Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 119

Văn bản gốc(Tây Tạng)

Trang 15 / 18 (50.000 ký tự/trang)
འི་ས་དྲུག་པ་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཉིད་དུ་སྒོམ་ཞིང་འཁོར་བར་འཇུག་པའི་མཚན་མ་ཕྲ་མོ་དང་། ལུགས་ལས་ལྡོག་པའི་མཚན་མ་ཡོད་པ་ཉིད་དུ་འཛིན་པས་མཚན་མ་དེ་གཉིས་ཡོངས་སུ་བཟུང་བའི་
ཕྱིར་ས་བདུན་པའི་གྱ་ནོམ་པ་མཚན་མ་མེད་པའི་ལམ་ལ་སྒྲིབ་པར་བྱེད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། བདུན་པ་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་སྐྱེ་བ་དང་། འཇིག་པའི་
མཚན་མ་ཕྲ་མོ་ཀུན་དུ་འབྱུང་བ་ཡོད་པ་ཉིད་དུ་འཛིན་པས་དེས་ས་བདུན་པའི་གྱ་ནོམ་པ་མཚན་མ་མེད་པའི་ལམ་ལ་སྒྲིབ་པར་བྱེད་དེ། ས་བདུན་པར་ཞུགས་པའི་ཚེ་ཡོངས་སུ་སྤོང་བར་བྱེད་པས་དེས་ན་ས་བདུན་པས་ནི་ཀུན་དུ་རྨོངས་པ་རྣམ་པ་གཉིས་དང་། དེའི་གནས་ངན་ལེན་སྤོང་བར་བཤད་དེ། དང་
པོ་ནི་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་རྨོངས་པ་སྟེ། དེ་འདིར་སྐྱེ་བ་ཡོད་པ་ཉིད་དུ་འཛིན་ཅིང་འཁོར་བར་འཇུག་པའི་སྐྱེ་བ་ཕྲ་མོའི་མཚན་མ་ལེན་པའི་ཕྱིར་རོ། །གཉིས་པ་ནི་གཅིག་ཏུ་མཚན་མ་མེད་པའི་ཡིད་ལ་བྱེད་པས་གཉེར་བའི་ཀུན་དུ་རྨོངས་པ་སྟེ། དེ་ནི་འདི་འགོག་པ་ཡོད་པ་ཉིད་དུ་འཛིན་
ཅིང་ལུགས་ལས་ལྡོག་པའི་མཚན་མ་ལེན་པའི་ཕྱིར་གཅིག་ཏུ་མཚན་མ་མེད་པ་ཉིད་ཡིད་ལ་བྱེད་པས་ནན་ཏན་གྱིས་ཡོངས་སུ་ཚོལ་བར་བྱེད་ཀྱང་སྟོང་པ་ཉིད་ལ་སྤྱོད་པ་ཁྱད་པར་དུ་འཕགས་པ་བསྐྱེད་པས་མི་ནུས་པའོ་ཞེས་འབྱུང་བ་ཡིན་ནོ། །འཕགས་པ་ས་བཅུ་པའི་འགྲེལ་པ་ལས་ནི་མཚན་མ་
ཕྲ་མོའི་བག་ཆགས་ཀྱི་སྒྲིབ་པ་ཞེས་བཤད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ནི་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་མ་རིག་པ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བ་ཞེས་བཤད་
དོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཀྱང་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་སྒྲིབ་པ་ཞེས་བསྟན་ཏོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་ཉེས་པ་ཞེས་གསུངས་པ་དང་། མདོ་འདི་ཉིད་ལས་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་སྒྲིབ་

