Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 119

Văn bản gốc(Tây Tạng)

Trang 16 / 18 (50.000 ký tự/trang)
་ཅེས་བྱ་བ་ནི་ཤིན་ཏུ་ཡུན་ཐུང་བ་སྟེ། དེའི་ཕྱིར་བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་ལས། སྐྱེས་བུ་ཤིན་ཏུ་སྟོབས་དང་ལྡན་པའི་སེ་གོལ་
གཏོགས་པ་གཅིག་ལ་སྐད་ཅིག་མ་དྲུག་ཅུ་ཡོད་དོ་ཞེས་འབྱུང་བས་སྐད་ཅིག་ཅེས་བྱའོ། །དེ་ལ་ཐང་ཅིག་དང་ཡུད་ཙམ་ཞེས་བྱ་བ་ནི། མཛོད་ཀྱི་བསྟན་བཅོས་ལས་སྐད་ཅིག་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གཅིག་གོ། །དེའི་སྐད་ཅིག་དྲུག་ཅུ་ལ་ནི་ཐང་ཅིག་གོ་ཐང་ཅིག་སུམ་ཅུ་ལ་ནི་ཡུད་ཙམ་
གཅིག་གོ་ཞེས་བཤད་དོ། །དེ་ནི་འདི་སྐད་དུ་ཕྱིས་ཟག་པ་མེད་པ་ལ་དབང་ཐོབ་པའི་མཐུའི་དབང་གིས་དུས་གཅིག་ཏུ་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་མང་པོ་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་ཀྱི་ཞིང་མང་པོ་མཐོང་བ་དང་། སངས་རྒྱས་མང་པོ་མཐོང་བའི་རྣམ་པར་རྟོག་
པའི་ཡིད་ཀྱི་རྣམ་པར་ཤེས་པའོ་ཞེས་བསྟན་པར་འགྱུར་རོ། །ཕྱིས་ཐོབ་པ་འདི་ཡང་ཟག་པ་དང་བཅས་པའི་སེམས་ལ་ལྟོས་ན་ནི་རྣམ་པར་མི་རྟོག་པ་ཞེས་བྱའོ། །ངོ་བོ་ཉིད་ཀྱི་ཡེ་ཤེས་ལ་ལྟོས་ན་ནི་རྣམ་པར་རྟོག་པ་ཞེས་བྱའོ། །སྐད་ཅིག་མ་གཅིག་ལ་དེ་བཞིན་གཤེགས་པ་མང་པོ་

མཐོང་ངོ་ཞེས་བསྟན་པ་དེའི་དོན་ནི་དེ་ལྟར་མི་རུང་བས། ཇི་ལྟར་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་མང་པོ་ལ་སྙོམས་པར་འཇུག་ཅེ་ན། སྨྲས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པས་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་རྣམ་པ་སྣ་ཚོགས་
ལ་སྙོམས་པར་འཇུག་སྟེ། དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཐོབ་པ་ནི་ཇི་ལྟར་བཞེད་ཅིང་འདོད་པ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཏིང་ངེ་འཛིན་ཚད་མེད་པ་དག་ལ་སྙོམས་
པར་འཇུག་པས་རབ་ཏུ་དབྱེ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །རྣམ་པ་གཞན་དུ་ན་ཇི་ལྟར་འོས་པ་བཞིན་དུ་ཏིང་ངེ་འཛིན་རྣམས་ལ་སྙོམས་པར་འཇུག་པ་ཡིན་གྱི་ཡང་དག་པར་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་
མ་ཡིན་ན་ནི་ཇི་ལྟར་སྐད་ཅིག་གཅིག་ལ་སངས་རྒྱས་ཀྱི་ཞིང་མང་པོ་ལ་འཇུག་སྟེ། སེམས་ཅན་གང་ལ་ཡང་ལུས་མང་པོ་མེད་པའི་ཕྱིར་སྤྲུལ་པའི་ལུས་ཀྱིས་སངས་རྒྱས་ཀྱི་ཞིང་མང་པོར་འཇུག་པར་སྟོན་ཏོ། །མཚན་མ་ཆུང་ངུ་ལ་དམིགས་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ།
འདོད་པའི་ཁམས་དང་ལྡན་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་གསུམ་པ་སྟོན་ཏོ། །འོག་ནས་འབྱུང་བའི་མཚན་མ་ལྔ་པོ་དག་ནི་ཀུན་གཞི་རྣམ་པར་ཤེས་པ་ལས་བརྩམས་ནས་བསྟན་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཀུན་
གཞི་རྣམ་པར་ཤེས་པ་དེ་ཡང་འདོད་པའི་ཁམས་སུ་ནི་རྒྱུ་ཆུང་ངུའི་དམིགས་པ་རྣམ་པར་རིག་པས་དམིགས་པ་ཆུང་ངུའི་དམིགས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། ཆུང་ངུའི་འདུ་ཤེས་ནི་འདི་ལྟ་སྟེ། འདོད་པའི་
ཁམས་ཀྱི་སྟེ་ཤིན་ཏུ་དམན་པའི་ཕྱིར་རོ་ཞེས་བཤད་དོ། །མཚན་མ་ཆེན་པོར་གྱུར་པ་ལ་དམིགས་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། གཟུགས་ཀྱི་ཁམས་དང་ལྡན་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་བཞི་པ་སྟོན་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་

ཀུན་གཞིའི་རྣམ་པར་ཤེས་པ་ནི་རྒྱ་ཆེན་པོར་འགྱུར་བའི་དམིགས་པ་རྣམ་པར་རིག་པས་དམིགས་པ་རྒྱ་ཆེན་པོ་ལ་དམིགས་པའི་ཕྱིར་རོ་ཞེས་བཤད་དོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་རྒྱ་ཆེན་པོར་གྱུར་པ་ནི་འདི་ལྟ་སྟེ།
གཟུགས་ཀྱི་ཁམས་མཆོག་ཏུ་གྱུར་པའི་ཕྱིར་རོ་ཞེས་བཤད་དོ། །མཚན་མ་མེད་པ་ལ་དམིགས་པའི་རྣམ་པར་རིག་པ་སྐྱེ་བ་འདི་ལྟ་སྟེ། ནམ་མཁའ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་ལྡན་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་ལྔ་པ་སྟོན་ཏོ། །བསྟན་བཅོས་རྣལ་འབྱོར་
སྤྱོད་པའི་ས་ལས་ཀུན་གཞིའི་རྣམ་པར་ཤེས་པ་ནི་གཟུགས་མེད་པའི་ཁམས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ན་ནི་རྒྱུ་མཚན་མེད་པའི་དམིགས་པ་རྣམ་པར་རིག་པས་ཚད་མེད་པ་ཞེས་བྱ་བའི་ཕྱིར་རོ་ཞེས་བཤད་དོ། །བསྟན་བཅོས་ཆོས་མངོན་
པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་ཚད་མེད་པ་ནི་འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དེ་མཐའ་མེད་པའི་ཕྱིར་རོ་ཞེས་བཤད་དོ། །མཚན་མ་ཕྲ་མོ་ལ་དམིགས་པའི་རྣམ་པར་སྐྱེ་བ་ནི་འདི་ལྟ་སྟེ། ཅི་ཡང་མེད་པའི་
སྐྱེ་མཆེད་དང་ལྡན་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་དྲུག་པ་བསྟན་པའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཀུན་གཞི་རྣམ་པར་ཤེས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ན་ནི་རྒྱུ་ཕྲ་བའི་དམིགས་པ་རྣམ་པར་རིག་པས་ཕྲ་བའི་དམིགས་པ་ལ་དམིགས་པའི་ཕྱིར་
རོ་ཞེས་བཤད་དོ། །མཚན་མ་མཐར་ཐུག་པ་ལ་དམིགས་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་ལྡན་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་བདུན་པ་སྟོན་ཏེ། ཁམས་གསུམ་པའི་ནང་ན་མཆོག་ཏུ་མཐར་ཐུག་པ་ཡིན་པའི་
ཕྱིར་མཐར་ཐུག་པ་ཞེས་བྱའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀུན་གཞིའི་རྣམ་པར་ཤེས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ན་ནི་ཤིན་ཏུ་ཕྲ་བའི་དམིགས་པའི་རྣམ་པར་རིག་པས་ཤིན་ཏུ་ཕྲ་བས་དམིགས་པའི་ཕྱིར་རོ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་བཤད་པ་

ལས་ཀྱང་གོང་དུ་བསྟན་པའི་མཚན་མ་ལྔ་པོ་དག་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་མཐུན་པར་བཤད་དོ། །ཡང་ན་མཚན་མ་ལྔ་པོ་དེ་དག་ཅི་རིགས་པར་རྣམ་པར་ཤེས་པ་དྲུག་པོ་དག་དང་སྦྱར་རོ། །མཚན་མ་མེད་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། འཇིག་རྟེན་
ལས་འདས་པའི་རྣམ་པར་རིག་པ་དང་། འགོག་པ་ལ་དམིགས་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་བརྒྱད་པ་སྟོན་ཏེ། དེ་ལ་འཇིག་རྟེན་ལས་འདས་པའི་རྣམ་པར་རིག་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་ལམ་གྱི་བདེན་པ་དང་། མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་ཟག་པ་དང་
བཅས་པའི་སྤྲོས་པའི་མཚན་མ་རྣམས་ཡོངས་སུ་སྤངས་པའི་ཕྱིར་མཚན་མ་མེད་པ་ཞེས་བྱའོ། །འདིར་ཟག་པ་མེད་པ་རྣམ་པར་དག་པའི་རྣམ་པར་ཤེས་པ་བརྒྱད་པོ་དག་ཀྱང་གཏོགས་སོ། །སྡུག་བསྔལ་དང་ལྡན་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། སེམས་ཅན་དམྱལ་བའི་
རྣམ་པར་རིག་པའོ་ཞེས་བྱ་བ་ནི་སེམས་དགུ་པ་སྟོན་ཏོ། །འདི་ལྟ་སྟེ། སེམས་ཅན་དམྱལ་བ་རིལ་དང་། ཡི་དགས་དང་དུད་འགྲོ་ལས་ཁ་ཅིག་ནི་གཅིག་ཏུ་སྡུག་བསྔལ་མྱོང་བ་གང་ཡིན་པའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། སྡུག་བསྔལ་དང་མཚུངས་པར་ལྡན་པའི་རྣམ་
པར་རིག་པ་ནི་ངན་འགྲོའི་རྣམ་པར་རིག་པ་ལྟ་བུའོ་ཞེས་འབྱུང་ངོ་། །ཚོར་བ་འདྲེན་མ་དང་ལྡན་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། འདོད་པ་ན་སྤྱོད་པའི་རྣམ་པར་རིག་པའོ་ཞེས་བྱ་བ་ནི་སེམས་བཅུ་པ་བསྟན་ཏེ། འདི་ལྟར་མི་དང་འདོད་པའི་ཁམས་ཀྱི་ལྷ་རིལ་དང་། ཡི་དགས་དང་དུད་འགྲོ་
ལས་ཁ་ཅིག་ནི་འཇུག་པའི་རྣམ་པར་ཤེས་པ་དང་མཚན་མཚུངས་པར་ལྡན་པ་སྡུག་བསྔལ་གྱི་ཚོར་བ་དང་། བདེ་བའི་ཚོར་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་འདྲེན་མར་འཇུག་པས་སོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། ཚོར་བ་འདྲེན་
མ་དང་། མཚུངས་པར་ལྡན་པའི་རྣམ་པར་རིག་པ་ནི་འདོད་པའི་ཁམས་ཀྱི་རྣམ་པར་ཤེས་པ་ལྟ་བུའོ་ཞེས་འབྱུང་ངོ་། །དགའ་བ་དང་ལྡན་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། བསམ་གཏན་དང་པོ་དང་གཉིས་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་བཅུ་གཅིག་པ་བསྟན་ཏོ། །

འདི་ལྟར་བསམ་གཏན་དང་པོ་དང་གཉིས་པས་ནི་ཚོར་བ་བདེ་བ་དང་ལྡན་པ་ཐེག་པ་ཆེ་ཆུང་གི་བསྟན་པ་ཀུན་ལས་བཤད་དེ། དེ་ལ་ཐེག་པ་ཆེན་པོའི་གཞུང་གིས་བསྟན་པ་ཡང་ངོ་བོ་ཉིད་ནི་མཐུན་ལ་དོན་ནི་ཐ་དད་དེ། བདེ་བའི་ཚོར་བ་ཡང་ཡོད་པར་སྟོན་པས་སོ། །མདོ་འདི་ལས་
ནི་ཚོར་བ་རྣམ་པ་ལྔ་ཐ་དད་པར་བྱེད་པའི་ཕྱིར། རེ་ཞིག་དགའ་བའི་ཚོར་བ་བསྟན་པ་ཡིན་ནོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་དགའ་བ་དང་། མཚུངས་པར་ལྡན་པའི་རྣམ་པར་རིག་པ་ནི་བསམ་གཏན་དང་པོ་དང་གཉིས་པའི་རྣམ་པར་ཤེས་པ་ལྟ་བུའོ་ཞེས་འབྱུང་ངོ་། །
བདེ་བ་དང་ལྡན་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། བསམ་གཏན་གསུམ་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་བཅུ་གཉིས་པ་བསྟན་ཏོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསམ་གཏན་འོག་མ་གསུམ་ནི་གཅིག་ཏུ་བདེ་བའི་ཚོར་བ་དང་ལྷན་ཅིག་འཇུག་གོ་ཞེས་
བཤད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། བདེ་བ་དང་མཚུངས་པར་ལྡན་པའི་རྣམ་པར་རིག་པ་ནི་བསམ་གཏན་གསུམ་པ་ལྟ་བུའོ་ཞེས་འབྱུང་ངོ་། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། བསམ་གཏན་བཞི་པ་དང་།
འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་བཅུ་གསུམ་པ་སྟོན་ཏོ། །འདི་ལྟར་བསམ་གཏན་བཞི་པ་ཡན་ཆད་ཀྱི་ས་པ་རྣམས་གཅིག་ཏུ་ཚོར་བ་བཏང་སྙོམས་དང་མཚུངས་པར་ལྡན་པས་སོ། །འདིར་ནི་ཟག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་
ཤེས་པ་དང་། ཀུན་གཞིའི་རྣམ་པར་ཤེས་པ་ཡང་གཏོགས་སོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། ཚོར་བ་བཏང་སྙོམས་དང་མཚུངས་པར་ལྡན་པའི་རྣམ་པར་རིག་པ་ནི་བསམ་གཏན་བཞི་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་པའི་བར་གྱི་རྣམ་པར་
ཤེས་པ་ལྟ་བུའོ་ཞེས་འབྱུང་ངོ་། །ཉོན་མོངས་པ་དང་ལྡན་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་ལྡན་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་བཅུ་བཞི་པ་སྟོན་ཏེ། ཅི་རིགས་པར་རྩ་བའི་ཉོན་མོངས་པ་དྲུག་དང་ཉེ་བའི་ཉོན་མོངས་པ་

