Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 119

Văn bản gốc(Tây Tạng)

Trang 18 / 18 (50.000 ký tự/trang)
ི་དང་པོ་ས་རྣམས་ཀྱི་མིང་གི་དོན་ཞུས་པའོ། །བཅོམ་ལྡན་

འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དོན་ཆེན་པོ་ཡོངས་སུ་གྲུབ་ཅིང་སྔོན་མ་འདྲིས་པ་འཇིག་རྟེན་ལས་འདས་པའི་སེམས་ཐོབ་ནས་དགའ་བ་ཆེན་པོ་སྐྱེ་བས་དེའི་ཕྱིར་དང་པོ་ནི་རབ་ཏུ་དགའ་བའི་ས་ཞེས་
བྱའོ་ཞེས་བྱ་བ་ལ་སོགས་པས་ནི། གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་ས་བཅུ་གཅིག་བསྟན་པ་ཉིད་ཀྱིས་རྣམ་པ་བཅུ་གཅིག་ཏུ་དབྱེ་སྟེ། འདི་ནི་དང་པོ་ས་རབ་ཏུ་དགའ་བ་བཤད་པའོ། །བཤད་པ་འདི་ལ་ཡང་དོན་རྣམ་པ་གཉིས་ཡོད་
དེ། བདག་ལ་ཕན་འདོགས་པའི་ཐོབ་པ་དང་ཟག་པ་མེད་པའི་སེམས་ཐོབ་པ་སྟེ། དེའི་ཕྱིར་འཕགས་པ་ས་བཅུའི་འགྲེལ་པ་ལས། བདག་དང་གཞན་ལ་ཕན་འདོགས་པ་བླ་ན་མེད་པ་ཡོངས་སུ་གྲུབ་ཅིང་། འཕགས་པའི་གནས་ཐོག་མ་ཁོ་ནར་ཐོབ་པའི་ཕྱིར་རབ་ཏུ་དགའ་བ་
ཞེས་བཤད་དོ། །དེ་ལ་འཕགས་པའི་གནས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཡེ་ཤེས་སོ། །སའི་མིང་གི་དོན་རྣམ་པར་བཤད་པ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་ཁ་ཅིག་ལས་ནི་དོན་རྣམ་པ་གཅིག་གིས་རབ་ཏུ་དགའ་བའི་མིང་སྟོན་པ་ཡང་ཡོད་དེ། འཕགས་
པ་མིའི་རྒྱལ་པོས་ཞུས་པའི་མདོ་ལས་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ལེགས་པར་རྟོགས་པ་དང་། ལྷའི་རྒྱལ་པོ་ཆེན་པོ་བཞིས་བདེན་པ་གཉིས་ཀྱི་མཉམ་པ་ཉིད་ཀྱི་དོན་ཅིག་ཅར་གསལ་བར་མཐོང་བ་ཞེས་གསུངས་པ་ལྟ་བུའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་དེ་ཐོག་མ་ཁོ་
ནར་བདག་དང་གཞན་གྱི་དོན་སྒྲུབ་པར་ནུས་པའི་ཡོན་ཏན་ཐོབ་པའི་ཕྱིར་རོ་ཞེས་བཤད་དོ། །སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ཀྱང་དེ་སྐད་དུ་བཤད་དོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་གོང་ན་མེད་པའི་མངོན་པར་རྟོགས་པ་ཡང་དག་པར་ཐོབ་
ནས་ལྷག་པའི་དགའ་བ་ལ་གནས་པའི་ཕྱིར་རབ་ཏུ་དགའ་བ་ལ་གནས་པ་བསྟན་ཏོ། །གནས་པ་བཅུའི་བཤད་པ་ལས་ནི་ཐོག་མ་ཁོ་ནར་དགེ་བའི་ཆོས་ཀྱི་རོ་ཐོབ་པས་སེམས་ཀྱི་དགའ་བ་མང་བའི་མིང་ངོ་ཞེས་བཤད་དོ། །ཁ་ཅིག་ལས་ནི་དོན་རྣམ་པ་གཉིས་ཀྱིས་རབ་ཏུ་དགའ་བ་ཞེས་སྟོན་ཏོ། །

མདོ་འདི་ཉིད་དང་། འཕགས་པ་ས་བཅུའི་འགྲེལ་པ་ལ་སོགས་པ་ལས་ཇི་སྐད་བསྟན་པ་ལྟ་བུའོ། །དོན་རྣམ་པ་གསུམ་གྱིས་སྟོན་པ་ཡང་ཡོད་དོ། འཕགས་པ་གསེར་འོད་དམ་པའི་མདོ་ལས་ཇི་སྐད་དུ། འདི་ལྟ་སྟེ། ཐོག་མ་ཁོ་ནར་འཇིག་རྟེན་ལས་འདས་པའི་སེམས་ཐོབ་པ་དང་།
སྔོན་མ་ཐོབ་པ་གདོད་ཐོབ་པ་དང་། བྱ་བ་དང་ནུས་པ་ཆེན་པོ་ཐོབ་པས་ཇི་ལྟར་སྨོས་པ་བཞིན་དུ་གྲུབ་པའི་ཕྱིར་རབ་ཏུ་དགའ་བ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལ་བྱ་བ་ཆེན་པོ་ནི་བདག་ལ་ཕན་འདོགས་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཀྱང་། ཐོག་མ་
ཁོ་ནར་འཕགས་པའི་ངོ་བོ་ཉིད་ཐོབ་པ་དང་། སྟོང་པ་ཉིད་རྣམ་པ་གཉིས་ཡོངས་སུ་རྫོགས་པ་མངོན་དུ་གྱུར་པ་དང་། དགའ་བ་ལ་ཕན་འདོགས་ཤིང་དགའ་བ་རྒྱ་ཆེན་པོ་སྐྱེ་བའི་ཕྱིར་རོ་ཞེས་བཤད་དོ། །དད་པ་མང་བ་ལ་སོགས་པ་དང་སངས་རྒྱས་ཀྱི་རྗེས་སུ་དྲན་པ་རྣམ་པ་དགུ་ལ་
སོགས་པ་དང་། འཇིག་རྟེན་གྱི་སྤྱོད་ཡུལ་ཡང་དག་པར་འདས་པ་རྣམ་པ་བཅུ་ལ་སོགས་པ་དང་། དགའ་བ་རྣམ་པ་བཅུ་རྒྱ་ཆེར་རྣམ་པར་འབྱེད་པ་ནི། འཕགས་པ་ས་བཅུའི་འགྲེལ་པ་ལས་ཇི་སྐད་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །འཆལ་བའི་ཚུལ་ཁྲིམས་ཀྱི་ཉེས་པ་
ཐམས་ཅད་ཡོངས་སུ་སྤངས་པས་དེའི་ཕྱིར་གཉིས་པ་ནི་དྲི་མ་མེད་པའི་ས་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་དྲི་མ་མེད་པའི་ས་རྣམ་པར་བཤད་པའོ། །མཚམས་རྣམ་པར་དགྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་འདི་དང་མཐུན་པར་འབྱུང་ངོ་། །འཕགས་
པ་མིའི་རྒྱལ་པོས་ཞུས་པའི་མདོ་ལས་ནི་བྲལ་བ་དང་། རྟོག་པ་ཞེས་འབྱུང་སྟེ། དེའི་ཕྱིར་ཚིགས་སུ་བཅད་པར། བྲལ་དང་རྟོག་པ་རབ་ཕྱེ་སྐྱེས་བུ་ནི། །རྒྱལ་རིགས་རྣམས་སུ་ལུས་ནི་རབ་སྟོན་ཅིང་། །འགྲོ་བ་དྲུག་པོ་རྣམས་ནི་སྟོང་ཁམས་སུ། །ཞེས་འབྱུང་བ་ཡིན་ནོ། །འཕགས་པ་གསེར་
འོད་དམ་པའི་མདོ་ལས་ནི། ལྟུང་བ་ཕྲ་མོའི་འཆལ་བའི་ཚུལ་ཁྲིམས་ཀྱི་ཉེས་པ་ཐམས་ཅད་ཡོངས་སུ་དག་པའི་ཕྱིར་དྲི་མ་དང་བྲལ་བའི་ས་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་ས་བཅུའི་མདོ་ལས་ནི། སེར་སྣ་དང་། ཕྲག་དོག་དང་། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མའི་

སེམས་ཡོངས་སུ་སྤང་བའི་ཕྱིར་དྲི་མ་དང་བྲལ་བའི་ས་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་ནི་འཁྲུལ་པའི་སེམས་འཆལ་པའི་ཚུལ་ཁྲིམས་ཀྱི་ཉེས་པ་འབྱུང་བར་བྱེད་པའི་ཉོན་མོངས་པ་ལ་སོགས་པ་དང་བྲལ་ནས་ཚུལ་ཁྲིམས་རྣམ་པར་དག་པ་ཕུན་སུམ་ཚོགས་
པར་གྱུར་པའི་ཕྱིར་དྲི་མ་དང་བྲལ་བའི་ས་ཞེས་བསྟན་ཏོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་ཐག་བསྲིངས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི། རང་བཞིན་གྱིས་ཚུལ་ཁྲིམས་
ཕུན་སུམ་ཚོགས་པས་ས་དང་པོ་ལྟར་བསམས་ནས་ཚུལ་ཁྲིམས་མ་ཡིན་གྱི། ཚུལ་ཁྲིམས་ཡོངས་སུ་གྲུབ་པའི་ཕྱིར་དང་། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་རྣམས་ཡོངས་སུ་སྤངས་པའི་ཕྱིར་རོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་མཛད་པའི་འགྲེལ་པ་ལས་ཀྱང་དོན་གྱིས་
སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་དང་མཐུན་པར་བཤད་དོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི། ཐེག་པ་གཉིས་ཀྱི་ས་ལས་ཡང་དག་པར་འདས་ཤིང་། ཚུལ་ཁྲིམས་རྣམ་པར་དག་པ་ཐོབ་ནས་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་ཐམས་ཅད་ཀྱི་གཉེན་པོར་གྱུར་
པའོ་ཞེས་བཤད་དོ། །གནས་པ་བཅུའི་མདོ་ལས་ནི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་དྲི་མ་རྣམས་དང་བྲལ་བའི་ཕྱིར་རོ་ཞེས་གསུངས་སོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི། ཚུལ་ཁྲིམས་ཡོངས་སུ་དག་པ་དང་ལྡན་ཞིང་འཆལ་བའི་ཚུལ་ཁྲིམས་ཀྱི་ཉེས་པ་ཕྲ་མོ་
འབྱུང་བའི་དྲི་མ་ཐག་བསྲིངས་པའི་ཕྱིར་དྲི་མ་དང་བྲལ་བའི་ས་ཞེས་བྱའོ་ཞེས་བཤད་དོ། །དེ་ཏིང་ངེ་འཛིན་དང་། ཐོས་པའི་གཟུངས་ཐོབ་པ་དག་གིས་ཤེས་པའི་སྣང་བ་ཚད་མེད་པའི་གནས་བྱེད་པས། དེའི་ཕྱིར་གསུམ་པ་ནི་འོད་བྱེད་པའི་ས་ཞེས་བྱའོ་ཞེས་བྱ་བ་ནི་གསུམ་པ་
འོད་བྱེད་པའི་ས་རྣམ་པར་བཤད་པའོ། །འདི་ལྟར་ས་གསུམ་པས་ཏིང་ངེ་འཛིན་ཐོབ་པའི་ཕྱིར་ནི་བསྒོམས་པའི་ཤེས་རབ་ཀྱི་སྣང་བ་སྐྱེད་པར་བྱེད་ལ། ཐོས་པའི་གཟུངས་ཐོབ་པའི་ཕྱིར་ནི་ཐོས་པ་དང་བསམས་པའི་ཤེས་རབ་ཀྱི་སྣང་བ་བསྐྱེད་པས་དེའི་ཕྱིར་གསུམ་པ་ནི་འོད་བྱེད་