པ་ཞེས་གསུངས་པ་ནི་མཚན་མའི་རྣམ་པ་ལས་མིང་དུ་གཞག་པ་དང་། ཀུན་དུ་རྨོངས་པ་རྣམ་པ་གཉིས་བསྡུ་བ་ཡིན་པས། ཕན་ཚུན་འགལ་བ་མེད་པ་ཡང་གོང་མ་བཞིན་དུ་རིག་པར་བྱའོ། །དེ་ལ་ངེས་པའི་ཚིག་བསྟན་པ་ཡང་དེ་དག་ཐམས་ཅད་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་ཡིན་ཏེ། སྔ་མ་བཞིན་དུ་
རིག་པར་བྱའོ། །ས་བརྒྱད་པ་ལ་ནི་མཚན་མ་མེད་པ་ལ་རྩོལ་བ་དང་མཚན་མ་དང་བཅས་པ་ལ་དབང་དུ་མ་གྱུར་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ས་བརྒྱད་པའི་སྒྲིབ་པ་བསྟན་པའོ། །འདི་ལྟར་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་མཚན་མ་མེད་པ་སྒོམ་པ་རང་གི་
ངང་གིས་མི་འབྱུང་བ་དང་། ཀུན་དུ་རྨོངས་པ་རྣམ་པ་གཉིས་ཀྱང་བསྡུས་པ་ཡིན་ཏེ། མཚན་མ་མེད་པ་ལ་རྩོལ་བའི་ཀུན་དུ་རྨོངས་པ་དང་། མཚན་མ་དང་བཅས་པ་ལ་དབང་དུ་མ་གྱུར་པའི་ཀུན་དུ་རྨོངས་པའོ། །དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། བརྒྱད་པ་མཚན་མ་མེད་པ་
ལས་རྩོལ་བ་དང་བཅས་པའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་མཚན་མ་མེད་པར་བསྒོམ་པ་རང་གི་ངང་གིས་མི་སྐྱེ་བ་གང་ཡིན་པའོ། །ས་སྔ་མ་ལྔ་པོ་དག་ཏུ་མཚན་མ་དང་བཅས་པའི་རྣལ་འབྱོར་ནི་མང་ལ། མཚན་མ་མེད་པའི་རྣལ་འབྱོར་
ནི་ཉུང་ངོ་། །ས་དྲུག་པ་ལ་ནི་མཚན་མ་དང་བཅས་པའི་རྣལ་འབྱོར་ནི་ཉུང་ལ། མཚན་མ་མེད་པའི་རྣལ་འབྱོར་ནི་མང་ངོ་། །ས་བདུན་པ་ལ་ནི་གཅིག་ཏུ་མཚན་མ་མེད་པའི་རྣལ་འབྱོར་རྒྱུན་དུ་མངོན་སུམ་དུ་འགྱུར་ཡང་རྩོལ་བ་དང་བཅས་པ་ཡིན་ཏེ། འདི་ལྟར་མཚན་མ་མེད་པ་ལ་རྩོལ་བ་དང་བཅས་
པའི་ཕྱིར་རང་གི་ངང་གིས་མཚན་མ་དང་ཞིང་སྟོན་པར་མི་ནུས་སོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུ་བསྟན་པ་ཡིན་ནོ། །འཕགས་པ་ས་བཅུ་པའི་འགྲེལ་པ་ལས་མཚན་མ་མེད་པ་ལ་རྩོལ་བ་དང་བཅས་པའི་སྒྲིབ་པ་ཞེས་འབྱུང་བ་དང་། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་
བསྒྱུར་བ་ལས་མཚན་མ་མེད་པའི་མངོན་པར་འདུ་བྱེད་པ་ཞེས་བཤད་པ་དང་། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། མཚན་མ་མེད་པ་ལ་རྩོལ་བའི་སྒྲིབ་པ་ཞེས་འབྱུང་བ་ཀུན་དུ་རྨོངས་པ་གཅིག་ཏུ་བསྡུས་པ་ཡིན་པས་འདི་ལྟ་སྟེ། མཚན་མ་མེད་པ་ལ་རྩོལ་བའི་ཀུན་དུ་རྨོངས་པའོ། །བསྟན་

བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་མིང་གཅིག་སྨོས་པ་ཡང་སྤྱིར་ཀུན་དུ་རྨོངས་པ་གཉིས་བསྡུས་པ་ཡིན་ཏེ། འདི་ལྟ་སྟེ། མཚན་མ་མེད་པ་ལ་རྩོལ་བའི་ཀུན་དུ་རྨོངས་པ་དང་། མཚན་མ་ལ་དབང་དུ་མ་གྱུར་པའི་ཀུན་དུ་རྨོངས་པའོ། །དགོངས་པ་ཟབ་མོ་རྣམ་པར་
དགོལ་བའི་མདོ་ལས་ནི། མཚན་མ་མེད་པ་ལ་རང་གི་ངང་གིས་རྩོལ་བ་མེད་པར་འཇུག་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་འབྱུང་སྟེ། འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ས་བརྒྱད་པ་ལ་མཚན་མ་མེད་པའི་ཤེས་པའི་སྤྱོད་པ་རྩོལ་བ་མེད་པ་རང་གི་ངང་གིས་འཇུག་པས་
འདིས་དེ་ལ་སྒྲིབ་པའི་ཕྱིར་མཚན་མ་མེད་པ་ལ་རང་གི་ངང་གིས་རྩོལ་བ་མེད་པར་འཇུག་པ་ཞེས་བྱ་བ་གསུངས་ཏེ། འདི་ནི་རྣམ་པ་གཉིས་ལས་མཚན་མ་མེད་པ་ལ་རྩོལ་བའི་ཀུན་དུ་རྨོངས་པ་ཉིད་དོ་ཞེའོ། །ཁ་ཅིག་ན་རེ་མདོ་དེ་ཡང་དགོངས་པ་ཟབ་མོ་ངེས་པར་དགྲོལ་བའི་མདོ་དང་མཐུན་པར་
ཀུན་དུ་རྨོངས་པ་གཉིས་ཅིག་ཅར་སྨོས་པ་ཡིན་ཏེ། དེ་ལ་དང་པོ་མཚན་མ་མེད་པའི་སྤྱོད་པ་ཞེས་བྱ་བ་ནི་མཚན་མ་མེད་པ་ལ་རྩོལ་བའི་ཀུན་དུ་རྨོངས་པ་ཞེས་བྱ་བ་ཉིད་དེ། །གཉིས་པ་རང་གི་ངང་གིས་འཇུག་པའི་ཉེས་པ་ཞེས་བྱ་བ་ནི་མཚན་མ་དང་བཅས་པ་ལ་དབང་དུ་འགྱུར་བའི་ཀུན་དུ་རྨོངས་པ་ཞེས་བྱ་
བ་ཉིད་དོ། །སྒྲིབ་པ་འདི་གཅིག་གིས་ནི་ཀུན་དུ་རྨོངས་པ་གཉིས་ཚང་བར་བསྡུས་པ་ཡིན་ཏེ། མདོ་ལས་གསུངས་པ་བཞིན་དུ་རིག་པར་བྱའོ་ཞེའོ། །ངེས་པའི་ཚིག་བསྟན་པ་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་དང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་
པའི་འགྲེལ་པ་དང་། རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་མཚན་མ་མེད་པ་ལ་རྩོལ་བའི་སྒྲིབ་པ་ཞེས་བསྟན་པ་ནི་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་ཡིན་ཏེ། འདི་ལྟར་མཚན་མ་མེད་པའི་དབང་གིས་རྩོལ་བའི་ཤེས་པ་འབྱུང་བས་རྩོལ་བའི་ཤེས་པའི་ངོ་བོ་ཉིད་ནི་སྒྲིབ་པ་ཡིན་ཏེ།
འདི་ནི་རྩོལ་བའི་ཤེས་པའི་སྒྲིབ་པ་ཡིན་པའི་ཕྱིར་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་ཡིན་ནོ། །མདོ་འདི་ཉིད་ལས་མཚན་མ་མེད་པ་ལ་རྩོལ་བ་དང་མཚན་མ་དང་བཅས་པ་ལ་དབང་དུ་མ་གྱུར་པའི་སྒྲིབ་པ་ཞེས་གསུངས་པ་ཡང་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པའོ།

