་ཤེས་པ་དྲུག་གི་ཤེས་རབ་གང་ཡིན་པ་དེ་ནི་སྤྲུལ་པའི་སྐུ་ཡིན་ཏེ། འདི་ལྟར་ལས་ལ་དབང་ཐོབ་པས་སྤྲུལ་པའི་སྐུ་མངོན་པར་འགྲུབ་པས་སོ་ཞེས་བཤད་དོ། །ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང་། ཐོགས་པ་མེད་པའི་ཤེས་པ་དམ་
པ་དང་། མཐོང་བ་དམ་པ་འཐོབ་པས་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི། ཡན་ལག་བཅུ་གཅིག་པས་སངས་རྒྱས་ཀྱི་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཡན་ལག་སྔ་མ་ལ་ཕྱི་མའི་སྤྱོད་པ་ཡོངས་སུ་མ་རྫོགས་
པར་བསྟན་པ་དང་། རང་གི་ཡན་ལག་འབད་དེ་ཡོངས་སུ་རྫོགས་པར་བསྒྲུབ་པ་སྟེ། འདི་ནི་དང་པོའོ། འདི་ལྟར་ས་བཅུ་པས་ཤེས་བྱའི་ཡུལ་ཐམས་ཅད་ཁྱད་པར་ཁོང་དུ་ཆུད་ཅིང་ཆོས་སྟོན་པ་ཉིད་ཀྱི་ཆགས་པ་མེད་པར་ཤེས་པ་དམ་པ་དང་མཐོང་བ་དམ་པ་དང་། གང་ཟག་

སྟོང་པ་ཉིད་ཀྱི་ཐོགས་པ་མེད་པའི་ཤེས་པ་དམ་པ་དང་། མཐོང་བ་དམ་པ་ཐོབ་པར་མི་ནུས་པས་རྒྱུ་དང་རྐྱེན་དེས་ཡན་ལག་དེ་ཡོངས་སུ་མ་རྫོགས་པར་གྱུར་པའོ། །ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་དེ་བསྒོམས་པས་དེ་ཡང་འཐོབ་སྟེ། རྒྱུ་དང་རྐྱེན་
དེས་ཡན་ལག་དེ་ཡོངས་སུ་རྫོགས་པའི་ཕྱིར། ཡན་ལག་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པ་ཡིན་ཏེ་ཞེས་བྱ་བ་ནི་གཉིས་པ། རང་གི་ཡན་ལག་དེ་འབད་དེ་རྫོགས་པར་བསྒྲུབ་པ་སྟོན་ཏོ། །འདི་ལྟར་སངས་རྒྱས་ཀྱི་ས་འདིར་ཤེས་པ་དང་། མཐོང་བ་ཐམས་ཅད་ཡོངས་སུ་ཐོབ་པས་
རྒྱུ་དང་རྐྱེན་དེས་སངས་རྒྱས་ཀྱི་ས་ཡོངས་སུ་རྫོགས་པར་གྱུར་པའོ། །སངས་རྒྱས་ཀྱི་ས་ཡོངས་སུ་རྫོགས་པའི་ཕྱིར། ཡན་ལག་བཅུ་གཅིག་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་གྱུར་པའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། བྱང་
ཆུབ་སེམས་དཔའ་ས་བཅུ་པ་ཡོངས་སུ་རྫོགས་པར་གྱུར་ཀྱང་། ནུས་པ་ཁྱད་པར་དུ་འཕགས་པ་རྣམ་པར་དག་པའི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང་། ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང་། ཐོགས་པ་མེད་པའི་མཐོང་བ་དང་། ཤེས་པ་ཐོབ་པར་མི་ནུས་ཏེ། དེ་ལྟར་
མི་ནུས་པ་ཡང་སྒྲིབ་པ་གསུམ་གྱི་ཕྱིར་ཏེ། ཤེས་བྱ་ཐམས་ཅད་ལ་ཆགས་པ་ཤིན་ཏུ་ཕྲ་མོའི་མ་རིག་པ་དང་། ཤེས་བྱ་ཐམས་ཅད་ལ་ཐོགས་པ་ཤིན་ཏུ་ཕྲ་མོའི་མ་རིག་པའོ། །མ་རིག་པ་འདི་གཉིས་ཀྱིས་མངོན་པར་བསྒྲུབས་པའི་འཁོར་བ་གང་ཡིན་པ་དེ་ནི། གནས་ངན་ལེན་རྣམ་
པར་སྨིན་པ་ཞེས་བྱའོ། །སྒྲིབ་པ་གསུམ་པོ་དེ་དག་སྤང་བའི་ཕྱིར་ཡང་དག་པར་རྩོལ་བའི་རྒྱུ་སྒྲུབ་པར་བྱེད་དོ། །ཡང་དག་པའི་རྩོལ་བས་སྒྲིབ་པ་གསུམ་པོ་དེ་དག་སྤངས་ནས་བཅུ་གཅིག་པ་དེ་བཞིན་གཤེགས་པའི་ས་ལ་འཇུག་ཅིང་ཁྱད་པར་དུ་འཕགས་པའི་རྣམ་པར་དག་པ་བདུན་དང་།