པའི་ས་ཞེས་བྱའོ། །ཡང་ན་ས་ལ་ལྟོས་ནས་འོད་སྐྱེད་པའི་གནས་བྱེད་པས་འོད་བྱེད་པའི་ས་ཞེས་བྱའོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི་སྣང་བའི་ས་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་འོད་ཀྱི་ས་ཞེས་འབྱུང་ངོ་། །འོད་བྱེད་པའི་ས་ཞེས་
འབྱུང་བ་ནི་ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་རོ། །འཕགས་པ་མིའི་རྒྱལ་པོས་ཞུས་པའི་མདོ་ལས་ནི། ཤེས་རབ་གསལ་བའི་ས་ཞེས་འབྱུང་སྟེ། དེའི་ཕྱིར་དེ་ཉིད་ཀྱི་ཚིགས་སུ་བཅད་པ་ལས། ཤེས་རབ་གསལ་ཞིང་སྟོང་ཉིད་ལྟ་བ་འཐའ་བྲལ་ལྷ་ཡི་རྒྱལ། །ཞིང་
ཁམས་མང་པོར་བདག་ཉིད་ལུས་སྟོན་སེམས་ཅན་འདྲེན་པར་བྱེད། །ཅེས་གསུངས་སོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ནི། ཤེས་རབ་སྣང་བའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་དག་མི་གཡོ་ཞིང་། གང་གིས་ཀྱང་ཟིལ་གྱིས་གནོན་པར་མི་ནུས་པ་དང་། ཐོས་པའི་
གཟུངས་ཀྱིས་གཞི་བྱེད་པའི་ཕྱིར་སྣང་བའི་ས་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་ས་བཅུའི་མདོ་ལས་ནི་འདོད་ཆགས་དང་ཞེ་སྡང་མེད་པ་ལ་སོགས་པའི་དགེ་བའི་རྩ་བ་གསུམ་པོ་དག་གོང་ནས་གོང་དུ་གསལ་ཞིང་ཡོངས་སུ་དག་པར་གྱུར་པའི་ཕྱིར་སྣང་བའི་ས་ཞེས་བྱའོ་ཞེས་
གསུངས་སོ། །འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་གནས་པ་བཅུ་བསྟན་པ་དང་། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས་ཀྱང་། ཕལ་ཆེར་འཕགས་པ་ས་བཅུའི་མདོ་ལས་གསུངས་པ་དང་མཐུན་པར་སྟོན་ཏོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་ཏིང་ངེ་འཛིན་
དང་། སྙོམས་པར་འཇུག་པ་ཉམས་པ་མེད་པའི་གནས་སུ་གྱུར་པའི་ཕྱིར་དང་། ཆོས་ཀྱི་སྣང་བ་ཆེན་པོའི་གནས་སུ་གྱུར་པའི་ཕྱིར་འོད་བྱེད་པའི་ས་ཞེས་བྱའོ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ནི། ས་འདིར་ཏིང་ངེ་འཛིན་དང་།
སྙོམས་པར་འཇུག་པ་དང་། རྟག་ཏུ་མི་འབྲལ་ཞིང་ཉམས་པ་མེད་པའི་ཕྱིར་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་སྣང་བ་བྱེད་པའི་ཕྱིར་འོད་བྱེད་པའི་ས་ཞེས་བྱའོ་ཞེས་བཤད་དོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་རྣམ་པར་

བཤད་པ་ལས་ནི་ཏིང་ངེ་འཛིན་ཤིན་ཏུ་རྣམ་པར་དག་པའི་ཕུང་པོ་ཐོབ་ནས་ཡེ་ཤེས་ཆེན་པོའི་སྣང་བ་གནས་གྱུར་པས་འོད་བྱེད་པའི་ས་ཞེས་བྱའོ། །ཏིང་ངེ་འཛིན་མཆོག་དང་། ཡོན་ཏན་ཆེན་པོའི་གཟུངས་ཡོངས་སུ་གྲུབ་ནས་ཤེས་རབ་དམ་པའི་འོད་དཔག་ཏུ་མེད་པའི་ཕྱིར་ཡང་འོད་བྱེད་
པའི་ས་ཞེས་བྱའོ་ཞེས་བཤད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་འོད་དང་བཅས་པའི་ས་ཞེས་འབྱུང་ངོ་། །དེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐོབ་པ་དག་གིས་ཉོན་མོངས་པ་རྣམས་སྲེག་པར་བྱེད་པའི་ཡེ་ཤེས་མེའི་འོད་འཕྲོ་བ་ལྟ་བུར་གྱུར་པས་དེའི་ཕྱིར་བཞི་པ་ནི་འོད་
འཕྲོ་བ་ཅན་གྱི་ས་ཞེས་བྱའོ་ཞེས་བྱ་བ་ནི་བཞི་པ་འོད་འཕྲོ་བ་ཅན་རྣམ་པར་བཤད་པའོ། །འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ཡེ་ཤེས་ཀྱི་འོད་ཀྱིས་ཉོན་མོངས་པའི་ཤིང་བསྲེག་པའི་ཕྱིར་འོད་འཕྲོ་བ་ཅན་ཞེས་བྱའོ། །མཚམས་རྣམ་པར་དགྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་
ལས་ཀྱང་། མདོ་འདི་ཉིད་ལས་གསུངས་པ་དང་མཐུན་པར་བཤད་དོ། །འཕགས་པ་མིའི་རྒྱལ་པོས་ཞུས་པའི་མདོ་ལས་ཀྱང་འོད་འཕྲོ་བ་ཅན་ཞེས་འབྱུང་སྟེ། དེའི་ཕྱིར་དེ་ཉིད་ཀྱི་ཚིགས་སུ་བཅད་པ་ལས། ཤེས་རབ་འོད་འཕྲོ་སྣང་བ་དམ་པ་བརྩོན་འགྲུས་ཆེ། །དགའ་ལྡན་ལྷ་ཡི་རྒྱལ་པོ་སྟོང་ཁམས་མང་པོ་རྒྱུ། །
ཞེས་གསུངས་སོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ནི། ཉོན་མོངས་པ་ཉེ་བར་ཞི་བར་བྱེད་ཅིང་ཡེ་ཤེས་ཀྱི་མེས་སྣང་བ་འཕེལ་བར་བྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་བསྒོམ་པའི་གནས་སུ་གྱུར་པའི་ཕྱིར་འོད་འཕྲོ་བ་ཅན་གྱི་ས་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་ས་བཅུའི་མདོ་ལས་ནི། རྟག་
པར་ཡེ་ཤེས་ཀྱི་འོད་གཏོང་བ་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གཞན་དག་གིས་མི་འཕྲོགས་པ་དག་དང་མཚུངས་པའི་ཕྱིར་འོད་འཕྲོ་བ་ཅན་ཞེས་བྱའོ་ཞེས་བཤད་ད། །འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོའི་ནང་ནས་གནས་པ་བཅུ་བསྟན་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །འཕགས་པ་ས་བཅུའི་འགྲེལ་
པ་ལས་ནི། མི་བརྗེད་པའི་ཉོན་མོངས་པའི་ཤིང་ཡེ་ཤེས་ཀྱི་མེས་བསྲེག་པའི་ཕྱིར་འོད་འཕྲོ་བ་ཅན་གྱི་ས་ཞེས་བྱའོ། །དེ་ལ་མི་བརྗེད་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཉོན་མོངས་པ་རང་གི་ངང་གིས་རྒྱུན་དུ་འབྱུང་བའི་ཕྱིར་མི་བརྗེད་པ་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི། བྱང་