ཉི་ཤུ་རྩ་བཞི་པོ་དག་དང་མཚུངས་པར་ལྡན་པ་ཟག་པ་དང་བཅས་པའི་རྣམ་པར་རིག་པ་གང་ཡིན་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བ་དང་ལྡན་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། དད་པ་ལ་སོགས་པ་དང་ལྡན་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་བཅོ་ལྔ་པ་བསྟན་ཏེ། འདི་ལྟ་
སྟེ། དད་པ་ལ་སོགས་པ་དགེ་བ་བཅུ་གཅིག་དང་མཚུངས་པར་ལྡན་པ་ཟག་པ་དང་བཅས་པའི་རྣམ་པར་ཤེས་པ་དྲུག་དང་། ཟག་པ་མེད་པའི་རྣམ་པར་ཤེས་པ་བརྒྱད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ལུང་མ་བསྟན་པ་དང་ལྡན་པའི་རྣམ་པར་རིག་པ་སྐྱེ་བ་ནི་འདི་ལྟ་སྟེ། དེ་གཉི་ག་དང་མི་
ལྡན་པའི་རྣམ་པར་རིག་པའོ་ཞེས་བྱ་བས་ནི་སེམས་བཅུ་དྲུག་པ་སྟོན་ཏོ། །འདི་ལྟ་སྟེ། དགེ་བ་དང་། ཉོན་མོངས་པ་དེ་དག་དང་མི་ལྡན་པ་ཟག་པ་དང་བཅས་པའི་རྣམ་པར་ཤེས་པ་དྲུག་དང་། ཀུན་གཞིའི་རྣམ་པར་ཤེས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་སེམས་ཀྱི་གནས་ལ་མཁས་པ་ཡིན་
ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སེམས་ཀྱི་གནས་ལ་མཁས་པ་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་བརྟག་པ་དང་ལན་དུ་གསུངས་པས་བསྟན་ཏེ། འདི་ནི་བརྟག་པའོ། །དེ་ལ་མཁས་པ་ཞེས་བྱ་བ་ནི་ཡོངས་སུ་ཤེས་པར་བྱེད་པའི་སེམས་ཏེ། འོག་མ་རྣམས་ཀྱང་འདི་དང་
འདྲ་བར་བཤད་པར་བྱའོ། །འདི་ལྟ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་རིག་པའི་དེ་བཞིན་ཉིད་རབ་ཏུ་ཤེས་པའོ་ཞེས་བྱ་བས་ནི་གཉིས་པ་ལན་དུ་གསུངས་པ་བསྟན་ཏེ། འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མཐུན་པའི་སེམས་རྣམ་པར་རིག་པའི་དེ་བཞིན་
ཉིད་རབ་ཏུ་ཤེས་པར་གྱུར་ནས། དེ་བཞིན་ཉིད་ལ་བརྟེན་ཏེ་གནས་པའོ། །ཡང་ན་རྣམ་པར་རིག་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་དེ་བཞིན་ཉིད་རྣམ་པ་བདུན་ལས་རྣམ་པར་རིག་པའི་དེ་བཞིན་ཉིད་དེ། དེ་ནི་སོ་སོར་བརྟག་པར་ནུས་པའི་ཤེས་པ་ལ་རྣམ་པར་རིག་པའི་དེ་བཞིན་ཉིད་ཅེས་བྱ་སྟེ། དེ་ཁོ་ན་མ་ཡིན་པའི་ཕྱིར་
རོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས། རྣམ་པར་རིག་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་ཞེས་བཤད་དོ། །དེ་ནི་འདི་སྐད་དུ་འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་རིག་པ་ཙམ་དུ་བསྒོམ་པའི་ཤེས་པ་དང་མཐུན་པའི་སེམས་གང་ཡིན་པ་རབ་ཏུ་ཤེས་

པར་འགྱུར་ཏེ། ཡུལ་ལ་བརྟེན་ནས་གནས་པ་གང་ཡིན་པ་དེ་ནི་སེམས་ཀྱི་གནས་ལ་མཁས་པ་ཞེས་བྱའོ་ཞེས་བསྟན་པར་འགྱུར་རོ། །ཇི་ལྟར་ན་སེམས་ཀྱི་བསླང་བ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་སེམས་ཀྱི་བསླང་བ་ལ་མཁས་པ་རྣམ་པར་
བཤད་པ་སྟོན་ཏོ། །འདི་ཡང་བརྟག་པ་དང་ལན་དུ་གསུངས་པས་བསྟན་ཏེ། འདི་ནི་བརྟག་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་འཆིང་བ་རྣམ་པ་གཉིས་པོ་ལས་བསླང་བར་བྱའོ་ཞེས་རབ་ཏུ་ཤེས་པ་འདི་ལྟ་སྟེ། མཚན་མའི་འཆིང་བ་དང་གནས་ངན་ལེན་གྱི་འཆིང་བ་དེ་དག་ལས་སེམས་འདི་
བསླང་བར་བྱའོ་ཞེས་བྱ་བ་ལ་མཁས་པའོ་ཞེས་བྱ་བ་ནི་གཉིས་པ་ལན་དུ་གསུངས་པ་སྟེ། འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མཐུན་པར་འགྱུར་བའི་སེམས་རབ་ཏུ་ཤེས་པར་གྱུར་ནས་འཆིང་བ་རྣམ་པ་གཉིས་པོ་དག་ལས་ངེས་པར་འབྱུང་བར་གྱུར་པའོ། །
ཡོངས་སུ་ཤེས་པའི་སེམས་དེ་ལ་མཁས་པར་གྱུར་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མཐུན་པར་གྱུར་པའི་སེམས་ཀྱི་འཆིང་བ་གཉིས་པོ་དག་ལས་འབྱུང་བར་འགྱུར་བས་སོ། །ཇི་ལྟར་ན་སེམས་ཀྱི་འཕེལ་བ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་བཞི་པ་སེམས་ཀྱི་འཕེལ་བ་
ལ་མཁས་པ་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་བརྟག་པ་དང་ལན་དུ་གསུངས་པས་བསྟན་ཏེ། འདི་ནི་བརྟག་པའོ། །འདི་ལྟ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཚན་མའི་འཆིང་བ་དང་གནས་ངན་ལེན་གྱི་འཆིང་བའི་གཉེན་པོའི་སེམས་གང་ཡིན་པ་དེ་འཕེལ་བ་དང་དེ་བསགས་པར་གྱུར་པའི་ཚེ་
འཕེལ་བར་གྱུར་ཏོ། །བསགས་པར་གྱུར་ཏོ་ཞེས་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི་འཕེལ་བ་ལ་མཁས་པ་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་ལན་དུ་གསུངས་པ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་འཆིང་བ་གཉིས་ཀྱི་གཉེན་པོར་གྱུར་པའི་སེམས་དེ་འཕེལ་བར་གྱུར་པ་དང་། དེ་བསགས་
པར་གྱུར་པའི་ཚེ་འཆིང་བའི་གཉེན་པོར་གྱུར་པའི་སེམས་དང་མཐུན་པར་གྱུར་པའི་ཤེས་རབ་ལ་སོགས་པས་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི་འཕེལ་བ་ལ་མཁས་པ་ཞེས་བྱའོ། །དེ་ལ་འཕེལ་བ་དང་བསགས་པ་ལ་བྱེ་བྲག་ཡོད་པ་ཡང་མངོན་དུ་སྤྱོད་པ་འཕེལ་བར་གྱུར་པ་གང་ཡིན་

པ་དེ་ནི་འཕེལ་བ་ཞེས་བྱའོ། །ཡོངས་སུ་བསྒོས་ནས་ས་བོན་དུ་གྱུར་པ་གང་ཡིན་པ་དེ་ནི་བསགས་པ་ཞེས་བྱའོ། །ཡང་ན་འཕེལ་བར་གྱུར་པའི་དུས་གང་ཡིན་པ་དེ་ནི་འཕེལ་བ་ཞེས་བྱའོ། །ཡང་ནས་ཡང་དུ་བསྒོས་པ་ལས་བྱུང་བ་གང་ཡིན་པ་དེ་ནི་བསགས་པ་ཞེས་བྱའོ། །ཇི་ལྟར་
ན་སེམས་ཀྱི་འགྲིབ་པ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཀྱི་འགྲིབ་པ་ལ་མཁས་པ་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་བརྟག་པ་དང་ལན་དུ་གསུངས་པས་བསྟན་ཏོ། །འདི་ནི་བརྟག་པའོ། །འདི་ལྟ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་དང་མི་མཐུན་པའི་
ཕྱོགས་སུ་གྱུར་པ། མཚན་མ་དང་གནས་ངན་ལེན་གྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་དེ་འགྲིབ་པ་དང་འབྲི་བར་གྱུར་པ་ནི་དེ་འགྲིབས་སོ་བྲི་བར་གྱུར་ཏོ་ཞེས་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི་སེམས་ཀྱི་འགྲིབ་པ་ལ་མཁས་པ་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་ལན་དུ་
གསུངས་པ་སྟེ། འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་དང་མི་མཐུན་པར་གྱུར་པའི་འཆིང་བ་གཉིས་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་འགྲིབ་པ་དང་འབྲི་བར་འགྱུར་བའི་ཚེ། ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་དང་མཚུངས་པར་ལྡན་པའི་ལྟ་
བ་ལ་སོགས་པ་ཡང་འགྲིབ་ཅིང་། འབྲི་བར་འདུ་ཤེས་པ་གང་ཡིན་པ་དེ་ནི་འགྲིབ་པ་ལ་མཁས་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འགྲིབ་པ་དང་། འབྲི་བ་ལ་བྱེ་བྲག་ཡོད་པ་ཡང་གོང་དུ་བསྟན་པའི་འཕེལ་བ་དང་བསགས་པ་ལས་བཟློག་པར་རིག་པར་བྱའོ། །ཇི་ལྟར་ན་ཐབས་ལ་མཁས་པ་
ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་དྲུག་པ་ཐབས་མཁས་པའི་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་བརྟག་པ་དང་ལན་དུ་གསུངས་པས་སྟོན་ཏོ། །འདི་ནི་བརྟག་པའོ། །འདི་ལྟ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་
གྱི་སྐྱེ་མཆེད་དག་སྒོམ་པའམ། །ཡོངས་སུ་བསལ་བ་རབ་ཏུ་ཤེས་པ་ཞེས་བྱ་བ་ནི་གཉིས་པ་ལན་དུ་གསུངས་པ་སྟེ། འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ། རྣམ་པར་ཐར་པ་བརྒྱད་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་སྟེ། རྣམ་པ་གཉིས་

པོ་འདི་དག་བསྒོམས་པའི་ཕན་ཡོན་དང་། རྣམ་པ་གསུམ་པོ་དེ་དག་གིས་སྒྲིབ་པ་ཡོངས་སུ་བསལ་བ་རབ་ཏུ་ཤེས་པ་ནི་ཐབས་ཀྱིས་མངོན་པར་ཤེས་པ་དང་། ཉོན་མོངས་པ་མེད་པ་ལ་སོགས་པ་ཡོན་ཏན་རྣམ་པ་སྣ་ཚོགས་རབ་ཏུ་འདྲེན་པར་བྱེད་པའི་ཕྱིར་ཐབས་ཞེས་བྱའོ། །
ཡོན་ཏན་རྣམས་རབ་ཏུ་འདྲེན་པར་བྱེད་པ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་བསྟན་བཅོས་རྣམ་པར་བཤད་པ་ལས་ནི་རྣམ་པར་ཐར་པ་བརྒྱད་ལས། རྣམ་པར་ཐར་པ་ལྔ་པས་ཡོན་ཏན་རྣམས་འདྲེན་པར་བྱེད་དོ་ཞེས་བཤད་དོ། །དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་འཕགས་པ་
རྣམས་ཀྱིས་མངོན་པར་ཞེན་པ་ཤེས་པ་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ལ་སོགས་པའི་ཡོན་ཏན་རྣམས་མངོན་པར་བསྒྲུབ་པའི་ཕྱིར་ཡང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་མངོན་དུ་བྱེད་དོ་ཞེས་བཤད་དོ། །བསྟན་
བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་བཤད་པ་མི་མཐུན་པ་རྣམ་པ་གསུམ་འབྱུང་སྟེ། བཤད་པ་རྣམ་པ་གཅིག་ལས། རྣམ་པར་ཐར་པ་དང་པོས་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་དང་། འཕགས་པ་རྣམས་ཀྱི་རྫུ་འཕྲུལ་དང་ཉོན་མོངས་པ་མེད་པ་དང་། སྨོན་
ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་མངོན་པར་སྒྲུབ་པར་བྱེད་དོ་ཞེས་བཤད་དོ། །གཞན་ཡང་དེ་ཉིད་ལས་གཟུགས་ཀྱི་ཟད་པར་གྱི་སྐྱེ་མཆེད་བརྒྱད་ཡོངས་སུ་དག་པ་རྣམས་ཀྱིས་ནི་འཕགས་པའི་མོས་པ་དང་དངོས་པོ་ཡོངས་སུ་བསྒྱུར་བའི་རྫུ་འཕྲུལ་མངོན་
པར་སྒྲུབ་པར་བྱེད་དོ། །ཟད་པར་རྣམ་པར་ཤེས་པའི་སྐྱེ་མཆེད་ཡོངས་སུ་དག་པས་ནི་ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་རྣམས་མངོན་པར་སྒྲུབ་པར་བྱེད་དོ། །ཟད་པར་ནམ་མཁའི་སྐྱེ་མཆེད་ཡོངས་སུ་དག་པས་ནི་གང་འདོད་པ་དེ་
ནམ་མཁར་སྒྱུར་བར་བྱེད་དོ་ཞེས་བཤད་དོ། །གཞན་ཡང་དེ་ཉིད་ལས་རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་ནི་རྫུ་འཕྲུལ་གྱིས་མངོན་པར་སྒྲུབ་པར་བྱེད་དོ་ཞེས་བསྟན་ཏོ། །རྣལ་འབྱོར་སྤྱོད་པའི་ས་གཏན་ལ་དབབ་པ་ལས་ཀྱང་གསུམ་

