Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 119

Văn bản gốc(Tây Tạng)

Trang 7 / 18 (50.000 ký tự/trang)
དང་མཁས་པ་ཞེས་བྱ་བ་ཡང་བཤད་པ་གསུམ་ཡོད་དེ། །ཁ་ཅིག་ན་རེ་ཡོངས་སུ་ཚོལ་བ་དང་། མཁས་པ་ཞེས་བྱ་བ་
གཉི་ག་ཡང་བསྒོམ་པའི་དོན་ཡིན་ཏེ། ཞི་གནས་དང་ལྷག་མཐོང་རྣམ་པར་དབྱེ་བའི་ཕྱིར་ཡོངས་སུ་ཚོལ་བ་དང་མཁས་པ་ཞེས་བྱ་བ་གསུངས་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་ཡོངས་སུ་ཚོལ་བ་དང་། མཁས་པ་ནི་ཞི་གནས་དང་ལྷག་མཐོང་གཉི་གར་གཏོགས་པ་ཡིན་ཏེ། དེའི་ཕྱིར་
འཕགས་པ་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། ཞི་གནས་དང་ལྷག་མཐོང་ལ་མཁས་པ་ཞེས་གསུངས་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་ཡོངས་སུ་ཚོལ་བ་ནི་བསྒོམ་པའི་དོན་ཡིན་ཏེ་ཞི་གནས་བསྒོམ་པར་རྩོལ་བའི་ཕྱིར། ཞི་གནས་ཁོ་ན་ཡིན་གྱི་ལྷག་མཐོང་ནི་མ་ཡིན་ནོ། །
མཁས་པ་ནི་ལྷག་མཐོང་ལ་མཁས་པ་ཡིན་ཏེ་དོན་ལེགས་པར་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་ལྷག་མཐོང་ནི་ཡིན་གྱི་ཞི་གནས་ནི་མ་ཡིན་ཏེ་དེའི་ཕྱིར་མདོ་ཉིད་ལས་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་པ་དང་། ལྷག་མཐོང་ལ་མཁས་པ་ཞེས་གསུངས་པ་ཡིན་ནོ་ཞེའོ། །བཅོམ་ལྡན་འདས་
ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཇི་ལྟར་ངས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་གདགས་པ་རྣམ་པར་གཞག་པ་བསྟན་པ་འདི་ལྟ་སྟེ། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་བསྟན་པའི་སྡེ་དང་ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་

བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེ་དང་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་
པས་ལན་དུ་གསུངས་པ་ཡང་དག་པར་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་བསྒོམ་པའི་གནས་གསུང་རབ་བསྟན་པ་དང་བསྟན་པ་བཞིན་དུ་ཡང་དག་པར་བསྒོམ་པ་རབ་ཏུ་བསྟན་པ་སྟེ། འདི་ནི་དང་པོའོ། །བཅོམ་ལྡན་འདས་ཀྱིས་བྱམས་པ་ལ་བཀའ་སྩལ་པ། ངས་བྱང་ཆུབ་སེམས་དཔའ་རྣམས་
ལ་ཆོས་གདགས་པ་རྣམ་པར་གཞག་པ་བསྟན་པ་གསུང་རབ་ཡན་ལག་བཅུ་གཉིས་པོ་འདི་ལྟ་སྟེ། མདོའི་སྡེ་ནས་གཏན་ལ་ཕབ་པར་བསྟན་པའི་སྡེ་ཞེས་བྱ་བའི་བར་དུ་གསུངས་པ་གང་ཡིན་པའོ། །དེ་ལ་གསུང་རབ་ཡན་ལག་བཅུ་གཉིས་པོ་དེ་ཡང་བསྟན་པ་རྣམས་ལས་རྒྱ་ཆེར་སྟོན་པར་མཛད་དེ།
བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་མདོའི་སྡེ་ནི་འདི་ལྟ་སྟེ་གང་བསྡུ་བའི་ཚུལ་གྱིས་རྐྱང་པར་གསུངས་པའོ། །དབྱངས་ཀྱིས་བསྙད་པའི་སྡེ་ནི་མདོ་སྡེ་རྣམས་ལས་དབུས་དང་ཐ་མར་ཚིགས་སུ་བཅད་དེ་དབྱངས་ཀྱིས་བསྙད་པའོ། །གཞན་ཡང་དྲང་བའི་དོན་གྱི་མདོ་སྡེ་རྟོགས་
པར་བྱེད་པའི་ཕྱིར་དབྱངས་ཀྱིས་བསྙད་པའོ་ཞེས་བྱའོ། །ལུང་དུ་བསྟན་པའི་སྡེ་ནི་འདི་ལྟ་སྟེ། གང་ལས་འཕགས་པ་ཉན་ཐོས་ཤི་བའི་དུས་བྱས་པའི་ཡོན་ཏན་དང་སྐྱོན་དང་སྐྱེ་བའི་གནས་ཀྱི་བྱེ་བྲག་ལུང་སྟོན་པ་གང་ཡིན་པའོ། །གཞན་ཡང་ངེས་པའི་དོན་གྱི་མདོ་སྡེ་ལ་ལུང་བསྟན་པའི་སྡེ་ཞེས་བྱ་སྟེ།
དགོངས་པ་ཟབ་མོ་ལུང་སྟོན་ཅིང་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཚིགས་སུ་བཅད་པའི་སྡེ་ནི་འདི་ལྟ་སྟེ། མདོ་སྡེ་རྣམས་ལས་ཚིགས་སུ་སྦྱར་ནས། རྩ་བ་གཉིས་པ་དང་རྩ་བ་གསུམ་པ་དང་རྩ་བ་བཞི་པ་དང་རྩ་བ་ལྔ་པ་དང་རྩ་བ་དྲུག་པ་གསུངས་པ་གང་ཡིན་པའོ། །ཆེད་དུ་བརྗོད་པའི་སྡེ་ནི་འདི་ལྟ་སྟེ། དེ་
བཞིན་གཤེགས་པ་ཉིད་ཐུགས་རངས་ནས་བརྗོད་པ་གང་ཡིན་པའོ། །གླེང་གཞིའི་སྡེ་ནི་འདི་ལྟ་སྟེ། ཞུས་པའི་རྒྱུས་གསུངས་པ་དང་། གཞན་ཡང་བྱུང་བ་དང་བཅས་པའི་བསླབ་པ་བཅའ་བ་གང་ཡིན་པ་དེ་ལ་ཡང་གླེང་གཞི་ཞེས་བྱའོ། །རྟོགས་པ་བརྗོད་པའི་སྡེ་ནི་འདི་ལྟ་སྟེ། དཔེ་དང་བཅས་

པར་གསུངས་པ་གང་ཡིན་པའོ། །དེ་ལྟ་བུ་བྱུང་བའི་སྡེ་ནི་འདི་ལྟ་སྟེ། འཕགས་པ་རྣམས་ཀྱི་སྔོན་གྱི་སྦྱོར་བ་དང་ལྡན་པ་བརྗོད་པ་གང་ཡིན་པའོ། །སྐྱེས་པ་རབས་ཀྱི་སྡེ་ནི་འདི་ལྟ་སྟེ། གང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་པ་བརྗོད་པ་གང་ཡིན་པའོ། །ཤིན་ཏུ་
རྒྱས་པའི་སྡེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པའོ། །ཤིན་ཏུ་རྒྱས་པའི་ཇི་ལྟ་བ་དེ་བཞིན་དུ་རྒྱ་ཆེར་རྣམ་པར་འཐག་པ་དང་མཚུངས་པ་མེད་པ་ཡང་དེ་བཞིན་ནོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ཞེས་བྱ་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་གནས་སུ་གྱུར་པའི་ཕྱིར་
དང་། ཡངས་པ་དང་། རྒྱ་ཆེ་བ་དང་། ཟབ་པའི་ཆོས་རྣམ་པར་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་འཐག་པ་ཞེས་བྱ་ཞེ་ན། སྒྲིབ་པ་ཐམས་ཅད་རྣམ་པར་འཐག་པའི་ཕྱིར་རོ། །ཅིའི་ཕྱིར་མཚུངས་པ་མེད་པ་ཞེ་ན། མཚུངས་པའི་ཟླ་མེད་པའི་ཕྱིར་རོ། །རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ནི་
འདི་ལྟ་སྟེ། གང་ལས་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ལ་སོགས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་པའོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ནི་འདི་ལྟ་སྟེ། གོང་དུ་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པའོ་ཞེས་བཤད་དེ། ཆོས་ཀྱི་མཚན་
ཉིད་མཁྱུད་པ་རྣམས་སྟོན་པས་སོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་བཅུ་གཉིས་པོ་འདི་དག་རྒྱ་གར་སྐད་དུ་མ་བསྒྱུར་བར་སོ་ནས་འབྱུང་སྟེ། རྒྱ་ཆེར་བཤད་པ་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་དག་ལེགས་པར་
ཐོས་ལེགས་པར་བཟུང་ཁ་ཏོན་བྱང་བར་བྱས་ཡིད་ཀྱིས་ལེགས་པར་བརྟགས་མཐོང་བས་ཤིན་ཏུ་རྟོགས་པར་བྱས་ནས་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་བསྟན་པ་བཞིན་དུ་ཡང་དག་པར་བསྒོམ་པ་རབ་ཏུ་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ་ཞི་གནས་དང་ལྷག་མཐོང་
གི་སྦྱོར་བ་ཡང་དག་པར་བསྟན་པ་དང་གཞན་ཡང་ཡིད་ལ་བྱེད་པའི་སེམས་གང་གིས་ཞེས་བྱ་བ་མན་ཆད་ཀྱིས་ཞི་གནས་དང་ལྷག་མཐོང་གི་སྒོ་རྣམ་པ་གཉིས་ཡང་དག་པར་བཤད་པའོ། །དབང་པོ་ཡང་རྣམ་པ་གཉིས་ཏེ་ཐོས་པའི་ཤེས་རབ་བསྟན་པ་དང་། བསམས་པའི་ཤེས་རབ་བསྟན་པ་

སྟེ། འདི་ནི་དང་པོའོ། །ཐོས་པའི་ཤེས་རབ་དེ་ཡང་མཚན་ཉིད་རྣམ་པ་ལྔ་སྟེ། ལེགས་པར་ཐོས་པ་དང་། ལེགས་པར་བཟུང་བ་དང་། ཁ་ཏོན་དུ་བྱང་བར་བྱས་པ་དང་། ཡིད་ཀྱིས་ལེགས་པར་བརྟགས་པ་དང་། མཐོང་བས་ཤིན་ཏུ་རྟོགས་པར་བྱས་པའོ། །འདི་ལྟར་བྱང་ཆུབ་སེམས་
དཔའ་རྣམས་བསྟན་པའི་ཆོས་དེ་དག་ལ་སེམས་རྩེ་གཅིག་ཏུ་ཉན་པར་བྱེད་པ་དང་། ལེགས་པར་བཟུང་བ་དང་། ཁ་ཏོན་དུ་བྱང་བར་བྱེད་པ་དང་། ཡིད་ཀྱིས་ལེགས་པར་སེམས་པ་དང་། ཤེས་རབ་ཀྱིས་ཤིན་ཏུ་རྟོགས་པར་བྱེད་པས་སོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་མཚན་
ཉིད་རྣམ་པ་བཞིས་ཐོས་པའི་ཤེས་རབ་སྟོན་ཏེ་མདོ་འདི་ལས་གསུངས་པའི་དང་པོ་ཐོས་པའི་མཚན་ཉིད་མ་གཏོགས་པ་གཞན་རྣམས་ཀྱིས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས་ཐོས་པ་ལས་བྱུང་བའི་སའི་ནང་ནས་ནི་མཚན་ཉིད་རྣམ་པ་དྲུག་གིས་སྟོན་ཏེ་ཡང་བློ་ཞེས་བྱ་བས་བསྣན་ནའོ། །
མཚན་ཉིད་ཕྱི་མ་ལྔ་ནི་མིང་ཅུང་ཟད་ཐ་དད་ཀྱང་དོན་ནི་མདོ་འདི་ལས་གསུངས་པ་དང་མཐུན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཐོས་པ་ལས་བྱུང་བའི་ས་གང་ཞེ་ན། འདི་ལྟ་སྟེ་རིག་པའི་གནས་ལྔ་གང་ཡིན་པ་དེ་དག་མིང་དང་ཚིག་དང་ཡི་གེ་ཚད་མེད་པའི་བྱེ་བྲག་ལས་བློ་སྔོན་དུ་བཏང་སྟེ། ཉན་
པ་དང་། འཛིན་པ་དང་། འཆང་བ་དང་། ཁ་ཏོན་བྱེད་པ་དང་། རྗེས་སུ་དྲན་པ་དང་། ཕྱིན་ཅི་མ་ལོག་པར་ཤེས་པའོ་ཞེས་འབྱུང་བས་གོ་རིམས་བཞིན་དུ་མདོ་འདི་ལས་རྣམ་པ་ལྔ་གསུངས་པ་དང་སྦྱར་ཏེ། དེ་ལ་ཉན་པ་ཞེས་བྱ་བ་ནི་ལེགས་པར་ཐོས་པ་ཞེས་གསུངས་པ་ཉིད་དོ། །འཛིན་པ་དང་།
འཆང་བ་ཞེས་བྱ་བ་ནི་ལེགས་པར་བཟུང་བ་ཞེས་གསུངས་པ་ཉིད་དོ། །ཁ་ཏོན་ཤིན་ཏུ་བྱང་བར་བྱས་པ་ཞེས་བྱ་བ་ནི་ཁ་ཏོན་བྱང་བར་བྱས་པ་ཞེས་གསུངས་པ་ཉིད་དོ། །རྗེས་སུ་དྲན་པ་ནི་ཡིད་ཀྱིས་ལེགས་པར་བརྟགས་པ་ཞེས་གསུངས་པ་ཉིད་དོ། །ཕྱིན་ཅི་མ་ལོག་པར་ཤེས་པ་ཞེས་བྱ་བ་ནི་
མཐོང་བས་ཤིན་ཏུ་རྟོགས་པ་ཞེས་གསུངས་པ་ཉིད་དོ། །ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་གཅིག་ཏུ་དབེན་པར་འདུག་སྟེ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་གཉིས་པ་བསམས་པའི་ཤེས་རབ་བསྟན་པ་སྟེ། བསམས་པའི་ཤེས་རབ་དེ་ནི་ཐོས་པའི་ཤེས་རབ་ཀྱིས་བསམས་པའི་ཆོས་