སྐྱེ་བ་དང་བྲལ་བའི་རྣམ་པར་དག་པ་དང་། རྣམ་པར་དག་པའི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང་། ཆགས་པ་མེད་པ་དང་། ཐོགས་པ་མེད་པའི་མཐོང་བ་དང་། ཤེས་པ་ཡང་འཐོབ་པར་འགྱུར་ཏེ། ཡན་ལག་དེའི་ཕྱིར་སངས་རྒྱས་ཀྱི་ས་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་

ཞེས་བཤད་དོ། །ཁ་ཅིག་ན་རེ་ཡན་ལག་བཅུ་གཅིག་གིས་ས་བཅུ་གཅིག་བསྡུ་བ་ཡང་རྣམ་པ་གསུམ་དུ་དབྱེ་བས་དེ་ལ་དང་པོའི་ཡན་ལག་གཅིག་ཀྱང་རྣམ་པ་གཉིས་སུ་དབྱེ་སྟེ། གནས་སྐབས་སྔ་མ་ལ་སྤྱོད་པ་ཡོངས་སུ་མ་རྫོགས་པར་བསྟན་པ་དང་། ས་དེ་ལས་ཡང་དག་པར་འདས་ཞེས་བྱ་བ་
མན་ཆད་ཀྱིས་རང་གི་ས་ཡོངས་སུ་རྫོགས་པར་གྱུར་པ་བསྟན་པའོ། །གཉིས་པ་ནི་བྱང་ཆུབ་སེམས་དཔའ་དེ་དག་ཅེས་བྱ་བ་མན་ཆད་ཡན་ལག་དགུ་པོ་དག་ནི་རེ་རེ་ཡང་ཡན་ལག་གསུམ་གསུམ་དུ་དབྱེ་སྟེ། སྔ་མའི་གནས་སྐབས་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་བསྟན་པ་དང་། གནས་སྐབས་ཕྱི་
མ་ཡོངས་སུ་མ་རྫོགས་པར་བསྟན་པ་དང་། ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་མན་ཆད་ཡོངས་སུ་རྫོགས་པར་བྱ་བར་བསྒྲུབ་པར་བསྟན་པའོ། །གསུམ་པ་ནི་བྱང་ཆུབ་སེམས་དཔའ་དེ་དག་ཅེས་བྱ་བ་མན་ཆད་ཀྱི་ཡན་ལག་བཅུ་གཅིག་གིས་བསྟན་ཏེ། འདི་
ཡང་རྣམ་པ་བཞིར་དབྱེ་སྟེ། གནས་སྐབས་སྔ་མ་ཡོངས་སུ་རྫོགས་པར་བསྟན་པ་དང་། ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་མན་ཆད་ཀྱིས་ཡོངས་སུ་རྫོགས་པར་བྱ་བ་བསྒྲུབ་པར་བསྟན་པ་དང་། ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་མན་ཆད་
ཀྱིས་ཡོངས་སུ་རྫོགས་པར་གྱུར་པ་བཟླས་ཏེ་བསྟན་པའོ་ཞེས་ཟེར་ཏེ། དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་སྔ་མ་ཡང་དག་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ཡན་ལག་བཅུ་གཅིག་པོ་དེ་དག་གིས་ས་རྣམས་མ་ལུས་པར་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་
སྤྱིའི་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ།། །།བམ་པོ་ལྔ་བཅུ་བཞི་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ས་དང་པོ་ལ་རབ་ཏུ་དགའ་བ་ཞེས་བགྱི། །ཅིའི་སླད་དུ་
སངས་རྒྱས་ཀྱི་སའི་བར་ལ་སངས་རྒྱས་ཀྱི་ས་ཞེས་བགྱི་བ་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་སའི་མིང་གི་དོན་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་ལན་དུ་གསུངས་པས་བསྟན་ཏེ། འདི་ན