པོ་དག་མངོན་པར་སྒྲུབ་པར་བྱེད་པ་ཡིན་པར་བསྟན་ཏོ། །རྣལ་འབྱོར་སྤྱོད་པའི་ས་ལས་དང་པོ་དག་ནི་གདོན་མི་ཟ་བར་རྣམ་པར་ཐར་པ་དང་པོ་ཁོ་ནར་དགོངས་པས་དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས་རེ་ཞིག་རྣམ་པར་ཐར་པ་ལ་བརྟེན་ནས། དེའི་འོག་ཏུ་རིམ་གྱིས་ཟད་པར་གྱི་སྐྱེ་མཆེད་
སྒོམ་པ་མངོན་པར་སྒྲུབ་པར་བྱེད་པ་བསྟན་པ་ཡིན་ཏེ། ཡང་དག་པའི་དོན་དུ་ན་གསུམ་པོ་ཀུན་གྱིས་ཀྱང་། ཡོན་ཏན་རྣམས་མངོན་པར་སྒྲུབ་པར་བྱེད་པས། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པའི་བཤད་པ་རྣམ་པ་གཅིག་དང་། མདོ་འདི་ཉིད་ལས་གསུམ་
པོ་ཀུན་ཀྱང་རྫུ་འཕྲུལ་ལ་སོགས་པ་མངོན་པར་སྒྲུབ་པ་བསྟན་ཏོ། །རྣམ་པ་གསུམ་པོ་དེ་དག་བྱེ་བྲག་ཡོད་པ་ཡང་བསྟན་བཅོས་ཆོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པ་དང་། ཟད་པར་གྱི་སྐྱེ་མཆེད་ལ་བྱེ་བྲག་ཅི་ཡོད་ཅེ་ན་སྨྲས་པ། མིང་དང་
བྱེ་བྲག་ཡོད་དེ་འདི་ནི་རྣམ་པར་ཐར་པའོ། །འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དོ། །འདི་ནི་ཟད་པར་གྱི་སྐྱེ་མཆེད་དོ་ཞེས་ཟེར་བས་སོ། །གཞན་ཡང་དགེ་བའི་རྩ་བ་ཆུང་ངུ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཅེས་བྱའོ། །དགེ་བའི་རྩ་བ་ཆེན་པོ་ནི་ཟད་པར་གྱི་སྐྱེ་མཆེད་ཅེས་བྱའོ། །གཞན་
ཡང་དགེ་བའི་རྩ་བ་ཆུང་ངུ་གང་ཡིན་པ་དེ་ནི་རྣམ་པར་ཐར་པ་ཞེས་བྱའོ། །དགེ་བའི་རྩ་བ་ཆེན་པོ་གང་ཡིན་པ་དེ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཅེས་བྱའོ། །དགེ་བའི་རྩ་བ་ཚད་མེད་པ་གང་ཡིན་པ་དེ་ནི་ཟད་པར་གྱི་སྐྱེ་མཆེད་ཅེས་བྱའོ། །གཞན་ཡང་རྒྱུ་གང་ཡིན་པ་དེ་ནི་རྣམ་པར་ཐར་པ་ཞེས་བྱའོ། །
འབྲས་བུ་གང་ཡིན་པ་དེ་ནི་ཟད་པར་གྱི་སྐྱེ་མཆེད་ཅེས་བྱའོ། །རྒྱུ་དང་འབྲས་བུར་གཏོགས་པ་གང་ཡིན་པ་དེ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཅེས་བྱའོ།། །།བམ་པོ་ལྔ་བཅུ་གཅིག་པ། བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་
ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཚོར་བ་ཐམས་ཅད་མ་ལུས་པར་འགག་པར་འགྱུར་རོ་ཞེས་གང་གསུངས་པ་ལ། ཚོར་བ་གང་དག་དེར་གཏན་དུ་འགག་པར་འགྱུར་ལགས་ཞེས་བྱ་བ་འདི་མན་ཆད་

ནི་བཅོ་བརྒྱད་པ་ལྷག་མ་མེད་པའི་དབྱིངས་སུ་ཚོར་བ་འགག་པར་འགྱུར་བ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་པ་དང་། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་ཞུ་བ་གསོལ་བའོ། །མདོའི་ཚིག་འདི་ཡང་རྣམ་
པ་གཉིས་ཏེ། ཞུ་བ་གསོལ་བའི་བསྟན་པ་སྨོས་པ་དང་། ཞུ་བ་དེ་ཉིད་ཡང་དག་པར་གསོལ་བ་ཉིད་དོ། །རིགས་ཀྱི་བུ་མདོར་བསྡུ་ན་ཚོར་བ་རྣམ་པ་གཉིས་མ་ལུས་པར་འགག་པར་འགྱུར་ཏེ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་
ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུས་པ་བཞིན་དུ་ཡང་དག་པར་རྣམ་པར་བཤད་པ་དང་། དེའི་ཕྱིར་ཞེས་བྱ་བ་མན་ཆད་ཀྱིས་སྤྱིའི་མཇུག་བསྡུ་བ་བསྟན་པའོ། །རྣམ་པར་བཤད་པ་ལ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། གྲངས་སྨོས་ནས་ལན་མདོར་བསྟན་པ་དང་། བརྟག་པ་དང་། ལན་དག་
གིས་རྒྱ་ཆེར་རྣམ་པར་བཤད་པ་སྟེ། འདི་ནི་དང་པོ་ལན་མདོར་གསུངས་པའོ། །གཉིས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་བརྟག་པ་དང་ལན་དག་གིས་རྒྱ་ཆེར་བཤད་པ་སྟོན་ཏོ། །འདི་ཡང་བརྟག་པ་དང་ལན་དུ་གསུངས་པ་སྟེ། འདི་ནི་བརྟག་པའོ། །གནས་ངན་ལེན་རིག་
པ་དང་། དེའི་འབྲས་བུ་ཡུལ་རིག་པའོ་ཞེས་བྱ་བ་ལ་སོགས་པས་ནི་རྒྱ་ཆེར་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཚོར་བ་རྣམས་ཡང་དག་པར་བསྟན་པ་དང་། ལྷག་མ་དང་བཅས་པ་ཞེས་བྱ་བ་མན་ཆད་ཀྱིས་གཏན་དུ་འགག་པར་འགྱུར་བ་
བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ཚོར་བ་རྣམ་པ་གཉིས་ཀྱིས་ལན་མདོར་གསུངས་པ་དང་། གོ་རིམས་བཞིན་དུ་རྣམ་པར་ཕྱེ་ནས་བཤད་པ་སྟེ་འདི་ནི་དང་པོའོ། །ཚོར་བ་གཉིས་ཀྱི་བྱེ་བྲག་གི་མཚན་ཉིད་ཀྱིས་སོ་སོ་ནས་བཤད་པ་མི་མཐུན་པས། ཁ་གཅིག་ན་རེ་གནས་ཀྱི་
གནས་ངན་ལེན་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཟག་པ་དང་བཅས་པའི་རོ་མྱང་བ་དབང་པོ་དྲུག་པོ་དག་ལ་བརྟེན་ནས་བྱུང་བ་གང་ཡིན་པའོ། །དབང་པོ་ལས་མིང་ཐོབ་པས་ན་གནས་ཞེས་མིང་བརྗོད་པ་ཡིན་ནོ། །སྒྲིབ་པ་གཉིས་ཀྱི་ས་བོན་གྱི་གནས་ངན་ལེན་གྱི་རྗེས་སུ་འབྲང་བའི་ཕྱིར་

གནས་ཀྱི་གནས་ངན་ལེན་རིག་པ་ཞེས་བྱའོ། །དེའི་འབྲས་བུ་ཡུལ་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཕྱི་རོལ་གྱི་ཡུལ་དྲུག་པོ་དག་ནི་ནང་གི་དབང་པོ་དྲུག་གི་མཐུ་ལས་སྐྱེས་པའི་ཕྱིར་ཡུལ་དྲུག་པོ་དག་ལ་དེའི་འབྲས་བུ་ཞེས་བྱའོ། །ཡུལ་རིག་པ་དེ་ཡང་དེ་དག་ལ་དམིགས་ནས་སྐྱེས་པའི་ཕྱིར་དེའི་
འབྲས་བུ་ཡུལ་རིག་པ་ཞེས་བྱ་སྟེ། ཡང་དག་པའི་དོན་དུ་ན་ཚོར་བ་གཉི་ག་ཡང་བདག་ཉིད་བྱེ་བྲག་ཏུ་གྱུར་པ་མེད་ཀྱང་དབང་པོ་དང་ཡུལ་གྱི་རྗེས་སུ་དོན་གྱི་ཚོར་བ་གཉིས་སུ་བསྟན་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་གནས་ཀྱི་གནས་ངན་ལེན་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ས་བོན་གྱི་མྱོང་བའོ། །དེའི་
འབྲས་བུ་ཡུལ་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། མངོན་དུ་སྤྱོད་པ་མྱོང་བའོ། །འདི་ལྟར་ཟག་པ་དང་བཅས་པའི་ས་བོན་ནི་ད་ལྟར་གྱི་འབྲས་བུའི་རྟེན་བྱས་པས་སོ། །ཡང་ན་སྒྲིབ་པ་གཉིས་ཀྱི་ས་བོན་གནས་ངན་ལེན་རྗེས་སུ་འབྲང་བའི་ཕྱིར་གནས་ཀྱི་གནས་ངན་ལེན་རིག་པ་ཞེས་གསུངས་
སོ། །མངོན་དུ་སྤྱོད་པ་མྱོང་བ་གང་ཡིན་པ་དེ་ནི་ས་བོན་གྱི་མྱོང་བ་ལས་བྱུང་བའི་ཕྱིར་དེའི་འབྲས་བུ་ཡུལ་རིག་པ་ཞེས་བྱ་བ་གསུངས་སོ་ཞེའོ། །ཁ་ཅིག་ན་རེ་དེ་ལ་གནས་ཀྱི་གནས་ངན་ལེན་རིག་པ་ཞེས་བྱ་བ་ནི་ནང་གི་དབང་པོ་དྲུག་ལ་བརྟེན་ནས་ནང་གི་རྒྱུད་ཀྱི་དབང་པོ་དྲུག་དང་ཡུལ་ལ་
དམིགས་པ་ཟག་པ་དང་བཅས་པ་གང་ཡིན་པ་དེ་ནི་རྟེན་དབང་པོ་དང་རྗེས་སུ་འབྲང་བའི་ཆོས་ལས་མིང་དུ་བཏགས་པ་ཡིན་ཏེ། འདི་ལྟར་དབང་པོ་དྲུག་ལ་བརྟེན་པས་སམ། ཡང་ན་སྒྲིབ་པ་གཉིས་ཀྱི་ས་བོན་གྱི་གནས་ངན་ལེན་རྗེས་སུ་འབྲང་བའི་ཕྱིར་རོ། །དེའི་འབྲས་བུ་ཡུལ་རིག་པ་ཞེས་
བྱ་བ་ནི་འདི་ལྟ་སྟེ། ཕྱི་རོལ་གྱི་ཡུལ་དྲུག་པོ་དག་དབང་པོ་དྲུག་པོ་དག་གི་དབང་གིས་འབྲས་བུར་གྱུར་པ་གང་ཡིན་པ་སྟེ། དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་མིག་ལ་སོགས་པའི་དབང་པོ་དག་ཡོངས་སུ་ལོངས་སྤྱོད་པའི་མཐུའི་ཕྱིར་དབང་པོ་དྲུག་
སྐྱེས་པར་གྱུར་ཏེ་ཞེས་བཤད་པས་ཚོར་བ་གཉིས་པོ་འདི་ནི་ནང་གི་དབང་པོ་དྲུག་ལ་བརྟེན་ནས་ཕྱི་རོལ་གྱི་ཡུལ་དྲུག་པོ་དག་ལ་དམིགས་པར་བྱེད་པས་ཡུལ་ལས་མིང་ཐོབ་པ་ཡིན་པའི་ཕྱིར་དེའི་འབྲས་བུ་ཡུལ་རིག་པ་ཞེས་གསུངས་ཏེ། །དམིགས་པ་རྣམ་པ་གཉིས་ལས་ནི་རང་གི་ངོ་བོ་

ཉིད་ཀྱི་མྱོང་བ་དང་ཡུལ་གྱི་མྱོང་བ་ཡིན་ནོ་ཞེས་ཟེར་ཏེ། །དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད་ཀྱང་འདིར་ནི་རེ་ཞིག་གསུམ་པ་དང་སྦྱར་རོ། །དེ་ལ་གནས་ཀྱི་གནས་ངན་ལེན་རིག་པ་ནི་རྣམ་པ་བཞི་ཡོད་པར་རིག་པར་བྱ་སྟེ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་གོ་རིམས་
བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། གནས་ཀྱི་གནས་ངན་ལེན་རིག་པ་རྣམ་པར་བཤད་པ་དང་། དེའི་འབྲས་བུ་ཡུལ་རིག་པ་རྣམ་པར་བཤད་པའོ། །དང་པོ་ཡང་རྣམ་པ་གསུམ་སྟེ། གྲངས་སྨོས་པ་དང་། གྲངས་བཞིན་དུ་མིང་བཀོད་པ་
དང་། གང་གོ་དཀའ་བ་བཟླས་ཏེ་བཤད་པ་སྟེ། འདི་ནི་དང་པོའོ། །གཟུགས་ཅན་གྱི་གནས་རིག་པ་དང་། གཟུགས་མེད་པའི་གནས་རིག་པ་དང་། འབྲས་བུ་གྲུབ་པའི་གནས་ངན་ལེན་རིག་པ་དང་། འབྲས་བུ་མ་གྲུབ་པའི་གནས་ངན་ལེན་རིག་པའོ་ཞེས་བྱ་བ་ནི་གཉིས་པ་
གྲངས་བཞིན་དུ་མིང་བཀོད་པའོ། །ཚོར་བ་བཞི་པོ་འདི་ཡང་སོ་སོ་ནས་བཤད་པ་མི་མཐུན་པས་འདི་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། དེ་ལ་སློབ་དཔོན་དང་པོའི་བཤད་པ་ནི་སློབ་དཔོན་གསུམ་པའི་བཤད་པ་དང་མཐུན་པས་དེའི་ཕྱིར་ལོགས་ཤིག་ཏུ་མ་སྨོས་སོ། །སློབ་དཔོན་
གཉིས་པས་ནི་འདི་སྐད་དུ་གཟུགས་ཅན་གྱི་གནས་རིག་པ་ནི་འདི་ལྟ་སྟེ། འདོད་པའི་ཁམས་ཀྱི་ཚོར་བའི་ས་བོན་གང་ཡིན་པའོ། །གཟུགས་མེད་པའི་གནས་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། གཟུགས་མེད་པའི་ཁམས་ཀྱི་ཚོར་བའི་ས་བོན་གང་ཡིན་པའོ། །འབྲས་བུ་གྲུབ་པའི་གནས་ངན་ལེན་
རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ད་ལྟར་འབྲས་བུ་འབྱིན་པའི་ས་བོན་གང་ཡིན་པའོ། །འབྲས་བུ་མ་གྲུབ་པའི་གནས་ངན་ལེན་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ད་དུང་འབྲས་བུ་མ་བྱིན་པའི་ས་བོན་གང་ཡིན་པའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་གཟུགས་ཅན་གྱི་གནས་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ།
རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པའི་ཚོར་བ་གང་ཡིན་པའོ། །གཟུགས་མེད་པའི་གནས་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་གང་ཡིན་པའོ། །འདི་དག་ནི་ལུས་དང་སེམས་ཀྱི་ཚོར་བའོ། །འབྲས་བུ་གྲུབ་པའི་གནས་