དེ་དག་གཅིག་ཏུ་དབེན་པར་འདུག་སྟེ། ཆོས་དང་དོན་ཐོས་པའི་གཟུགས་བརྙན་རྣམ་པ་གཉིས་ཡིད་ལ་བྱེད་ཅིང་སེམས་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསམས་པ་ལས་བྱུང་བའི་ས་གང་ཞེ་ན་འདི་ལྟ་སྟེ་ཇི་ལྟར་ཁ་ཅིག་གཅིག་པུ་དབེན་
པ་ན་འདུག་ཅིང་། ཇི་ལྟར་ཐོས་པ་དང་ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་ཀྱི་རིགས་པ་སོ་སོར་བརྟགས་ནས་སེམས་པར་བྱེད་པའོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས་དབེན་པ་ལ་མོས་པ་གང་ཡིན་པ་དེས་ནི་ནང་གི་སེམས་བདེ་བར་གནས་པ་ཡང་དག་པའི་
ཞི་གནས་དང་རབ་ཏུ་འདྲེན་པར་འགྱུར་རོ། །ཡང་དག་པའི་ཞི་གནས་ལ་སེམས་བདེ་བར་གནས་པ་གང་ཡིན་པ་དེས་ནི་ལྷག་མཐོང་རབ་ཏུ་འདྲེན་པར་འགྱུར་རོ་ཞེས་བཤད་དོ། །གཞན་ཡང་ཡིད་ལ་བྱེད་པའི་སེམས་ནང་དུ་རྒྱུན་ཆགས་སུ་བྱེད་པའི་ཡིད་ལ་བྱེད་པས་སེམས་པར་བྱེད་དོ། །དེ་ལྟར་
ཞུགས་ཤིང་ལན་མང་དུ་གནས་པའི་ཕྱིར་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་འབྱུང་བ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཞི་གནས་དང་ལྷག་མཐོང་གི་སྒོ་རྣམ་པ་གཉིས་ཡང་དག་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ་ཞི་
གནས་བསྟན་པ་དང་། ལྷག་མཐོང་གི་སྒོ་རྣམ་པར་ཕྱེ་སྟེ་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ་ཞི་གནས་ཀྱི་སྒོ་ཡང་དག་པར་བསྟན་པ་དང་། མཇུག་བསྡུ་ཞིང་ཞུས་པ་སྔ་མའི་ལན་བསྟན་པའོ། །སྒོ་དང་པོ་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མདོའི་ཚིག་འདི་
ཡང་རྣམ་པ་བཞིར་དབྱེ་སྟེ། དམིགས་པར་བྱ་བའི་ཡུལ་དང་དམིགས་པར་བྱེད་པའི་ཞི་གནས་དང་གནས་སྐབས་དང་མིང་བསྟན་པའོ། །དེ་ལ་གཞན་ཡང་ཡིད་ལ་བྱེད་པའི་སེམས་གང་གིས་ཞེས་བྱ་བས་ནི་དམིགས་པར་བྱ་བའི་ཡུལ་བསྟན་ཏེ་མདོའི་ཚིག་འདི་བཤད་པ་ཡང་རྣམ་པ་གཉིས་ཡོད་
པས། ཁ་ཅིག་ན་རེ་ཆོས་དང་དོན་གྱི་ཡུལ་དེ་དག་ལ་ཡང་དག་པར་སེམས་ཤིང་ཐོས་པ་དང་། བསམས་པའི་ཤེས་རབ་རྣམ་པ་གཉིས་དང་རྗེས་སུ་མཐུན་པའི་སེམས་དམིགས་པའི་ཡུལ་དུ་གྱུར་པའོ་ཞེའོ། །ཁ་ཅིག་ན་རེ་ཤེས་རབ་རྣམ་པ་གཉིས་དང་རྗེས་སུ་མཐུན་པའི་སེམས་དམིགས་

པའི་ཡུལ་དུ་གྱུར་པའོ་ཞེས་ཟེར་ཏེ། དེ་ནི་དོན་དུ་ན་ཞི་གནས་ཀྱི་སྒོས་སེམས་རབ་ཏུ་ཞི་བར་བྱེད་ཅིང་། དམིགས་པ་གཅིག་ལ་གནས་པར་བྱེད་པས་དེའི་ཕྱིར་དམིགས་པའི་སེམས་ལ་ཡུལ་ཞེས་བཤད་ལ་ལྷག་མཐོང་གིས་ནི་སེམས་ཀྱིས་ཤེས་བྱའི་དོན་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར།
ཐོས་པ་དང་བསམས་པའི་ཤེས་རབ་རྣམ་པ་གཉིས་ཀྱིས་ཡོངས་སུ་བསྒྱུར་བའི་རྒྱུ་མཚན་གྱི་རྣམ་པ་ལ་དམིགས་པའི་ཡུལ་ཞེས་བསྟན་པ་ཡིན་ནོ་ཞེས་སྟོན་ཏོ། །སེམས་ནང་དུ་རྒྱུན་ཆགས་སུ་བྱེད་པའི་ཡིད་ལ་བྱེད་པས་སེམས་པར་བྱེད་དོ་ཞེས་བྱ་བས་ནི་དམིགས་པར་བྱེད་པས་ཞི་གནས་བསྟན་
ཏེ། དེ་ལ་སེམས་ནང་དུ་ཞེས་བྱ་བ་ནི་དམིགས་པའི་སེམས་བསྡུས་ནས་ཏིང་ངེ་འཛིན་ལ་གནས་པར་བྱེད་པས་སེམས་ནང་དུ་ཞེས་བསྟན་ཏེ་དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནང་གི་དམིགས་པ་ལ་སེམས་ཉེ་བར་གཏོད་པ་ནི་ཕྱི་རོལ་དུ་རྣམ་པར་མི་གཡེང་བ་ཉིད་ཀྱི་ཕྱིར་རོ་ཞེས་
འབྱུང་སྟེ། འདིས་ནི་སེམས་ནང་དུ་རྒྱུན་ཆགས་སུ་བྱེད་པའི་ཡིད་ལ་བྱེད་པས་སེམས་པར་བྱེད་པ་ཐོས་པ་དང་། བསམས་པ་དང་རྗེས་སུ་མཐུན་པའི་སེམས་བསྟན་ཏོ། །དེ་ལྟར་ཞུགས་ཤིང་ལན་མང་དུ་གནས་པའི་ཕྱིར་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་འབྱུང་བ་ཞེས་བྱ་བ་
ནི་གནས་སྐབས་ཏེ། འདི་ལྟར་ཞི་གནས་ནི་ནང་དུ་གནས་པ་ལ་སོགས་པ་ཡང་དག་པའི་སྤྱོད་པ་རྣམ་པ་དགུ་དང་ལྡན་པའི་ཕྱིར་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་ནི་འབྱུང་བར་བྱེད་པས་སོ། །དེ་ལ་ལུས་ཤིན་ཏུ་སྦྱངས་པ་ནི་འབྱུང་བ་ཆེན་པོ་བཞིས་རྒྱུར་བྱས་པའི་ཤིན་ཏུ་སྦྱངས་
པའི་རེག་བྱ་གང་ཡིན་པའོ། །སེམས་ཤིན་ཏུ་སྦྱངས་པ་ནི་བཅུ་གཅིག་དགེ་བ་ལས་ཤིན་ཏུ་སྦྱངས་པའི་གྲངས་སུ་གཏོགས་པའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས་ལུས་ཡང་ཞིང་ཟོ་མདོག་བདེ་བའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཤིན་ཏུ་
སྦྱངས་པའི་མཚན་ཉིད་དོ་ཞེས་བཤད་དེ། འདི་ལྟར་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་གནས་སྐབས་ལ་ཞི་གནས་རྣམ་པར་གཞག་པའི་ཕྱིར་རོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་དེ་ལ་སེམས་བདེ་བར་གནས་པ་རྣམ་པ་དགུ་པོ་གང་ཡིན་པ་དེ་ནི་ཞི་གནས་ཀྱི་ཕྱོགས་ཡིན་ནོ་ཞེས་

བཤད་དེ། སེམས་གནས་པ་རྣམ་པ་དགུ་ནི་བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་ལས། རྣམ་པ་དགུའི་མིང་སྨོས་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་དོ། །ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་གོ་རིམས་བཞིན་དུ་མིང་སྨོས་ནས་རྣམ་པར་བཤད་དེ།
དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཞི་གནས་ནི་འདི་ལྟ་སྟེ། སེམས་ནང་ཁོ་ནར་འཇོག་པ་དང་། རྒྱུན་དུ་འཇོག་པ་དང་། བརླན་ཏེ་འཇོག་པ་དང་། ཉེ་བར་འཇོག་པ་དང་། འདུལ་བར་བྱེད་པ་དང་། ཞི་བར་བྱེད་པ་དང་། རྣམ་པར་ཞི་བར་བྱེད་པ་དང་། རྩེ་གཅིག་ཏུ་ཞི་བར་བྱེད་པ་དང་། མཉམ་པར་འཇོག་པ་སྟེ།
རྣམ་པ་དགུ་པོ་འདི་དག་གིས་སེམས་བདེ་བར་གནས་པར་བྱེད་པས་ཞི་གནས་ཞེས་བྱའོ། །དེ་ལ་སེམས་ནང་ཁོ་ནར་འཇོག་པ་ནི་ཕྱི་རོལ་གྱི་དམིགས་པ་རྣམས་ལས་ཕྱིར་བརླན་ནས་ནང་དུ་མི་གཡེང་བར་དང་པོ་ཉིད་དུ་སེམས་ཉེ་བར་འདོགས་པའི་ཕྱིར་རོ། །རྒྱུན་དུ་འཇོག་པ་ནི་དེ་ལྟར་སེམས་གཡོ་བ་རགས་
པ་ཐོག་མ་ཉིད་དུ་ཉེ་བར་བཏགས་པས་དམིགས་པ་དེ་ཉིད་ལ་རྒྱུན་གྱི་ཚུལ་དང་། ཕྲ་བར་བྱེད་པས་མངོན་པར་སྡུད་པའི་ཕྱིར་རོ། །བརླན་ཏེ་འཇོག་པ་ནི་གལ་ཏེ་བརྗོད་ནས་ཕྱི་རོལ་དུ་གཡེངས་པར་གྱུར་ན་ཡང་ཕྱིར་བརླན་པར་བྱེད་པའི་ཕྱིར་རོ། །ཉེ་བར་འཇོག་པ་ནི་དང་པོ་ཉིད་ནས་སེམས་ཕྱི་རོལ་དུ་མི་འཕྲོ་བར་
བྱ་བའི་ཕྱིར་དྲན་པ་ཉེ་བར་གནས་པའི་ཕྱིར་རོ། །འདུལ་བར་བྱེད་པ་ནི་དང་པོ་ཉིད་ནས་རྣམ་པར་གཡེང་བའི་རྒྱུ་གཟུགས་ལ་སོགས་པའི་ཆོས་ལ་ཉེས་དམིགས་ཀྱི་འདུ་ཤེས་བསྐྱེད་ནས་དབང་དུ་བྱེད་པའི་ཕྱིར་དང་། སེམས་རབ་ཏུ་བཏུལ་ནས་འཕྲོར་མི་སྟེར་བའི་ཕྱིར་རོ། །ཞི་བར་བྱེད་པ་ནི་སེམས་
འཁྲུག་པར་བྱེད་པ། ཉེས་པར་རྣམ་པར་རྟོག་པ་ཉེ་བའི་ཉོན་མོངས་པ་རྣམས་ལ་ཉེས་དམིགས་སུ་ལྟ་བས་སེམས་བཏུལ་ནས་འཕྲོར་མི་སྟེར་བའི་ཕྱིར་རོ། །རྣམ་པར་ཞི་བར་བྱེད་པ་ནི་གལ་ཏེ་བརྗེད་ནས་རྣམ་པར་རྟོག་པ་ལ་སོགས་པ་གློ་བུར་དུ་མངོན་དུ་བྱུང་ན་ཡང་དང་དུ་མི་ལེན་ཅིང་ཡང་འབྱུང་བར་
མི་བྱེད་པའི་ཕྱིར་རོ། །རྩེ་གཅིག་ཏུ་བྱེད་པ་ནི་བརྩོན་འགྲུས་ཀྱི་སྦྱོར་བས་སྐབས་མེད་ཅིང་། བར་ཆད་མེད་པར་ཏིང་ངེ་འཛིན་མཆོག་ལ་བདེ་བར་གནས་པའི་ཕྱིར་རོ། །མཉམ་པར་འཇོག་པ་ནི་ཤིན་ཏུ་གོམས་པར་བྱས་པའི་ཕྱིར། མངོན་པར་འདུ་བྱ་བ་མེད་པར་ཏིང་ངེ་འཛིན་གྱི་སེམས་ཀྱི་རྒྱུན་གཡེང་བ་

མེད་པར་འབྱུང་བའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། མདོ་སྡེའི་རྒྱན་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ནི་ཞི་གནས་ཞེས་བྱ་སྟེ་ཞེས་བྱ་བ་ནི་མིང་བསྟན་པའོ། །ཁོ་ན་རེ་མདོའི་ཚིག་འདི་ཉིད་ལས་རྣམ་པ་གཉིས་སུ་
དབྱེ་སྟེ། དང་པོ་གཞན་ཡང་ཡིད་ལ་བྱེད་པའི་སེམས་གང་གིས་ཞེས་བྱ་བས་ནི་ཞི་གནས་ཀྱི་ཐབས་བསྟན་ཏོ། །གཉིས་པ་ནི་དེ་ལྟར་ཞུགས་ཤིང་ཞེས་བྱ་བ་ལ་སོགས་པས་ནི་ཞི་གནས་ཉིད་ཡང་དག་པར་བཤད་པ་སྟེ། འདིས་ནི་བསམས་པའི་ཤེས་རབ་ཆེན་པོའི་རྣམ་པ་དེས་ཡང་ཐོས་པ་དང་།
བསམས་པའི་ཤེས་རབ་དམན་པའི་རྣམ་པ་གཉིས་ལ་དམིགས་པར་བྱེད་པས་ནང་གི་སེམས་རྒྱུན་ཆགས་སུ་གྱུར་པ་དམིགས་པ་མེད་པར་བསྟན་ཏོ་ཞེས་ཟེར་ཏེ། ཞི་གནས་ཀྱི་མཚན་ཉིད་ཡང་དག་པར་བཤད་པར་ནི་དོན་གོང་དུ་བསྟན་པ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་
སུ་ཚོལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་ཞིང་ཞུས་པ་སྔ་མའི་ལན་བསྟན་པའོ། །དེ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པས་གནས་བྱས་པའི་ཕྱིར་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད་མོས་
པར་བྱེད། སེམས་ཀྱི་མཚན་མ་ཡོངས་སུ་སྤོང་བར་བྱེད་དེ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ལྷག་མཐོང་གི་སྒོ་རྣམ་པར་ཕྱེ་སྟེ་བསྟན་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ལྷག་མཐོང་གི་སྒོ་ཡང་དག་པར་བསྟན་པ་དང་། མཇུག་བསྡུ་ཞིང་ཞུས་པ་སྔ་མའི་ལན་བསྟན་པའོ། །སྒོ་དང་པོ་ལ་
ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཏིང་ངེ་འཛིན་གྱི་གནས་སྐབས་ལ་བརྟེན་ནས་མདོའི་ཚིག་འདི་བཤད་པ་རྣམ་པ་གཉིས་སུ་འགྱུར་རོ་ཞེས་ཟེར་བས་རྣམ་པ་གཉིས་སུ་དབྱེ་སྟེ། དམིགས་པར་བྱ་བ་མ་ཡིན་པ་རབ་ཏུ་དབྱེ་བ་དང་ཡུལ་ལ་བརྟེན་ནས་ལྷག་མཐོང་སྐྱེ་བར་བསྟན་པ་སྟེ་འདི་ནི་
དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དང་པོ་དེ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པས་ཞེས་བྱ་བ་ལ་སོགས་པས་ནི་ལྷག་མཐོང་གི་གནས་བསྟན་ཏེ། འདི་ལྟར་སྔར་ཤིན་ཏུ་སྦྱངས་པ་ཐོབ་ནས་གནས་བྱས་པའི་ཕྱིར་ལྷག་མཐོང་སྐྱེས་པར་གྱུར་པའོ། །གཉིས་པ་ཇི་ལྟར་