ཆུབ་ཀྱི་ཕྱོགས་ཀྱི་ཤེས་རབ་གང་ཡིན་པ་དེ་ནི་འོད་ཀྱི་ངོ་བོ་ཉིད་དོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ནི་ཤིང་གི་ངོ་བོ་ཉིད་དེ། ས་འདིའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་འོད་བསྐྱེད་ནས་སྒྲིབ་པ་གཉིས་ཀྱི་ཤིང་སྲེག་པར་བྱེད་པས་འོད་འཕྲོ་བ་ཅན་གྱི་ས་ཞེས་བཤད་དེ། བསྟན་བཅོས་ཐེག་པ་ཆེན་པོ་
བསྡུས་པ་ལས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་སྒྲིབ་པ་ཐམས་ཅད་བསྲེག་པའི་ཕྱིར་འོད་འཕྲོ་བ་ཅན་ཞེས་བྱའོ་ཞེས་བཤད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་ས་འདིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཁྱད་པར་དུ་འཕགས་པ་གནས་པས་གནས་འདིའི་དབང་གིས་རྩ་
བའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་བསྲེགས་ནས་ཐལ་བར་བརླགས་པས་ཤེས་རབ་འོད་འཕྲོ་བ་ཅན་གྱི་ས་ཞེས་བཤད་དེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ཀྱང་དོན་གྱིས་དེ་སྐད་དུ་སྟོན་ཏོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཀྱང་བྱང་ཆུབ་ཀྱི་ཕྱོགས་
ཀྱི་ཆོས་ཁྱད་པར་དུ་འཕགས་པ་གནས་པས་ཉོན་མོངས་པའི་ཤིང་བསྲེགས་ནས་ཤེས་རབ་ཀྱི་འོད་འཕེལ་བར་བྱེད་པའི་ཕྱིར་འོད་འཕྲོ་བ་ཅན་ཞེས་འབྱུང་ངོ་། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་འོད་འཕེལ་བར་བྱེད་པའི་ས་ཞེས་འབྱུང་ངོ་། །བསྟན་བཅོས་མདོ་སྡེའི་རྒྱན་ལ་སོགས་
པ་ལས་སྒྲིབ་པ་གཉིས་ཀྱི་ཤིང་བསྲེགས་པས་ཤེས་རབ་འོད་འཕྲོ་བ་ཅན་གྱི་ས་ཞེས་བཤད་པ་དང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་རྩ་བའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཐལ་བར་བརླགས་ནས་ཞེས་བསྟན་པ་འདི་ནི་ཤེས་བྱའི་སྒྲིབ་པ་གཏན་དུ་སྤངས་ཤིང་།
ཉོན་མོངས་པ་རྣམ་པར་གནོན་པ་དང་། སྤངས་པ་ཐལ་བར་བརླགས་པ་ཞེས་བྱའོ། །གལ་ཏེ་དེ་ལྟ་མ་ཡིན་ན་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། ཆེད་དུ་ཉོན་མོངས་པ་བཞག་པ་དང་། ཉོན་མོངས་པ་ཟད་པ་ལ་སོགས་པ་ཞེས་བསྟན་པ་དང་འགལ་བར་འགྱུར་བས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་
དག་ཉིད་ཐབས་ཀྱིས་བསྒོམ་པ་ལ་ཤིན་ཏུ་དཀའ་བས་གདོད་དབང་ཐོབ་པས་དེའི་ཕྱིར་ལྔ་པ་ནི་ཤིན་ཏུ་རྒྱལ་བར་དཀའ་བའི་ས་ཞེས་བྱའོ་ཞེས་བྱ་བ་ནི་ལྔ་པ་ཤིན་ཏུ་རྒྱལ་བར་དཀའ་བའི་ས་བསྟན་པའོ། །འདི་ལྟར་བསྒོམ་པར་དཀའ་བ་ལས་དབང་ཐོབ་པའི་ཕྱིར་ཤིན་ཏུ་རྒྱལ་བར་དཀའ་བ་ཞེས་བྱའོ། །མཚམས་

རྣམ་པར་དགྲོལ་བའི་མདོ་ལས་ཀྱང་། མདོ་འདི་ཉིད་ལས་གསུངས་པ་དང་མཐུན་པར་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐབས་ཀྱིས་བསྒོམས་པ་ཤིན་ཏུ་རྒྱལ་བར་དཀའ་བ་ཞེས་བྱའོ་ཞེས་འབྱུང་ངོ་། །འཕགས་པ་མིའི་རྒྱལ་
པོས་ཞུས་པའི་མདོ་ལས་ནི་ཤེས་རབ་མཆོག་ཏུ་གྱུར་པའི་ས་ཞེས་བྱའོ་ཞེས་འབྱུང་སྟེ། དེའི་ཕྱིར་དེ་ཉིད་ཀྱི་ཚིགས་སུ་བཅད་པ་ལས། ཤེས་རབ་མཆོག་གིས་བདེན་པ་གསུམ་པོ་གསལ་བར་རྟོགས། །འཕྲུལ་དགའ་ལྷ་ཡི་རྒྱལ་པོ་ཞིང་ནི་འབུམ་ཕྲག་བརྒྱ། །ཞེས་གསུངས་པ་ཡིན་ནོ། །འཕགས་པ་
གསེར་འོད་དམ་པའི་མདོ་ལས་ནི་བསྒོམ་པའི་ཐབས་ཀྱི་ཤེས་རབ་མཆོག་ལ་དབང་ཐོབ་པས་ཤིན་ཏུ་རྒྱལ་བར་དཀའ་བའི་ཕྱིར་དང་། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དག་གིས་ཟིལ་གྱིས་གནོན་པར་མི་ནུས་པའི་ཕྱིར་ཤིན་ཏུ་རྒྱལ་བར་དཀའ་བའི་ས་ཞེས་བྱའོ་ཞེས་གསུངས་པའོ། །
འཕགས་པ་ས་བཅུའི་མདོ་ལས་ནི་ས་འདི་ལ་གནས་པའི་དགེ་བའི་རྩ་བ་ཐམས་ཅད་དང་། ཤེས་རབ་དང་ཡེ་ཤེས་དང་སེམས་ཀྱིས་ཤིན་ཏུ་བརྟགས་པ་དང་། ལྡན་པའི་ཕྱིར་ཆེས་གསལ་ཞིང་ཡོངས་སུ་དག་པ་དང་། ས་འོག་མའི་དགེ་བའི་རྩ་བ་དང་ཐེག་པ་གཉིས་ཀྱི་དགེ་བའི་རྩ་བས་མི་འཕྲོགས་པས་ཤིན་
ཏུ་རྒྱལ་བར་དཀའ་བའི་ས་ཞེས་བྱའོ་ཞེས་གསུངས་ཏེ། འཕགས་པ་སངས་རྒྱས་ཕལ་པོ་ཆེའི་ནང་ནས་གནས་པ་བཅུ་བསྟན་པ་དང་། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས་ཀྱང་དོན་གྱིས་དེ་སྐད་དུ་སྟོན་ཏོ། །འཕགས་པ་ས་བཅུའི་འགྲེལ་པ་ལས་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་། ཐབས་
མཁས་པ་ཐོབ་པས་ཤིན་ཏུ་རྒྱལ་བར་དཀའ་བ་ལས་རྒྱལ་བའི་ཕྱིར་ཤིན་ཏུ་རྒྱལ་བར་དཀའ་བའི་ས་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། ས་འདིར་བྱང་ཆུབ་སེམས་དཔའི་འཕགས་པའི་བདེན་པ་རྣམས་ལ་རྣམ་པར་ངེས་པའི་ཤེས་པའི་མཆོག་སྟོན་པས། ཤིན་ཏུ་
རྒྱལ་བར་དཀའ་བས་ཤིན་ཏུ་སྦྱང་དཀའ་བའི་ས་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་ས་ལྔ་པ་ནི་དཀའ་བ་རྣམ་པ་གཉིས་ཡིན་ཏེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་བརྩོན་པ་ནི་ཉོན་མོངས་པ་མེད་པར་དཀའ་བ་དང་། རང་གི་སེམས་ཀྱང་སྲུང་ཞིང་ཉོན་མོངས་པ་མེད་པར་དཀའ་བ་

སྟེ། ས་འདིའི་བྱང་ཆུབ་སེམས་དཔའ་ནི་དཀའ་བ་རྣམ་པ་གཉིས་ལས་ཡང་དག་པར་འདས་ཤིང་ཤིན་ཏུ་དཀའ་བ་ལས་རྒྱལ་བར་གྱུར་པས་ཤིན་ཏུ་རྒྱལ་བར་དཀའ་བའི་ས་ཞེས་བྱའོ་ཞེས་འབྱུང་ངོ་། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་ཡང་དག་པའི་བདེན་པ་དང་། འཇིག་རྟེན་པའི་ཤེས་པ་གཉིས་ཕན་ཚུན་
མི་མཐུན་པས་དེ་བསྒྲུབ་པར་དཀའ་བའི་ཕྱིར་ཤིན་ཏུ་སྦྱང་དཀའ་ཞེས་བྱའོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་དང་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ཀྱང་དོན་དེ་སྐད་དུ་སྟོན་ཏོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་ཤིན་ཏུ་རྣམ་པར་དག་པའི་བདེན་པ་ལ་དམིགས་པའི་ཤེས་བྱ་མདོ་སྡེ་རྣམས་
དང་། ཤེས་རབ་དམ་པའི་ཕུང་པོ་ཤིན་ཏུ་བསྒྲུབ་པར་དཀའ་བ་འཁོར་བ་དང་། ཞི་བ་ལ་མི་གནས་པའི་འཕགས་པའི་ལམ་ཐོབ་པ་གང་ཡིན་པ་དེ་ནི་ཤིན་ཏུ་སྦྱང་དཀའ་བ་ཞེས་བྱའོ་ཞེས་བཤད་དོ། །གནས་པ་བཅུའི་འགྲེལ་པ་ལས་ནི་ས་ལྔ་པ་ལ་ཡོན་ཏན་གྱི་སྟོབས་བརྟས་པས་བདུད་ཐམས་ཅད་ཀྱིས་
འཇིགས་པར་མི་ནུས་པའི་ཕྱིར་ཤིན་ཏུ་རྒྱལ་བར་དཀའ་བའི་ས་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་དོན་ཐམས་ཅད་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་བསྟན་པ་དང་མཐུན་པར་བཤད་དོ། །འདུ་བྱེད་རྣམས་ཀྱི་འཇུག་པ་ལ་སོ་སོར་རྟོག་པ་མངོན་སུམ་
དུ་གྱུར་པ་ཉིད་དང་། མཚན་མ་མེད་པ་ལན་མང་དུ་བྱེད་པ་མངོན་དུ་གྱུར་པས་དེའི་ཕྱིར་དྲུག་པ་ནི་མངོན་དུ་གྱུར་པའི་ས་ཞེས་བྱའོ་ཞེས་བྱ་བ་ནི་དྲུག་པ་མངོན་དུ་གྱུར་པའི་ས་རྣམ་པར་བཤད་པའོ། །འདི་ལྟར་ས་འདི་ལ་འདུ་བྱེད་རྣམས་ཀྱི་འཇུག་པ་ལ་སོ་སོར་རྟོག་པ་མངོན་སུམ་དུ་གྱུར་པ་ཉིད་དང་།
མཚན་མ་མེད་པ་ལན་མང་དུ་ཡིད་ལ་བྱེད་པའི་དོན་རྣམ་པ་གཉིས་དང་ལྡན་པའི་ཕྱིར་མངོན་སུམ་དུ་གྱུར་པའི་ས་ཞེས་བྱའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་། མདོ་འདི་ཉིད་ལས་གསུངས་པ་དང་མཐུན་པར་འབྱུང་ངོ་། །འཕགས་པ་མིའི་རྒྱལ་པོས་ཞུས་པའི་མདོ་ལས་ནི་
ཆོས་མངོན་དུ་གྱུར་པ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ཀྱི་ཚིགས་སུ་བཅད་པ་ལས། ཆོས་མངོན་གྱུར་པའི་སྐྱེས་བུ་དེ་དག་མི་དབང་རྒྱལ་པོ་ཞིང་ནི་འབུམ་ཕྲག་སྣང་། །ཞེས་གསུངས་སོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ནི་མདོ་འདི་ཉིད་ལས་གསུངས་པ་དང་མཐུན་པར་འབྱུང་ངོ་། །