ངན་ལེན་རིག་པ་ནི་འདི་ལྟ་སྟེ། འདས་པའི་མ་རིག་པ་དང་། འདུ་བྱེད་ལ་སོགས་པས་བསྐྱེད་པ་ད་ལྟར་གྱི་འབྲས་བུ་མྱོང་བ་གང་ཡིན་པའོ། །འབྲས་བུ་མ་གྲུབ་པའི་གནས་ངན་ལེན་རིག་པ་ནི་འདི་ལྟ་སྟེ། ལས་དང་པོ་པ་ཉོན་མོངས་པ་དང་མཚུངས་པར་ལྡན་པ་མ་འོངས་པའི་རྒྱུ་འགོག་པར་བྱེད་
པའི་ཚོར་བ་གང་ཡིན་པའོ་ཞེས་ཟེར་ཏེ། དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད་ཀྱང་གསུམ་པ་ནི་ཡང་དག་པ་ཡིན་ཏེ། ཚིག་དང་དོན་གྱི་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་ལ་འབྲས་བུ་གྲུབ་པའི་རིག་པ་ནི་འདི་ལྟ་སྟེ། ད་ལྟར་གྱི་མྱོང་བ་གང་ཡིན་པའོ། །འབྲས་བུ་མ་གྲུབ་པའི་
རིག་པ་ནི་འདི་ལྟ་སྟེ། མ་འོངས་པའི་རྒྱུར་གྱུར་པའི་མྱོང་བ་གང་ཡིན་པའོ་ཞེས་བྱ་བ་ནི་གསུམ་པ་གང་གོ་དཀའ་བ་བཟླས་ཏེ་བཤད་པའོ། །འདི་ལྟར་དང་པོ་གང་ཡིན་པ་དེ་ནི་སྔོན་གྱི་ལས་ཀྱིས་ཐོབ་པ་ད་ལྟར་གྱི་འབྲས་བུ་མྱོང་བའོ། །ཕྱི་མ་ནི་མ་འོངས་པའི་རྣམ་པར་སྨིན་པ་མངོན་པར་གྲུབ་པ་
ལས་དང་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་མྱོང་བ་སྟེ། མ་འོངས་པའི་འབྲས་བུའི་རྒྱུ་དང་། མ་འོངས་པའི་རྒྱུའི་ཚོར་བའོ། །དེའི་འབྲས་བུ་ཡུལ་རིག་པ་ཡང་རྣམ་པ་བཞི་ཡོད་དོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེའི་འབྲས་བུ་ཡུལ་རིག་པ་རྣམ་པར་བཤད་པའོ། །འདི་ཡང་
རྣམ་པ་གཉིས་ཏེ། གྲངས་སྨོས་པ་དང་། གྲངས་བཞིན་དུ་མིང་བཀོད་པ་སྟེ་འདི་ནི་དང་པོའོ། །གནས་རིག་པ་དང་། ཡོ་བྱད་རིག་པ་དང་། ལོངས་སྤྱོད་རིག་པ་དང་། ལྟོས་པ་རིག་པའོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །ཚོར་བ་བཞི་པོ་དེ་དག་ཀྱང་སོ་སོ་ནས་
བཤད་པ་མི་མཐུན་པས། ཁ་ཅིག་ན་རེ་ཚོར་བ་བཞི་པོ་འདི་དག་ནི་མངོན་དུ་སྤྱོད་པ་དག་ཡིན་ཏེ། །དེ་དག་བྱེ་བྲག་ཡོད་པ་ཡང་རྣམ་པ་བཞི་སྟེ། དང་པོ་གནས་རིག་པ་ནི་འདི་ལྟ་སྟེ། སྣོད་ཀྱི་འཇིག་རྟེན་ལ་དམིགས་པའི་ཚོར་བའོ། །གཉིས་པ་ཡོ་བྱད་རིག་པ་ནི་འདི་ལྟ་སྟེ། འཚོ་བའི་
ཡོ་བྱད་ལ་དམིགས་པའི་ཚོར་བའོ། །གསུམ་པ་ལོངས་སྤྱོད་པའི་རིག་པ་ནི་འདི་ལྟ་སྟེ། །གོས་དང་ཟས་ལ་སོགས་པ་མངོན་སུམ་དུ་ལོངས་སྤྱོད་པའི་ཚོར་བའོ། །གསུམ་པོ་འདི་དག་ནི་ད་ལྟར་གྱི་ཡུལ་ལ་དམིགས་པའི་ཚོར་བའོ། །བཞི་པ་ལྟོས་པའི་རིག་པ་ནི་འདི་ལྟ་སྟེ། འདས་པའི་ཡུལ་

སྔ་མ་གསུམ་པོ་དག་ལ་དམིགས་པ་ལས་བྱུང་བའི་ཚོར་བའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་གནས་རིག་པ་ནི་སྣོད་ཀྱི་འཇིག་རྟེན་ལ་དམིགས་པའི་ཚོར་བའོ། །ཡོ་བྱད་རིག་པ་ནི་འདི་ལྟ་སྟེ། གོས་དང་སྨན་ལ་སོགས་པའི་དམིགས་པའི་ཚོར་བའོ། །ལོངས་སྤྱོད་རིག་པ་ནི་
གནས་དང་ཡོ་བྱད་གཉིས་ཀྱི་ཚོར་བ་བསྡུས་ཏེ་བསྟན་པའོ། །ལྟོས་པ་རིག་པ་ནི་ཚོར་བ་དང་རྫས་ལ་ལྟ་བའི་ཚོར་བའོ་ཞེའོ། །ཁ་ཅིག་ན་རེ་གོ་རིམས་བཞིན་དུ་སྣོད་ཀྱི་འཇིག་རྟེན་ལ་དམིགས་པ་དང་། གོས་དང་སྨན་ལ་སོགས་པའི་དམིགས་པ་དང་། ད་ལྟར་གྱི་ལ་དམིགས་པ་དང་།
འདས་པ་ལ་དམིགས་པའོ་ཞེས་ཟེར་རོ། །ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ནི་འབྲས་བུ་མ་གྲུབ་པའི་རིག་པ་ཐམས་ཅད་འགགས་པས་དེའི་མི་མཐུན་པའི་ཕྱོགས་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་མྱོང་བ་ཐུན་མོང་དུ་ཡོད་པ་ཡང་
མྱོང་ངོ་། །ཡང་ན་དེའི་འབྲས་བུ་གྲུབ་པའི་ཚོར་བའོ། །གཞན་ཡང་ཚོར་བ་རྣམ་པ་གཉིས་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་པས་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབའ་ཞིག་མངོན་དུ་མྱོང་ངོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་གཏན་དུ་འགག་པར་འགྱུར་བ་སྟོན་ཏོ། །འདི་
ཡང་རྣམ་པ་གཉིས་ཏེ། ཕུང་པོ་ལྷག་མ་དང་བཅས་པར་གཏན་དུ་འགག་པར་འགྱུར་བ་བསྟན་པ་དང་། ཕུང་པོ་ལྷག་མ་མེད་པར་གཏན་དུ་འགག་པར་འགྱུར་བར་བསྟན་པ་སྟེ་འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་བཤད་པའི་རྣམ་གྲངས་གཉིས་ཡོད་པས་སོ་སོ་ནས་བཤད་པ་མི་
མཐུན་ཏེ། ཁ་ཅིག་ན་རེ་འབྲས་བུ་མ་གྲུབ་པའི་རིག་པ་ཐམས་ཅད་འགགས་པས་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་སེམས་ཀྱི་ཚེ་མ་འོངས་པའི་འབྲས་བུ་དང་། ལས་དང་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཚོར་བ་རྣམས་སྤོང་ཞིང་འགག་པར་འགྱུར་བའོ། །དེའི་མི་མཐུན་པའི་ཕྱོགས་
རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་མྱོང་བ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་དེའི་མི་མཐུན་པའི་ཕྱོགས་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་དང་མཚུངས་པར་ལྡན་པ་ཟག་པ་མེད་པའི་ཚོར་བ་མྱོང་བའོ། །ཐུན་མོང་དུ་ཡོད་པ་ཡང་མྱོང་ངོ་ཞེས་བྱ་བ་ནི་ཐུན་མོང་དུ་ཡོད་པ་སྣོད་

ཀྱི་འཇིག་རྟེན་རིག་པ་ཡང་མྱོང་བ་སྟེ། མདོ་ལས་གནས་རིག་པ་ཞེས་གསུངས་པ་ཉིད་དོ། །མདོར་བསྡུས་པས་ནི་ཡོ་བྱད་རིག་པ་དང་ལོངས་སྤྱོད་རིག་པའི་ཚོར་བ་གཉིས་ནི་མ་གསུངས་སོ། །ལྟོས་པའི་རིག་པ་ནི་མ་གཏོགས་ཏེ་འདོད་ཆགས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཡང་
ན་དེའི་འབྲས་བུ་གྲུབ་པའི་ཚོར་བའོ་ཞེས་བྱ་བ་ནི་འདི་ལྟར་འབྲས་བུ་གྲུབ་པའི་ཚོར་བ་ནི་གནས་ངན་ལེན་དང་བཅས་པ་དང་། གནས་ངན་ལེན་མེད་པར་ཡང་གཏོགས་ལ་མི་སློབ་པའི་རྒྱུ་ལ་ནི་གནས་ངན་ལེན་མེད་པའི་ཚོར་བ་ཁོ་ན་ཡོད་པས་དེའི་ཕྱིར་ཡང་ན་ཞེས་བྱ་བ་གསུངས་སོ། །མདོར་
བསྡུས་པས་གཞན་གཟུགས་ཅན་གྱི་གནས་རིག་པ་དང་། གཟུགས་མེད་པའི་གནས་རིག་པ་ནི་མི་སློབ་པ་ལ་ཡང་འབྱུང་ངོ་ཞེས་ནི་མ་གསུངས་སོ། །གཞན་ཡང་ཚོར་བ་རྣམ་པ་གཉིས་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་པས་ཞེས་བྱ་བ་ནི་འདི་ལྟར་གནས་ཀྱི་གནས་ངན་
ལེན་རིག་པ་དང་། དེའི་འབྲས་བུ་ཡུལ་རིག་པ་ཡང་སྤངས་པས་སོ། །རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབའ་ཞིག་མངོན་དུ་མྱོང་ངོ་ཞེས་བྱ་བ་འདི་ནི་ཟག་པ་ཟད་པ་ལ་ཡོད་པའི་ཚོར་བ་རྣམས་ནི་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིན་ནོ་ཞེས་བསྟན་པ་
ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་འབྲས་བུ་མ་གྲུབ་པའི་རིག་པ་ཐམས་ཅད་འགགས་པས་ཞེས་བྱ་བ་ནི་འདི་ལྟ་སྟེ། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཐོབ་པ་ནི་མ་འོངས་པའི་ཚོར་བ་མངོན་པར་འགྲུབ་པའི་ས་བོན་ཐམས་ཅད་འགག་པར་འགྱུར་བའོ། །དེའི་མི་མཐུན་པའི་
ཕྱོགས་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་མྱོང་ངོ་ཞེས་བྱ་བ་ནི་གཉེན་པོར་གྱུར་པའི་ལམ་ཟག་པ་མེད་པའི་ཚོར་བའོ། །ཐུན་མོང་དུ་ཡོད་པ་ཡང་མྱོང་ཞེས་བྱ་བ་ནི་འདི་ལྟ་སྟེ། དེའི་འབྲས་བུ་ཡུལ་རིག་པའོ། །ཡང་ན་དེའི་འབྲས་བུ་གྲུབ་པའི་ཚོར་བ་ཞེས་བྱ་བ་ནི་འདི་
ལྟ་སྟེ། མངོན་དུ་སྤྱོད་པས་ད་ལྟར་འབྲས་བུ་སྦྱིན་པའི་ཚོར་བའོ། །གོང་དུ་བསྟན་པ་དེ་དག་ནི་ལྷག་མ་མེད་པར་མ་ཞུགས་པ་དག་ཚོར་བ་གསུམ་པོ་དེ་དག་དང་ལྡན་པར་བསྟན་པའོ། །གཞན་ཡང་ཚོར་བ་རྣམ་པ་གཉིས་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་པས་རིག་པའི་འདུས་

ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབའ་ཞིག་མངོན་པར་མྱོང་ངོ་ཞེས་བྱ་བ་ནི་ལྷག་མ་མེད་པར་ཞུགས་པའི་ཚེ་ཟག་པ་མེད་པའི་སེམས་འབའ་ཞིག་ལྷག་མ་མེད་པ་ལ་དམིགས་པའི་ཕྱིར་ཕྱིས་ཐུན་མོང་དུ་ཡོད་པ་མྱོང་བ་དང་། དེའི་འབྲས་བུ་གྲུབ་པ་ཚོར་བ་ཡང་འགགས་
ནས་ཟག་པ་མེད་པའི་ཚོར་བ་འབའ་ཞིག་ཡོད་པའི་ཕྱིར། གཞན་ཡང་ཚོར་བ་རྣམ་པ་གཉིས་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་པས་ཞེས་བྱ་བ་གསུངས་སོ། །རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབའ་ཞིག་མྱོང་ཞེས་བྱ་བ་འདི་ནི་རིག་པའི་འདུས་ཏེ་རེག་པ་ཟག་པ་མེད་པ་
འབའ་ཞིག་གི་དབང་དུ་མཛད་ནས་དེ་སྐད་དུ་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །གཞན་ཡང་མདོའི་ཚིག་འདི་ལ་སློབ་དཔོན་དེ་གཉིས་ཀྱིས་སྔ་མའི་གཞུང་ལས་གཞན་དུ་བཤད་དེ། དང་པོ་ནི་འདི་སྐད་དུ་ལྷག་མ་དང་བཅས་པའི་དབྱིངས་སུ་མ་འོངས་པའི་རྒྱུའི་ཚོར་བ་ནི་འགག་པར་འགྱུར་ལ། ཚོར་
བ་གཞན་གསུམ་ནི་ཡོད་དོ་ཞེས་བྱ་བ་འདི་ནི་ཟག་པ་མེད་པའི་ཚོར་བ་ལ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཁོ་ན་ཉིད་དུ་རྣམ་པར་གཞག་པའི་ཕྱིར་ཚོར་བ་གསུམ་ཡོད་དོ་ཞེས་བསྟན་ཏོ་ཞེའོ། །གཉིས་པ་ནི་འདི་སྐད་དུ་མི་སློབ་པའི་གང་ཟག་གི་རྒྱུད་ལ་ཡོད་པའི་ཚོར་བ་ནི་
ཟག་པ་དང་བཅས་པ་དང་། ཟག་པ་མེད་པར་ཡང་གཏོགས་པས་སྤྱིར་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་སྟེ། དོན་དེའི་ཕྱིར་ལྷག་མ་དང་བཅས་པའི་དབྱིངས་སུ་གཞན་ཡང་ཚོར་བ་རྣམ་པ་གཉིས་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་ཞེས་གསུངས་པ་ཡིན་ཏེ།
འདི་ལྟར་སྔ་མའི་གནས་ཀྱི་གནས་ངན་ལེན་རིག་པ་དང་། དེའི་འབྲས་བུ་ཡུལ་རིག་པའི་ཚོར་བ་གཉིས་པོ་དེ་དག་ཐམས་ཅད་འགགས་ནས་མི་སློབ་པའི་གང་ཟག་གི་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབའ་ཞིག་ཡོད་པའོ་ཞེས་ཟེར་ཏེ། སྔ་མའི་བཤད་པ་འདི་དག་ནི་
བསམ་དགོས་སོ། །ཁ་ཅིག་ན་རེ་མདོའི་ཚིག་འདི་ལ་རྣམ་གྲངས་གཉིས་ཀྱི་དོན་ཡོད་པས་ཚོར་བ་རྣམ་པ་བརྒྱད་ལས་ལྷག་མ་དང་བཅས་པའི་དབྱིངས་སུ་མྱ་ངན་ལས་འདས་པ་ན་འབྲས་བུ་མ་གྲུབ་པའི་ཚོར་བ་འབའ་ཞིག་འགག་པར་འགྱུར་ཏེ། ཉོན་མོངས་པ་དང་ལྡན་པའི་ཕྱིར་དེའི་མི་