ལེགས་པར་བསམས་པ་ཞེས་བྱ་བ་ལ་སོགས་པས་ནི་དམིགས་པར་བྱས་པ་མ་ཡིན་པར་རབ་ཏུ་དབྱེ་བ་སྟེ་འདི་ལྟར་སྔར་བསྟན་པའི་ཐོས་པ་དང་བསམས་པའི་དམིགས་པ་ཡིད་ལ་བྱེད་པའི་ཆོས་དེ་དག་ལ་ནང་གི་ཏིང་ངེ་འཛིན་ཆ་མཚུངས་པའི་གཟུགས་བརྙན་སྣང་བར་
བྱེད་པ་བསྐྱེད་ནས། གཟུགས་བརྙན་དེ་ཉིད་ལ་མོས་པས་ཡིད་ལ་བྱེད་པ་དང་། སོ་སོར་རྟོག་པར་བྱེད་པ་བསྐྱེད་པ་ནི་ལྷག་མཐོང་དང་ཞི་གནས་ཀྱི་དམིགས་པ་སེམས་ཀྱི་མཚན་མ་འབྱུང་བའི་ཕྱིར་རོ། །དེ་ལ་སེམས་ཀྱི་མཚན་མ་ཞེས་བྱ་བ་ནི་སེམས་ཉིད་མཚན་མ་ཡིན་པས་དེའི་ཕྱིར་སེམས་ཀྱི་
མཚན་མ་ཞེས་བྱའོ། །དེ་ལྟར་ཏིང་ངེ་འཛིན་གྱི་གཟུགས་བརྙན་ཞེས་བྱ་བའི་དོན་དེ་དག་ལ་ཡང་དག་པར་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྟོག་པ་དང་། ཡོངས་སུ་དཔྱོད་པ་དང་། བཟོད་པ་དང་། འདོད་པ་དང་། ཤེས་རབ་དང་། ལྟ་བ་དང་། རྟོག་པ་
གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ་ཞེས་བྱ་བ་ནི་གཉིས་པ་ཡུལ་ལ་བརྟེན་ནས་ལྷག་མཐོང་སྐྱེ་བར་བསྟན་པའོ། །མདོའི་ཚིག་འདི་ཡང་རྣམ་པ་བཞིར་ཕྱེ་ནས་བཤད་པར་བྱ་སྟེ། དང་པོ་དེ་ལྟར་ཏིང་ངེ་འཛིན་གྱི་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པས་ནི་ཡོངས་སུ་བརྟག་པར་བྱ་བའི་ཡུལ་
བསྟན་ཏེ། སྔར་གོང་དུ་བསྟན་པའི་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཉིད་ཅེས་བྱ་བའི་དོན་ཡིན་པས་ཡོངས་སུ་བརྟག་པའི་ཡུལ་ཞེས་བྱའོ། །གཉིས་པ་ཡང་དག་པར་རྣམ་པར་འབྱེད་པ་ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་གྱི་མཚན་ཉིད་བསྟན་ཏེ། འདི་ནི་ཤེས་རབ་ཀྱི་མཚན་ཉིད་
རྣམ་པ་བཞིའོ། །མཚན་ཉིད་རྣམ་པ་བཞི་པོ་དེ་དག་ཀྱང་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཆོས་རྣམས་རྣམ་པར་འབྱེད་པ་ཞེས་བྱ་བ་ནི་ཅི་སྙེད་ཡོད་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་རྣམ་པར་འབྱེད་པ་ནི་ཇི་ལྟ་བ་
བཞིན་དུ་ཡོད་པ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་རྟོག་པ་ནི་རྣམ་པར་རྟོག་པ་དང་བཅས་པའི་ཡིད་ལ་བྱེད་པ་ཤེས་རབ་དང་བཅས་པས་ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འཇོག་པའི་ཕྱིར་རོ། །ཡོངས་སུ་དཔྱོད་པ་ནི་ཡོངས་སུ་ཚོལ་བ་དང་ལྡན་པའི་ཕྱིར་རོ་ཞེས་འབྱུང་བ་ཡིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་

པའི་ས་ལས་ཀྱང་ཕལ་ཆེར་འདི་དང་མཐུན་པར་འབྱུང་སྟེ། དེའི་ཕྱིར་དེ་ཉིད་ལས་དེ་ལ་ལྷག་མཐོང་རྣམ་པ་བཞི་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་གིས་ནང་གི་སེམས་ཀྱི་ཞི་གནས་ལ་བརྟེན་ནས་ཆོས་རྣམ་པར་འབྱེད་པར་བྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་ཡོངས་སུ་རྟོག་པར་བྱེད་པ་དང་། ཡོངས་སུ་
དཔྱོད་པར་བྱེད་པ་གང་ཡིན་པ་དེ་ནི་ལྷག་མཐོང་རྣམ་པ་བཞི་ཞེས་བྱའོ། །དེ་ལ་ཇི་ལྟར་རྣམ་པར་འབྱེད་ཅེ་ན། འདི་ལྟ་སྟེ་སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་མཁས་པའི་དམིགས་པ་དང་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་དག་ལ་ཇི་སྙེད་ཡོད་པ་ཉིད་ཀྱིས་རྣམ་པར་འབྱེད་དོ། །ཇི་ལྟར་
རབ་ཏུ་རྣམ་པར་འབྱེད་ཅེ་ན། འདི་ལྟ་སྟེ། དམིགས་པར་བྱ་བའི་སྤྱོད་ཡུལ་དེ་དག་ཉིད་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱིས་རབ་ཏུ་རྣམ་པར་འབྱེད་པར་བྱེད་དོ། །ཇི་ལྟར་ཡོངས་སུ་རྟོག་པར་བྱེད་ཅེ་ན། འདི་ལྟ་སྟེ། དམིགས་པ་དེ་དག་ལ་ཤེས་རབ་དང་ལྡན་པའི་ཡིད་ལ་བྱེད་པ་རྣམ་པར་རྟོག་པ་དང་བཅས་
པས་དེའི་མཚན་མ་ཡོངས་སུ་བཟུང་ནས་ཡོངས་སུ་རྟོག་པར་བྱེད་དོ། །ཇི་ལྟར་ཡོངས་སུ་དཔྱོད་པར་བྱེད་ཅེ་ན། འདི་ལྟ་སྟེ། དམིགས་པར་བྱ་བའི་སྤྱོད་ཡུལ་དེ་དག་ལ་ཡང་དག་པར་རྟོག་པར་བྱེད་པའི་ཚེ། ཡོངས་སུ་དཔྱོད་པར་བྱེད་དོ་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་
ཀྱང་བཞི་པོ་འདི་དག་ལ་གོ་རིམས་བཞིན་དུ་ལྷག་མཐོང་རྣམ་པ་བཞི་ཞེས་བཤད་དོ། །གསུམ་པ་བཟོད་པ་ཞེས་བྱ་བ་ལ་སོགས་པས་ནི་ལྷག་མཐོང་གི་མིང་གི་རྣམ་གྲངས་བསྟན་པ་ཡིན་ཏེ། དེ་ཡང་རྣམ་པ་ལྔའོ། །དེ་ལ་བཟོད་པ་ནི་འདི་ལྟ་སྟེ། ཁོང་དུ་ཆུད་པར་བཟོད་པའོ། །འདོད་པ་ནི་འདི་
ལྟ་སྟེ། མོས་པར་གྱུར་པའོ། །ཤེས་རབ་ནི་རྣམ་པར་འབྱེད་པའོ། །ལྟ་བ་ནི་ཡོངས་སུ་ཚོལ་བའོ། །རྟོག་པ་ནི་འདི་ལྟ་སྟེ། སོ་སོར་རྟོག་པའོ། །རྣམ་པ་ལྔ་པོ་འདི་དག་ཀྱང་དོན་ནི་གཅིག་ལ་མིང་ནི་ཐ་དད་པར་གྱུར་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཤེས་རབ་དང་
ཡེ་ཤེས་དང་མཐོང་བ་དང་རིག་པ་དང་བློ་དང་རྟོག་པ་ལ་སོགས་པ་ནི་མིང་གི་བྱེ་བྲག་ཡིན་ཏེ། ཆོས་མཚན་ཉིད་དང་སེམས་ལས་བྱུང་བའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ངོ་བོ་ཉིད་དོ་ཞེས་བཤད་དེ་བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །གཞི་དེ་ནི་ལྷག་མཐོང་ཞེས་བྱ་སྟེ་ཞེས་

བྱ་བ་ནི་མཇུག་བསྡུ་བའོ། །ཁ་ཅིག་ན་རེ་རྩ་བ་དང་གཟུགས་བརྙན་ལ་བརྟེན་ནས་མདོའི་ཚིག་འདི་བསྟན་པ་ཡིན་ཏེ། དེ་ལ་ཇི་ལྟར་ལགས་པར་བསམས་པ་ཞེས་བྱ་བ་ལ་སོགས་པས་ནི་རྩ་བ་ཉིད་ཀྱི་ཆོས་རབ་ཏུ་སྟོན་ཏེ། ནང་དུ་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པས་ནི་རྩ་བ་
ལ་བརྟེན་ནས་གཟུགས་བརྙན་འབྱུང་བ་བསྟན་ཏེ། གཟུགས་བརྙན་ལ་བརྟེན་ནས་སོ་སོར་རྟོག་པར་བྱེད་པས་སོ། །དེ་ལྟར་ཏིང་ངེ་འཛིན་གྱི་ཞེས་བྱ་བ་ལ་སོགས་པས་ནི་ལྷག་མཐོང་གི་གཟུགས་བརྙན་གྱི་དབང་གིས་ཞེས་བྱ་བའི་དོན་རྩ་བ་ལས་འབྱུང་བའི་ཡུལ་ཁོང་དུ་ཆུད་པར་བསྟན་ཏེ། དེའི་ཕྱིར་
བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྣལ་འབྱོར་པ་དེས་གཟུགས་བརྙན་བརྟག་པའི་ཕྱིར་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་རང་བཞིན་དེ་ལ་ཡང་དག་པར་རྟོག་པ་ན་ཡོན་ཏན་དང་སྐྱོན་ངེས་པར་རྟོག་པར་བྱེད་པ་གང་ཡིན་པ་ཞེས་འབྱུང་སྟེ། མདོའི་ཚིག་གཞན་བཤད་པའི་དོན་ནི་སྔར་
བསྟན་པ་བཞིན་ནོ་ཞེའོ། །ཁ་ཅིག་ན་རེ་ཏིང་ངེ་འཛིན་དང་རྣམ་པར་གཡེང་བ་ལས་བརྩམས་ནས། མདོའི་ཚིག་འདི་བསྟན་པ་ཡིན་པས་རྣམ་པ་གཉིས་སུ་དབྱེ་སྟེ། ལྷག་མཐོང་གི་སྦྱོར་བ་བསྟན་པ་དང་། དེ་ལྟར་ཞེས་བྱ་བ་མན་ཆད་ཀྱིས་རྩ་བའི་ལྷག་མཐོང་ཡང་དག་པར་བསྟན་པའོ། །དང་པོ་
ཡང་རྣམ་པ་གཉིས་ཏེ། ལྷག་མཐོང་གི་གནས་བསྟན་པ་དང་། ཇི་ལྟར་ཞེས་བྱ་བ་མན་ཆད་ཀྱིས་སྦྱོར་བ་ཡང་དག་པར་བསྟན་པའོ། །འདི་ལྟར་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པས་གནས་བྱས་པའི་ཕྱིར་དང་། ཏིང་ངེ་འཛིན་ལ་བརྟེན་ནས་ལྷག་མཐོང་སྐྱེ་བ་ཡང་གདོན་མི་ཟ་བར་ཐོས་པ་དང་
བསམས་པའི་སེམས་རྣམ་པར་གཡེང་བས་སྦྱོར་བར་བྱེད་པའི་ཕྱིར། འདིས་ནི་ཐོས་པ་དང་བསམས་པའི་སྦྱོར་བ་ཉིད་ཡང་དག་པར་བསྟན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཞི་གནས་དང་ལྷག་མཐོང་གཉིས་ཀྱི་རྣམ་པའི་མཚན་ཉིད་ཐ་དད་པའི་ཕྱིར་ཏིང་ངེ་འཛིན་ཐོབ་པར་གྱུར་ཀྱང་ཡང་ཐོས་པ་དང་། བསམས་
པའི་སེམས་རྣམ་པར་གཡེང་བ་འབྱུང་བས་སོ། །ནང་དུ་ཏིང་ངེ་འཛིན་ཞེས་བྱ་བ་ནི་སེམས་བསྡུས་ནས་རྣམ་པར་མི་གཡེང་བས་ནང་ཞེས་བྱ་བའི་ཡང་དག་པའི་ཏིང་ངེ་འཛིན་ལ་གནས་པ་ལ་བྱ་བ་ནི་མ་ཡིན་པས་དེའི་ཕྱིར་ནང་ཞེས་བྱ་བ་གསུངས་ཏེ། གཞན་ནི་སྔར་བཤད་པ་བཞིན་ནོ་ཞེའོ། །སྦྱོར་བ་དང་རྩ་

བའི་གནས་སྐབས་དེ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། དང་པོ་ནི་གཟུགས་བརྙན་ཁོ་ན་ལས་བརྩམས་ནས་སོ། །གཉིས་པ་ནི་རྩ་བ་དང་གཟུགས་བརྙན་གཉི་ག་ལ་བརྟེན་ནས་ཏེ་དོན་ནི་སྔར་བཤད་པ་བཞིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ་ཞེས་བྱ་བ་ནི་
གཉིས་པ་མཇུག་བསྡུ་ཞིང་ཞུས་པ་སྔ་མའི་ལན་དུ་གསུངས་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་དམིགས་པའི་སེམས་ཡུལ་དུ་གྱུར་པ་ན་ནང་དུ་ཡིད་ལ་བགྱིད་པའི་སེམས་ཇི་སྲིད་དུ་
ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཡིད་ལ་བགྱིད་པ་དེ་ལ་མིང་ཅི་ཞེས་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་ཞི་གནས་དང་ལྷག་མཐོང་དང་རྗེས་སུ་འཇུག་པའི་ཡིད་ལ་བྱེད་པ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞི་གནས་དང་རྗེས་སུ་
མཐུན་པའི་ཡིད་ལ་བྱེད་པ་བསྟན་པ་དང་ལྷག་མཐོང་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ་ཞུ་བ་གསོལ་བ་དང་ལན་དུ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ། གོང་དུ་བསྟན་པ་ལྟར་དམིགས་པའི་སེམས་ཀྱིས་ནང་གི་སེམས་རྒྱུན་ཆགས་སུ་ཡིད་ལ་བྱེད་པ་
ན་ཡིད་ལ་བྱེད་པ་དེས་ཇི་སྲིད་དུ་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེ་སྲིད་དུ་དེའི་མིང་ཅི་ཞེས་བྱ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཞི་གནས་ཀྱི་ཡིད་ལ་བྱེད་པ་ནི་མ་ཡིན་ཏེ། ཞི་གནས་ཀྱི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་
ལྡན་པའི་ཡིད་ལ་བྱེད་པ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་བཅོམ་ལྡན་འདས་ཀྱིས་ལན་ཡང་དག་པར་གསུངས་པ་སྟེ། ཞི་གནས་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་གྱི། ཡང་དག་པའི་ཞི་གནས་ནི་མ་ཡིན་ཏེ། ཤིན་ཏུ་སྦྱངས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་
འདས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཇི་ལྟར་ལེགས་པར་བསམས་པའི་ཆོས་རྣམས་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་ཡིད་ལ་བགྱིད་ན་ཡིད་ལ་བགྱིད་པ་དེ་ལ་མིང་ཅི་ཞེས་བགྱི་ལགས་ཞེས་བྱ་བ་ལ་སོགས་པས་ནི་