འཕགས་པ་ས་བཅུའི་མདོ་ལས་ནི་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྒོ་མངོན་སུམ་དུ་གྱུར་པ་ཐོབ་པས་ཤེས་རབ་ཀྱི་སྣང་བ་མངོན་དུ་གྱུར་པ་ཞེས་གསུངས་ཏེ། འཕགས་པ་སངས་རྒྱས་ཕལ་པོ་ཆེའི་ནང་ནས་གནས་པ་བཅུ་བསྟན་པ་དང་། ལེགས་པའི་ཚུལ་ཁྲིམས་བསྟན་པའི་
མདོ་ལས་ཀྱང་དོན་གྱིས་འཕགས་པ་ས་བཅུའི་མདོ་ལས་གསུངས་པ་དང་མཐུན་པར་སྟོན་ཏོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་བསྒོམ་པའི་ཤེས་རབ་མངོན་སུམ་དུ་གྱུར་པས་མངོན་དུ་གྱུར་པའི་ས་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་
ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཤེས་པའི་གནས་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་བྱེད་པའི་ཕྱིར་རོ་ཞེས་བཤད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་འདི་ལྟ་སྟེ། ས་འདི་ལ་རྟེན་ཅིང་འབྲེལ་པར་
འབྱུང་བའི་ཤེས་པ་ལ་གནས་པས་ཤེས་པ་འདིའི་སྟོབས་ཀྱིས་རྣམ་པར་རྟོག་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་གནས་པ་མངོན་དུ་གྱུར་ནས་ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་པ་ཉིད་དུ་རྟོག་པས་ས་བདུན་པ་ལ་ནི་མངོན་པར་འདུ་བྱེད་པ་དང་བཅས་པ་ཉིད་
དུ་འགྱུར་ལ། ས་བརྒྱད་པ་ནི་མངོན་པར་འདུ་བྱེད་པ་ཉིད་དུ་འགྱུར་རོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ཀྱང་དོན་གྱིས་དེ་སྐད་དུ་སྟོན་ཏོ། །གནས་པ་བཅུའི་འགྲེལ་པ་ལས་ནི་བདུན་གྱི་དངོས་པོ་རྣམས་དཀའ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་ཆོས་མངོན་དུ་གྱུར་པས་
སོ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཀྱང་ཐེག་པ་ཆེན་པོ་བསྡུས་པ་ལས་བསྟན་པ་དང་མཐུན་པར་བྱུང་ངོ་། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་མངོན་དུ་གྱུར་པའི་ས་ཞེས་འབྱུང་ངོ་། །མཚན་མ་མེད་པའི་ཡིད་ལ་བྱེད་པ་བར་ཆད་མེད་ཅིང་རྒྱུན་
མི་འཆད་པར་རིང་དུ་རྗེས་སུ་ཞུགས་ཤིང་རྣམ་པར་དག་པའི་ས་དང་རྗེས་སུ་འབྲེལ་པས་དེའི་ཕྱིར་བདུན་པ་ནི་རིང་དུ་སོང་བའི་ས་ཞེས་བྱའོ་ཞེས་བྱ་བ་ནི་བདུན་པ་རིང་དུ་སོང་བའི་ས་རྣམ་པར་བཤད་པའོ། །འདི་ལྟར་ས་འདི་ལ་བར་ཆད་མེད་ཅིང་རྒྱུན་ཆད་པ་མེད་པར་མཚན་མ་མེད་པའི་རྗེས་སུ་ཞུགས་པས་ན་ས་

དྲུག་པ་ལྟར་རེ་ཞིག་ཙམ་དུ་མངོན་དུ་གྱུར་པ་མ་ཡིན་པ་དང་། གཞན་ཡང་བརྒྱད་པ་རྣམ་པར་དག་པའི་ས་དང་ཉེ་བར་གྱུར་པས་དོན་རྣམ་པ་གཉིས་པོ་འདི་དང་ལྡན་པའི་ཕྱིར་རིང་དུ་སོང་བའི་ས་ཞེས་བྱའོ། །མཚམས་རྣམ་པར་དགྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་
ལས་ཀྱང་དོན་གྱིས་མདོ་འདི་ཉིད་ལས་གསུངས་པ་དང་མཐུན་པར་སྟོན་ཏོ། །མིའི་རྒྱལ་པོས་ཞུས་པའི་མདོ་ལས་ནི་རིང་དུ་རྟོག་པའི་ས་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ཀྱི་ཚིགས་སུ་བཅད་པ་ལས། རིང་དུ་རྟོག་པ་མི་སྐྱེ་བསམ་གཏན་དང་པོའི་རྒྱལ། །རྟག་པར་ཞིང་ནི་འབུམ་ཕྲག་དུ་མར་
སེམས་ཅན་སྒྲོལ། །ཞེས་གསུངས་སོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ནི་ཟག་པ་མེད་ཅིང་བར་ཆད་མེད་པར་མཚན་མ་མེད་པའི་ཡིད་ལ་བྱེད་པས་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་རིང་དུ་བསྒོམ་པའི་ཕྱིར་ས་དེ་རྣམ་པར་དག་ཅིང་སྒྲིབ་པ་མེད་པ་དང་། ཐོགས་པ་མེད་པས་རིང་དུ་སོང་
བའི་ས་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་ས་བཅུའི་མདོ་ལས་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཟབ་ཅིང་དབེན་ལ་རྒྱུ་བ་མེད་པ་དང་ལྡན་པ་ཡང་རབ་ཏུ་ཐོབ་པ་ཡིན་ཏེ། ཁྱད་པར་གོང་དུ་བཙལ་བའི་བརྩོན་འགྲུས་ཀྱང་ཡོངས་སུ་མི་གཏོང་ངོ་། །གཞན་ཡང་དེ་བས་ཀྱང་སེམས་ཅན་ལ་
ཕན་གདགས་པའི་ཕྱིར་ཆོས་ཀྱི་བཟོད་པ་རྣམ་པར་དག་པར་འགྱུར་བས་རིང་དུ་སོང་བའི་ས་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོའི་ནང་ནས་གནས་པ་བཅུ་བསྟན་པ་དང་། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས་ཀྱང་དོན་གྱིས་འཕགས་པ་ས་
བཅུའི་མདོ་ལས་གསུངས་པ་དང་མཐུན་པར་སྟོན་ཏོ། །འཕགས་པ་ས་བཅུའི་འགྲེལ་པ་ལས་ནི་མཚན་མ་མེད་པའི་བར་བསྒོམས་པའི་རྩོལ་བ་མཐར་ཕྱིན་པས་འཇིག་རྟེན་པ་དང་། ཐེག་པ་པ་གཉིས་ཀྱི་འཇིག་རྟེན་ལས་འདས་པའི་ལམ་ལས་ཡང་དག་པར་འདས་པའི་ཕྱིར་རིང་དུ་སོང་བའི་ས་
ཞེས་བྱའོ་ཞེས་འབྱུང་ངོ་། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་བྱང་ཆུབ་སེམས་དཔའ་ནི་ས་བདུན་པ་ལ་ཐེག་པ་གཅིག་གི་ལམ་དང་ཉེ་བར་གྱུར་པས་རིང་དུ་སོང་བའི་ས་ཞེས་བྱའོ་ཞེས་བཤད་དོ། །རིང་དུ་སོང་བ་སུ་ཡིན་ཞེ་ན། སྨྲས་པ། རྩོལ་བའི་སྦྱོར་བ་མཐར་ཕྱིན་པས་དེས་རིང་དུ་འགྲོ་

བས་ན་རིང་དུ་འགྲོ་བ་དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་སྦྱོར་བ་ལས་བྱུང་བའི་སྤྱོད་པའི་མཐའ་ཡིན་པའི་ཕྱིར་རོ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་འདི་ལྟར་ས་འདི་ལ་སྦྱོར་བའི་སྤྱོད་པའི་
མཐར་ཕྱིན་ཅིང་མཚན་མ་ཐམས་ཅད་དང་བྲལ་བས་མི་གཡོ་བ་ཡིན་ཡང་མཚན་མ་མེད་པ་ལ་ད་དུང་རྩོལ་བ་དང་བཅས་པ་ཞེས་བྱའོ་ཞེས་བཤད་དེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ཀྱང་དོན་གྱིས་དེ་སྐད་དུ་སྟོན་ཏོ། །གནས་པ་བཅུའི་འགྲེལ་པ་ལས་ནི་ཁམས་གསུམ་པ་ལས་
ཐག་རིང་པོར་གྱུར་ཅིང་ཆོས་ཀྱི་རྒྱལ་པོའི་གནས་དང་ཉེ་བར་གྱུར་པའི་ཕྱིར་རིང་དུ་སོང་བའི་ས་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་མཚན་མ་མེད་པའི་གནས་པ་མཐར་ཕྱིན་ཅིང་། སྦྱོར་བའི་མཐར་ཕྱིན་པ་ཡིན་པས་འཇིག་རྟེན་པ་དང་ཐེག་པ་པ་གཉིས་ཀྱི་ལམ་ལས་
ཡང་དག་པར་འདས་པའི་ཕྱིར་རིང་དུ་སོང་བའི་ས་ཞེས་འབྱུང་ངོ་། །མཚན་མ་མེད་པ་ལ་རྩོལ་བ་མེད་པ་ཐོབ་པས་མཚན་མ་རྣམས་ལས་ཀུན་དུ་བྱུང་བའི་ཉོན་མོངས་པས་མི་བསྐྱོད་པས་དེའི་ཕྱིར་བརྒྱད་པ་ནི་མི་གཡོ་བའི་ས་ཞེས་བྱའོ་ཞེས་བྱ་བ་ནི་བརྒྱད་པ་མི་གཡོ་བའི་ས་རྣམ་པར་བཤད་པའོ། །འདི་
ལྟར་ས་འདི་ལ་རྩོལ་བའི་ཉོན་མོངས་པ་དག་གིས་མི་བསྐྱོད་པས་ན་མི་གཡོ་བའི་ས་ཞེས་བྱའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། མདོའི་ཚིག་འདི་ལ་དོན་རྣམ་པ་གསུམ་གྱིས་སྟོན་ཏེ། དེའི་ཕྱིར་འགྲེལ་པ་འདི་ཉིད་ལས་མཚན་མ་དང་། ཉོན་མོངས་
པ་དང་། རྩོལ་བ་དག་གིས་མི་གཡོ་བའི་ཕྱིར་ཏེ། འདི་ལྟར་ས་འདི་ཡུལ་རྣམ་པ་གཉིས་ཡོད་པས་དང་པོ་ནི་དེ་ཁོ་ནའི་ཡུལ་ཏེ། མཚན་མ་མེད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔས་ཡུལ་དེ་ལ་གནས་ཤིང་མཚན་མ་རྩོལ་བ་ཐམས་ཅད་ཀྱིས་མི་བསྐྱོད་པས་སོ། །གཉིས་པ་ནི་ཀུན་རྫོབ་ཀྱི་
ཡུལ་ཏེ། དེ་ནི་མཚན་མ་ཐམས་ཅད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ཡུལ་དེ་ལ་གནས་ཀྱང་ཉོན་མོངས་པ་ཐམས་ཅད་ཀྱིས་མི་བསྐྱོད་པའི་ཕྱིར། མི་གཡོ་བའི་ས་ཞེས་བྱའོ་ཞེས་འབྱུང་ངོ་། །མཚན་མ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་མདོ་འདི་ལས་གསུངས་པ་དང་མཐུན་པར་འབྱུང་ངོ་། །