ས་དགུ་པ་ལས་ནི་རྣམ་པ་ཐམས་ཅད་དུ་ཚིག་མཁས་པ་ལ་དབང་དུ་མ་གྱུར་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ས་དགུ་པའི་སྒྲིབ་པ་བསྟན་པའོ། །འདི་ལྟར་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་སོ་སོ་ཡང་དག་པར་རིག་པ་བཞིའི་ཆོས་ལ་སྒྲིབ་པར་བྱེད་
པའི་ངོ་བོ་ཉིད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། དགུ་པ་གཞན་ལ་ཕན་འདོགས་པ་སྒྲུབ་པར་མི་འདོད་པའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་སེམས་ཅན་ལ་ཕན་འདོགས་པའི་དངོས་པོ་ལ་རྩོན་པར་
མི་འདོད་ཅིང་རང་གི་དོན་ལ་མོས་པ་གང་ཡིན་པ་སྟེ། དེས་ས་དགུ་པའི་སོ་སོ་ཡང་དག་པར་རིག་པ་བཞི་ལ་སྒྲིབ་པར་བྱེད་དེ། ས་དགུ་པ་ལ་ཞུགས་པའི་ཚེ་ཡོངས་སུ་སྤོང་བར་བྱེད་པས་དེས་ན་ས་དགུ་པས་ཀུན་དུ་རྨོངས་པ་གཉིས་དང་དེའི་གནས་ངན་ལེན་སྤོང་ངོ་ཞེས་བསྟན་ཏེ། དང་པོ་ནི་ཆོས་
བསྟན་པའི་མིང་དང་ཚིག་དང་ཡི་གེ་དཔག་ཏུ་མེད་པ་དང་། གོང་ནས་གོང་དུ་ཤེས་རབ་དང་སྤོབས་པ་དང་། གཟུངས་ཀྱི་དབང་ལ་ཀུན་དུ་རྨོངས་པའོ། །དེ་ལ་ཆོས་བསྟན་པ་དཔག་ཏུ་མེད་པའི་གཟུངས་ལ་དབང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པས་བརྗོད་པར་བྱ་བའི་
གཟུངས་ལ་དབང་ཐོབ་པས་དོན་གཅིག་གི་ནང་དུ་དོན་ཐམས་ཅད་སྟོན་པའི་ཕྱིར་རོ། །མིང་དང་ཚིག་དང་ཡི་གེ་དཔག་ཏུ་མེད་པའི་གཟུངས་ལ་དབང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཆོས་སོ་སོ་ཡང་དག་པར་རིག་པས་རྗོད་པར་བྱེད་པའི་གཟུངས་ལ་དབང་ཐོབ་པས་མིང་དང་ཚིག་དང་ཡི་གེ་གཅིག་གི་ནང་དུ་མིང་
དང་ཚིག་དང་ཡི་གེ་ཐམས་ཅད་སྟོན་པའི་ཕྱིར་རོ། །གོང་ནས་གོང་དུ་ཤེས་རབ་དང་སྤོབས་པ་དང་གཟུངས་ལ་དབང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཚིག་སོ་སོ་ཡང་དག་པར་རིག་པས་སྒྲ་སྐད་གཅིག་གིས་གཅིག་རྣམ་པར་བཤད་པའི་གཟུངས་ལ་དབང་ཐོབ་པས་སྒྲ་སྐད་གཅིག་གི་ནང་དུ་ཐམས་ཅད་
སྟོན་པའི་ཕྱིར་རོ། །གཉིས་པ་ནི་སྤོབས་པ་ལ་དབང་བའི་ཀུན་དུ་རྨོངས་པའོ། །དེ་ལ་སྤོབས་པ་ལ་དབང་བ་ནི་འདི་ལྟ་སྟེ། སྤོབས་པ་སོ་སོ་ཡང་དག་པར་རིག་པས་དབང་པོ་ལ་མཁས་ཤིང་ཆོས་སྟོན་པ་ལ་མཁས་པའི་ཕྱིར་རོ། །ཀུན་དུ་རྨོངས་པས་དབང་རྣམ་པ་བཞི་པོ་དག་ལ་སྒྲིབ་པར་བྱེད་པ་

གང་ཡིན་པ་དེ་དག་ནི་འདིར་སྒྲིབ་པ་དགུ་པས་བསྡུས་པ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །འཕགས་པ་ས་བཅུ་པའི་འགྲེལ་པ་ལས་ནི་སེམས་ཅན་ལ་ལེགས་པར་ཕན་མི་འདོགས་པའི་སྒྲིབ་པ་ཞེས་བཤད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་