གཉིས་པ་ལྷག་མཐོང་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་པ་དང་ལན་དུ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ། སྔར་བསྟན་པ་ཇི་ལྟར་ལེགས་པར་བསམས་པའི་ཆོས་རྣམས་ནང་དུ་ཏིང་ངེ་
འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པའི་མོས་པས་སེམས་ཀྱི་མཚན་མ་ཡོངས་སུ་སྤངས་པ་ཡིད་ལ་བྱེད་པ་དེ་དག་ཇི་སྲིད་དུ་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་མིང་ཅི་ཞེས་བྱ་བའི་ཐ་ཚིག་གོ། །རིགས་ཀྱི་བུ་ལྷག་མཐོང་གི་ཡིད་ལ་བྱེད་པ་ནི་མ་ཡིན་ཏེ། ལྷག་མཐོང་གི་རྗེས་སུ་མཐུན་པའི་
མོས་པ་དང་མཚུངས་པར་ལྡན་པའི་ཡིད་ལ་བྱེད་པ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པ་སྟེ། ལྷག་མཐོང་གི་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་གྱི་ཡང་དག་པའི་ལྷག་མཐོང་ནི་མ་ཡིན་ཏེ། ཤིན་ཏུ་སྦྱངས་པ་མེད་པའི་ཕྱིར་རོ། །
མདོའི་ཚིག་འདི་དང་སྦྱར་ན་ཞི་གནས་དང་ལྷག་མཐོང་ནི་ཏིང་ངེ་འཛིན་གྱི་གནས་སྐབས་ལ་ཡོད་པ་ཁོ་ན་ཉིད་དུ་རིག་པར་བྱའོ། །གཞན་ཡང་མདོའི་ཚིག་འདིས་ནི་གང་དུ་ནང་གི་སེམས་རྒྱུན་ཆགས་སུ་ཡིད་ལ་བྱེད་པ་ཞེས་བྱ་བ་ལ་སོགས་པ་ཉིད་ལ་དེའི་སྦྱོར་བ་ཡིན་ནོ་ཞེས་བསྟན་པ་ཡང་ཡང་དག་པའི་དོན་
ཉིད་དུ་གྱུར་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞི་གནས་ཀྱི་ལམ་དང་ལྷག་མཐོང་གི་ལམ་ཐ་དད་ཅེས་བགྱི་འམ་ཐ་དད་པ་མ་ལགས་ཞེས་བགྱི་ཞེས་བྱ་བ་འདི་མན་ཆད་ནི་ལྔ་པ་ཞི་གནས་དང་ལྷག་མཐོང་
གི་ལམ་གཉིས་གཅིག་པ་དང་ཐ་དད་པ་རྣམ་པར་འབྱེད་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་བ་དང་ལན་དུ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ་ཞི་གནས་དང་ལྷག་མཐོང་རྣམ་པ་གཉིས་ནི་རྣལ་འབྱོར་པ་རྣམས་ཀྱིས་བགྲོད་པར་བྱ་བའི་གནས་
དང་འཕགས་པ་རྣམས་ཀྱི་ལམ་གྱི་ཆོས་རབ་ཏུ་འདྲེན་པའི་ཕྱིར་ལམ་ཞེས་བྱ་སྟེ། ལམ་གཉིས་པོ་དེ་དག་གཅིག་པ་ཞིག་ལགས་སམ་ཐ་དད་པ་ཞིག་ལགས་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཐ་དད་པ་

ཡང་མ་ཡིན་ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་ཡང་དག་པར་གསུངས་པ་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུས་པ་བཞིན་དུ་མདོར་བསྟན་པ་དང་། དྲིས་པ་དང་ལན་དག་གིས་རྣམ་པར་ཕྱེ་ནས་
བཤད་པ་སྟེ་འདི་ནི་དང་པོའོ། །ཅིའི་ཕྱིར་ཐ་དད་པ་མ་ཡིན་ཞེ་ན་ལྷག་མཐོང་གི་དམིགས་པའི་སེམས་ལ་དམིགས་པའི་ཕྱིར་རོ། །ཅིའི་ཕྱིར་ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ཞེ་ན། རྣམ་པར་རྟོག་པའི་གཟུགས་བརྙན་དམིགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་དྲིས་པ་དང་ལན་དག་གིས་
རྣམ་པར་ཕྱེ་ནས་བཤད་པའོ། །མདོའི་ཚིག་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཐ་དད་པ་མ་ཡིན་པ་ཞེས་བྱ་བའི་གཟུགས་གཉིས་ལ་བརྟན་ནས་བསྟན་པ་ཡིན་ཏེ། དེ་ལ་རེ་ཞིག་དཔེར་ན་ཞི་གནས་དང་ལྷག་མཐོང་གཉི་ག་ཅིག་ཅར་འཇུག་པའི་ཚེ་ཐོས་པ་དང་བསམས་པའི་
དམིགས་པའི་རྒྱུ་མཚན་གྱི་རྣམ་པའི་ཡུལ་ལ་མཚུངས་པར་དམིགས་ཤིང་ལྟ་བའི་རྣམ་པའི་སེམས་ལ་གཟུགས་ཀྱི་ཡུལ་ཉིད་དུ་དམིགས་པར་བྱེད་དེ། གཟུགས་ཉིད་དུ་མཚུངས་པའི་ཕྱིར་ཐ་དད་པ་མ་ཡིན་ཞེས་བྱའོ། །ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ཞེས་བྱ་བ་ནི་གཟུགས་བརྙན་ལས་བརྩམས་ནས་
གསུངས་པ་ཡིན་ཏེ། འདི་ལྟར་ཞི་གནས་དང་ལྷག་མཐོང་དེ་དག་དམིགས་པར་མཚུངས་པར་གྱུར་པ་ན་གཟུགས་བརྙན་སྤྲུལ་པ་གང་ཡིན་པ་དེ་དག་སོ་སོ་ནས་མི་འདྲ་སྟེ། རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ལ་བྱེ་བྲག་ཡོད་པའི་ཕྱིར་ཐ་དད་པ་མ་ཡིན་པ་ཡང་མ་ཡིན་
པ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་ཐ་དད་པ་ཡང་མ་ཡིན་པ་ཞེས་བྱ་བ་ནི་འདི་ལྟར་ཞི་གནས་ཀྱི་ལྷག་མཐོང་གི་དམིགས་པ་ཐོས་པ་དང་བསམས་པའི་རྒྱུ་མཚན་གྱི་ཡུལ་ལ་དམིགས་པར་མི་བྱེད་མོད་ཀྱི་འོན་ཀྱང་ཐོས་པ་དང་བསམས་པའི་ཤེས་རབ་རྣམ་པ་གཉིས་པོ་དེ་དག་གི་དམིགས་པའི་ཡུལ་ལ་ཡོད་
པའི་ལྟ་བའི་རྣམ་པའི་སེམས་ལ་དམིགས་པར་བྱེད་པའི་ཕྱིར་ཐ་དད་པ་མ་ཡིན་པ་ཞེས་བྱའོ། །ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ཞེས་བྱ་བའི་དོན་ནི་སྔར་བཤད་པ་བཞིན་ནོ་ཞེས་ཟེར་ཏེ། བཤད་པ་རྣམ་པ་གཉིས་ལས་བཤད་པ་ནི་ཕྱི་མ་བཟང་སྟེ། མདོའི་ཚིག་སྔ་མ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །བྱང་ཆུབ་

སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷག་མཐོང་དང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམས་ཀྱི་གཟུགས་བརྙན་གང་ལགས་པ་དེ་དག་སེམས་འདི་དང་ཐ་དད་པ་ཞེས་བགྱི་འམ། ཐ་དད་པ་མ་ལགས་ཞེས་བགྱི་ཞེས་
བྱ་བ་འདི་མན་ཆད་ནི་དྲུག་པ་ཞི་གནས་དང་ལྷག་མཐོང་རྣམ་པར་རིག་པ་ཙམ་དུ་འབྱེད་པའི་སྒོ་འམ་ཡང་ན་སེམས་དང་ཡུལ་གཅིག་པ་དང་ཐ་དད་པ་ཉིད་དུ་རྣམ་པར་འབྱེད་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་དྲུག་ཏུ་དབྱེ་སྟེ། ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་དང་བརྟག་པ་དང་རྣམ་པར་
བཤད་པ་དང་ལན་གསོལ་བ་དང་སྤྱིར་བསྟན་པའོ། །འདི་ནི་དང་པོ་འཕགས་པ་བྱམས་པས་ཞུ་བ་གསོལ་བ་སྟེ། ཞུ་བ་གསོལ་བ་འདི་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། །ཁ་ཅིག་ན་རེ་འདིར་ནི་ལྷག་མཐོང་སྨོས་ནས་ཏིང་ངེ་འཛིན་གྱི་དམིགས་པ་ཞུས་པ་ཡིན་ཏེ། བསྟན་བཅོས་ཐེག་པ་ཆེན་
པོ་བསྡུས་པ་ལས་ཇི་སྐད་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་རྣམས་བསྟན་ནས་ལྷག་མཐོང་མ་བཤད་པ་ལྟ་བུ་དང་། མདོ་འདི་ཉིད་ལས་འོག་ནས་ཏིང་ངེ་འཛིན་གྱི་གཟུགས་བརྙན་ལྟ་བུར་སྣང་ངོ་ཞེས་གསུངས་པ་ལྟ་བུའོ་ཞེའོ། །ཁ་ཅིག་ན་རེ་འདིར་ཏིང་ངེ་འཛིན་སྨོས་ནས་ལྷག་མཐོང་གི་
དམིགས་པ་ཞུས་པ་ཡིན་ཏེ་གཞན་དག་ནས་ཟད་པར་གྱི་སྐྱེ་མཆེད་བཅུའི་རྣལ་འབྱོར་ལ་སོགས་པའི་སྐྱོན་བསྟན་པ་ལྟ་བུ་སྟེ། དེའི་ཕྱིར་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལ་སོགས་པ་ལས་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་བརྟེན་ནས་ལྷག་མཐོང་འབྱུང་བའི་ཕྱིར་ཏིང་ངེ་འཛིན་ཞེས་བྱ་བའི་ཚིག་
བསྟན་པ་བཞིན་ནོ་ཞེའོ། །ཁ་ཅིག་ན་རེ་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དམིགས་པའི་གཟུགས་བརྙན་ཅིག་ཅར་ཞུས་པ་ཡིན་ཏེ། མདོ་འདི་ལས་ལྷག་མཐོང་དང་ཏིང་ངེ་འཛིན་གྱི་དམིགས་པའི་ཡུལ་ཞུ་བའི་ཕྱིར་ཏེ། ཞུས་པ་འདིའི་དོན་ནི་འདི་སྐད་དུ་ལྷག་མཐོང་དང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་སྔོན་པོ་ལ་
སོགས་པ་དེ་དག་སེམས་པ་འདི་དང་གཅིག་པ་ཞིག་ལགས་སམ། ཐ་དད་པ་ཞིག་ལགས་ཞེས་བྱ་བའི་ཐ་ཚིག་གོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་མདོ་འདི་དང་མཐུན་པར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་

ཀྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་བྱས་པ་ལས། དེ་ལ་ཏིང་ངེ་འཛིན་ཞེས་བྱ་བ་ནི་དམིགས་པ་ལ་སེམས་རྩེ་གཅིག་པའི་ངོ་བོ་ཉིད་དེ། སེམས་ལས་བྱུང་བའི་ཆོས་ཀྱི་བདག་ཉིད་དོ། །འདིས་དམིགས་པའི་ཡུལ་ལ་སྤྱོད་ཡུལ་ཞེས་བྱ་སྟེ། རང་གི་ཡུལ་གང་ཡིན་པ་དེ་ནི་གཟུགས་ཞེས་
བྱའོ། །དེ་དང་འདྲ་བར་སྣང་བ་གང་ཡིན་པ་དེ་ནི་གཟུགས་བརྙན་ཞེས་བྱའོ་ཞེས་བཤད་དོ། །གཟུགས་བརྙན་དེ་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང་སྦྱར་ན་རྣམ་པར་བསྔོས་པ་དང་རྣམ་པར་བམ་པ་ལ་སོགས་པའི་གཟུགས་བརྙན་ལ་བྱ་བར་བཤད་དོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་
པ་མི་མཐུན་པ་རྣམ་པ་གཅིག་ལས་ནི། ཟད་པར་གྱི་སྐྱེ་མཆེད་བཅུ་ལས་སྔ་མ་བརྒྱད་ནི་གཟུགས་ཡིན་ཏེ། འདི་ལྟ་སྟེ་སྔོན་པོ་དང་། དམར་པོ་དང་། དཀར་པོ་དང་། སེར་པོ་དང་། ས་དང་། ཆུ་དང་། མེ་དང་། རླུང་ངོ་། །གཟུགས་རྣམ་པ་བརྒྱད་པོ་དེ་དག་ཀྱང་ཐམས་ཅད་ཡོད་པར་སྨྲ་བའི་
གཞུང་གིས་རྣམ་པ་བརྒྱད་ལས་འབྱུང་བ་ཆེན་པོ་བཞི་ནི་རེག་བྱའི་སྐྱེ་མཆེད་ཀྱིས་བསྡུས་སོ། །སྔོན་པོ་ལ་སོགས་པ་རྣམ་པ་བཞི་ནི་གཟུགས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པར་བཤད་དེ། དེའི་གཞུང་གིས་ཆོས་ཀྱི་སྐྱེ་མཆེད་ནི་གཟུགས་ལས་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་བསྡུས་པར་འདོད་པའི་
ཕྱིར་རོ། །མདོ་སྡེ་པའི་གཞུང་གིས་ནི་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་ལས་བསྟན་པ་བཞིན་དུ་རྣམ་པར་རིག་བྱེད་མ་ཡིན་པ་ནི་གཟུགས་ཀྱང་མ་ཡིན་སེམས་ཀྱང་མ་ཡིན་པ་ཁོ་ནའོ་ཞེས་སྟོན་ཏེ། ཏིང་ངེ་འཛིན་རྣམས་ཀྱི་སྤྱོད་ཡུལ་གྱི་གཟུགས་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པར་འདོད་པ་ཡང་
ཕལ་ཆེར་ཐེག་པ་ཆེན་པོ་དག་དང་ཡང་མཐུན་ཏེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ལས་མདོ་སྡེ་པ་དག་ན་རེ་མདོ་དག་ལས། གཟུགས་རྣམ་པ་གསུམ་མོ་ཞེས་གང་གསུངས་པ་དེ་ཡང་། རྣལ་འབྱོར་པ་དག་ན་རེ་བསམ་གཏན་བསྒོམ་པ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བསྐྱེད་པའི་ཏིང་ངེ་འཛིན་གྱི་
སྤྱོད་ཡུལ་གྱི་གཟུགས་བརྙན་གང་ཡིན་པ་དེ་ནི་མིག་གི་དབང་པོའི་ཡུལ་མ་ཡིན་པའི་ཕྱིར་བསྟན་དུ་མེད་པ་ཞེས་བྱའོ། །གནས་ལ་མི་སྒྲིབ་པའི་ཕྱིར་ཐོགས་པ་མེད་པ་ཞེས་བྱའོ། །གལ་ཏེ་དེ་ལྟར་ན་ཅིའི་ཕྱིར་གཟུགས་ཞེས་བྱ་ཞེ་ན། དེའི་མིང་བཤད་པ་ཡང་རྣམ་པར་རིག་བྱེད་མ་ཡིན་པ་བཤད་པ་