མིའི་རྒྱལ་པོས་ཞུས་པའི་མདོ་ལས་ནི་མཉམ་པ་ཉིད་དུ་བསྒོམ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ཀྱི་ཚིགས་སུ་བཅད་པ་ལས། མཉམ་བསྒོམ་བྱང་ཆུབ་སེམས་དཔའ་བསམ་གཏན་གཉིས་པའི་རྒྱལ། །གང་གཱའི་ཞིང་ལ་འཇུག་ཅིང་སེམས་ཅན་ཐམས་ཅད་སྒྲོལ། །ཞེས་གསུངས་སོ། །འཕགས་
པ་གསེར་འོད་དམ་པའི་མདོ་ལས་ནི་མཚན་མ་མེད་པའི་ཡིད་ལ་བྱེད་པ་བསྒོམ་པ་ལ་དབང་ཐོབ་པས་ཉོན་མོངས་པ་རྣམས་ཀྱི་ཀུན་དུ་སྤྱོད་པས་མི་བསྐྱོད་པའི་ས་ཞེས་བྱའོ་ཞེས་གསུངས་སོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་འཕགས་པ་ས་བཅུའི་མདོ་དང་། སངས་རྒྱས་ཕལ་པོ་ཆེ་ལ་སོགས་པ་ལས་བསྟན་པ་
བཞིན་དུ་རིག་པར་བྱའོ། །འཕགས་པ་ས་བཅུའི་མདོའི་འགྲེལ་པ་ལས་ནི་རྣམ་པར་སྨིན་པའི་མདོ་སྤྱོད་པ་ཡོངས་སུ་བྱང་ཞིང་མཚན་མ་མེད་པ་ལ་བར་ཆད་མེད་པས་མི་གཡོ་བ་ཞེས་བྱའོ་ཞེས་འབྱུང་ངོ་། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་ས་བརྒྱད་པ་ལ་ནི་མཚན་མ་དང་བཅས་པའི་འདུ་ཤེས་དང་།
མཚན་མ་མེད་པའི་རྩོལ་བའི་འདུ་ཤེས་གཉི་གས་མི་བསྐྱོད་པས་དེའི་ཕྱིར་མི་གཡོ་བའི་ས་ཞེས་བྱའོ་ཞེས་འབྱུང་ངོ་། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་མཚན་མ་དང་རྩོལ་བའི་མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱིས་མི་གཡོ་བའི་ཕྱིར་རོ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་
གྱིས་མཛད་པའི་འགྲེལ་པ་ལས་ནི་ས་འདིར་མཚན་མ་ཇི་སྙེད་ཡོད་པ་རྣམས་དང་། མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱིས་མི་གཡོས་ཤིང་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་གི་ངང་གིས་འཇུག་པས་སོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི་འདི་ལྟར་མཚན་མ་ཐམས་
ཅད་དང་མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱིས་དེའི་སེམས་གཡོ་བར་མི་ནུས་པའི་ཕྱིར་དང་། ས་བདུན་པ་ལ་མཚན་མ་ཐམས་ཅད་ཀྱིས་མི་གཡོ་ཞིང་ཀུན་དུ་མི་འབྱུང་མོད་ཀྱི། འོན་ཀྱང་རང་གི་ངང་གིས་འཇུག་པ་ལ་དབང་མ་ཐོབ་ཅིང་སྦྱོར་བ་དང་བཅས་པའི་ཕྱིར་དང་། ས་བརྒྱད་པ་ལ་ནི་
རང་གི་ངང་གིས་འཇུག་ཅིང་སྦྱོར་བའི་རྩོལ་བ་མེད་པའི་ཕྱིར་ཏེ། འདི་ནི་ས་བདུན་པ་དང་བརྒྱད་པའི་བྱེ་བྲག་གོ་ཞེས་འབྱུང་ངོ་། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ནི་རྣམ་གྲངས་གཉིས་ཀྱིས་སྟོན་ཏེ། དང་པོ་ནི་མདོ་འདི་ཉིད་ལས་གསུངས་པ་དང་མཐུན་ནོ། །

གཉིས་པ་ནི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་མཛད་པ་ལས་བསྟན་པ་དང་མཐུན་ནོ། །གནས་པ་བཅུའི་འགྲེལ་པ་ལས་ནི་ལྷ་དང་བདུད་དང་ཚངས་པ་དང་དགེ་སྦྱོང་དང་། བྲམ་ཟེ་གང་གིས་ཀྱང་དེའི་ཡི་དམ་ལས་བསྐྱོད་པར་མི་ནུས་པའི་ཕྱིར། མི་
གཡོ་བའི་ས་ཞེས་བྱའོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་གི་ངང་གིས་རྒྱུན་མི་འཆད་ཅིང་མཚན་མའི་རྩོལ་བའི་ཉོན་མོངས་པས་མི་བསྐྱོད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །རྣམ་པ་ཐམས་ཅད་དུ་ཆོས་སྟོན་པའི་དབང་ལ་ཁ་
ན་མ་ཐོ་བ་མེད་པའི་བློ་གྲོས་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་ཐོབ་པས་དེའི་ཕྱིར་དགུ་པ་ནི་ལེགས་པའི་བློ་གྲོས་ཀྱི་ས་ཞེས་བྱའོ་ཞེས་བྱ་བ་ནི་དགུ་པ་ལེགས་པའི་བློ་གྲོས་ཀྱི་ས་རྣམ་པར་བཤད་པའོ། །ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་ཉེས་པ་དང་ཐོགས་པ་དང་རྨོངས་པ་ལ་བྱའོ། །འདི་
ལྟར་ས་འདི་ལ་རྣམ་པ་ཐམས་ཅད་དུ་ཆོས་སྣ་ཚོགས་སྟོན་པ་ལ་དབང་ཐོབ་པས་ཐོགས་པ་མེད་ཅིང་ཡངས་ཤིང་རྒྱ་ཆེ་བའི་བློ་གྲོས་ཐོབ་པ་དེ་ཡང་ཤིན་ཏུ་དགེ་བའི་ཕྱིར་ལེགས་པའི་བློ་གྲོས་ཞེས་བྱའོ། །མཚམས་རྣམ་པར་དགྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་།
མདོ་འདི་ཉིད་ལས་གསུངས་པ་དང་མཐུན་པར་འབྱུང་ངོ་། །འཕགས་པ་མིའི་རྒྱལ་པོས་ཞུས་པའི་མདོ་ལས་ནི་ཤེས་རབ་སྣང་བ་དང་བཅས་པ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ཀྱི་ཚིགས་སུ་བཅད་པ་ལས། ཤེས་རབ་སྣང་བྱེད་སྐྱེས་བུ་བསམ་གཏན་གསུམ་པའི་རྒྱལ། །གང་དག་སྟོང་
ཕྲག་ཞིང་རྣམས་སུ་ནི་ཅིག་ཅར་སྣང་། །ཞེས་གསུངས་སོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ནི། ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཕུང་པོ་གསུམ་རབ་ཏུ་ཤེས་ཤིང་ཡེ་ཤེས་དེའི་རྗེས་སུ་འབྲང་བས་ལེགས་པའི་བློ་གྲོས་ཞེས་བཤད་དེ། འཕགས་པ་སངས་
རྒྱས་ཕལ་པོ་ཆེའི་མདོ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །འཕགས་པ་ས་བཅུའི་འགྲེལ་པ་ལས་ནི་སོ་སོ་ཡང་དག་པར་རིག་པའི་སྟོབས་ཀྱིས་ཆོས་བསྟན་པ་ཡོངས་སུ་གྲུབ་ནས་གཞན་ལ་ཕན་འདོགས་པའི་ཕྱིར་རོ་ཞེས་བཤད་དོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་ས་དགུ་པ་ལ་ནི་སོ་སོ་