བ་ལས་སེམས་ཅན་ལ་ཕན་འདོགས་པའི་བྱ་བ་རྩོལ་བ་ལ་མི་ལྟོས་པའི་མ་རིག་པ་ཞེས་འབྱུང་བ་དང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། སེམས་ཅན་ལ་ཕན་འདོགས་པའི་བྱ་བ་མི་བྱེད་པ་ཞེས་འབྱུང་བ་ནི། གཉི་ག་ཡང་ཀུན་དུ་རྨོངས་པ་གཉིས་བསྡུས་པ་ཡིན་
པས་དོན་དུ་འགལ་བ་མེད་དེ། ཐ་དད་པ་མེད་པའི་ཕྱིར་རོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་རྣམ་པ་ཐམས་ཅད་དུ་ཆོས་བསྟན་པ་ལ་དབང་དུ་མ་གྱུར་པ་ཞེས་གསུངས་པ་དང་། མདོ་འདི་ཉིད་ལས་རྣམ་པ་ཐམས་ཅད་དུ་ཚིག་ལ་མཁས་པ་ལ་དབང་དུ་མ་གྱུར་པའི་སྒྲིབ་པ་ཞེས་
གསུངས་པ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་འདི་ནི་སྤོབས་པ་ལ་དབང་བའི་ཀུན་དུ་རྨོངས་པ་ཉིད་དོ་ཞེའོ། །ཁ་གཅིག་ན་རེ་སྤྱིར་ཀུན་དུ་རྨོངས་པ་གཉིས་བསྡུས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་རྣམ་པ་ཐམས་ཅད་དུ་ཚིག་ལ་མཁས་པ་ཞེས་བྱ་བ་ནི་སོ་སོ་ཡང་དག་པར་རིག་
པ་བཞི་ལ་སྤྱིར་རྣམ་པ་ཐམས་ཅད་ཚིག་ལ་མཁས་པ་ཞེས་བྱའོ། །དེ་ལ་ངེས་པའི་ཚིག་བསྟན་པ་ནི་གོང་དུ་བསྟན་པའི་བསྟན་བཅོས་དང་། འགྲེལ་པ་རྣམ་པ་བཞི་དང་མདོ་གཉིས་པོ་དག་ལས་བསྟན་པ་ཐམས་ཅད་ཀྱང་བདག་པོའི་དབང་དུ་མཛད་པའི་རྣམ་པར་བཤད་པ་ཡིན་ཏེ། བརྟགས་ན་ཁོང་དུ་ཆུད་པར་
འགྱུར་རོ།། །།བམ་པོ་བཞི་བཅུ་དགུ་པ། ས་བཅུ་པ་ལ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་མངོན་དུ་བྱ་བ་མ་ཐོབ་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ས་བཅུ་པའི་སྒྲིབ་པ་བསྟན་པའོ། །འདི་ཡང་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་ཡིན་ནོ། །བསྟན་
བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་། མདོ་འདི་ཉིད་ལས་འོག་ནས་བསྟན་པ་དང་སྦྱར་ན་ཀུན་དུ་རྨོངས་པ་རྣམ་པ་གཉིས་ཀྱང་བསྡུས་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། བཅུ་པ་ཆོས་རྣམས་ལ་དབང་མ་ཐོབ་པའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་ལས་

ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་ཆོས་རྣམས་ལ་དབང་ཐོབ་པར་མི་བྱེད་པས་དེས་ས་བཅུ་པའི་ཆོས་ཆེན་པོའི་སྤྲིན་གྱི་ཤེས་པ་དང་། ཡོངས་སུ་སྦས་པ་དང་དེས་བསྐྱེད་པའི་བྱ་བ་དག་ལ་སྒྲིབ་པར་བྱེད་དེ། ས་བཅུ་པར་ཞུགས་པའི་ཚེ་ཡོངས་སུ་སྤོང་བར་བྱེད་པ་དེས་ན་ས་བཅུ་པས་ཀུན་དུ་