དང་མཐུན་ནོ། །གཞན་ཡང་མདོ་ལས་ཟག་པ་མེད་པའི་གཟུགས་ཞེས་གསུངས་པ་ཡང་རྣལ་འབྱོར་པ་དག་ན་རེ་ཏིང་ངེ་འཛིན་གྱི་མཐུས་བསྐྱེད་པའི་གཟུགས་ལས་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་བརྟེན་པ་གང་ཡིན་པ་དེ་ནི་ཟག་པ་མེད་པ་ཞེས་བཤད་དོ་ཞེས་འབྱུང་ངོ་། །
འདིར་ཐེག་པ་ཆེན་པོའི་ཟད་པར་གྱི་སྐྱེ་མཆེད་རྣམ་པ་བཅུའི་རྣལ་འབྱོར་བསྒོམ་པ་དང་སྦྱར་ན་རྣམ་པར་ཐར་པ་ལ་སོགས་པ་ལས་དམིགས་པའི་ཡུལ་གྱི་གཟུགས་གང་ཡིན་པ་དེ་དག་ནི་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པ་དག་ཡིན་ནོ། །འདིར་ཅིའི་ཕྱིར་ལྷག་མཐོང་ཁོ་ནའི་དམིགས་པའི་སྤྱོད་ཡུལ་བསྟན་
ཞེ་ན། སྨྲས་པ། སྔར་གོང་དུ་ཞི་གནས་ནི་སེམས་ལ་དམིགས་པ་ཁོ་ནའོ། །ལྷག་མཐོང་ནི་ཡུལ་རྣམས་ལ་དམིགས་པའོ་ཞེས་བཤད་པའི་ཤུགས་ཀྱིས་ཞུ་བ་གསོལ་བ་ཡིན་པས་དེའི་ཕྱིར་ཞི་གནས་མ་བརྗོད་དོ། །དེ་ནི་འདི་སྐད་དུ་དམིགས་པའི་ཡུལ་དང་ལྷག་མཐོང་གཅིག་པ་ཞིག་ལགས་
སམ། ཐ་དད་པ་ཞིག་ལགས་ཞེས་བྱ་བའི་རིགས་ན་ཅིའི་ཕྱིར་སེམས་དང་གཅིག་པ་ཞིག་ལགས་སམ་ཐ་དད་པ་ཞིག་ལགས་ཞེས་བརྗོད་ཅེ་ན། སྨྲས་པ། སེམས་དང་མཚུངས་པར་ལྡན་པའི་ཕྱིར་སེམས་ཞེས་ཀྱང་བརྗོད་དོ། རྣམ་པར་རིག་པ་ཙམ་མོ་ཞེས་བརྗོད་པ་དང་མཚུངས་པའི་ཕྱིར་ཕན་
ཚུན་འགལ་བ་མེད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཐ་དད་པ་མ་ཡིན་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་མདོར་བསྡུས་ཏེ་གསུངས་པའོ། །ཡུལ་སེམས་ལས་གུད་ན་མེད་པའི་ཕྱིར་ཐ་དད་པ་མ་
ཡིན་ཞེས་གསུངས་ཀྱི། ཡང་དག་པར་ནི་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་པ་ཡང་ཐ་དད་པ་ཉིད་དུ་འཛིན་པ་རྣམ་པར་གཞིག་པའི་ཕྱིར་ཐ་དད་པ་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གསུམ་པ་བྱང་ཆུབ་སེམས་དཔས་སླར་བརྟགས་པ་སྟེ། དམིགས་པར་
བྱ་བ་དེ་དམིགས་པར་བྱེད་པའི་སེམས་ལས་གུད་ན་ཡོད་པ་མ་ཡིན་ནམ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་བརྙན་དེ་རྣམ་པར་རིག་པ་ཙམ་དུ་ཟད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་བཞི་པ་དེ་བཞིན་གཤེགས་པས་ཡང་དག་པར་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། གཞུང་སྨོས་

ནས་ཡང་དག་པར་བཤད་པ་དང་། ཕ་རོལ་གྱི་ཐེ་ཚོམ་བསལ་བའོ། །འདི་ནི་དང་པོ་སྟེ། འདི་ལྟར་གཟུགས་བརྙན་དེ་རྣམ་པར་རིག་པ་ལས་གྱུར་པའི་ཕྱིར་རོ། །རིགས་ཀྱི་བུ་ངས་རྣམ་པར་ཤེས་པའི་དམིགས་པ་ནི་རྣམ་པར་རིག་པ་ཙམ་ལས་སྣང་བར་བཤད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་ཕ་རོལ་
ཀྱི་ཐེ་ཚོམ་བསལ་བ་སྟེ། ངོ་བོ་ཉིད་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་བྱས་པ་ལས་རྣམ་པར་རིག་པ་ཙམ་ལས་ལོགས་ཤིག་ན་དམིགས་པའི་ཡུལ་ཡོད་པ་གང་ཡིན་པ་དེ་ནི་ནང་གི་རྣམ་པར་རིག་པས་རབ་ཏུ་ཕྱེའོ་ཞེས་བཤད་པ་དེ་ནི་དམིགས་པའི་སྤྱོད་ཡུལ་རྣམ་པར་རིག་པའི་ངོ་བོ་ཉིད་ཀྱི་དོན་ཏོ་
ཞེས་འབྱུང་སྟེ། དེ་ནི་འདི་སྐད་དུ། རྣམ་པར་ཤེས་པས་དམིགས་པའི་སྤྱོད་ཡུལ་གང་ཡིན་པ་དེ་ནི་རྣམ་པར་རིག་པ་ཙམ་ལས་སྣང་བའི་གཟུགས་བརྙན་ཡིན་གྱི། ལོགས་ཤིག་ན་བདག་ཉིད་དུ་གྱུར་པ་ནི་མེད་དོ་ཞེས་བསྟན་པར་འགྱུར་རོ། །སློབ་དཔོན་དབྱིག་གཉེན་གྱིས་ཐེག་པ་ཆེན་པོ་བསྡུས་པའི་
འགྲེལ་པ་མཛད་པ་ལས་ཀྱང་འདི་ལྟ་སྟེ། རྣམ་པར་ཤེས་པའི་དམིགས་པ་ནི་རྣམ་པར་རིག་པ་ཙམ་ལས་སྣང་སྟེ་གུད་ན་ཡུལ་གྱི་དོན་དུ་གྱུར་པ་ནི་མེད་དོ། །གཞན་ཡང་རྣམ་པར་ཤེས་པ་སྨོས་པ་ནི་ངས་རྣམ་པར་ཤེས་པའི་སྤྱོད་ཡུལ་ནི་ངེས་པར་རྣམ་པར་རིག་པ་ཙམ་ལ་སྣང་གི་གུད་ན་བདག་ཉིད་དུ་གྱུར་
པ་ནི་མེད་དོ་ཞེས་བཤད་པ་ཡང་རབ་ཏུ་བསྟན་པའོ་ཞེས་འབྱུང་ངོ་། །གཞན་ཡང་འདིར་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་གསར་རྙིང་རྣམ་པ་གཉིས་དང་། རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་སངས་རྒྱས་ཀྱི་སའི་འགྲེལ་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་རྣམ་པར་རིག་པ་
ཙམ་དུ་བསྟན་པའི་རིགས་པ་དག་ཀྱང་བརྗོད་པར་བྱའོ།། །།བམ་པོ་སུམ་ཅུ་བདུན་པ། བཅོམ་ལྡན་འདས་གལ་ཏེ་དེའི་སྤྱོད་ཡུལ་གཟུགས་བརྙན་སེམས་དེ་ལས་ཐ་དད་པ་མ་ལགས་ན་ཇི་ལྟར་སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་མཐོང་བར་འགྱུར་ལགས་ཞེས་བྱ་བ་ནི་གང་གསོལ་བ་སྟེ། དེ་ནི་
འདི་སྐད་དུ་སེམས་ནི་དམིགས་པར་བགྱིད་པའི་དོན་ལགས། ཡུལ་ནི་བརྟེན་པར་བགྱིད་པའི་དོན་ལགས་ན། བཅོམ་ལྡན་འདས་ཀྱིས་སྤྱོད་ཡུལ་གཟུགས་བརྙན་དེ་དག་སེམས་དང་ཐ་དད་པ་མ་ལགས་པར་བཀའ་སྩལ་པ་ལྟ་ན། ཇི་ལྟར་སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་མཐོང་བར་འགྱུར་ཏེ། འོ་ན་ནི་འཇིག་

རྟེན་པ་དག་མིག་ནི་རང་ཉིད་མི་མཐོང་ངོ་། །མཛུབ་མོ་ནི་རང་ཉིད་མི་འཛུག་གོ། །མཚོན་གྱིས་ནི་རང་ཉིད་ལ་མི་གཅོད་དོ་ཞེས་བརྗོད་པ་དག་དང་འགལ་བར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པའི་འགྲེལ་པ་ལས། ཇི་ལྟར་སེམས་དེ་
ཉིད་ཀྱིས་སེམས་དེ་ཉིད་མཐོང་བར་འགྱུར་ཞེས་བྱ་བ་འདི་ནི་བྱེད་པའི་ནུས་པ་དང་བདག་ཉིད་དང་མི་འགལ་བར་བསྟན་ཏོ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས་ནི་གལ་ཏེ་རྣམ་པར་ཤེས་པ་གཞན་ཞིག་རྣམ་པར་ཤེས་པའི་ཡུལ་གྱི་དངོས་པོ་བྱེད་པ་ཞིག་ཡོད་
ན་ཡང་རྣམ་པར་རིག་པ་ཙམ་གྱི་དོན་འགྲུབ་པར་མི་འགྱུར་ལ། རང་གི་བདག་ཉིད་ལ་དམིགས་པ་ཡུལ་གྱི་དངོས་པོ་བྱེད་ན་ཡང་འགྲུབ་པར་མི་འགྱུར་ཏེ། འདི་ལྟར་འཇིག་རྟེན་ན་དེ་ལྟ་བུའི་རྣམ་པ་མེད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །རིགས་ཀྱི་བུ་འདི་ལ་ཆོས་ཅུང་ཟད་གང་གིས་ཀྱང་ཆོས་ཅུང་ཟད་གང་ཡང་
མཐོང་བར་མི་འགྱུར་མོད་ཀྱི། འོན་ཀྱང་སེམས་དེ་དེ་ལྟར་སྐྱེས་པའི་ཚེ་གཟུགས་བརྙན་དེ་དག་དེ་ལྟར་རབ་ཏུ་སྣང་ངོ་ཞེས་བྱ་བ་ལ་སོགས་པས་ནི་དྲུག་པ་དེ་བཞིན་གཤེགས་པས་སྤྱིར་བསྟན་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་སེམས་ལས་གུད་ན་མེད་པར་བསྟན་པ་དང་།
ཞུས་པ་དང་ལེན་དག་གིས་རྣམ་པར་གཡེང་བའི་སེམས་ཀྱི་དམིགས་པ་རྣམ་པར་འབྱེད་པའོ། །དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་བས་འདི་ལྟ་སྟེ། དོན་དང་། དཔེ་དང་དོན་དུ་སྦྱར་བའོ། །འདི་ནི་དང་པོ་དོན་བསྟན་པ་སྟེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། ཆོས་ཅུང་ཟད་གང་གིས་ཀྱང་ཆོས་
ཅུང་ཟད་གང་ཡང་མཐོང་བར་མི་འགྱུར་ཞེས་བྱ་བ་འདིས་ནི་བརྒལ་བས་སྔ་མའི་ལན་བསྟན་པ་སྟེ། བྱེད་པ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་བྱེད་པ་མེད་པ་གང་ཡིན་པ་དེ་ནི་མངོན་པར་འགྲུབ་པར་མི་འགྱུར་བའི་ཕྱིར་རོ་ཞེས་འབྱུང་སྟེ། ཆོས་ཅུང་ཟད་གང་ཡང་མེད་པས་བྱེད་པ་མེད་པར་རབ་ཏུ་བསྟན་ཏོ་
ཞེས་བྱ་བ་ཡང་། ཆོས་ཅུང་ཟད་གང་ཡང་མཐོང་བར་མི་འགྱུར་བ་དེ་ཉིད་ཀྱིས་བྱེད་པ་མེད་པར་བསྟན་པས་སོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས་ནི་ཆོས་གང་གིས་ཀྱང་ཆོས་གང་ཡང་འཛིན་པར་བྱེད་པ་མེད་དོ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་

ལང་གི་ཚེ་བསྒྱུར་བ་ལས་ནི་ཆོས་གང་གིས་ཀྱང་ཆོས་གཞན་འཛིན་པར་བྱེད་པ་མེད་དོ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་འགྲེལ་པའི་མདོ་ལས་ནི་ཆོས་གང་ཡང་རྟོག་པར་མི་བྱེད་ཅེས་འབྱུང་སྟེ། དེ་དག་གི་ཚིག་ཐ་དད་ཀྱང་དོན་ནི་མི་མཐུན་པ་མེད་དོ། །གཞན་ཡང་ཆོས་གང་གིས་ཀྱང་ཆོས་གང་
ཡང་འཛིན་པར་བྱེད་པ་མེད་དོ་ཞེས་བྱ་བ་ནི་གཞན་གྱི་དབང་གི་སེམས་ལས་གྱུར་པའི་སེམས་ཀྱི་བདག་ཉིད་མེད་ཅིང་ཡང་དག་པའི་ནུས་པ་གང་ཡང་མེད་པས་སོ། །སེམས་དེ་ལས་ལོགས་ཤིག་ན་ཡོད་དོ་ཞེ་ན། གཞན་དག་ན་རེ་ཡང་དག་པའི་ནུས་པ་ཡོད་པ་མ་ཡིན་ན་ཇི་ལྟར་གཟུང་བ་དང་འཛིན་པ་ཡོད་
པར་འགྱུར་ཞེས་རྒོལ་བས་དེའི་ཕྱིར་ཚིག་འདི་གསུངས་པ་ཡིན་ཏེ། འདི་ལྟར་གཞན་གྱི་དབང་སེམས་ལྟ་བུར་སྐྱེས་པའི་ཚེ། དེ་ལྟ་བུའི་གཟུགས་བརྙན་དག་རབ་ཏུ་སྣང་བས་དེའི་ཕྱིར་སེམས་དེས་ཡུལ་དུ་འཛིན་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་འོན་ཀྱང་
སེམས་དེ་དེ་ལྟར་སྐྱེས་པའི་ཚེ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཤིན་ཏུ་མཐུ་ཆེ་བའི་ཕྱིར་ངོ་བོ་ཉིད་ཀྱི་རྣམ་པ་གཅིག་ལ་གཟུགས་བརྙན་རྣམ་པ་གཉིས་སྐྱེས་པ་ཕན་ཚུན་ལྟོས་ན་དེ་ཉིད་ཀྱང་མ་ཡིན་ལ། དེ་ཉིད་དང་བྲལ་བ་ཡང་མ་ཡིན་པས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་
རྐྱེན་གྱི་མཐུ་ལས་དེའི་ངོ་བོ་ཉིད་ཆོས་ཉིད་ཀྱིས་དེ་ལྟར་སྐྱེའོ་ཞེས་འབྱུང་ངོ་། །སེམས་དེ་དག་ཡུལ་ལ་དམིགས་པའི་རིགས་པ་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་དེ་ཉིད་ལས་ཕྱི་རོལ་གྱི་གཟུགས་ཡང་དག་པར་མེད་ཀྱང་ནང་གི་རྣམ་པར་ཤེས་
པའི་ཡུལ་ཕ་རོལ་གྱི་སེམས་ཡང་དག་པར་ཡོད་པ་མ་ཡིན་ནམ། ཅི་ན་རང་གི་དམིགས་པ་མ་ཡིན་ཞེས་སྨྲས། སུ་ཞིག་གཞན་གྱི་སེམས་རང་གི་རྣམ་པར་ཤེས་པའི་ཡུལ་ལ་མ་ཞེན་ཞེས་ཟེར་ཏེ། དེའི་ཉེ་བའི་དམིགས་པ་ཡིན་པར་མ་བསྟན་པ་ཙམ་དུ་ཟད་དེ་འདི་ལྟར་རྣམ་པར་ཤེས་པ་སྐྱེས་པ་ན་ཡང་
དག་པར་བྱེད་པ་མེད་པས། ཇི་ལྟར་ལག་པ་ལ་སོགས་པ་ལྟར་ཕྱི་རོལ་གྱི་དངོས་པོ་མངོན་སུམ་དུ་འཛིན་པ་དང་། ཉི་མ་ལ་སོགས་པའི་འོད་ཀྱིས་ཕྱི་རོལ་གྱི་ཡུལ་མངོན་སུམ་དུ་གསལ་བར་བྱེད་པ་ལྟ་བུ་མ་ཡིན་གྱི། མེ་ལོང་ལ་སོགས་པ་བཞིན་དུ་ཕྱི་རོལ་གྱི་ཡུལ་ལྟ་བུར་སྣང་བས་གཞན་གྱི་སེམས་ཤེས་པ་