ཡང་དག་པར་རིག་པ་བཞིའི་ཤེས་རབ་ཁྱད་པར་དུ་འཕགས་པས་སྐད་ཅིག་མ་གཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷ་དང་མི་ལ་སོགས་པ་རྣམ་པ་ཐ་དད་པས་སྐད་ཅིག་ཐ་དད་པ་དག་གིས་དོན་ཐ་དད་པ་དག་བྱང་ཆུབ་སེམས་དཔའ་དེ་ལ་དྲིས་པས་ན་སྒྲ་སྐད་གཅིག་
གིས་དྲིས་པ་མང་པོ་ལ་ལན་ཅིག་ཅར་འདེབས་ཤིང་མང་པོའི་ཐེ་ཚོམ་རྣམས་གཅོད་པས་དེས་ན་ལེགས་པའི་བློ་གྲོས་ཀྱིས་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་སོ་སོ་ཡང་དག་པར་རིག་པའི་ཤེས་པ་ཁྱད་པར་དུ་འཕགས་པ་ཐོབ་པའི་ཕྱིར་རོ་ཞེས་འབྱུང་ངོ་། །
སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་ས་འདིའི་སོ་སོ་ཡང་དག་པར་རིག་པའི་ཤེས་པ་གང་ཡིན་པ་དེ་ལ་བློ་གྲོས་ཞེས་བྱ་སྟེ། བློ་གྲོས་ཤིན་ཏུ་དགེ་བའི་ཕྱིར་ལེགས་པའི་བློ་གྲོས་ཞེས་བྱའོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི་འདི་ལྟར་སོ་སོ་
ཡང་དག་པར་རིག་པ་བཞིའི་ཤེས་པ་ཁྱད་པར་དུ་འཕགས་པ་ཐོབ་པས་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིང་། ཤེས་པ་ཉིད་བློ་གྲོས་ཡིན་པའི་ཕྱིར་ལེགས་པའི་བློ་གྲོས་ཞེས་བྱའོ། །དེ་ལ་སོ་སོ་ཡང་དག་པར་རིག་པ་བཞི་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལ་
སོགས་པའོ། །དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་ལ་དབང་ཐོབ་པས་ནི་མིང་དང་ཚིག་ཐམས་ཅད་ཁོང་དུ་ཆུད་པར་འགྱུར་རོ། །དོན་སོ་སོ་ཡང་དག་པར་རིག་པ་ལ་དབང་ཐོབ་པས་ནི། དོན་ཐམས་ཅད་ཀྱི་ཚུལ་རབ་ཏུ་རྟོགས་པར་འགྱུར་རོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ལ་
དབང་ཐོབ་པས་ནི་སྒྲ་སྐད་ཐམས་ཅད་རྣམ་པར་འབྱེད་པ་ལ་མཁས་པར་འགྱུར་རོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་ནི་ཕྱོགས་བཅུ་ཐམས་ཅད་དུ་དབང་ཐོབ་པའི་སྤོབས་པས་སྟོན་པར་བྱེད་དོ། །ས་འདི་ལ་སྔོན་མ་ཐོབ་པའི་སོ་སོ་ཡང་དག་པར་རིག་པ་ཐོག་མར་ཐོབ་པའི་ཕྱིར་ལེགས་
པའི་བློ་གྲོས་ཞེས་བྱའོ་ཞེས་འབྱུང་ངོ་། །འཕགས་པ་གནས་བཅུའི་འགྲེལ་པ་ལས་ནི་ཤེས་རབ་དེ་གོང་ནས་གོང་དུ་ཆེར་གསལ་ཞིང་ཤིན་ཏུ་དུལ་བ་ཉིད་དུ་གྱུར་པས་ལེགས་པའི་བློ་གྲོས་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་ཤིན་ཏུ་གྱ་ནོམ་པའི་སོ་

སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་གྲུབ་པས་ཕྱོགས་བཅུ་ཀུན་དུ་ལེགས་པར་ཆོས་སྟོན་པའི་ཕྱིར་རོ་ཞེས་འབྱུང་ངོ་། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་མཚན་ཉིད་ལ་མཁས་པའི་ཤེས་པ་ཞེས་འབྱུང་ངོ་། །གནས་ངན་ལེན་གྱི་ལུས་ནམ་མཁའ་
ལྟ་བུ་ལ་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སྤྲིན་ཆེན་པོ་ལྟ་བུས་ཁྱབ་ཅིང་ཁེབས་པས་དེའི་ཕྱིར་བཅུ་པ་ནི་ཆོས་ཀྱི་སྤྲིན་གྱི་ས་ཞེས་བྱའོ་ཞེས་བྱ་བ་ནི་བཅུ་པ་ཆོས་ཀྱི་སྤྲིན་རྣམ་པར་བཤད་པའོ། །འདི་ལྟར་བདག་དང་ཆོས་སུ་འཛིན་པས་ཡོངས་སུ་བསྒོས་པའི་ས་བོན་གང་ཡིན་པ་དེ་ནི་ལས་སུ་མི་རུང་བའི་ཕྱིར་
གནས་ངན་ལེན་ཞེས་བྱའོ། །སྟོང་པ་ཉིད་རྣམ་པ་གཉིས་དང་། བདག་མེད་པའི་དོན་ལ་སྒྲིབ་པའི་ཕྱིར་མདོ་ལས་ནམ་མཁའ་ལྟ་བུའོ་ཞེས་གསུངས་སོ། །ས་བཅུ་པོ་དེ་ལ་ཆོས་ཀྱི་དབྱིངས་རྣམ་པ་བཅུའི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་ནི་སྤྲིན་ཆེན་པོ་དང་མཚུངས་ཏེ། ཆོས་ཀྱི་དབྱིངས་མངོན་
དུ་གྱུར་པ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང་། བསྒོམས་པ་ལས་བྱུང་བའི་ཆོས་ཀྱི་སྐུ་གནས་ངན་ལེན་ནམ་མཁའ་ལྟ་བུ་ལ་ཁེབས་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི་ནམ་མཁའ་ལྟ་བུའི་ཉེས་པ་དག་ལ་ནི་སྤྲིན་ཆེན་པོ་ལྟ་བུའི་ཆོས་ཀྱི་སྐུས་
ཀུན་དུ་ཁྱབ་པས་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་སེམས་ཅན་ཉོན་མོངས་པའི་ཉེས་པ་ལས་བྱུང་བའི་ལུས་གང་ཡིན་པ་དེ་ནི་ནམ་མཁའ་དང་མཚུངས་ལ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་སྤྲིན་ཆེན་པོ་ལྟར་སེམས་ཅན་གྱི་ཁམས་ལ་ཁྱབ་ཅིང་
ཆོས་སྟོན་པར་སྣང་ངོ་ཞེས་གསུངས་སོ། །འཕགས་པ་མིའི་རྒྱལ་པོས་ཞུས་པའི་མདོ་ལས་ནི་དབང་བསྐུར་བའི་ས་ཞེས་བཤད་དོ། །དེའི་ཕྱིར་དེ་ཉིད་ཀྱི་ཚིགས་སུ་བཅད་པ་ལས། དབང་བསྐུར་བྱང་ཆུབ་སེམས་དཔའ་བསམ་གཏན་བཞི་པའི་རྒྱལ། །ཞིང་ནི་གང་གཱའི་འབུམ་ཕྲག་དག་
ཏུ་སེམས་ཅན་མང་པོ་སྒྲོལ། །ཞེས་གསུངས་པ་ཡིན་ནོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ནི་ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུ་དང་། ཤེས་རབ་སྤྲིན་ཆེན་པོ་ལྟ་བུས་ཐམས་ཅད་ཀུན་ལ་ཁེབས་ཤིང་ཁྱབ་པའི་ཕྱིར་རོ་ཞེས་གསུངས་པ་སྟེ། སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་

ལས། ནམ་མཁའ་ལྟ་བུ་ཞེས་བྱ་བ་ནི་དེ་བཞིན་ཉིད་རྣམ་པ་གསུམ་གྱི་དཔེར་བསྟན་པའོ། །འདི་ལྟར་ནམ་མཁའ་ཡང་དོན་རྣམ་པ་གསུམ་དང་ལྡན་ཏེ། དང་པོ་ཀུན་རྫོབ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུའི་དཔེར་བསྟན་ཏེ། འཁོར་བ་མི་སྒྲིབ་པའི་ཕྱིར་རོ། །གཉིས་པ་མཐའ་མེད་པ་ནི་རབ་ཏུ་གསལ་
བའི་ཆོས་ཀྱི་སྐུའི་དཔེར་བསྟན་ཏེ། རབ་ཏུ་གསལ་བར་གྱུར་མོད་ཀྱི་འོན་ཀྱང་མཐར་ཕྱིན་པ་མ་ཡིན་པས་ནམ་མཁའ་ལྟར་ཡོངས་སུ་དག་པའི་གནས་ཀྱང་ཡོད། རྡུལ་དང་ཁུག་རྣ་ལ་སོགས་པ་དང་བཅས་པའི་གནས་ཀྱང་ཡོད་དེ། དཔེར་ན་ལམ་ལ་ཡོད་པའི་ཆོས་ཀྱི་སྐུ་ལྟ་བུའམ། ཡང་ན་དབུ་མའི་ལམ་
ཤེས་པ་ལྟ་བུའོ། །གསུམ་པ་ནི་ཡོངས་སུ་དག་ཅིང་རྡུལ་དང་ཁུག་རྣ་མེད་པ་ནི་འཕགས་པའི་འབྲས་བུ་ཆོས་ཀྱི་སྐུའི་ཡེ་ཤེས་ཀྱི་དཔེར་བསྟན་པའོ། །དེ་ལ་སྤྲིན་ཆེན་པོ་ལྟ་བུ་ཞེས་བྱ་བ་ནི་དེ་བཞིན་ཉིད་དང་ཡེ་ཤེས་ཀྱི་དཔེར་བསྟན་པའོ། །འདི་ཡང་རྣམ་པ་གསུམ་ཏེ། ལམ་གྱི་མདུན་རོལ་དུ་ངོ་བོ་ཉིད་ཀྱིས་
ཐོབ་པ་དང་། ལམ་དུ་ཞུགས་ཏེ་བསྒོམས་ནས་ཐོབ་པ་དང་། ལམ་གྱི་འོག་ཏུ་མཐར་ཕྱིན་པའི་གནས་ཐོབ་པའོ། །ཀུན་ལ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་ཐོབ་པའི་དེ་བཞིན་ཉིད་དང་། ཡེ་ཤེས་དེ་བཞིན་ཉིད་ཀྱི་དོན་ཀུན་ལ་ཁྱབ་པར་གྱུར་པའོ། །ཁེབས་ཤིང་ཞེས་བྱ་བ་ནི་བསྒོམས་ནས་ཐོབ་པའི་དེ་བཞིན་ཉིད་དོ། །
ཁྱབ་པ་ཞེས་བྱ་བ་ནི་མཐར་ཕྱིན་ནས་ཐོབ་པའི་དེ་བཞིན་ཉིད་དང་ཡེ་ཤེས་ཏེ། དེ་བཞིན་ཉིད་ཀྱི་དོན་ལ་ཁྱབ་པར་གྱུར་པས་ཡུལ་དང་ཤེས་པ་གཉིས་ཕན་ཚུན་ཁྱབ་ཅིང་འཚམ་པར་གྱུར་པའོ། །དེ་ལ་སྤྲིན་ཞེས་བྱ་བ་ནི་ཆར་པ་ཉིད་ཡིན་པས་ཆར་པ་ཡང་དོན་རྣམ་པ་གསུམ་དང་ལྡན་ཏེ། དང་པོ་ནི་རྡུལ་མི་
ལྡང་བར་བྱེད་པ་དེ་བཞིན་དུ་ལམ་གྱི་མདུན་རོལ་གྱི་ངོ་བོ་ཉིད་ཀྱི་ཤེས་པ་ཡང་རྣམ་པར་དག་ཅིང་ཀུན་ནས་ཉོན་མོངས་པ་མེད་པའི་དོན་དང་ལྡན་པས་སོ། །གཉིས་པ་ནི་དྲི་མ་འཁྲུ་བར་བྱེད་པ་དེ་བཞིན་དུ་ལམ་དུ་ཞུགས་པ་ཡང་ཉོན་མོངས་པ་སྤོང་ཞིང་ཉེས་པ་སྤོང་བའི་དོན་དང་ལྡན་པས་སོ། །གསུམ་པ་ནི་
མྱུ་གུ་སྐྱེད་པར་བྱེད་པ་དེ་བཞིན་དུ་ལམ་གྱི་འོག་ཏུ་ཡང་མྱུ་གུ་སྐྱེད་པར་བྱེད་པས་སོ། །གཞན་ཡང་ཆོས་ཀྱི་སྐུ་ནི་ནམ་མཁའ་སྟ་བུའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་སྤྲིན་ལྟ་བུའོ་ཞེས་འབྱུང་ངོ་། །འཕགས་པ་ས་བཅུའི་མདོ་ལས་ནི་དཔེར་ན་རྒྱ་མཚོའི་ཀླུའི་རྒྱལ་པོ་ནི་སྤྲིན་ལས་རྣམ་པར་བཀྱེ་བའི་ཆུའི་ཕུང་