རྨོངས་པ་རྣམ་པ་གཉིས་དང་། དེའི་གནས་ངན་ལེན་སྤོང་བར་བྱེད་དོ་ཞེས་བཤད་དོ། །ས་དང་པོ་ནི་མངོན་པར་ཤེས་པ་ཆེན་པོ་ལ་ཀུན་དུ་རྨོངས་པ་སྟེ། དེ་ནི་འདི་ལྟར་དེས་བསྐྱེད་པའི་བྱ་བ་དག་ལ་སྒྲིབ་པར་བྱེད་པ་ཞེས་བསྟན་པ་ཉིད་དོ། །གཉིས་པ་ནི་གསང་བའི་རྗེས་སུ་འཇུག་ཅིང་ཁོང་དུ་ཆུད་པ་ལ་
ཀུན་དུ་རྨོངས་པ་སྟེ། དེ་ནི་འདིར་ཆོས་ཆེན་པོའི་སྤྲིན་གྱི་ཤེས་པ་དང་ཡོངས་སུ་སྦས་པ་ལ་སྒྲིབ་པར་བྱེད་པ་ཉིད་དོ་ཞེས་བསྟན་པ་ཉིད་དོ་ཞེས་འབྱུང་བ་ཡིན་ནོ། །འཕགས་པ་ས་བཅུའི་འགྲེལ་པ་དང་། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་དང་། རྣམ་པར་རིག་
པ་ཙམ་དུ་གྲུབ་པ་ལས་ཆོས་རྣམས་ལ་དབང་མ་ཐོབ་པའི་སྒྲིབ་པ་ཞེས་འབྱུང་བ་ནི་ཀུན་དུ་རྨོངས་པ་རྣམ་པ་གཉིས་ལས་གསང་བའི་རྗེས་སུ་འཇུག་ཅིང་ཁོང་དུ་ཆུད་པ་ལ་ཀུན་དུ་རྨོངས་པ་ཞེས་བསྟན་པ་ཉིད་དོ། །ཡང་ན་སྤྱིར་ཀུན་དུ་རྨོངས་པ་གཉིས་བསྡུས་པར་བསྟན་ཏོ། །དགོངས་པ་ཟབ་མོ་རྣམ་
པར་དགྲོལ་བའི་མདོ་ལས་ས་བཅུ་པ་ལས་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་མངོན་དུ་བྱ་བའི་གཉེན་པོའོ་ཞེས་གསུངས་པ་དང་། མདོ་འདི་ཉིད་ལས་ས་བཅུ་པ་ལ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་མངོན་དུ་བྱ་བ་མ་ཐོབ་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་གསུངས་པས་ཀུན་དུ་རྨོངས་པ་
གཉིས་བསྡུས་པར་བཤད་ན་ཡང་དོན་དུ་འགལ་བ་མེད་དེ། ལོགས་ཤིག་ཏུ་མ་སྦྱར་བའི་ཕྱིར་རོ། །མདོ་འདི་ཉིད་ལས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་མ་ཐོབ་པ་ཞེས་གསུངས་པ་ནི་དེ་བཞིན་ཉིད་ཀྱི་སྐུའི་དབང་དུ་མཛད་ནས་བསྟན་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་
ཀུན་ལས་བཏུས་པ་ལས། དེ་ལ་ཆོས་ཀྱི་སྐུ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་གཏན་དུ་སྤངས་ཤིང་གནས་གྱུར་པས་བསྡུས་པ་གང་ཡིན་པའོ། །དེ་ཡང་ས་བཅུ་པ་ལས་ནི་ཡོངས་སུ་རྫོགས་པ་ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་ས་ལ་ནི་མངོན་པར་གྲུབ་པ་ཞེས་བྱའོ་ཞེས་བསྟན་ཏོ། །དེ་ལ་ངེས་པའི་