ཞེས་བྱའི། མངོན་སུམ་དུ་ཁོང་དུ་ཆུད་པ་ནི་མ་ཡིན་ཏེ། མངོན་སུམ་གྱི་དམིགས་པ་ནི་བདག་གི་བདག་ཉིད་ལས་གྱུར་པ་ཡིན་པས་དེའི་ཕྱིར་མདོ་དག་ལས་ཆོས་ཅུང་ཟད་གང་གིས་ཀྱང་ཆོས་གཞན་འཛིན་པར་བྱེད་པ་མེད་ཀྱང་། རྣམ་པར་ཤེས་པ་སྐྱེས་པའི་ཚེ་དེའི་མཚན་
ཉིད་འདྲ་བར་སྣང་བས་དངོས་པོ་དེ་འཛིན་པ་ཞེས་བྱ་སྟེ། གཞན་གྱི་སེམས་ལ་དམིགས་པ་ཇི་ལྟ་བ་བཞིན་དུ་གཟུགས་ལ་སོགས་པ་ཡང་དེ་བཞིན་ནོ་ཞེས་འབྱུང་སྟེ། དྲིས་པ་དང་ལན་དག་གིས་རྒྱ་ཆེར་རྣམ་པར་དབྱེ་བ་ནི་བསྟན་བཅོས་དེ་ཉིད་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །རིགས་ཀྱི་བུ་དཔེར་
ན་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་ལ་གཟུགས་ཀྱིས་རྐྱེན་བྱས་པས་གཟུགས་བརྙན་མཐོང་ཡང་བདག་གིས་གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་ཤིང་གཟུགས་ལས་ལོགས་ཤིག་ན་སྤྱོད་ཡུལ་གཟུགས་བརྙན་སྣང་ངོ་སྙམ་དུ་ཡང་སེམས་སོ་ཞེས་བྱ་བ་ནི་གཉིས་པ་དཔེས་
བསྟན་པ་སྟེ། མེ་ལོང་གི་གཟུགས་བརྙན་གྱི་མཚན་ཉིད་ཀྱང་དེ་ཁོང་དུ་ཆུད་པར་དཀའ་བས་དེའི་ཕྱིར་འདིར་སྔར་སོ་སོའི་གཞུང་གི་བཤད་པ་བརྗོད་ནས། དེའི་འོག་ཏུ་མདོའི་ཚིག་འདི་ཉིད་ཡང་དག་པར་བཤད་པར་བྱའོ། །དེ་ལ་རེ་ཞིག་སོ་སོའི་གཞུང་གི་བཤད་པ་དང་སྦྱར་ན་གཟུགས་བརྙན་དང་། གཟུགས་
ཉིད་ན་འབྲེལ་པ་དང་། འབྲེལ་པ་མེད་པ་དང་བཏགས་པ་དང་རྫས་སུ་ཡོད་པ་ལ་བརྟེན་ནས་མདོར་བསྡུ་ན་བཤད་པ་རྣམ་པ་ལྔ་ཡོད་དེ། དང་པོ་ནི་འབྲེལ་པ་མེད་ཅིང་རྫས་སུ་ཡོད་པ་སྟེ། ཇི་ལྟར་གནས་བརྟན་པའི་སྡེ་པ་དག་དཔེ་འདི་ཉིད་ལ་བརྟེན་ནས་སྲིད་པ་བར་མ་རྣམ་པར་མི་གཞག་པ་ལྟ་བུ་དང་། མཛོད་
ཀྱི་བསྟན་བཅོས་དང་། ཡང་དག་པའི་རིགས་དང་རྗེས་སུ་མཐུན་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བྱེ་བྲག་ཏུ་སྨྲ་བ་དག་སྲིད་པ་བར་མ་རྣམ་པར་མི་གཞག་པ་ལྟ་བུ་སྟེ། མེ་ལོང་གི་གཟུགས་བརྙན་ལ་ནི་བར་ཆད་དང་བཅས་པའི་དོན་ཡོད་པས་གནས་བརྟན་པའི་སྡེ་པ་དག་གིས་ཀྱང་དེ་དང་མཐུན་པར་
བཤད་དེ། །གཉིས་པ་ནི་འབྲེལ་པ་མེད་ཅིང་རྫས་སུ་ཡོད་པ་མ་ཡིན་པ་སྟེ། འདི་ལྟར་ཆོས་རྣམས་རྒྱུ་དང་རྐྱེན་འདུས་པའི་མཐུ་ལས་དེ་ལྟར་མཐོང་བས་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ནུས་པའི་བྱེ་བྲག་ནི་ཤིན་ཏུ་དཔག་པར་དཀའ་བ་སྟེ། ཇི་ལྟར་སློབ་དཔོན་དབྱིག་གཉེན་གྱིས་སྲིད་པ་བར་མ་རྣམ་པར་གཞག་པ་

མཛོད་ཀྱི་བསྟན་བཅོས་ལས་རྒྱ་ཆེར་བསྟན་པ་ལྟ་བུའོ། །གསུམ་པ་ནི་འབྲེལ་པ་དང་བཅས་ཤིང་རྫས་སུ་ཡོད་པ་སྟེ། ཇི་ལྟར་སློབ་དཔོན་འདུས་བཟང་གིས་སྲིད་པ་བར་མ་རྣམ་པར་གཞག་པ་སློབ་དཔོན་དབྱིག་གཉེན་གྱི་གཞུང་རྣམ་པར་འཇིག་པ་ལྟ་བུ་སྟེ། ཞིབ་ཏུ་བསྟན་བཅོས་ཡང་དག་པའི་རིགས་པ་
དང་རྗེས་སུ་མཐུན་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བཞི་པ་ནི་འབྲེལ་པ་དང་བཅས་ཤིང་རྫས་སུ་ཡོད་པ་མ་ཡིན་པ་སྟེ། སོ་སོའི་གཞུང་ལས་ཚིག་འདི་ཡོད་ཀྱང་ཚད་མར་བཟུང་དུ་རུང་བའི་གཏན་ཚིགས་ཉིད་མ་མཐོང་བས་གཏུགས་པར་བྱའོ། །ལྔ་པ་ནི་འབྲེལ་པ་དང་འབྲེལ་པ་མེད་པ་དང་རྫས་
སུ་ཡོད་པ་མ་ཡིན་པ་སྟེ། བཙུན་པ་བར་མ་ལྟ་བུའོ། །འདི་ནི་མདོ་སྡེ་པའི་སློབ་དཔོན་གསུམ་པ་སྟེ། འདི་ལྟར་མདོ་སྡེའི་སློབ་དཔོན་ནི་གསུམ་ཡོད་དེ། ཀུ་མ་ར་ཏ་དང་། ཤི་རི་ར་ཏ་དང་། བཙུན་པ་ར་ཏའོ། །མིག་གི་དབང་པོས་ཡུལ་གཟུགས་ལ་དམིགས་པ་ནི། རང་གི་གདོང་ཉིད་མཐོང་ཡང་གཟུགས་
བརྙན་གཞན་ཞིག་མཐོང་ངོ་སྙམ་དུ་སེམས་པ་སྟེ། བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས། དེ་དག་གིས་བརྟགས་པ་རྒྱ་ཆེར་རྣམ་པར་འཇིག་པས། དེར་བརྟགས་ན་ཁོང་དུ་ཆུད་པར་འགྱུར་རོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་བཤད་པ་རྣམ་པ་གཉིས་ཡོད་དེ།
དང་པོ་ནི་མདོ་ཉིད་ཀྱི་ནང་ནས་སེམས་དང་ཡིད་དང་རྣམ་པར་ཤེས་པའི་ལེའུ་ལས་བསྟན་པ་དང་སྦྱར་ན་མེ་ལོང་གི་ནང་ན་གཟུགས་བརྙན་ཡོད་དེ། དེའི་ཕྱིར་མདོ་འདི་ཉིད་ལས་གཞན་ཡང་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་ལས་གལ་ཏེ་གཟུགས་ཤིག་འབྱུང་བའི་རྐྱེན་ཉེ་བར་གནས་
པར་གྱུར་ན་གཟུགས་བརྙན་ཡང་གཅིག་ཁོ་ན་འབྱུང་ངོ་། །གལ་ཏེ་གཟུགས་བརྙན་གཉིས་སམ། གལ་ཏེ་རབ་ཏུ་མང་པོ་དག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན། གཟུགས་བརྙན་ཡང་རབ་ཏུ་མང་པོ་དག་འབྱུང་ངོ་ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་སངས་རྒྱས་ཀྱི་སའི་མདོ་
ལས། དཔེར་ན་མེ་ལོང་གི་དཀྱིལ་འཁོར་ལ་བརྟེན་ནས་གཟུགས་བརྙན་དག་སྣང་ངོ་ཞེས་བྱ་བ་ནས་གཞན་ཡང་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ནི་གཟུགས་ཀྱི་རྐྱེན་ལ་ལྟོས་ནས་གཟུགས་བརྙན་སྣ་ཚོགས་འབྱུང་བའི་རྒྱུར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །གཉིས་པ་ནི་མདོ་འདི་ཉིད་ལས།

དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་ལ་གཟུགས་ཀྱིས་རྐྱེན་བྱས་པས་གཟུགས་ཉིད་མཐོང་ཡང་བདག་གིས་གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་ཤིང་གཟུགས་ལས་ལོགས་ཤིག་ན་སྤྱོད་ཡུལ་གཟུགས་བརྙན་སྣང་ངོ་སྙམ་དུ་སེམས་སོ་ཞེས་གསུངས་
པ་ལ་སོགས་པ་ལ་བརྟེན་ནས་སོ། །ཐེག་པ་ཆེན་པོའི་སློབ་དཔོན་རྣམས་ཀྱི་བཤད་པ་ཡང་རྣམ་པ་གཉིས་སུ་དབྱེའོ། །དང་པོ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་སྟེ། བཤད་མ་ཐག་པའི་མདོའི་ཚིག་དང་། འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལ་སོགས་པ་ལ་བརྟེན་ཏེ་མེ་ལོང་གི་ནང་ན་གཟུགས་
བརྙན་སྣང་བ་ཡང་བདག་ཉིད་ལོགས་ཤིག་ན་ཡོད་པར་རྣམ་པར་གཞག་ནས། མདོ་སྡེ་པའི་གཞུང་དང་རང་ཉིད་བཞིན་མཐོང་བ་རྣམ་པར་འཇིག་པར་མཛད་དེ། །དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་གྲིབ་མའི་གཟུགས་དང་གཟུགས་བརྙན་གྱི་གཟུགས་ནི་ཐ་དད་
པར་བཤད་པ་ནི་མི་རིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། མིག་གི་གསལ་བ་མེ་ལོང་ཡོངས་སུ་དག་པ་དང་ཕྲད་པ་དེ་རང་གི་གྲིབ་མ་མཐོང་བས་ཀྱང་འོད་ལ་སྒྲིབ་པའི་ཕྱིར་གཟུགས་བརྙན་སྣང་བར་ཟད་ཀྱི་ཆོས་གཞན་ནི་ཅི་ཡང་མེད་དོ་ཞེ་ན། སྨྲས་པ། དངོས་པོ་དེ་ནི་དེ་ལྟར་མ་ཡིན་ཏེ། དཔེར་ན་འབྲུ་མར་གྱི་
ནང་དུ་གཟུགས་བརྙན་སྣང་བ་དང་པོའི་གཟུགས་ཉིད་མ་ཡིན་པ་དང་། རལ་གྲི་བསྙལ་ཏེ་ལྟ་བའི་ཚེ་ནི་གདོང་ཆེ་ལ་བསྒྲེང་སྟེ་ལྟ་བའི་ཚེ་ནི་གདོང་མཆུ་རིངས་སུ་འགྱུར་བ་ལྟ་བུ་དང་པོ་ནི་བཞིན་ཉིད་མ་ཡིན་པ་དང་ཆུ་ཤེལ་གྱི་ཐིག་ལེ་རེ་རེའི་ནང་ན་གཟུགས་བརྙན་སྣང་བ་ལྟ་བུའི་བཞིན་གྱི་གཟུགས་བརྙན་གཅིག་ཁོ་
ན་མ་ཡིན་ཏེ། རྒྱུ་དང་རྐྱེན་དེའི་ཕྱིར་དང་པོའི་གཟུགས་ཉིད་མཐོང་བ་ནི་མ་ཡིན་ནོ། །གཞན་ཡང་མེ་ལོང་དང་ཡོངས་སུ་འཛིན་པའི་མིང་དང་སྣང་བ་ཡོད་ཅིང་རྐྱེན་མང་པོ་ཚོགས་པའི་ཕྱིར་གཟུགས་བརྙན་འབྱུང་གི། རྐྱེན་མང་པོ་དང་ལྡན་པར་མ་གྱུར་ན་གཟུགས་བརྙན་མི་འབྱུང་ངོ་ཞེས་བཤད་དེ་ཞིབ་ཏུ་དེ་ཉིད་ལས་བསྟན་
པ་བཞིན་ནོ། །བཤད་པ་འདི་དག་དང་རང་གི་གདོང་མཐོང་ཞེས་བྱ་བ་ནི་མདོ་སྡེ་པའི་གཞུང་གིས་དཔེའི་མཚན་ཉིད་རབ་ཏུ་བསྟན་པ་ཡིན་གྱི་ཐེག་པ་ཆེན་པོའི་དོན་ནི་མ་ཡིན་ནོ། །གཉིས་པ་ནི་འཕགས་པ་བྱམས་པའི་གཞུང་སྟེ། འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མེ་ལོང་གི་ནང་