པོ་ཆེན་པོ་ནི། རྒྱ་མཚོ་ཆེན་པོ་མ་གཏོགས་པར་སའི་ཕྱོགས་གཞན་གྱིས་བཟོད་པའམ། བདག་གིར་བྱ་བའི་བླ་མའམ་གཟུང་བར་མི་ནུས་སོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་གསང་བ་ལ་འཇུག་པ་དང་། ཆོས་ཀྱི་སྣང་བ་ཆེན་པོ་
དང་ཆོས་ཀྱི་འོད་ཆེན་པོ་དང་། ཆོས་ཀྱི་སྤྲིན་ཆེན་པོ་དེ་དག་ནི་སེམས་ཅན་ཐམས་ཅད་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ས་དང་པོ་ཉེ་བར་གཟུང་བ་ཡན་ཆད་ས་དགུའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་དག་གིས་ཀྱང་བཟོད་པའམ། བླ་མའམ། ཡང་དག་པར་གཟུང་བའམ། བདག་གིར་བྱ་
བ་མ་ཡིན་པའི་ཕྱིར་ཆོས་ཀྱི་སྤྲིན་གྱི་ས་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་སྨོན་ལམ་གྱི་སྟོབས་དང་ཤུགས་ཀྱིས་སྙིང་བརྩེ་བ་དང་། སྙིང་རྗེ་ཆེན་པོའི་སྤྲིན་ཆོས་ཀྱི་སྣང་བ་ཆེན་པོ་རབ་ཏུ་སྒྲོགས་པ་འབྲུག་སྒྲ་ཤིན་ཏུ་
སྒྲོགས་པ་མངོན་པར་ཤེས་པ་དང་། རིག་པ་དང་། མི་འཇིགས་པའི་གློག་རྣམ་པར་འགྱུར་བ། འོད་ཟེར་ཆེན་པོའི་རླུང་གིས་ཤིན་ཏུ་བསྐྱོད་པ། བསོད་ནམས་དང་ཡེ་ཤེས་ཀྱི་སྤྲིན་གྱི་དྲ་བ་སྟུག་པོས་ཀུན་ནས་ཁེབས་པ། ལུས་སྣ་ཚོགས་ཀྱི་གློག་ཡང་དག་པར་སྟོན་པ། ཆོས་ཀྱི་སྤྲིན་ཆེན་པོ་རབ་ཏུ་སྒྲོལ་བ།
བདུད་ཀྱི་འཁོར་ཐམས་ཅད་ཤིན་ཏུ་ཚར་གཅོད་པ། སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་ཕྱོགས་བཅུའི་འཇིག་རྟེན་སྔ་མ་དེ་དག་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱང་དགེ་བའི་བདུད་རྩིའི་རྒྱུན་གྱི་ཆར་ཆེན་པོ་བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་མི་ཤེས་པ་ལས་ལངས་པའི་
ཉོན་མོངས་པའི་རྡུལ་གྱི་མེ་ལྕེ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དང་། གཞན་ཡང་མཚན་ཉིད་རྣམ་པ་བརྒྱད་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་སྟོན་ཅིང་སེམས་ཅན་རྣམས་ཡོངས་སུ་སྒྲོལ་བའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ་ཞེས་གསུངས་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ཏུ་རིག་པར་བྱའོ། །
བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་ས་བཅུ་པ་ལ་ནི་ཏིང་ངེ་འཛིན་ནས་གཟུངས་ཀྱི་སྒོ་ཐོས་པས་ཡོངས་སུ་བསྒོས་པའི་རྒྱུ་ཐམས་ཅད་གཞི་རྣམ་པར་ཤེས་པ་ལ་ཁེབས་ཤིང་ཁྱད་པར་བསྡུས་པས་ཇི་ལྟར་སྤྲིན་ནམ་མཁའ་ཀུན་དུ་ཁེབས་ཤིང་གང་བ་ལྟ་བུར་ཐོས་པས་ཡོངས་སུ་བསྒོས་པའི་སྤྲིན་གྱིས་སྐད་ཅིག་

མ་གཅིག་ལ་མཚན་རེ་རེ་དང་། སྤུའི་ཁུང་བུ་རེ་རེ་ནས་ཆོས་ཀྱི་ཆར་ཚད་མེད་དཔག་ཏུ་མེད་པ་དག་འབེབས་ཤིང་འདུལ་བར་འོས་པའི་སེམས་ཅན་རྣམས་ཚིམ་པར་བྱེད་པ་སྤྲིན་གྱི་ཆོས་དང་མཚུངས་པའི་ཕྱིར་ཆོས་ཀྱི་སྤྲིན་གྱིས་ཞེས་བྱའོ་ཞེས་བཤད་དོ། །ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ་ཞེས་
འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་ས་འདི་ལ་འདྲེས་པའི་ཆོས་ཐམས་ཅད་ལ་དམིགས་པའི་ཤེས་པ་ནི་སྤྲིན་ཆེན་པོ་ལྟ་བུའོ། །གཟུངས་ཀྱི་སྒོ་དང་། ཏིང་ངེ་འཛིན་གྱི་སྒོ་ནི་ཡོངས་སུ་དང་བ་ལྟ་བུ་དག་ཤེས་པ་འདིས་ཡོངས་སུ་སྐྱེད་པར་བྱེད་དེ། དཔེར་ན་སྤྲིན་གྱིས་
ཆུ་ཡོངས་སུ་སྦེད་པ་ཇི་ལྟ་བ་བཞིན་ནོ། །གཞན་ཡང་དཔེར་ན་སྤྲིན་ཆེན་པོས་ནམ་མཁའ་ཁེབས་པར་བྱེད་པ་དེ་བཞིན་དུ་འདྲེས་པའི་ཆོས་ཐམས་ཅད་ལ་དམིགས་པའི་ཤེས་པས་ཀྱང་རྒྱ་ཆེ་བའི་སྒྲིབ་པ་རྣམས་འགེགས་ཤིང་ཉེ་བར་ཞི་བར་བྱེད་དོ། །ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བ་ནི་ཇི་
ལྟར་སྤྲིན་ཆེན་པོ་འཁྲིགས་ནས་ནམ་མཁའ་ཀུན་དུ་ཁྱབ་པར་བྱེད་པ་དེ་བཞིན་དུ་ཤེས་པ་འདིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་སུ་གྱུར་པའི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱེད་ཅིང་ཀུན་དུ་ཁྱབ་པར་བྱེད་དོ། །འདིས་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་ཀུན་དུ་ཁྱབ་པ་ལ་བྱ་བར་དགོངས་སོ་
ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི་འདྲེས་པ་ལ་དམིགས་པ་ཡིན་པས་འདྲེས་པ་ལ་དམིགས་པ་ཡང་མ་ཡིན་ལ། ཆོས་ཐམས་ཅད་ཤེས་པ་ཡང་མ་ཡིན་པར་འདྲེས་པ་དམིགས་པས་ཆོས་ཐམས་ཅད་ཤེས་པ་སྟེ། དེ་ཉིད་ལས་གཞན་མ་ཡིན་པས་མདོའི་སྡེ་ལ་སོགས་པ་ཆོས་
ཐམས་ཅད་བསྡུས་པ་ལ་དམིགས་ཏེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཀྱི་ཡུལ་ཤེས་པ་དེ་ནི་སྤྲིན་ལྟ་བུའོ། །ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་ནི་ཆུ་གཙང་མ་ལྟ་བུའོ། །ཡེ་ཤེས་ཀྱིས་དེ་སྦེད་པར་ནུས་པས་དཔེར་ན་སྤྲིན་གྱིས་ཆུ་སྦེད་པར་བྱེད་པ་བཞིན་ནོ། །དེའི་ནུས་པ་ཁྱད་པར་ཅན་སྐྱེད་
པར་བྱེད་པའི་ཕྱིར་རོ། །གཞན་ཡང་ཇི་ལྟར་སྤྲིན་གྱིས་ནམ་མཁའ་ལ་སྒྲིབ་པར་བྱེད་ཁེབས་པར་བྱེད་པ་དེ་བཞིན་དུ་ཆོས་ཐམས་ཅད་བསྡུས་པ་ལ་དམིགས་པའི་ཤེས་པ་དེས་ཀྱང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཆེན་པོ་ནམ་མཁའ་ལྟ་བུ་རྒྱ་ཆེ་ཞིང་མུ་མེད་པ་ལ་སྒྲིབ་པར་བྱེད་ཁེབས་པར་བྱེད་དེ། དེ་