ཚིག་བསྟན་པ་ནི་བསྟན་བཅོས་རྣམ་པ་བཞི་དང་། མདོ་འདི་ཉིད་ལས་བསྟན་ཅིང་གསུངས་པའི་མིང་ལ་ཐ་དད་པ་ཡོད་ཀྱང་ཐོབ་པའི་མིང་དུ་མཚུངས་པས་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་ཡིན་ནོ། །རིགས་ཀྱི་བུ་ཞི་གནས་དང་ལྷག་མཐོང་དེ་དག་དེ་བཞིན་གཤེགས་པའི་ས་
ལ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་མཆོག་ཏུ་ཆེས་ཤིན་ཏུ་ཕྲ་བའི་གཉེན་པོར་གྱུར་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པར་ནི་སྒྲིབ་པ་བཅུ་གཅིག་པ་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཡོངས་སུ་སྤང་བར་བྱ་བའི་སྒྲིབ་པ་བསྟན་པ་དང་། སྒྲིབ་པ་སྤངས་པའི་ཕན་ཡོན་བསྟན་པ་སྟེ།
འདི་ནི་དང་པོའོ། །འདི་ལྟ་སྟེ། སྒྲིབ་པ་གཉིས་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གོ། །དེ་ལ་ཤིན་ཏུ་ཕྲ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པའོ། །མཆོག་ཏུ་ཆེས་ཤིན་ཏུ་ཕྲ་བ་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པའོ། །ཡང་ན་ཤིན་ཏུ་ཕྲ་བ་དང་། མཆོག་ཏུ་ཆེས་ཤིན་ཏུ་ཕྲ་བ་ཞེས་བྱ་བ་ནི་སྒྲིབ་པ་གཉིས་ཀ་
དང་ཡང་སྦྱར་ཏེ། གནས་སྐབས་མཐར་ཐུག་པ་ས་ཡོངས་སུ་སྤང་བར་བྱ་བ་ཡིན་པའི་ཕྱིར་ནི་ཤིན་ཏུ་ཕྲ་བ་ཞེས་བྱའོ། །གནས་སྐབས་མཆོག་གིས་ཡོངས་སུ་སྤང་བར་བྱ་བ་ཡིན་པའི་ཕྱིར་ནི་མཆོག་ཏུ་ཆེས་ཤིན་ཏུ་ཕྲ་བ་ཞེས་བྱའོ། །གཞན་ཡང་ཀུན་དུ་རྨོངས་པ་ཤིན་ཏུ་ཕྲ་བ་མེད་པས་ཤིན་ཏུ་ཕྲ་བ་ཞེས་
བྱའོ། །ཤིན་ཏུ་ཕྲ་བ་མཆོག་ཏུ་གྱུར་པ་མེད་པས་མཆོག་ཏུ་ཆེས་ཤིན་ཏུ་ཕྲ་བ་ཞེས་བྱའོ། །འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་སྒྲིབ་པ་གཉིས་ལས་མཐོང་བས་སྤང་བར་བྱ་བ་གང་ཡིན་པ་དེ་ནི་ས་དང་པོ་པས་སྤངས་སོ། །བསྒོམ་པས་སྤང་བར་བྱ་བ་ལས་ཤེས་བྱའི་སྒྲིབ་པ་གང་ཡིན་པ་དེ་ནི་མདོ་
སྡེ་དང་བསྟན་བཅོས་རྣམས་ལས་བསྟན་པ་དག་དང་མཐུན་པར་བཤད་དོ། །ཉོན་མོངས་པ་རྣམས་ལས་ལྷན་ཅིག་སྐྱེས་པ་གང་ཡིན་པ་དེ་དག་ནི་སྔ་མའི་ས་བཅུ་པོ་རྣམས་སུ་ཆེད་དུ་བཞག་ནས་མི་སྤོང་གི །སངས་རྒྱས་ཀྱི་སར་གདོད་སྤོང་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་
ལས། ས་འདིར་ཆོས་ལ་དབང་ཐོབ་མོད་ཀྱི་སྒྲིབ་པ་ལྷག་མ་དང་བཅས་པས་ཤིན་ཏུ་མཐར་ཐུག་པ་ཞེས་མི་བྱ་སྟེ། འདི་ལྟར་ལྷན་ཅིག་སྐྱེས་པའི་ཤེས་བྱའི་སྒྲིབ་པ་ཕྲ་མོ་དང་། རང་གི་ངང་གིས་འབྱུང་བའི་ཉོན་མོངས་པའི་སྒྲིབ་པའི་ས་བོན་ཡོད་པ་གང་ཡིན་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་གྱུར་