མཐུན་པའི་ཕྱོགས་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱོང་ཞིང་ཡང་ཟག་པ་མེད་པའི་ཚོར་བ་འཐོབ་པའི་ཕྱིར་རོ། །ཐུན་མོང་དུ་ཡོད་པ་ཡང་མྱོང་ངོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཚོར་བ་རྣམ་པ་བརྒྱད་ལས་འབྲས་བུ་མ་གྲུབ་པ་དང་། འབྲས་བུ་གྲུབ་པ་མ་གཏོགས་པར་གཞན་དྲུག་
པོ་དག་ནི་སོ་སོའི་སྐྱེ་བོ་དང་འཕགས་པ་རྣམས་ཐུན་མོང་དུ་ཡོད་པའི་ཕྱིར་ཐུན་མོང་དུ་ཡོད་པ་ཞེས་གསུངས་སོ། །ཇི་ལྟར་མི་སློབ་པ་ལ་ཡང་ལྟོས་པའི་རིག་པ་ཡོད་ཅེ་ན། སྨྲས་པ། ལྟོས་པ་ནི་རྣམ་པ་གཉིས་ཡོད་དེ། འདོད་ཆགས་ཀྱིས་གཅིག་ལ་གཅིག་སེམས་པ་ནི་དགྲ་བཅོམ་པས་སྤངས་སོ། །
ཉོན་མོངས་པ་མེད་པས་བསྔགས་པ་བརྗོད་ཅིང་གཅིག་ལ་གཅིག་སེམས་པ་ནི་དགྲ་བཅོམ་པ་ལྔ་ཡང་ཡོད་པའི་ཕྱིར་ཐུན་མོང་དུ་ཡོད་པ་ཞེས་བྱ་བ་གསུངས་སོ། །ཡང་ན་ཐུན་མོང་དུ་ཡོད་པ་ཞེས་བྱ་བ་ནི་ཚོར་བ་ལྔ་པོ་ཁོ་ན་དང་ལྡན་པས་ལྟོས་པ་ནི་མ་གཏོགས་ཏེ། འདོད་ཆགས་ཀྱིས་གཅིག་ལ་གཅིག་
ཆགས་པའི་ཕྱིར་དང་གོ་སླ་བའི་ཕྱིར་མདོར་བསྡུས་ནས་མ་བསྟན་ཏོ། །ཡང་ན་དེའི་འབྲས་བུ་གྲུབ་པའི་ཚོར་བའོ་ཞེས་བྱ་བ་འདིས་ནི་དགྲ་བཅོམ་པའི་རྒྱུད་ལ་ཡང་ད་ལྟར་གྱི་འབྲས་བུ་མྱོང་བ་ཡོད་པའི་ཕྱིར་རོ། །ཅིའི་ཕྱིར་ཚོར་བ་འདི་ཐུན་མོང་དུ་ཡོད་པ་ཞེས་མི་བྱ་ཞེ་ན། སྨྲས་པ། ཡང་དག་པའི་དོན་དུ་ན་ཐུན་མོང་
དུ་ཡོད་པ་མ་ཡིན་མོད་ཀྱི། སྔ་མའི་འབྲས་བུ་མ་གྲུབ་པའི་ཚོར་བ་ལ་ལྟོས་ནས་ཡོད་པ་དང་མེད་པའི་མཚུངས་པས་དེའི་ཕྱིར་ལོགས་ཤིག་ཏུ་བསྟན་ཏོ། །གཞན་ཡང་ཚོར་བ་རྣམ་པ་གཉིས་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་པས་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབའ་ཞིག་མངོན་དུ་
མྱོང་ངོ་ཞེས་བྱ་བ་ནི་འགྲེལ་པ་དག་ལས་བཤད་པ་རྣམ་པ་གཉིས་ཡོད་དོ་ཞེས་ཟེར་ཏེ། །ཁ་ཅིག་ན་རེ་དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་ཚོར་བ་རྣམས་ནི་བག་ལ་ཉལ་དང་བྲལ་བའི་ཕྱིར་ཟག་པ་མེད་པ་ཞེས་བྱ་སྟེ། སྔར་གོང་དུ་ཚོར་བ་བརྒྱད་པོ་དག་ནི་གཅིག་ཏུ་ཟག་པ་དང་བཅས་པ་ཞེས་བསྟན་པའི་ཕྱིར་
ཐམས་ཅད་མེད་ཅེས་བསྟན་ཏོ། །དེ་ལ་རྣམ་པ་གཉིས་ཞེས་བྱ་བ་ནི་སྔར་བསྟན་པའི་རྩ་བའི་ཚོར་བ་གཉིས་ཏེ། ཚོར་བ་བརྒྱད་པོ་དག་བསྡུས་པའོ་ཞེའོ། །ཁ་ཅིག་ན་རེ་སེམས་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ། ཚོར་བ་གཞན་བརྒྱད་པོ་དག་འགག་པར་འགྱུར་ཏེ། ཟག་པ་

མེད་པའི་ཚོར་བ་ཡོད་དོ་ཞེས་གསུངས་པ་ནི་སེམས་མེད་པའི་སྙོམས་པར་འཇུག་པའི་ཉེ་བའི་སྦྱོར་བ་ཡིན་པའི་ཕྱིར། བཏགས་པ་ཙམ་དུ་འགག་པར་མི་འགྱུར་ཞེས་གསུངས་ཀྱི་ཡང་དག་པའི་དོན་དུ་འགག་པར་མི་འགྱུར་བ་མ་ཡིན་ནོ་ཞེའོ། །ཕུང་པོ་ལྷག་མ་མེད་པའི་མྱ་ངན་
ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་པའི་ཚེ་ནི་དེ་ཡང་གཏན་དུ་འགག་པར་འགྱུར་ཏེ་ཞེས་བྱ་བ་ནི་གཉིས་པ་ལྷག་མ་མེད་པའི་དབྱིངས་སུ་གཏན་དུ་འགག་པར་འགྱུར་བ་སྟོན་ཏོ། །འདི་ལྟར་ལྷག་མ་མེད་པའི་དབྱིངས་སུ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དེ་ཡང་འགག་པར་འགྱུར་བའམ།
ཡང་ན་གོང་དུ་བསྟན་པའི་ཐུན་མོང་དུ་ཡོད་པའི་ཚོར་བ་ལ་སོགས་པ་ཡང་འགག་པར་འགྱུར་བའོ། །དེའི་ཕྱིར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཚོར་བ་ཐམས་ཅད་མ་ལུས་པར་གཏན་དུ་འགག་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ་ཞེས་བྱ་བ་ནི་གཉིས་པ་སྤྱིའི་མཇུག་བསྡུ་
བ་ཡིན་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཡང་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་ལེགས་སོ་རིགས་ཀྱི་བུ་ཁྱོད་ཀྱིས་དེ་འདིར་ཡོངས་སུ་རྫོགས་པ་དང་། ཤིན་ཏུ་ཡོངས་སུ་དག་པ་དང་། ཤིན་ཏུ་གྱ་
ནོམ་པའི་རྣལ་འབྱོར་གྱི་ལམ་ལས་བརྩམས་ནས་དེ་བཞིན་གཤེགས་པ་ལ་དྲི་བ་དྲིས་པས་ཁྱོད་རྣལ་འབྱོར་ལ་ཤིན་ཏུ་རྣམ་པར་ངེས་ཤིང་ཤིན་ཏུ་མཁས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་ཚིགས་རྐྱང་པས་རྒྱ་ཆེར་བཤད་པ་ལ་རྣམ་པ་གཉིས་སུ་ཕྱེ་སྟེ། ཞི་གནས་དང་ལྷག་མཐོང་གི་
མཚན་ཉིད་རྒྱ་ཆེར་རྣམ་པར་བཤད་པ་དང་། མཇུག་བསྡུ་ཞིང་བསྒྲུབ་པར་བསྐུལ་བའོ་ཞེས་བསྟན་པ་ལས། དེ་ཡན་ཆད་དུ་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་བསྟན་ནས། འདི་མན་ཆད་ནི་གཉིས་པ་མཇུག་བསྡུ་ཞིང་བསྒྲུབ་པར་བསྐུལ་བ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་
དུ་དབྱེ་སྟེ། ཞུ་བ་གསོལ་བ་ལ་ཕན་ཡོན་ཡོད་པར་བསྔགས་པ་དང་། ངས་ཀྱང་ཞེས་བྱ་བ་མན་ཆད་སངས་རྒྱས་རྣམས་ཀྱིས་མཚུངས་པར་གསུངས་པ་ཉིད་དུ་བསྟན་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཀྱིས་བསྒྲུབ་པར་བསྐུལ་བ་བསྟན་པའོ། །འདི་ནི་དང་པོ་མདོ་ཉིད་ཀྱིས་བརྡ་

ཕྲད་པར་ཟད་དོ། །ངས་ཀྱང་ཁྱོད་ལ་ཡོངས་སུ་རྫོགས་པ་དང་། ཤིན་དུ་ཡོངས་སུ་དག་པ་དང་། གྱ་ནོམ་པའི་རྣལ་འབྱོར་གྱི་ལམ་བསྟན་པ་སྟེ། འདས་པ་དང་མ་འོངས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་པ་ཐམས་ཅད་ཀྱིས་ཀྱང་དེ་ལྟར་བསྟན་པ་དང་། སྟོན་པར་འགྱུར་རོ་
ཞེས་བྱ་བ་ནི་གཉིས་པ་སངས་རྒྱས་རྣམས་ཀྱིས་མཚུངས་པར་གསུངས་པ་ཉིད་དུ་སྟོན་ཏོ། །འདི་ལྟ་སྟེ། ངས་ཞི་གནས་དང་ལྷག་མཐོང་གི་ལས་གྱ་ནོམ་པ་གསུངས་པ་དེ་ཡང་འབའ་ཞིག་གིས་དེ་སྐད་དུ་བསྟན་པ་ནི་མ་ཡིན་གྱི། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་དོན་དེ་དེ་སྐད་དུ་མཚུངས་
པར་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ཀྱིས་ཀྱང་འདི་ལ་བརྟེན་ནས། ཤིན་ཏུ་བརྩོན་པས་ཡང་དག་པར་བསྒྲུབ་པའི་རིགས་སོ་ཞེས་བྱ་བ་ནི་གསུམ་པ་བསྒྲུབ་པར་བསྐུལ་བ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་དོན་དེ་ཉིད་ཡང་དག་པར་བསྟན་པའི་ཕྱིར། ཚིགས་སུ་བཅད་པ་འདི་དག་གསུངས་སོ་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་འདི་ལ་གོང་དུ་ཞི་གནས་དང་ལྷག་མཐོང་ཡང་དག་པར་བཤད་པ་དང་། བཀའ་བཞིན་དུ་བསྒྲུབ་པར་རབ་ཏུ་བསྟན་པ་ཞེས་བྱ་བ་རྣམ་པ་གཉིས་སུ་ཕྱེ་སྟེ་བསྟན་པ་ལ།
ཡང་དག་པར་བཤད་པ་ཡང་རྣམ་པ་གཉིས་ཏེ། ཚིག་རྐྱང་པས་རྒྱ་ཆེར་བཤད་པ་དང་། ཚིགས་སུ་བཅད་པས་མདོར་བསྟན་པའོ་ཞེས་བསྟན་པ་ལས་འདི་ནི་ཚིགས་སུ་བཅད་པས་མདོར་བསྟན་པའོ། །ཡང་ན་ལེའུ་འདི་གཅིག་ལ་མདོར་བསྡུ་བ་ན་རྣམ་པ་གསུམ་དུ་དབྱེ་སྟེ། ཚིག་རྐྱང་པས་རྒྱ་
ཆེར་བཤད་པ་དང་། ཚིགས་སུ་བཅད་པས་བཟླས་ཏེ་བཤད་པ་དང་། བཀའ་བཞིན་དུ་སྒྲུབ་པར་བྱེད་པས་བསྟན་པར་སྦྱར་བ་ལས། འདི་ནི་གཉིས་པ་ཚིགས་སུ་བཅད་པ་བཟླས་ཏེ་བཤད་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཚིགས་སུ་བཅད་པའི་གླེང་བསླང་བ་དང་། ཚིགས་སུ་
བཅད་པ་ཉིད་ཀྱིས་བཟླས་ཏེ་བཤད་པ་སྟེ་འདི་ནི་དང་པོའོ། །ཆོས་གདགས་རྣམ་གཞག་རྣལ་འབྱོར་དག་ལ་ནི། །གང་ཞིག་བག་མེད་སྤྱོད་པ་དོན་ཆེན་ཉམས། །ཆོས་དང་རྣལ་འབྱོར་འདི་ལ་བརྟེན་ནས་ནི། །ཡང་དག་སྒྲུབ་ན་བྱང་ཆུབ་ཆེན་པོ་འཐོབ། །ཅེས་བྱ་བ་འདི་མན་ཆད་ནི་གཉིས་པ་