ན་གཟུགས་བརྙན་གཞན་ཡོད་པས་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་གཟུགས་བརྙན་ལ་དམིགས་ནས་སྐྱེ་བའོ། །གལ་ཏེ་གཟུགས་ཁོ་ནར་ཟད་ཀྱི་གཟུགས་བརྙན་གཞན་མེད་ན་ནི་ལྟ་བའི་རྣམ་པ་འབའ་ཞིག་ཡོད་པར་འགྱུར་བའི་རིགས་ཀྱི། རྒྱུ་མཚན་གྱི་རྣམ་པ་ནི་མེད་པར་འགྱུར་བས་འོ་ན་ནི་དཔེ་དང་
དོན་འདྲ་བ་མེད་པའི་སྐྱོན་དུ་འགྱུར་རོ། །གཞན་ཡང་བསྟན་པ་རྣམས་ལས་མེ་ལོང་གི་གཟུགས་བརྙན་ནི་གཞན་གྱི་དབང་གི་དཔེར་བསྟན་པ་ཡིན་ལ། ནམ་མཁའི་མེ་ཏོག་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དཔེར་བསྟན་པ་ཡིན་པས་དེའི་ཕྱིར་ངེས་པར་གཟུགས་བརྙན་ཡོད་དེ། གཟུགས་ཀྱི་སྐྱེ་མཆེད་ཀྱིས་
བསྡུས་པ་ཡིན་ནོ། །མདོ་འདི་ལས་ནི་ངེས་པར་གཟུགས་ལས་ལོགས་ཤིག་ན་གཟུགས་བརྙན་ཡོད་དོ་ཞེས་འཛིན་པ་རྣམ་པར་གཞིག་པ་ཡིན་པ་དེའི་ཕྱིར་གཟུགས་ཀྱིས་རྐྱེན་བྱས་པས་གཟུགས་ཉིད་མཐོང་ཡང་བདག་གིས་གཟུགས་མཐོང་ངོ་སྙམ་དུ་སེམས་ཤིང་གཟུགས་ལས་ལོགས་ཤིག་ན་སྤྱོད་ཡུལ་
གཟུགས་བརྙན་སྣང་ངོ་སྙམ་དུ་སེམས་སོ་ཞེས་བྱ་བ་གསུངས་ཀྱང་ཡང་དག་པའི་དོན་དུ་ན་གཟུགས་བརྙན་དང་གཟུགས་ཉིད་ནི་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་ནོ། །གཅིག་པ་ཉིད་མ་ཡིན་པའི་ཕྱིར་ནི་གཟུགས་དང་གཟུགས་བརྙན་མི་མཚུངས་ལ། ཐ་དད་པ་ཡང་མ་ཡིན་པའི་ཕྱིར་ནི་གཟུགས་
གཟུགས་ཉིད་མཐོང་ཞེས་བྱའོ། །ཁ་ཅིག་ན་རེ་གཟུགས་ལས་གུད་ན་གཟུགས་བརྙན་གཞན་མེད་དོ་ཞེས་ཕལ་ཆེར་མདོ་སྡེ་པ་དག་དང་མཚུངས་པར་བདག་ཉིད་ཀྱི་བཞིན་མཐོང་བ་ཡིན་ནོ་ཞེས་ཟེར་ཏེ། འདི་ལྟར་རྨོངས་ཤིང་ནོར་བའི་ཕྱིར་བདག་གིས་གཟུགས་བརྙན་མཐོང་སྙམ་དུ་སེམས་ཤིང་གཟུགས་ལས་
ལོགས་ཤིག་ན་སྤྱོད་ཡུལ་གཟུགས་བརྙན་སྣང་ངོ་སྙམ་དུ་སེམས་པར་ཟད་ཀྱི་ཡང་དག་པའི་དོན་དུ་ན་ཅི་ཡང་མེད་དེ། དེའི་ཕྱིར་འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། ཡང་དག་པར་གཟུགས་བརྙན་མེ་ལོང་གི་དཀྱིལ་འཁོར་གྱི་ནང་དུ་ཡོད་པ་མ་ཡིན་ན་ཇི་ལྟར་དཔེར་རུང་ཞེ་ན། གཟུགས་དང་མེ་
ལོང་ཡང་ཡོད་ཅིང་ཚོགས་པ་ལས་རྐྱེན་བྱས་པའི་ཕྱིར་མཚན་མ་དེ་ལྟ་བུར་སྣང་བས་དེའི་ཕྱིར་དཔེར་རུང་སྟེ། འདི་ལྟར་སེམས་ཅན་རྣམས་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་གཟུགས་བརྙན་གྱིས་ཡོངས་སུ་བསྒོས་པ་ཡོངས་སུ་སྨིན་པའི་མཐུའི་ཕྱིར་དང་། མེ་ལོང་དང་གདོང་གིས་རྐྱེན་བྱས་པའི་ཕྱིར་རང་གི་རྣམ་

པར་ཤེས་པ་གྱུར་ནས་བཞིན་གྱི་གཟུགས་བརྙན་ལྟ་བུར་སྣང་བས་དེས་ན་འཇིག་རྟེན་པ་དག་མངོན་པའི་ང་རྒྱལ་བསྐྱེད་ནས་བདག་གིས་མེ་ལོང་གི་ནང་དུ་གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་ཀྱང་གཟུགས་བརྙན་གཞན་མེ་ལོང་གི་ནང་དུ་སྐྱེས་པ་གང་ཡང་མེད་དེ་དེའི་ཕྱིར་
མདོ་ལས་གཟུགས་བརྙན་མང་པོ་སྣང་ངོ་ཞེས་གསུངས་ཀྱི་སྐྱེས་པ་ཞེས་ནི་མ་གསུངས་སོ་ཞེས་བསྟན་པ་ཡིན་ནོ་ཞེའོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་འཕགས་པ་སངས་རྒྱས་ཀྱི་སའི་མདོ་དང་། མདོ་འདི་ཉིད་ཀྱི་ནང་ནས་སེམས་དང་ཡིད་དང་རྣམ་པར་ཤེས་པའི་ལེའུ་ལས་སྐྱེ་བ་ཞེས་བྱ་བ་གསུངས།
སྨྲས་པ་སྣང་བའི་དབང་དུ་མཛད་ནས་སྐྱེ་བ་ཞེས་གསུངས་སོ། །གཞན་ཡང་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། གཞན་ཡང་དཔེར་ན་མེ་ལོང་ལ་སོགས་པའི་ནང་དུ་གཟུགས་བརྙན་སྣང་བ་གཟུགས་ཉིད་མཐོང་ཡང་བདག་གིས་གུད་ན་གཟུགས་བརྙན་
མཐོང་ངོ་སྙམ་དུ་སེམས་ཏེ། གཟུགས་བརྙན་དེ་ནི་ཡང་དག་པར་ཡོད་པ་མ་ཡིན་ནོ་ཞེས་འབྱུང་ངོ་། །གཞན་ཡང་སློབ་དཔོན་དབྱིག་གཉེན་གྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མཛད་པ་ལས། དཔེར་ན་གཟུགས་བརྙན་ནི་ཡང་དག་པར་དོན་ཡོད་པ་མ་ཡིན་ཡང་གཟུགས་དེ་ཉིད་ལ་གཟུགས་བརྙན་
གྱི་བློ་སྐྱེད་པར་བྱེད་དེ། གཟུགས་བརྙན་དེའི་དོན་ལོགས་ཤིག་ན་མི་དམིགས་སོ། །འདི་ཡང་དེ་བཞིན་ཏེ་ཞེས་འབྱུང་ངོ་། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་ཕྱེ་མ་བཟང་སྟེ་བསྟན་པ་རྣམས་དང་རྗེས་སུ་མཐུན་པའི་ཕྱིར་རོ། །གཟུགས་བརྙན་མེད་པར་བསྟན་པ་ལ་ཡང་བཤད་པ་རྣམ་པ་
གཉིས་ཡོད་དོ། །ཁ་ཅིག་ན་རེ་མེ་ལོང་གི་ནང་ན་གཟུགས་བརྙན་ཅི་ཡང་མེད་དོ་ཞེས་སྔ་མ་བཞིན་དུ་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལ་སོགས་པ་ཁུངས་སུ་བསྟན་ནས། གཟུགས་ཉིད་ལ་གཟུགས་བརྙན་གྱི་བློ་བསྐྱེད་པ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་མེ་ལོང་གིས་བཞིན་སྣང་བར་བྱེད་པ་ཞེས་བྱ་བ་ཡང་
རྣམ་པ་བཞི་ཡོད་པས། དང་པོ་ནི་ཀུན་གཞི་རྣམ་པར་ཤེས་པ་ལས་གྱུར་པའི་གཟུགས་སོ། །གཉིས་པ་ནི་མིག་གི་རྣམ་པར་ཤེས་པ་ལས་གྱུར་པའི་རྒྱུ་མཚན་གྱི་རྣམ་པའོ། །གསུམ་པ་ནི་དུས་མཚུངས་པའི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་མཚན་གྱི་རྣམ་པ་སྟེ། རྣམ་པ་གསུམ་པོ་འདི་དག་གི་གཟུགས་ཉིད་

དང་གནས་མཚུངས་པའོ། །བཞི་པ་ནི་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་མཚན་གྱི་རྣམ་པ་སྟེ། རྣམ་པ་འདི་གཅིག་ནི་མེ་ལོང་དང་བཞིན་ལ་ཡོད་པ་ཡིན་ཏེ། འདི་ནི་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། ཆོས་ཀྱི་སྐྱེ་མཆེད་རྣམ་པ་ལྔས་བསྡུས་པའི་གཟུགས་
ལས་ཀུན་བརྟགས་པའི་གཟུགས་ཉིད་དོ། །དེ་ལ་དང་པོ་རྣམ་པ་ལྔ་ནི་བསྡུས་པ་ལས་གྱུར་པ་དང་། མངོན་པར་སྐབས་ཡོད་པ་དང་ཡང་དག་པར་བླངས་པ་ལས་བྱུང་བ་དང་དབང་འབྱོར་པས་བསྐྱེད་པ་དང་ཀུན་བརྟགས་པའི་གཟུགས་སོ་ཞེའོ། །དེ་ལ་མེ་ལོང་དང་གཟུགས་དང་གཟུགས་བརྙན་བྱེ་བྲག་
ཏུ་གྱུར་པའི་མཚན་ཉིད་ཀྱང་སོ་སོ་ནས་བཤད་པ་མི་མཐུན་པས། ཁ་ཅིག་ན་རེ་མེ་ལོང་ནི་ཏིང་ངེ་འཛིན་གྱི་དཔེར་བསྟན་པའོ། །གཟུགས་ནི་སེམས་ཀྱི་རྒྱལ་པོའི་དཔེར་བསྟན་པའོ། །གཟུགས་བརྙན་ནི་རྒྱུ་མཚན་གྱི་རྣམ་པའི་དཔེར་བསྟན་པའོ་ཞེས་ཟེར་ཏེ། དེ་ནི་འདི་སྐད་དུ་སེམས་ཀྱི་མཐུའི་དབང་གིས་ནི་
ཏིང་ངེ་འཛིན་ལ་བརྟེན་ནས་སྔོན་པོ་ལ་སོགས་པ་ལ་དམིགས་པར་བྱེད་ཀྱང་། གཟུགས་བརྙན་དེ་ནི་སེམས་ཀྱིས་སྤྲུལ་པའི་ཕྱིར་སེམས་དང་བྲལ་བས་དེའི་ཕྱིར་རང་ཉིད་ཀྱིས་སེམས་མཐོང་བ་ཞེས་བཤད་ཀྱི། ལྟ་བའི་རྣམ་པ་ཉིད་ཀྱིས་ལྟ་བའི་རྣམ་པ་མཐོང་བ་ནི་མ་ཡིན་པའི་ཕྱིར་རང་ཉིད་མཐོང་བ་ཞེས་བརྗོད་པ་
ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་ཏིང་ངེ་འཛིན་དང་རྣམ་པར་གཡེང་བ་ཡང་བསྡུས་ནས་དཔེ་འདི་གསུངས་པ་ཡིན་ན་ནི། འདི་ལ་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་རྣམ་པར་གཡེང་བའི་གནས་སྐབས་ན་ཡང་ཏིང་ངེ་འཛིན་ཡོད་པའི་ཕྱིར། དོན་ཏིང་ངེ་འཛིན་གྱི་གནས་སྐབས་འདྲའོ་
ཞེའོ། །ཁ་ཅིག་ན་རེ་རྣམ་པར་གཡེང་བའི་ནང་ན་མེ་ལོང་ནི་རྩ་བའི་གཟུགས་ཀྱི་དཔེའོ། །གཟུགས་ནི་ལྟ་བའི་རྣམ་པའི་དཔེའོ། །གཟུགས་བརྙན་ནི་རྒྱུ་མཚན་གྱི་རྣམ་པའི་དཔེའོ་ཞེའོ། །ཁ་ཅིག་ན་རེ་མེ་ལོང་ནི་ལྟ་བའི་རྣམ་པའི་དཔེའོ། །གཟུགས་བརྙན་ནི་རྒྱུ་མཚན་གྱི་རྣམ་པའི་དཔེའོ། །གཟུགས་ནི་བདག་
ཉིད་ཀྱིས་རྟོག་པའི་རྣམ་པའི་དཔེར་བསྟན་ཏོ་ཞེས་ཟེར་ཏེ། དེ་ནི་འདི་སྐད་དུ་བདག་ཉིད་ཀྱིས་རྟོག་པའི་རྣམ་པའི་དབང་གིས་ལྟ་བ་དང་རྒྱུ་མཚན་གྱི་རྣམ་པར་ཡོངས་སུ་གྱུར་པའི་ཕྱིར་ལྟ་བ་རྒྱུ་མཚན་ལ་དམིགས་པར་བྱེད་ཀྱང་རྒྱུ་མཚན་དང་ལྟ་བ་དེ་དག་ནི་བདག་ཉིད་ཀྱིས་རྟོག་པ་དང་མ་བྲལ་བའི་ཕྱིར་རྣམ་པར་རིག་

པ་ཙམ་དུ་གསུངས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་བཞིན་དུ་སེམས་དེ་སྐྱེས་པ་ན་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ཐ་དད་པ་འདྲ་བར་རབ་ཏུ་སྣང་ངོ་ཞེས་བྱ་བ་ནི་གསུམ་པ་དཔེ་དང་དོན་དུ་སྦྱར་བ་སྟེ། འདི་ལྟར་ཏིང་ངེ་འཛིན་གྱི་སེམས་དེ་ལྟར་སྐྱེས་པ་ན་རྨོངས་ཤིང་ནོར་
བའི་ཕྱིར་སེམས་ལས་ཕྱི་རོལ་ན་ཐ་དད་པའི་གཟུགས་བརྙན་སྣང་བ་ཞིག་མཐོང་ངོ་སྙམ་དུ་སེམས་ཏེ། ཡང་དག་པའི་དོན་དུ་ནི་སེམས་ཀྱིས་ཡོངས་སུ་བསྒྱུར་བའི་མཚན་མ་དག་ནི་སེམས་ལས་གུད་ན་མེད་པའི་ཕྱིར་སེམས་ཞེས་བཤད་ཀྱི་སེམས་ལས་ལོགས་ཤིག་ན་གཞན་ཞིག་མཐོང་བའི་ཕྱིར་བདག་
ཉིད་ཀྱིས་སེམས་མཐོང་ཞེས་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་རང་བཞིན་དུ་གནས་པ་གཟུགས་ལ་སོགས་པ་ལ་དམིགས་པའི་སེམས་དང་སྤྱོད་ཡུལ་གཟུགས་བརྙན་གང་ལགས་པ་དེ་ཡང་སེམས་འདི་དང་ཐ་དད་པ་ལགས་ཞེས་བགྱིའམ་ཞེས་བྱ་བ་
ལ་སོགས་པས་ནི་གཉིས་པ་ཞུས་པ་དང་ལན་དག་གིས་རྣམ་པར་གཡེང་བའི་སེམས་ཀྱི་དམིགས་པ་རྣམ་པར་འབྱེད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་བ་དང་ལན་དུ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ། དེ་ལ་ཞུ་བ་གསོལ་བའི་དགོངས་པ་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་
དེ་ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། སེམས་ཅན་རྣམས་ནི་རྩོལ་བ་མེད་པར་རང་བཞིན་དུ་གནས་པའི་སེམས་ཀྱིས་གཟུགས་ལ་སོགས་པ་ལ་དམིགས་སོ་ཞེས་གསུངས་ན་གཟུགས་བརྙན་རྣམས་ཀྱི་ཡུལ་གང་ལགས་པ་དེ་ཡང་སེམས་འདི་དང་ཐ་དད་པ་མ་ལགས་ཞེས་བགྱི་འམ་ཞེས་བྱ་བའི་ཐ་ཚིག་གོ །
རིགས་ཀྱི་བུ་ཐ་དད་པ་མ་ཡིན་པ་ཡང་བྱིས་པ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ནི་གཟུགས་བརྙན་རྣམས་ལ་རྣམ་པར་རིག་པ་ཙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་ཕྱིན་ཅི་ལོག་ཏུ་སེམས་སོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པ་སྟེ། རྣམ་པར་གཡེང་བའི་སེམས་
ཀྱི་དམིགས་པ་ཡང་སེམས་ལས་གུད་ན་མེད་ཀྱང་འདི་ལྟར་བྱིས་པ་རྣམས་སེམས་ནོར་པར་གྱུར་པའི་ཕྱིར་གཟུགས་བརྙན་སེམས་ལས་ཕྱི་རོལ་དུ་གྱུར་པ་ཡིན་པར་སེམས་སོ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་རྣམ་པར་རིག་པ་ཙམ་དུ་གསུངས་པ་ལ་དགོངས་པ་ཅི་ཡོད་ཅེ་ན། སྨྲས་པ། བསྟན་བཅོས་