ལ་སྒྲིབ་པར་བྱེད་ཁེབས་པར་བྱེད་ཅེས་བྱ་བ་ནི་གཅོད་པ་དང་སྤོང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་ཇི་ལྟར་སྤྲིན་གྱིས་ནམ་མཁའ་ལ་ཆུས་ཀུན་དུ་འགེངས་པ་དེ་བཞིན་དུ་ཡེ་ཤེས་དེས་ཀྱང་ཡོན་ཏན་གྱི་ཚོགས་ཀྱི་འབྱུང་གནས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་
འབྱུང་ངོ་། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ཚིག་མི་མཐུན་ཡང་དོན་ཐ་དད་པར་འགྱུར་བ་ནི་མེད་དོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི། ཆོས་ཆེན་པོའི་ཡེ་ཤེས་ཀྱི་སྤྲིན་ཡོན་ཏན་མང་པོའི་ཆུ་སྦེད་པ་དང་ནམ་མཁའ་ལྟ་བུའི་གནས་ངན་
ལེན་འགེགས་པ་དང་། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ་ཞེས་འབྱུང་སྟེ། འདི་ལ་ཡང་དོན་རྣམ་པ་གསུམ་ཡོད་དེ། །དང་པོ་ནི་ཆོས་ཆེན་པོའི་ཡེ་ཤེས་ཀྱི་སྤྲིན་ཡོན་ཏན་སྣ་ཚོགས་ཀྱི་ཆུ་སྦེད་པས་ན་དཔེར་ན་སྤྲིན་ཆེན་པོ་ལྟ་བུའོ། །དེ་ལ་འདྲེས་པའི་ཆོས་
ཐམས་ཅད་ལ་དམིགས་པའི་ཤེས་པ་ནི་སྤྲིན་ཆེན་པོ་ལྟ་བུའོ། །གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ནི་ཆུ་ལྟ་བུ་སྟེ། ཡེ་ཤེས་དེ་སྦེད་པར་ནུས་པས་དཔེར་ན་སྤྲིན་གྱིས་ཆུ་སྦེད་པར་བྱེད་པ་བཞིན་ནོ། །གཉིས་པ་ནི་ནམ་མཁའ་ལྟ་བུའི་གནས་ངན་ལེན་འགེབས་པར་བྱེད་པ་སྟེ། དཔེར་ན་སྤྲིན་ཆེན་པོས་ནམ་
མཁའ་ལ་སྒྲིབ་པར་བྱེད་འགེབས་པར་བྱེད་པ་དེ་བཞིན་དུ་འདྲེས་པའི་ཆོས་ཐམས་ཅད་ལ་མི་གནས་པའི་ཤེས་པ་དེས་ཀྱང་ནམ་མཁའ་ལྟ་བུར་རྒྱ་ཆེ་ཞིང་དཔག་ཏུ་མེད་པའི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་ལ་སྒྲིབ་པར་བྱེད། ཁེབས་པར་བྱེད་པས་སོ། །དེ་ལ་སྒྲིབ་པར་བྱེད་ཁེབས་
པར་བྱེད་ཅེས་བྱ་བ་ནི་བར་དུ་གཅོད་པའི་དོན་དང་སྤོང་བར་བྱེད་པའི་དོན་ཏོ། །གསུམ་པ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཏེ། དཔེར་ན་སྤྲིན་ཆེན་པོ་ལས་ནམ་མཁའ་ཆུས་ཤིན་ཏུ་བསིལ་བར་འགེངས་པར་བྱེད་པ་དེ་བཞིན་དུ་འདྲེས་པའི་ཆོས་ཐམས་ཅད་ལ་དམིགས་པའི་ཡེ་ཤེས་
ཀྱིས་ཀྱང་ཡོན་ཏན་ཁྱད་པར་དུ་འཕགས་པ་ཚད་མེད་པ་དག་གི་འབྱུང་གནས་སུ་གྱུར་པ་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱེད་པའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོ་གཏན་དུ་སྤངས་པས་ཆགས་པ་མེད་ཅིང་ཐོགས་པ་མེད་པར་རྣམ་པ་ཐམས་ཅད་དུ་ཤེས་བྱའི་སྤྱོད་ཡུལ་ལས་མངོན་

པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་བཅུ་གཅིག་པ་ནི་སངས་རྒྱས་ཀྱི་ས་ཞེས་བྱའོ་ཞེས་བྱ་བ་ནི་བཅུ་གཅིག་པ་སངས་རྒྱས་ཀྱི་ས་རྣམ་པར་བཤད་པའོ། །འདི་ལྟར་སྐད་ཅིག་མ་དང་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བར་ཆད་མེད་པའི་ལམ་དུ་གྱུར་པས་ཅིག་ཅར་སྒྲིབ་པ་གཉིས་ཀྱི་ས་བོན་ཤིན་ཏུ་ཕྲ་བ་
དག་སྤངས་པའོ། །ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་ནི་ཆགས་པ་མེད་པ་ཞེས་བྱའོ། །ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་ནི་ཐོགས་པ་མེད་པ་ཞེས་བྱའོ། །སྐད་ཅིག་མ་གཉིས་པ་ནི་རྣམ་པར་གྲོལ་བའི་ལམ་དུ་གྱུར་ནས་རྣམ་པ་ཐམས་ཅད་དུ་ཤེས་བྱའི་སྤྱོད་ཡུལ་ལས་མངོན་པར་རྫོགས་པར་
བྱང་ཆུབ་པ་གང་ཡིན་པ་དེ་ནི་ཡེ་ཤེས་བཞི་དང་མཚུངས་པར་ལྡན་པའི་སེམས་ཀྱི་ཕྱོགས་ཡིན་པས་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱའོ། །དེ་ལ་སངས་རྒྱས་ཀྱི་ས་ཞེས་བྱ་བ་ལ་སངས་རྒྱས་ནི་དོན་རྣམ་པ་ལྔ་དང་ལྡན་ནོ། །ས་ནི་དོན་རྣམ་པ་གསུམ་དང་ལྡན་ཏེ། དེའི་ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་
པ་ལས། དེ་ལ་སངས་རྒྱས་ཀྱི་ས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་དང་བྲལ་བའི་ཆོས་ཐམས་ཅད་དང་། མཚན་ཉིད་རྣམ་པ་ཐམས་ཅད་ལས་བདག་ཉིད་བློ་བྱེ་བ། སེམས་ཅན་ཐམས་ཅད་གཉིད་ལོག་པ་དང་འདྲ་བ་ལས་
པདྨ་ཁ་བྱེ་བ་ལྟ་བུར་གྱུར་པའི་ཕྱིར་སངས་རྒྱས་ཞེས་བྱའོ། །ས་ནི་གནས་པ་དང་སྤྱོད་ཡུལ་དང་བསྡུས་པ་སྟེ། དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་རྫོགས་པར་
ལོངས་སྤྱོད་པས་དགོངས་པ་རོ་གཅིག་པ་འདྲེས་པ་ལ་སོགས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་གནས་དང་སྤྱོད་ཡུལ་དང་བསྡུས་པ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ས་ཞེས་བྱའོ་ཞེས་འབྱུང་སྟེ། དེ་ལ་དོན་རྣམ་པ་ལྔ་ནི་དོན་དམ་པ་དང་། ཀུན་རྫོབ་ཀྱི་མཁྱེན་པ་དང་ལྡན་པ་དང་། དོན་དམ་པ་དང་
ཀུན་རྫོབ་ཀྱི་ཡུལ་རབ་ཏུ་རྟོགས་པ་དང་། བདག་དང་གཞན་སད་པར་མཛད་པ་དང་། མ་རིག་པ་དང་བྲལ་བའི་ཕྱིར་རོ། །ཤེས་རབ་རྣམ་པར་གྲོལ་བ་བརྙེས་པས་གཉིད་ལོག་པ་ལས་སད་པ་དང་མཚུངས་སྟེ། འདོད་པའི་འདོད་ཆགས་སྤངས་པའི་ཕྱིར་རོ། །སེམས་རྣམ་པར་གྲོལ་བ་བརྙེས་

པས་པདྨ་ཁ་བྱེ་བ་དང་མཚུངས་ཏེ། དོན་རྣམ་པ་ལྔ་པོ་དེ་དག་དང་ལྡན་པའི་ཕྱིར་སངས་རྒྱས་ཞེས་བྱའོ། །འདིར་མདོ་འདི་ཉིད་ལས་ནི་དོན་རྣམ་པ་བཞི་དང་ལྡན་པར་བསྟན་ཏེ། དང་པོ་ནི་སྒྲིབ་པ་དང་བྲལ་བ་སྟེ། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོ་གནས་སུ་
སྤངས་པས་ཞེས་གང་གསུངས་པའོ། །གཉིས་པ་ནི་ཡེ་ཤེས་གཉིས་དང་ལྡན་པ་འདི་ལྟ་སྟེ། སེམས་ཅན་སྟོང་པ་ཉིད་དང་ཆོས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། ཆགས་པ་མེད་པ་དང་ཐོགས་པ་མེད་པ་ཞེས་གང་གསུངས་པའོ། །གསུམ་པ་ནི་དོན་དམ་པ་དང་ཀུན་རྫོབ་ཀྱི་ཡུལ་རབ་ཏུ་རྟོགས་པ་སྟེ།
རྣམ་པ་ཐམས་ཅད་དུ་ཤེས་པར་བྱ་བའི་སྤྱོད་ཡུལ་ཞེས་གང་གསུངས་པའོ། །བཞི་པ་ནི་བདག་དང་གཞན་སད་པར་མཛད་པ་དང་ལྡན་པ་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་ཞེས་གང་གསུངས་པའོ། །དེ་ལ་དོན་རྣམ་པ་གསུམ་ནི་ཐམས་ཅད་ཀྱི་གནས་དང་སྤྱོད་ཡུལ་དང་བསྡུས་པར་གྱུར་པ་སྟེ།
སྔར་གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །གཞན་ཡང་འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལས་སངས་རྒྱས་ཀྱི་ས་ནི་ཆོས་རྣམ་པ་ལྔས་བསྡུས་ཏེ་འདི་ལྟ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། ཡེ་ཤེས་བཞི་པོ་དག་གོ་ཞེས་གསུངས་ཏེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །འདིར་མཇུག་
བསྡུ་བའི་ཕྱིར་བཅུ་གཅིག་པ་ནི་སངས་རྒྱས་ཀྱི་ས་ཞེས་བྱའོ་ཞེས་གསུངས་སོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོ་སྤངས་ནས། ཆགས་པ་མེད་ཅིང་ཐོགས་པ་མེད་པ་ཤེས་བྱའི་སྒྲིབ་པ་རྣམ་པ་ཐམས་ཅད་ལས་མངོན་པར་རྫོགས་པར་
བྱང་ཆུབ་པ་བརྙེས་པའི་ཕྱིར་བཅུ་གཅིག་པ་ནི་སངས་རྒྱས་ཀྱི་ས་ཞེས་བྱའོ་ཞེས་གསུངས་སོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་བག་ཆགས་ཤིན་ཏུ་ཕྲ་བ་ཐམས་ཅད་དང་། ཡུལ་ཐམས་ཅད་ཤེས་བྱའི་སྒྲིབ་པའི་བག་ཆགས་དང་བྲལ་ནས་ཆགས་པ་མེད་ཅིང་ཐོགས་པ་མེད་པར་ཆོས་ཐམས་ཅད་
ལ་མངའ་བརྙེས་པའི་ཕྱིར་བཅུ་གཅིག་པ་ནི་སངས་རྒྱས་ཀྱི་ས་ཞེས་བྱའོ་ཞེས་འབྱུང་ངོ་། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་འཕགས་པ་ས་བཅུའི་འགྲེལ་པ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། །།