ཚིགས་སུ་བཅད་པ་སྨོས་ནས་ཡང་དག་པར་བཤད་པ་སྟོན་ཏོ། །འདི་ཡང་ཚིགས་སུ་བཅད་པ་ལྔ་པ་ཡོད་པ་ཉིད་ལས་རྣམ་པ་ལྔར་དབྱེ་སྟེ། དེ་ཡང་ཚིགས་སུ་བཅད་པ་དང་པོ་གཅིག་གིས་ནི་ཆོས་དང་། རྣལ་འབྱོར་གྱི་རྗེས་སུ་མཐུན་པ་དང་འགལ་བའི་ཡོན་ཏན་དང་ཉེས་དམིགས་
བསྟན་ཏོ། །དེའི་འོག་མ་ཚིགས་སུ་བཅད་པ་གཉིས་པས་ནི་དམིགས་པ་དང་བཅས་པའི་ཉེས་དམིགས་བསྟན་ཏོ། །ཚིགས་སུ་བཅད་པ་གསུམ་པས་ནི་སེམས་ཅན་ལ་ཕན་འདོགས་པ་དང་ཟང་ཟིང་སྤངས་པའི་ཡོན་ཏན་བསྟན་ཏེ། །ཚིགས་སུ་བཅད་པ་བཞི་པས་ནི་འདོད་པས་ཆོས་སྟོན་པའི་ཉེས་དམིགས་
བསྟན་ཏོ། །ཚིགས་སུ་བཅད་པ་ལྔ་པས་ནི་མངོན་པར་ཞེན་པ་སྤངས་པ་དང་སེམས་ཅན་ལ་ཕན་འདོགས་པའི་ཕན་ཡོན་བསྟན་ཏོ། །འདི་ནི་དང་པོ་ཆོས་དང་རྣལ་འབྱོར་ལ་བརྟེན་ནས་རྗེས་སུ་མཐུན་པ་དང་འགལ་བའི་ཕན་ཡོན་དང་ཉེས་དམིགས་བསྟན་པ་སྟེ། འདི་ལྟར་གསུང་རབ་ཡན་ལག་བཅུ་
གཉིས་པོ་ཆོས་གདགས་པ་རྣམ་པར་གཞག་པ་ལས་བསྟན་པའི་རྣལ་འབྱོར་ཞི་གནས་དང་ལྷག་མཐོང་གི་ལམ་དག་ལ་གང་ཞིག་བག་མེད་པར་གྱུར་ན། དོན་ཆེན་པོ་མྱ་ངན་ལས་འདས་པའི་འབྲས་བུ་ལས་རབ་ཏུ་ཉམས་པར་འགྱུར་ལ། གལ་ཏེ་བསྟན་པ་འདི་དང་ཞི་གནས་དང་ལྷག་མཐོང་
ལ་བརྟེན་ནས་ཡང་དག་པར་སྒྲུབ་པར་བྱེད་ན་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །དམིགས་བཅས་ལྟ་བས་བགེགས་ལས་ཐར་ཚོལ་ཞིང་། ལྟ་བ་དེ་ཡིས་ཆོས་ཐོབ་གང་ཟེར་བ། །བྱམས་པ་དེ་དག་རྣལ་འབྱོར་ལས་ནི་རིང་། །དཔེར་ན་གནམ་ས་རིང་བ་ཇི་བཞིན་ནོ། །ཞེས་བྱ་
བ་ནི་གཉིས་པ་དམིགས་པ་དང་བཅས་པའི་ཉེས་དམིགས་སྟོན་ཏོ། །འདི་ལྟར་ཞི་གནས་དང་ལྷག་མཐོང་ལ་བརྟེན་ནས་ཡོངས་སུ་ཚོལ་ན་དམིགས་པ་དང་བཅས་པའི་ལྟ་བ་ཉིད་དུ་འགྱུར་ཏེ། གལ་ཏེ་དེ་ལྟ་བ་དེ་ཉིད་ལ་མངོན་པར་ཞེན་ནས་ཆོས་ཐོབ་པ་ཡིན་ནོ་སྙམ་དུ་སེམས་ཤིང་འཁོར་བའི་བགེགས་
ལས་ཐར་པ་ཡིན་ནོ་ཞེས་ཟེར་ན། རྣལ་འབྱོར་གྱི་ལམ་ཐག་རིང་བར་གྱུར་པ་ཡིན་ཏེ། དཔེར་ན་གནམ་ས་ཇི་ལྟ་བ་བཞིན་ནོ། །དེའི་ཕྱིར་འཕགས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཇི་ཙམ་དུ་སེམས་ཀྱིས་ཆོས་རྣམས་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ལོག་པའོ། །སེམས་

ཀྱིས་ཆོས་རྣམས་ལ་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི་ཡང་དག་པའོ་ཞེས་གསུངས་སོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཀྱང་། གནམ་ས་རབ་ཏུ་ཐག་རིང་སྟེ། །རྒྱ་མཚོའི་ཕ་མཐའ་དག་ཀྱང་རིང་། །ཉི་མ་འཆར་ནུབ་གནས་ཐག་རིང་། །ཡང་དག་ལོག་ཆོས་རིང་ལས་རིང་། །ཞེས་
འབྱུང་སྟེ། མདོ་འདི་ལས་ནི་དཔེ་དང་པོ་ཁོ་ན་གསུངས་པ་ཡིན་ནོ། །སེམས་ཅན་དོན་ལ་བརྟན་པས་ལམ་རིག་ནས། །བརྩོན་པས་སེམས་ཅན་ཕན་འདོགས་བྱེད་པ་ཡིན། །བློ་ལྡན་བསྐལ་པ་མཐར་ཐུག་ཚད་བྱེད་ན། །ཟང་ཟིང་མེད་པའི་དགའ་བ་དམ་པ་འཐོབ། །ཞེས་བྱ་བ་ནི་གསུམ་པ་སེམས་
ཅན་ལ་ཕན་འདོགས་པ་དང་། ཟང་ཟིང་མེད་པའི་ཡོན་ཏན་སྟོན་ཏོ། །འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ལ་ཕན་འདོགས་པ་ནི་སྙིང་རྗེ་ཆེན་པོ་བརྟན་པར་གྱུར་པས་འདི་སྙམ་དུ་སེམས་ཏེ་བདག་ནི་ཕན་འདོགས་པའོ། །དེ་ནི་ཕན་གདགས་པར་བྱ་བ་མེད་དོ་སྙམ་དུ་དོན་དེ་ལྟ་བུར་རིག་པར་གྱུར་
ནས་དེས་སེམས་ཅན་ལ་ཕན་འདོགས་པའི་བྱ་བ་དག་ལ་བསྐལ་པའི་མཐའ་ཇི་སྲིད་པར་བརྩོན་པས་ན། ཟང་ཟིང་མེད་པའི་དགའ་བ་ཐོབ་པར་འགྱུར་ཏེ། དེའི་ཕྱིར་བསྟན་བཅོས་ས་ཡོངས་སུ་འཛིན་པ་ལས། བྱང་ཆུབ་སེམས་དཔའ་རྣལ་འབྱོར་པ་ནི་དངོས་པོ་རྗེས་སུ་འཛིན་ཅིང་དེ་བཞིན་ཉིད་རྗེས་
སུ་འཛིན་པར་བྱེད་ཀྱང་འདི་སྙམ་དུ་འདི་ནི་དངོས་པོའོ། །འདི་ནི་དེ་བཞིན་ཉིད་དོ་སྙམ་དུ་མི་སེམས་ཏེ་ཞེས་བྱ་བ་ལ་སོགས་པ་ཞིབ་ཏུ་འབྱུང་སྟེ། འདིར་ཞིབ་ཏུ་མ་བརྗོད་དོ། །གང་དག་འདོད་ཕྱིར་ཆོས་ཀྱི་ལུང་འབོགས་པ། །དེ་ནི་འདོད་པས་འདོད་ཕྱིར་ལེན་ཞེས་བྱ། །རྨོངས་པས་རིན་ཐང་མེད་
པའི་རིན་པོ་ཆེ། །ཐོབ་ནས་ཕྱིར་ཡང་སྤྲང་པོར་འགྱུར་བར་བྱེད། །ཅེས་བྱ་བ་ནི་བཞི་པ་འདོད་པས་ཆོས་སྟོན་པའི་ཉེས་དམིགས་སྟོན་ཏོ། །གལ་ཏེ་ལ་ལ་ཞིག་གྲགས་པ་དང་རྙེད་པ་ཡོངས་སུ་ཚོལ་བ་གཞན་དག་ལ་ཆོས་སྟོན་པར་བྱེད་ན། འདོད་པ་སྤངས་ནས་ཕྱིར་འདོད་པ་ལེན་པའི་ཆོས་སྟོན་པ་
ཞེས་བྱ་བས། དེ་ནི་ཚིག་གི་སྒོ་ནས་འདོད་པ་སྤངས་ཀྱང་སེམས་རྙེད་པ་ལ་ཆགས་པས་ནི་ཕྱིར་འདོད་པ་ལེན་པ་ཞེས་བྱ་སྟེ། བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་ལས། །བག་མེད་པ་དང་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ལ་སྨད་པའི་ཚིགས་སུ་བཅད་པ་ལས་ཇི་སྐད་དུ། ཇི་ལྟར་རང་བཞིན་

ཕན་ཚུན་རེག་པ་དང་། །མདུན་དུ་ཁྲིད་ན་ཕྱིར་ཡང་འཐེན་པ་ལྟར། །ཁྱོད་ཀྱིས་འདོད་ཕྱིར་ཚུལ་ཁྲིམས་བསྲུང་བ་ཡི། །དངོས་པོ་དེ་དག་ཀྱང་ནི་དེ་བཞིན་ཏེ། །ལུས་ཀྱིས་ཚུལ་ཁྲིམས་སྲུང་བར་བྱེད་ཀྱང་ནི། །སེམས་ནི་འདོད་པ་དག་གིས་རབ་ཏུ་ཁྲིད། །ལས་འདི་ཡོངས་སུ་
དག་པ་མ་ཡིན་ན། །ཚུལ་ཁྲིམས་བསྲུངས་པ་དེ་ཡིས་ཅི་ཞིག་བྱ། །ཞེས་བསྟན་པ་ལྟ་བུ་སྟེ་དེ་བཞིན་དུ་རྨོངས་པ་གཅིག་གིས། འདི་ལྟར་ཆོས་ཀྱི་རིན་པོ་ཆེ་རིན་ཐང་མེད་པ་ཐོབ་ན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་གཉེར་བས་ཕྱིར་འཇིག་རྟེན་པའི་གྲགས་པ་དང་རྙེད་པ་
ཚོལ་བ་དག་ནི། དཔེར་ན་འཇིག་རྟེན་པའི་གང་ཟག་བླུན་པོས་རིན་ཐང་མེད་པའི་རིན་པོ་ཆེ་ཐོབ་ཀྱང་སླར་སྤྲང་པོ་བྱེད་པ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བཤད་པའི་རྣམ་གྲངས་གཞན་དུ་ན་གང་ལ་ལ་ཞིག་སྟོང་པ་ཉིད་བླང་བའི་ཕྱིར་ཆོས་སྟོན་པ་དག་ནི་ཡོད་པ་སྤངས་ནས་སྟོང་པ་ལ་མངོན་པར་
ཞེན་པ་ཞེས་བྱ་སྟེ། གང་ཟག་བླུན་པོ་དེ་ནི་ཆོས་ཀྱི་རིན་པོ་ཆེ་རིན་ཐང་མེད་པ་ཐོབ་ཀྱང་། གསུང་རབ་ཀྱི་དགོངས་ཏེ་གསུངས་པ་ཁོང་དུ་མ་ཆུད་པས་སྟོང་པ་ཉིད་དུ་མངོན་པར་ཞེན་པ་སྐྱེད་པར་བྱེད་དོ་ཞེས་བསྟན་ཏོ། །རྩོད་དང་འདུ་འཛི་སྤྲོས་ལ་མངོན་ཞེན་པ། །རྣམ་པར་སྤོང་ལ་བརྩོན་འགྲུས་
མཆོག་བསྐྱེད་དེ། །ལྷར་བཅས་པ་ཡི་འཇིག་རྟེན་བསྒྲལ་བའི་ཕྱིར། །རྣལ་འབྱོར་འདི་ལ་ཁྱོད་ཀྱིས་བསླབ་པར་གྱིས། །ཞེས་བྱ་བ་ལྔ་པ་མངོན་པར་ཞེན་པ་སྤངས་པ་དང་། སེམས་ཅན་ལ་ཕན་འདོགས་པའི་ཡོན་ཏན་བསྟན་ཏོ། །རྩོད་པ་དང་འདུ་འཛི་དང་། སྤྲོས་པའི་མངོན་པར་ཞེན་པ་རྣམ་པར་
སྤང་པའི་ཆེད་དུ་བརྩོན་འགྲུས་མཆོག་བསྐྱེད་དེ། འཇིག་རྟེན་པ་རྣམས་ཡོངས་སུ་བཟླ་བའི་ཕྱིར་ནན་ཏན་གྱིས་ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་
ལྡན་འདས་དགོངས་པ་ཟབ་མོ་རྣམ་པར་ངེས་པའི་འགྲེལ་པའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། བདག་གིས་ཇི་ལྟར་གཟུང་བར་བགྱི་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་བཀའ་བཞིན་དུ་སྒྲུབ་པའི་ཕྱོགས་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་

གསོལ་བ་དང་། ལན་དུ་གསུངས་པའོ། །འདི་ནི་འཕགས་པ་བྱང་ཆུབ་སེམས་དཔའ་བྱམས་པས་དེ་བཞིན་གཤེགས་པ་ལ་ཞུ་བ་གསོལ་པའོ། །ཞུ་བ་གསོལ་བ་ལ་ཡང་དགོངས་པ་རྣམ་པ་གཉིས་ཡོད་དེ། བསྟན་པའི་མིང་ཞུས་པ་དང་། ཇི་ལྟར་གཟུང་བ་ཞུས་པའོ། །བཅོམ་ལྡན་
འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་འདི་ནི་རྣལ་འབྱོར་ངེས་པའི་དོན་བསྟན་པ་ཞེས་བྱ་སྟེ། རྣལ་འབྱོར་ངེས་པའི་དོན་བསྟན་པ་འདི་ལ་ཁྱོད་ཀྱིས་བསླབ་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་ཞུས་པའི་ལན་དུ་ཡང་དག་པར་གསུངས་པའོ། །འདི་ཡང་
རྣམ་པ་གཉིས་སུ་དབྱེ་སྟེ། ཞུས་པ་རྣམ་པ་གཉིས་ཀྱི་ལན་ཡང་དག་པར་བསྟན་པ་དང་། རྣལ་འབྱོར་ངེས་པའི་དོན་བསྟན་པ་འདི་བཤད་པ་ན་ཞེས་བྱ་བ་མན་ཆད་བསྟན་པ་གསུངས་པའི་ཕན་ཡོན་ཁྱད་པར་དུ་འཕགས་པ་བསྟན་པ་སྟེ། འདི་ནི་དང་པོའོ། །རྣལ་འབྱོར་ངེས་པའི་དོན་བསྟན་པ་
འདི་བཤད་པ་ན་འཁོར་འདུས་པ་ཆེན་པོ་དེ་ལས་སྲོག་ཆགས་དྲུག་འབུམ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །ཉན་ཐོས་སུམ་འབུམ་ནི་རྡུལ་སྤངས་ནས་དྲི་མ་དང་བྲལ་ཏེ། ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་པར་གྱུར་ཏོ། །ཉན་ཐོས་
འབུམ་ལྔ་ཁྲི་ནི་ཟག་པ་རྣམས་ཡོངས་སུ་ཟད་ནས་སེམས་རྣམ་པར་གྲོལ་བ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་ནི་རྣལ་འབྱོར་ཡངས་ཤིང་རྒྱ་ཆེ་བའི་ཡིད་ལ་བྱེད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ནི་གཉིས་པ་བསྟན་པ་གསུངས་པའི་ཕན་ཡོན་ཁྱད་པར་དུ་འཕགས་པ་སྟོན་ཏོ། །
ཕན་ཡོན་ཡང་རྣམ་པ་བཞི་ཡོད་དེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། རྡུལ་སྤངས་ནས་དྲི་མ་དང་བྲལ་ཏེ་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་པ་དང་། ཟག་པ་རྣམས་གཏན་དུ་ཟད་ནས་སེམས་རྣམ་པར་གྲོལ་བར་གྱུར་པའི་ཕན་ཡོན་ཏེ། ཕན་ཡོན་འདི་གསུམ་ནི་གོང་དུ་བསྟན་པ་བཞིན་ནོ། །
བཞི་པ་རྣལ་འབྱོར་ཡངས་ཤིང་རྒྱ་ཆེ་བའི་ཡིད་ལ་བྱེད་པ་ཐོབ་པ་ཞེས་བྱ་བ་ནི་གང་ཟག་དང་ཆོས་སྟོང་པ་ཉིད་རྣམ་པ་གཉིས་པོ་གང་ཡིན་པ་དེ་ནི་ཡངས་ཤིང་རྒྱ་ཆེ་བ་ཞེས་བྱ་སྟེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ཇི་སྐད་དུ་ཞི་གནས་དང་ལྷག་མཐོང་གི་ལམ་གཉིས་ནི་རྣལ་འབྱོར་ཞེས་