ཤིན་ཏུ་རྒྱས་པ་བརྒྱ་པ་ལས། ཇི་སྐད་དུ་མདོ་དག་ལས་རྣམ་པར་རིག་པ་ཙམ་མོ་ཞེས་གསུངས་པ་ནི་རྣམ་པར་རིག་པ་ཙམ་དུ་བསྒོམས་ནས་ཕྱི་རོལ་གྱི་དོན་སྤང་བའི་ཆེད་དུ་སྟེ། ཕྱི་རོལ་གྱི་དོན་སྤངས་ན་ཡང་དག་པ་མ་ཡིན་པའི་སེམས་ཉེ་བར་ཞི་བར་འགྱུར་ལ། ཡང་དག་པ་མ་ཡིན་པའི་སེམས་ཞི་བའི་ཕྱིར་ནི་དབུ་མའི་
ལམ་རྟོགས་པར་འགྱུར་བས་དེའི་ཕྱིར་མདོ་དག་ལས། ཡུལ་ཉིད་སེམས་ཙམ་དུ་ནི་མ་ཤེས་ན། །རྣམ་རྟོག་རྣམ་གཉིས་རབ་ཏུ་འབྱུང་བར་འགྱུར། །ཡུལ་ཉིད་སེམས་ཙམ་དུ་ནི་རྟོགས་གྱུར་ན། །རྣམ་པར་རྟོག་པ་དག་ནི་སྐྱེ་མི་འགྱུར། །ཆོས་རྣམས་སེམས་ཙམ་དུ་ནི་རིག་གྱུར་ན། །ཕྱི་རོལ་དོན་གྱི་མཚན་མ་
སྤོང་འགྱུར་ཏེ། །དེས་ན་རྣམ་པར་རྟོག་པ་རབ་ཞི་ནས། །མཉམ་ཉིད་ཡང་དག་སྟོང་པ་གོ་བར་འགྱུར། །ཞེས་གསུངས་ཏེ། བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཡུལ་གྱི་རོ་ལ་མངོན་པར་ཞེན་ནས་འདོད་པ་རྣམས་ཀྱི་བདེ་བ་མྱོང་ཞིང་གཏོང་བའི་སེམས་མེད་པས་འཁོར་བར་འཁོར་ཞིང་སྲིད་པ་གསུམ་གྱི་རྒྱ་མཚོར་བྱིང་
ནས་སྡུག་བསྔལ་ཤིན་ཏུ་མི་བཟད་པ་མྱོང་བས་རྣམ་པར་གྲོལ་བར་འགྱུར་བའི་རྒྱུ་མེད་པས་ན་དེ་བཞིན་གཤེགས་པས་ཐུགས་རྗེ་དང་ཐབས་ཀྱིས་ཆོས་རྣམ་པར་རིག་པ་ཙམ་དུ་བསྟན་པས་ཕྱི་རོལ་གྱི་ཡུལ་དུ་འཛིན་པ་སྤོང་བར་མཛད་དོ། །ཕྱི་རོལ་གྱི་ཡུལ་སྤངས་པ་ཉིད་ཀྱིས་ཡང་དག་པ་མ་ཡིན་པའི་རྣམ་པར་ཤེས་པ་
ཡང་ཉེ་བར་ཞི་བར་འགྱུར་ལ། ཡང་དག་པ་མ་ཡིན་པའི་རྣམ་པར་ཤེས་པ་ཉེ་བར་ཞི་བའི་ཕྱིར་ནི་མྱ་ངན་ལས་འདས་པར་འགྱུར་བས་དེའི་ཕྱིར་མདོ་དག་ལས། དཔེར་ན་འཇིག་རྟེན་སྨན་པ་མཁས་པ་དག། །སྨན་རབ་ནད་རྣམས་ཡོངས་སུ་བསལ་བ་ལྟར། །དེ་བཞིན་གཤེགས་པ་རྣམས་ཀྱང་དེ་བཞིན་དུ། །སེམས་
ཅན་དག་གི་ཆེད་དུ་སེམས་ཙམ་བཤད། །ཅེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །རྣམ་པར་རིག་པ་ཙམ་དུ་རྒྱ་ཆེར་རྣམ་པར་བཤད་པ་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་གཅིག་ཏུ་ལྷག་མཐོང་བསྒོམ་པ་ཞེས་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་བདུན་པ་ཞི་གནས་དང་ལྷག་མཐོང་དང་ཟུང་དུ་བསྒོམ་པའི་སྒོ་ཞེས་བྱ་བ་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་མདོ་སྡེའི་རྒྱན་

ལས། དེ་ལ་ཆ་གཅིག་བསྒོམ་པ་ནི་འདི་ལྟ་སྟེ། ཞི་གནས་དང་ལྷག་མཐོང་སོ་སོ་ནས་བསྒོམ་པ་གང་ཡིན་པའོ། །ཟུང་དུ་བསྒོམ་པ་ནི་འདི་ལྟ་སྟེ། ཞི་གནས་དང་ལྷག་མཐོང་འདྲེས་པར་བསྒོམ་པའོ་ཞེས་འབྱུང་ངོ་། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། སྤྱི་དང་བྱེ་བྲག་ཏུ་
བསྒོམ་པ་བསྟན་པ་དང་། བཅོམ་ལྡན་འདས་སེམས་ཀྱི་མཚན་མ་གང་ལགས་ཞེས་བྱ་བ་མན་ཆད་ཀྱིས་དམིགས་པ་གསུམ་གྱི་བྱེ་བྲག་བཟླས་ཏེ་བསྟན་པའོ། །དང་པོ་ཡང་རྣམ་པ་གསུམ་སྟེ། གཅིག་ཏུ་ལྷག་མཐོང་བསྒོམ་པ་བསྟན་པ་དང་། གཅིག་ཏུ་ཞི་གནས་བསྒོམ་པ་བསྟན་པ་དང་། ཞི་གནས་
དང་ལྷག་མཐོང་གཉིས་ཅིག་ཅར་འཇུག་པ་བསྟན་པའོ། །རྣམ་པ་གསུམ་པོ་དེ་དག་རེ་རེ་ལ་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་ཡོད་པས་འདི་ནི་དང་པོ་ལྷག་མཐོང་ལས་བརྩམས་ནས་བྱང་ཆུབ་སེམས་དཔས་ཞུ་བ་གསོལ་བ་སྟེ། འདི་ནི་ལྷག་མཐོང་བསྒོམ་པའི་སྤྱོད་པ་དང་། ཤེས་
པའི་ཚད་ཞུས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པ་གང་གིས་སེམས་ཀྱི་མཚན་མ་ཡིད་ལ་བྱེད་པའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པ་སྟེ། འདི་ལྟར་
རྒྱུན་ཆགས་སུ་ཡིད་ལ་བྱེད་པ་ཐོས་པ་དང་། བསམས་པའི་ཤེས་རབ་དང་བཅས་པའི་སེམས་ཀྱི་རྒྱུ་མཚན་གྱི་རྣམ་པ་གང་ཡིན་པའོ་ཞེས་བྱ་བའི་ཐ་ཚིག་གོ། །སྔར་སེམས་ཀྱི་མཚན་མ་སྤངས་པ་ཞེས་གསུངས་པ་དེ་དང་འདི་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། སེམས་ཀྱི་མཚན་མར་མཚུངས་ཀྱང་འདི་ནི་
བདག་པོའི་དབང་དུ་མཛད་ནས་བཤད་པ་ཡིན་ལ། དེ་ནི་ལས་ཡོངས་སུ་འཛིན་པའི་དབང་དུ་མཛད་ནས་བཤད་པ་ཡིན་པའི་ཕྱིར་བྱེ་བྲག་ཡོད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་ལྷག་མཐོང་དེའི་རྗེས་སུ་མཐུན་པར་གྱུར་ཅིང་སེམས་ཀྱི་མཚན་མ་རྒྱུན་མི་འཆད་པ་ཞེས་འབྱུང་ངོ་། །
བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའི་གཅིག་ཏུ་ཞི་གནས་བསྒོམ་པ་ལགས་ཞེས་བྱ་བ་ནི་གཉིས་པ་ཞི་གནས་བསྒོམ་པ་ཁོ་ན་ཞུས་པའོ། །རིགས་ཀྱི་བུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པ་གང་གིས་བར་ཆད་མེད་པའི་སེམས་ཡིད་ལ་བྱེད་པའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་

རྣལ་འབྱོར་སྤྱོད་པའི་ས་ལས་བར་ཆད་མེད་པར་ཡིད་ལ་བྱེད་པ་ནི་འདི་ལྟ་སྟེ། དུས་ཐམས་ཅད་དུ་བར་ཆད་མེད་པར་རྒྱུན་དུ་འཇུག་པ་གང་ཡིན་པའོ་ཞེས་འབྱུང་བས་དེའི་ཕྱིར་བར་ཆད་མེད་པ་ཞེས་བྱ་བ་ནི་རྒྱུན་ཆགས་ལ་བྱ་བར་རིག་པར་བྱ་སྟེ། འདི་ལྟར་ཞི་གནས་ཀྱིས་སེམས་རྣམ་པར་མི་གཡེང་བར་བྱེད་
པའི་ཕྱིར་སེམས་ལ་དམིགས་པ་ཁོ་ནའོ། །གཞན་ཡང་བར་ཆད་མེད་པའི་སེམས་ཞེས་བྱ་བ་ནི་དེའི་གོང་མ་བར་ཆད་མེད་པའི་སེམས་དམིགས་པར་གྱུར་པའོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་སྔ་མ་བཟང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་སེམས་
ཀྱི་མཚན་མ་རྒྱུན་མི་འཆད་པ་ཞེས་འབྱུང་ངོ་། །བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་གྱུར་ཏེ། མཉམ་པར་ཟུང་དུ་འཇུག་པ་ཞེས་བགྱི་ལགས་ཞེས་བྱ་བ་ནི་གསུམ་པ་གཉི་ག་ཅིག་ཅར་དུ་འཇུག་པའི་མཚན་ཉིད་ཞུས་པའོ། །རིགས་ཀྱི་བུ་
གང་གིས་སེམས་རྩེ་གཅིག་པ་ཉིད་ཡང་དག་པར་ཡིད་ལ་བྱེད་པའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པ་སྟེ། དེ་ལ་སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བ་ནི་འདི་ལྟ་སྟེ། ཞི་གནས་དང་ལྷག་མཐོང་ཅིག་ཅར་འཇུག་ཅིང་ཡུལ་ལ་དམིགས་པའོ། །ཚིག་འདི་གཅིག་
ཀྱང་སོ་སོ་ནས་བཤད་པ་མི་མཐུན་པས་ཁ་ཅིག་ན་རེ་སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བ་ནི་ཀུན་རྫོབ་ཏུ་རྣམ་པར་རིག་པ་ཙམ་ཁོ་ན་སྟེ་ཡུལ་ནི་སེམས་ལས་ལོགས་ཤིག་ན་མེད་པས་སེམས་རྩེ་གཅིག་པ་ཉིད་ཅེས་བྱའོ། །ཡང་ན་སེམས་རྩེ་གཅིག་པ་ཁོ་ནར་ཟད་པས་སེམས་རྩེ་གཅིག་པ་ཉིད་ཅེས་བྱའོ། །ཡང་
ན་སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བ་ནི་དོན་དམ་པར་ཡང་རྣམ་པར་རིག་པ་ཙམ་ཁོ་ན་སྟེ། འདི་ལྟར་ཆོས་ཐམས་ཅད་ནི་དེ་ཁོ་ན་ཉིད་གཅིག་གི་ངོ་བོ་ཉིད་ཡིན་པས་སེམས་རྩེ་གཅིག་པ་ཉིད་ཅེས་བྱའོ་ཞེའོ། །ཁ་ཅིག་ན་རེ་ཉིད་ཅེས་བྱ་བ་ནི་ཀུན་རྫོབ་ཏུ་གཏོགས་པས། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་
དུ་གྲུབ་པ་ལས་འདི་ལྟ་སྟེ། རྣམ་པར་རིག་པའི་ངོ་བོ་ཉིད་དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། དང་པོ་ནི་ཀུན་རྫོབ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་དོ། །གཉིས་པ་ནི་དོན་དམ་པ་སྟེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ་ཞེས་འབྱུང་བ་ཡིན་ནོ་ཞེའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་

སེམས་ལ་སེམས་རྩེ་གཅིག་ཏུ་རྟོག་པ་ཞེས་འབྱུང་ངོ་། །བཅོམ་ལྡན་འདས་སེམས་ཀྱི་མཚན་མ་གང་ལགས་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དམིགས་པ་རྣམ་པ་གསུམ་གྱི་བྱེ་བྲག་བཟླས་ཏེ་བསྟན་པ་སྟོན་ཏོ། །འདི་ཡང་དམིགས་པ་རྣམ་པ་གསུམ་བསྟན་པ་ཉིད་ཀྱིས་
རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དམིགས་པ་དང་པོ་ཞུས་པའོ། །རིགས་ཀྱི་བུ་འདི་ལྟ་སྟེ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལྷག་མཐོང་གི་དམིགས་པ་གང་ཡིན་པའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་ཡང་དག་པར་བཤད་པ་སྟེ། གོང་དུ་ཇི་སྐད་བསྟན་
པའི་སེམས་ཀྱི་མཚན་མ་ཉིད་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ཡང་ཡིན་ལ་ལྷག་མཐོང་གི་སེམས་ཀྱི་སྤྱོད་ཡུལ་ཡང་ཡིན་པས་སོ། །བཅོམ་ལྡན་འདས་བར་ཆད་མ་མཆིས་པའི་སེམས་གང་ལགས་ཞེས་བྱ་བ་ལ་སོགས་པས་ནི་དམིགས་པ་གཉིས་པ་ཞུས་པ་བསྟན་ཏོ། །རིགས་ཀྱི་བུ་འདི་
ལྟ་སྟེ། གཟུགས་བརྙན་དེ་ལ་དམིགས་པའི་སེམས་ཞི་གནས་ཀྱི་དམིགས་པ་གང་ཡིན་པའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་ཡང་དག་པར་བཤད་པ་སྟེ། གཟུགས་བརྙན་དེ་ལ་དམིགས་པ་ཐོས་པ་དང་བསམས་པ་ཤེས་རབ་རྣམ་པ་གཉིས་དང་མཚུངས་པར་ལྡན་པ་རྒྱུ་མཚན་གྱི་རྣམ་པའི་སེམས་
གང་ཡིན་པ་དེ་ནི་ཞི་གནས་ཀྱི་དམིགས་པའི