བྱའོ་ཞེས་བསྟན་པ་ལྟ་བུའོ། །གནས་དྲུག་བསྟན་པའི་མདོ་ལས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དེས་སྟོང་པ་ཉིད་རྣམ་པ་གཉིས་ལ་དམིགས་པའི་ཞི་གནས་དང་། ལྷག་མཐོང་ཐོབ་པའི་ཕྱིར་རྣལ་འབྱོར་ཡངས་ཤིང་རྒྱ་ཆེ་བའི་ཡིད་ལ་བྱེད་པ་ཞེས་བྱའོ་ཞེས་གསུངས་སོ། །
བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། ལྔ་པོ་འདི་དག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཆོས་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པ་དེ་ཉིད་
ཀྱི་ཚེ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་པར་འགྱུར་རོ། །དེ་ནས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པའི་མོད་ལ་ཟག་པ་ཟད་པ་ཐོབ་པར་འགྱུར་རོ། །དེ་དག་ལས་སེམས་ཅན་ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་
པར་བྱེད་དོ། །དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་ཐོས་པ་དེ་ཉིད་ཀྱི་མོད་ལ་བྱང་ཆུབ་སེམས་དཔའི་བཟོད་པའི་མཆོག་འཐོབ་པར་འགྱུར་རོ། །དེ་དག་ལས་སེམས་ཅན་ཁ་ཅིག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམ་པའི་ཆོས་བསྟན་པས་ལུང་འབོགས་པ་དང་།
ཁ་ཏོན་བྱེད་པ་དང་། ཡང་དག་པར་སྒྲུབ་ཅིང་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་དམ་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱེད་པར་འགྱུར་རོ་ཞེས་འབྱུང་ངོ་། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི། བྱང་ཆུབ་སེམས་དཔའ་ཆོས་འཆད་པས་འབྲས་བུ་རྣམ་པ་ལྔ་འཐོབ་པར་འགྱུར་ཏེ།
ཆོས་ཉན་པ་དག་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་དང་། ཆོས་རྣམས་ལ་རྡུལ་སྤངས་ནས་དྲི་མ་དང་བྲལ་ཏེ་ཆོས་ཀྱི་མིག་རྣམ་པར་དག་པ་འཐོབ་པ་དང་། ཟག་པ་ཟད་པ་རྣམས་འཐོབ་པ་དང་། དམ་པའི་ཆོས་ཡུན་རིང་དུ་གནས་པ་དང་། དོན་མ་
བསླབས་པ་རྣམས་དོན་འཐོབ་པ་དང་། ཐེ་ཚོམ་མ་བཅད་པ་རྣམས་ཐེ་ཚོམ་ཆད་པར་འགྱུར་བ་དང་། ཐེ་ཚོམ་ཆད་པ་རྣམས་ཡང་དག་པའི་ཆོས་སྒྲིབ་པ་མེད་པའི་དགའ་བ་ཆེན་པོའི་རོ་ལ་ཡོངས་སུ་ལོངས་སྤྱོད་པར་འགྱུར་བའོ་ཞེས་བཤད་དོ། །མདོ་འདི་ལས་ནི་ཕན་ཡོན་རྣམ་པ་བཞི་

ཡོད་པར་གསུངས་ཏེ། རྣལ་འབྱོར་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་བཟོད་པ་ཉིད་ལ་བྱའོ།། །།བམ་པོ་ལྔ་བཅུ་གཉིས་པ། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ས་དང་ཕ་རོལ་དུ་ཕྱིན་པའི་ལེའུ་སྟེ་བདུན་པའོ་ཞེས་བྱ་བ་ལ་འདི་ཡང་སྒོ་རྣམ་
པ་གསུམ་དུ་ཕྱེ་ནས་བསྟན་ཏེ། ལེའུ་འདི་ཉིད་ཀྱི་མིང་བསྟན་པ་དང་། གོ་རིམས་བཞིན་དུ་དགོངས་པ་བསྟན་པ་དང་། ཚིག་གི་དོན་ཡང་དག་པར་བཤད་པའོ། །དེ་ལ་ལེའུ་འདི་ཉིད་ཀྱི་མིང་བསྟན་པ་ནི། རྒྱ་གར་སྐད་དུ། བྷཱུ་མི་ཞེས་བྱ་བ་བསྒྱུར་ནས་ཞེས་ཟེར་ཏེ། འདི་ལྟ་སྟེ། ས་རབ་ཏུ་
དགའ་བ་ལ་སོགས་པ་ས་བཅུ་གཅིག་པོ་དག་སྐྱེ་བ་ལ་སོགས་པའི་དོན་དང་ལྡན་པའི་ཕྱིར་ས་ཞེས་བྱའོ། །ས་ཞེས་བྱ་བའི་དོན་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཁ་ཅིག་ལས་ནི་དོན་རྣམ་པ་གཅིག་གིས་ས་ཞེས་བྱ་བ་སྟོན་ཏེ། མིའི་རྒྱལ་པོས་ཞུས་པའི་མདོ་ལས་
ཇི་སྐད་དུ། རིགས་ལ་འཇུག་པའི་ཤེས་རབ་གང་ཡིན་པ་དེ་ནི་གནས་པ་ཞེས་བྱའོ། །གནས་པ་ལས་ནི་ཡོན་ཏན་རྣམས་སྐྱེ་བས་ས་ཞེས་བརྗོད་དོ་ཞེས་གསུངས་པ་ལྟ་བུའོ། །གནས་བཅུ་པའི་བཤད་པ་ལས་དགེ་བའི་རྩ་བ་རིམ་པར་གནས་པའི་གནས་གང་ཡིན་པ་དེ་ནི་ས་ཞེས་བྱའོ་ཞེས་
བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པའི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། ཆོས་བདག་མེད་པའི་ཤེས་པའི་གནས་སྐབས་གང་ཡིན་པ་དེ་ནི་ས་ཞེས་བྱའོ་ཞེས་བཤད་པའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། མྱ་ངན་ལས་འདས་པ་སྡུད་ཅིང་འཛིན་པའི་ཕྱིར་ས་ཞེས་
བྱའོ་ཞེས་བཤད་པའོ། ཁ་ཅིག་ལས་ནི་དོན་རྣམ་པ་གཉིས་ནི་ས་ཞེས་བྱའོ་ཞེས་བཤད་དེ། སྔོན་གྱི་ལས་བསྟན་པའི་མདོ་ལས་ཇི་སྐད་དུ། སངས་རྒྱས་ཀྱི་ས་ནི་ཡོན་ཏན་བརྒྱ་སྟོང་གྲངས་མེད་པ་འཛིན་པར་བྱེད་པས་སྐྱེ་བ་ཞེས་བྱའོ། །རྒྱུ་དང་འབྲས་བུ་ཐམས་ཅད་མངོན་པར་འགྲུབ་པར་བྱེད་
པའི་ཕྱིར་ས་ཞེས་བྱའོ་ཞེས་གསུངས་པ་ལྟ་བུའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་རྣལ་འབྱོར་པའི་གནས་དང་ཡོངས་སུ་འཛིན་པ་མཆོག་ཏུ་གྱུར་ཅིང་སྐྱེ་ཞིང་འཕེལ་བར་བྱེད་པའི་ཕྱིར་ས་ཞེས་བྱའོ་ཞེས་འབྱུང་སྟེ། དེ་ཡང་གནས་སུ་གྱུར་པའི་ཕྱིར་ནི་སྐྱེ་བ་ཞེས་བྱའོ། །ཡོངས་སུ་

འཛིན་པའི་ཕྱིར་ནི་འཕེལ་བ་ཞེས་བྱའོ། །ཁ་ཅིག་ལས་ནི་དོན་རྣམ་པ་གསུམ་གྱིས་ན་ས་ཞེས་བྱའོ་ཞེས་བཤད་དེ། འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཇི་སྐད་དུ། ས་ནི་འདི་ལྟ་སྟེ། གནས་དང་སྤྱོད་པར་བྱེད་པ་དང་བསྡུ་བ་གང་ཡིན་པའོ། །དེ་ནི་དེ་བཞིན་ཉིད་དང་ཡེ་
ཤེས་བཞི་པོ་དག་ནི་ལོངས་སྤྱོད་དང་། དགོངས་པ་རོ་གཅིག་པ་ལ་སོགས་པའི་དངོས་པོ་ནི་སངས་རྒྱས་ཀྱི་གནས་དང་། སྤྱོད་ཡུལ་དང་བསྡུ་བ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ས་ཞེས་བྱའོ་ཞེས་འབྱུང་སྟེ། དེ་ལ་གནས་ཞེས་བྱ་བ་ནི་དེ་བཞིན་ཉིད་དོ། །སྤྱོད་པར་བྱེད་པ་ཞེས་བྱ་བ་ནི་ཡེ་
ཤེས་བཞི་པོ་དག་སྟེ་སྤྱོད་པ་དང་ལྡན་པའི་ཕྱིར་རོ། །བསྡུ་བ་ཞེས་བྱ་བ་ནི་ཡེ་ཤེས་བཞི་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བ་ལ་སོགས་པའོ། །ཁ་ཅིག་ལས་ནི་དོན་རྣམ་པ་བཞིས་ས་ཞེས་བྱའོ་ཞེས་བཤད་དེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་འགྲེལ་པ་ལས་
ཇི་སྐད་དུ། ས་ཞེས་བྱ་བ་ནི་འདི་ལྟ་སྟེ། སྤྱོད་ཡུལ་དང་གནས་དང་སྤྱོད་པ་དང་བསྡུ་བར་བྱ་བའི་དོན་ཡིན་ཏེ། རྣལ་འབྱོར་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་ས་ཞེས་བྱ་སྟེ། དཔེར་ན་རྟའི་དཀྱུས་པ་ལྟ་བུར་དེ་ཁོ་ན་ལས་གཞན་ཕྱི་རོལ་དུ་མི་འགྲོ་བའི་ཕྱིར་རོ། །ཡང་ན་རྣལ་འབྱོར་པས་གནས་
འདི་ལ་བརྟེན་ནས་རང་གི་ཆོས་བརྟས་ཤིང་འཕེལ་བར་འགྱུར་བའི་ཕྱིར་ས་ཞེས་བྱ་སྟེ། དཔེར་ན་ལོ་ཏོག་སྤྱོད་པའི་ས་དང་འདྲ་བར་དེ་ནི་དེ་དག་གི་ས་ཡིན་ནོ། །ཡང་ན་རྣལ་འབྱོར་སྤྱོད་པའི་སར་བསྡུས་པའི་ཡེ་ཤེས་ཀྱི་སྤྱོད་པ་འདི་ལ་བརྟེན་ནས་མངོན་དུ་བྱེད་པ་དང་། འདི་ལ་བརྟེན་ནས་འཕེལ་བར་
འགྱུར་བའི་ཕྱིར་ས་ཞེས་བྱ་སྟེ། དཔེར་ན་རིན་པོ་ཆེའི་འབྱུང་ཁུངས་ཀྱི་ས་ལྟ་བུའོ། །ཡང་ན་རྣལ་འབྱོར་པ་དག་འདི་ལ་སྤྱོད་པར་བྱེད་ཅིང་རང་གི་ཆོས་ཀྱི་ལོངས་སྤྱོད་ཉམས་སུ་མྱོང་བར་བྱེད་པའི་ཕྱིར་ས་ཞེས་བྱ་སྟེ། དཔེར་ན་བ་ལང་གི་ས་དང་འདྲ་བས་དེ་ནི་དེ་དག་གི་ས་ཡིན་ནོ་ཞེས་འབྱུང་བ་ལྟ་བུ་སྟེ།
ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་མདོ་སྡེའི་རྒྱན་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་དང་། འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བསྟན་པ་རྣམ་པ་དེ་

ལྟར་ཐ་དད་པར་གྱུར་པ་ཡང་འཇིག་རྟེན་པའི་ས་བཞིན་དུ་གོང་དུ་བསྟན་པའི་དོན་རྣམས་དང་ལྡན་པས་དཔེ་ལས་མིང་དུ་བཏགས་པའི་ཕྱིར་ས་ཞེས་བརྗོད་དོ། །རྒྱ་གར་སྐད་དུ་པ་ར་མི་ཏ་ཞེས་བྱ་བ་བསྒྱུར་ན་ཕ་རོལ་དུ་ཕྱིན་པ་ཞེས་ཟེར་ཏེ། སྦྱིན་པ་ལ་སོགས་པའི་སྟོབས་ཀྱིས་འཁོར་བའི་ཚུ་རོལ་ནས་
མྱ་ངན་ལས་འདས་པའི་ཕྱི་རོལ་དུ་ཕྱིན་པར་བྱེད་པའི་ཕྱིར་ཕ་རོལ་དུ་ཕྱིན་པ་ཞེས་བྱའོ། །ལེའུ་འདི་ལས་ས་དང་ཕ་རོལ་དུ་ཕྱིན་པ་རྣམས་རྒྱ་ཆེར་སྟོན་པའི་ཕྱིར་ས་དང་ཕ་རོལ་ཏུ་ཕྱིན་པའི་ལེའུ་ཞེས་གསུངས་སོ། །དེ་ལ་གོ་རིམས་ཀྱི་དགོངས་པ་བསྟན་པ་ཡང་མཚུངས་པ་མེད་པར་སྤྱོད་པ་ལ་གོང་
དུ་དོན་རྣམ་པ་གཉིས་སུ་བསྟན་ཏེ། ཞི་གནས་དང་ལྷག་མཐོང་བསྟན་པ་དང་། ས་དང་ཕ་རོལ་དུ་ཕྱིན་པ་བསྟན་པའོ་ཞེས་བསྟན་པ་ལས། དེ་ཡན་ཆད་དུ་ཞི་གནས་དང་ལྷག་མཐོང་བསྟན་ནས། འདི་མན་ཆད་དུ་ནི་གཉིས་པ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྒོ་ཞེས་སྟོན་ཏེ། འདི་ལྟར་རྣལ་འབྱོར་
བསྒོམ་པའི་སྒོ་ནི་རྣམ་པ་གཉིས་ཏེ། དང་པོ་ནི་ཞི་གནས་དང་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་ལྷག་མཐོང་སྐྱེད་པ་གང་ཡིན་པ་དེ་ནི་སྤྱིའི་མཚན་ཉིད་ཀྱི་སྒོ་ཡིན་པས་དེའི་ཕྱིར་སྔར་བསྟན་ཏོ། །གཉིས་པ་ནི་ས་ལ་བརྟེན་ནས་ཕ་རོལ་དུ་ཕྱིན་པ་སྐྱེད་པ་གང་ཡིན་པ་དེ་ནི་བྱེ་བྲག་གི་མཚན་ཉིད་ཀྱི་སྒོ་
ཡིན་པས་དེའི་ཕྱིར་ཕྱིས་བསྟན་ཏོ། །ཡང་ན་ཞི་གནས་དང་ལྷག་མཐོང་ནི་བསྡུས་པ་ཡིན་པའི་ཕྱིར་སྔར་བསྟན་ལ་ས་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་སྐྱེད་པ་ནི་རྒྱས་པ་ཡིན་པའི་ཕྱིར་ཕྱིས་བསྟན་ཏོ། །གོ་རིམས་ཀྱི་དགོངས་པ་བཤད་ཟིན་ཏེ། ད་ནི་ཚིག་གི་དོན་བཤད་པར་བྱའོ། །དེ་ནས་བྱང་
ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ས་བཅུ་ནི་འདི་ལྟ་སྟེ། རབ་ཏུ་དགའ་བའི་ས་དང་། དྲི་མ་མེད་པའི་ས་དང་། འོད་བྱེད་པའི་ས་དང་།
འོད་འཕྲོ་བ་ཅན་གྱི་ས་དང་། ཤིན་ཏུ་སྦྱང་བར་དཀའ་བའི་ས་དང་། མངོན་དུ་གྱུར་པའི་ས་དང་། རིང་དུ་སོང་བའི་ས་དང་། མི་གཡོ་བའི་ས་དང་། ལེགས་པའི་བློ་གྲོས་ཀྱི་ས་དང་། ཆོས་ཀྱི་སྤྲིན་གྱི་སའོ་ཞེས་གསུངས་པ་དང་། གཞན་ཡང་སངས་རྒྱས་ཀྱི་ས་ནི་བཅུ་གཅིག་པའོ་ཞེས་

གང་གསུངས་པའི་ས་དེ་དག་རྣམ་པར་དག་པ་དུ་དག་དང་། ཡན་ལག་དུ་དག་གིས་བསྡུས་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ཚིག་གི་དོན་ཡང་དག་པར་སྟོན་ཏོ། །ལེའུ་འདི་ཡང་མདོར་བསྡུ་ན་རྣམ་པ་གཉིས་སུ་དབྱེ་སྟེ། ཞུས་པ་དང་ལན་དག་གིས་ཡང་དག་པར་
བསྟན་པའི་ཕྱོགས་དང་། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་མན་ཆད་བཀའ་བཞིན་དུ་སྒྲུབ་པའི་ཕྱོགས་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཚིག་རྐྱང་པས་རྒྱ་ཆེར་རྣམ་པར་བཤད་པ་དང་། ཚིགས་སུ་བཅད་པས་མདོར་བསྡུས་ཏེ་བསྟན་
པའོ། །ཡང་ན་ལེའུ་འདི་ལ་རྣམ་པ་གསུམ་དུ་དབྱེ་སྟེ། ཚིག་རྐྱང་པས་རྒྱ་ཆེར་རྣམ་པར་བཤད་པ་དང་། ཚིགས་སུ་བཅད་པས་མདོར་བསྡུས་ཏེ་བསྟན་པ་དང་། བཀའ་བཞིན་དུ་ཡང་དག་པར་སྒྲུབ་པའོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་། འདིར་ནི་རེ་ཞིག་བཤད་པ་སྔ་མ་དང་
སྦྱར་ནས་བསྟན་པར་བྱའོ། །དེ་ལ་ཚིག་རྐྱང་པས་རྒྱ་ཆེར་རྣམ་པར་བཤད་པ་ཡང་རྣམ་པ་བཞིར་དབྱེ་སྟེ། ས་རྣམས་རྒྱ་ཆེར་བསྟན་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་
རྣམས་ཀྱི་བསླབ་པའི་གཞི་རྣམ་པ་དུ་ཞིག་མཆིས་ཞེས་བྱ་བ་མན་ཆད་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་རྒྱ་ཆེར་བསྟན་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ས་དེ་དག་ལ་ཉོན་མོངས་པའི་བག་ལ་
ཉལ་དུ་མཆིས་ལགས་ཞེས་བྱ་བ་མན་ཆད་ཀྱིས་ས་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་དང་། མི་མཐུན་པའི་ཕྱོགས་ཀྱི་སྒྲིབ་པ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་
སྐད་དུ་ཉན་ཐོས་ཀྱི་ཐེག་པ་གང་ཡིན་པའོ་ཞེས་བྱ་བ་མན་ཆད་ཀྱིས་དེ་བཞིན་གཤེགས་པས་ཐེག་པ་གཅིག་ཏུ་གསུངས་པའི་དགོངས་པ་བསྟན་པའོ། །དེ་ལྟར་རྣམ་པ་བཞིར་བསྟན་པ་ལ་ཡང་ས་རྣམས་ལ་བརྟེན་ནས་ནི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་འགྱུར་བ་དང་། ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ནི་

སྒྲིབ་པ་རྣམས་སེལ་བ་དང་། སྒྲིབ་པ་ཡོངས་སུ་བསལ་བའི་ཕྱིར་ནི་ཐེག་པ་གཅིག་གིས་འབྲས་བུ་ཐོབ་པར་འགྱུར་བའི་ཕྱིར་རྣམ་པ་བཞིར་བསྟན་ཏོ། །དེ་ལ་ས་རྣམས་རྒྱ་ཆེར་རྣམ་པར་བཤད་པ་ཡང་རྣམ་པ་དྲུག་ཏུ་དབྱེ་སྟེ། རྣམ་པར་དག་པ་རྣམ་པ་བཞི་སྟེ། ཡན་ལག་བཅུ་གཅིག་ལས་བརྩམས་
ནས་ས་རྣམས་རྣམ་པར་དབྱེ་བ་དང་། སའི་མིང་གི་དོན་བསྟན་པ་དང་། ཀུན་དུ་རྨོངས་པ་ཉི་ཤུ་རྩ་གཉིས་ལས་བརྩམས་ནས་ས་རྣམས་རྣམ་པར་དབྱེ་བ་དང་། ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་ཀྱིས་ས་རྣམས་རྣམ་པར་དབྱེ་བ་དང་། སྐྱེ་བ་ཁྱད་པར་དུ་འཕགས་པ་ལས་བརྩམས་ནས་ས་རྣམས་རྣམ་པར་དབྱེ་
བ་དང་། སྨོན་ལམ་རྣམ་པ་གསུམ་ལས་བརྩམས་ནས་ས་རྣམས་རྣམ་པར་དབྱེ་བའོ། །དང་པོ་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་དང་པོ་བྱང་ཆུབ་སེམས་དཔས་ཞུ་བ་གསོལ་བའོ། །མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་བསྟན་ཏེ། ཞུ་བ་གསོལ་བ་དང་། ལན་
དུ་གསུངས་པ་སྨོས་པ་དང་། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཞེས་བྱ་བ་མན་ཆད་ཞུ་བ་གསོལ་བ་ཉིད་ཀྱི་བསྟན་པ་སྨོས་པ་དང་། གང་གསུངས་པའི་ས་དེ་དག་ཅེས་བྱ་བ་མན་ཆད་ཞུ་བ་གསོལ་བ་ཉིད་ཀྱི་ཚིག་བསྟན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་
འདི་ནི་ཞུ་བ་གསོལ་བའི་བྱང་ཆུབ་སེམས་དཔའི་མིང་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་འདི་ནང་ཤེས་རབ་དང་སྙིང་རྗེ་དང་ལྡན་ཞིང་ཕྱི་རོལ་ཏུ་ལུས་ལ་སོགས་པའི་ལས་གསུམ་པོ་དག་རྩོལ་བ་མེད་པར་རང་གི་ངང་གིས་རང་དབང་དུ་གྱུར་པས་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱའོ། །
ཡང་ན་ཤེས་པ་དང་ཡུལ་ལས་སྤྱན་རས་གཟིགས་དབང་ཕྱུག་ཅེས་མིང་དུ་བཏགས་པ་ཡིན་ཏེ། དེའི་ཕྱིར་འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ནི་སྙིང་རྗེ་ཆེན་པོའི་ཆོས་ཀྱི་སྒོ་མོ་ལ་གནས་པའོ་ཞེས་གསུངས་སོ། །གཞན་ཡང་
དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། སྤྱན་རས་གཟིགས་དབང་ཡེ་ཤེས་གྱ་ནོམ་སྟོབས་ཀྱིས་ནི། །འཇིག་རྟེན་སྡུག་བསྔལ་རྣམས་ལས་ཡོངས་སུ་སྐྱོབ་པར་བྱེད། །ཅེས་གསུངས་སོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གཟིགས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་

དབང་ཕྱུག་ནི་སྔར་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་པ་ཡིན་ཏེ། མཚན་ཡང་དག་པའི་ཆོས་ཀྱི་སྣང་བ་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་དེ་བཞིན་གཤེགས་པས་སྤྱན་རས་གཟིགས་དབང་ཕྱུག་ལུང་བསྟན་པའི་མདོ་ལས། བྱང་ཆུབ་སེམས་
དཔའ་སྤྱན་རས་གཟིགས་དབང་ཕྱུག་ནི། སངས་རྒྱས་བྱམས་པའི་རྒྱལ་ཚབ་དུ་གྱུར་པ་ཡིན་ཏེ། མཚན་ནི་སངས་རྒྱས་ཀུན་དུ་སྟོན་པའི་རིའི་རྒྱལ་པོ་ཞེས་བྱའོ་ཞེས་གསུངས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པས་ནི་ཞུ་བ་གསོལ་བའི་གསུང་རབ་ཉིད་
སྨོས་པ་སྟེ། འདི་ལྟར་འཕགས་པ་ས་བཅུའི་མདོ་ལ་སོགས་པ་ལས། ས་བཅུའི་དང་དེ་བཞིན་གཤེགས་པའི་ས་ཡོངས་སུ་རྫོགས་པར་གསུངས་པས་སོ། །དེ་ལ་གང་གསུངས་པ་དེ་དག་ཅེས་བྱ་བ་ལ་སོགས་པས་ནི་ཞུ་བ་གསོལ་བ་ཉིད་ཀྱི་ཚིག་ཡང་དག་པར་བསྟན་ཏོ། །འདི་ལ་དགོངས་
པ་རྣམ་པ་གཉིས་ཡོད་དེ། དང་པོ་ནི་ས་བཅུ་པོ་དག་རྣམ་པར་དག་པ་བཞི་ལས། དུ་དག་གིས་བསྡུས་པར་འགྱུར་ཞེས་ཞུས་པའོ། །གཉིས་པ་ནི་ཡན་ལག་བཅུ་གཅིག་ལས་ནི་དུ་དག་གིས་བསྡུས་པར་འགྱུར་ཞེས་ཞུ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་
རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ས་དེ་དག་ནི་རྣམ་པར་དག་པ་བཞི་དང་ཡན་ལག་བཅུ་གཅིག་གིས་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་
གཉིས་ཏེ། ལན་མདོར་བསྡུས་ཏེ་གསུངས་པ་དང་། ཞུས་པ་དང་ལན་དག་གིས་རྒྱ་ཆེར་བཤད་པ་སྟེ། འདི་ནི་དང་པོའོ། །ཇི་ལྟར་རྣམ་པར་དག་པ་བཞི་པོ་དག་གིས་ས་རྣམས་བསྡུས་པར་འགྱུར་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་ཞུས་པ་དང་ལན་དག་གིས་རྒྱ་ཆེར་རྣམ་པར་བཤད་པ་སྟོན་ཏོ། །འདི་
ཡང་རྣམ་པ་གཉིས་ཏེ། རྣམ་པར་དག་པ་བཞིས་ས་རྣམས་བསྡུས་པར་བསྟན་པ་དང་། ཡན་ལག་བཅུ་གཅིག་གིས་ས་རྣམས་བསྡུས་པར་བསྟན་པའོ། །དང་པོ་ཡང་བརྟག་པ་དང་ལན་དུ་གསུངས་པས་བསྟན་ཏེ། འདི་ནི་དང་པོ་བརྟག་པའོ། །འདི་ལྟ་སྟེ། ས་དང་པོ་ནི་ལྷག་པའི་བསམ་པ་རྣམ་པར་

དག་པས་བསྡུས་སོ། །ས་གཉིས་པ་ནི་ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པས་བསྡུས་སོ། །ས་གསུམ་པ་ནི་ལྷག་པའི་སེམས་རྣམ་པར་དག་པས་བསྡུས་སོ། །ལྷག་པའི་ཤེས་རབ་རྣམ་པར་དག་པ་ནི་ས་ཕྱི་མ་དག་ཏུ་ཆེས་གྱ་ནོམ་པར་འགྱུར་བའི་ཕྱིར་ས་བཞི་པོ་ནས་བཟུང་སྟེ། སངས་རྒྱས་ཀྱི་
སའི་བར་དུ་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཡང་དག་པར་ལན་དུ་གསུངས་པའོ། །འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང་། མཇུག་བསྡུ་བ་སྟེ། འདི་ནི་དང་པོ་རྣམ་པར་བཤད་པའོ། །འདི་ལྟར་རྣམ་པར་དག་པ་ནི་བཞི་སྟེ། མདོ་འདི་ཉིད་ལས་ཇི་སྐད་
དུ་གསུངས་པ་ལྟ་བུའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་གནས་པ་བཞི་ཞེས་བཤད་དེ། དེའི་མདོ་འདི་ཉིད་ལས་གསུངས་པའི་རྣམ་པར་དག་པ་བཞི་པོ་དག་ཉིད་དོ། །དེ་ལས་དང་པོ་ནི་ལྷག་པའི་བསམ་པ་རྣམ་པར་དག་པས་བསྡུས་སོ་ཞེས་བྱ་བ་ལ་ལྷག་པའི་བསམ་པ་དེའི་བདག་
ཉིད་ཀྱང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ་ཞེས་བཤད་དེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་ལྷག་པའི་བསམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་
སོ་ཞེས་བསྟན་ཏོ། །གཞན་ཡང་དེ་ཉིད་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་བསམ་པ་རྣམ་པར་དག་པ་ཉིད་དོ་ཞེས་བཤད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་མོས་པའི་ངོ་བོ་ཉིད་དོ་ཞེས་བཤད་དོ། །དེའི་ཕྱིར་ལྷག་པའི་བསམ་པའི་ལེའུ་ལས་དད་པ་སྔོན་དུ་འགྲོ་བ་དང་།
ཆོས་རྣམ་པར་འབྱེད་པ་སྔོན་དུ་འགྲོ་བ་དང་། སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་པ་དང་སོ་སོར་རྟོག་པ་དང་། ངེས་པར་འབྱ