པ་ན་དེ་དག་ཅིག་ཅར་སྤངས་ནས་དེ་བཞིན་གཤེགས་པའི་སར་འཇུག་པས་དེས་ན་སངས་རྒྱས་ཀྱི་སར་ཀུན་དུ་རྨོངས་པ་གཉིས་དང་། དེའི་གནས་ངན་ལེན་སྤོང་ངོ་ཞེས་བཤད་དོ། དང་པོ་ནི་ཤེས་བྱ་ཐམས་ཅད་ལ་ཆགས་པ་ཕྲ་མོའི་ཀུན་དུ་རྨོངས་པ་སྟེ། དེ་ནི་འདིས་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོ་ཞེས་བསྟན་པའོ། །
གཉིས་པ་ནི་ཐོགས་པ་ཤིན་ཏུ་ཕྲ་མོའི་ཀུན་དུ་རྨོངས་པ་སྟེ། དེ་ནི་འདིར་རང་གི་ངང་གིས་འབྱུང་བའི་ཉོན་མོངས་པའི་སྒྲིབ་པའི་ས་བོན་ཞེས་བསྟན་པ་ཉིད་དེ། དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། དེ་བྱང་ཆུབ་ཐོབ་པ་ན་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཅིག་
ཅར་སྤོང་བའོ། །ཅིག་ཅར་དགྲ་བཅོམ་པ་དང་། དེ་བཞིན་གཤེགས་པར་འགྱུར་ཏེ། མྱ་ངན་ལས་འདས་པ་ཆེན་པོ་དང་། བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ་ཞེས་འབྱུང་ངོ་། །མདོ་འདི་ཉིད་ལས་གསུངས་པ་འདི་ནི་ཀུན་དུ་རྨོངས་པ་གཉིས་བསྟན་པ་ཉིད་དོ། །དགོངས་པ་ཟབ་
མོ་རྣམ་པར་དགྲོལ་བའི་མདོ་ལས། ས་བཅུ་གཅིག་པ་ལ་ནི་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་དང་མཆོག་ཏུ་ཆེས་ཤིན་ཏུ་ཕྲ་བའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་གསུངས་པ་ནི་ཕྱོགས་གཅིག་ཏུ་ཤེས་བྱའི་སྒྲིབ་པ་བསྟན་པ་ཡིན་ནོ། །སངས་རྒྱས་ཀྱི་སའི་སྒྲིབ་པ་འདི་ནི་བསྟན་བཅོས་གཞན་དག་ལས་མི་ལྟོས་
པས་དེའི་ཕྱིར་འདིར་མ་སྦྱར་རོ། །དེ་ལ་ངེས་པའི་ཚིག་བསྟན་པ་ནི་རྣམ་པར་བཤད་པ་དྲུག་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པའོ། །དེ་ལྟར་སྒྲིབ་པ་དེ་དག་ཡོངས་སུ་བཅོམ་པའི་ཕྱིར་མཐར་ཐམས་ཅད་ལ་ཆགས་པ་མེད་པ་དང་། ཐོགས་པ་མེད་པའི་ཤེས་པ་དང་། མཐོང་བ་ཐོབ་ཅིང་དགོངས་
པ་ཡོངས་སུ་གྲུབ་པའི་དམིགས་པ་ལ་བརྟེན་ནས་ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་རྣམ་པར་གཞག་པ་ཡིན་ནོ་ཞེས་བྱ་བ་ནི་གཉིས་པ་སྒྲིབ་པ་སྤངས་པའི་ཕན་ཡོན་སྟོན་ཏོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དང་པོ་ནི་སྒྲིབ་པ་སྤངས་ནས་ཤེས་པ་དང་། མཐོང་བ་ཐོབ་པར་བསྟན་པ་སྟེ།
འདི་ལྟར་སྒྲིབ་པ་རྣམ་པ་གཉིས་གཏན་དུ་སྤངས་པའི་ཕྱིར་རོ། །གོ་རིམས་བཞིན་དུ་མཐར་ཆོས་སྟོང་པ་ཉིད་ཀྱིས་ཆགས་པ་མེད་པའི་ཤེས་པ་དང་། མཐོང་བ་ཐམས་ཅད་འཐོབ་པ་དང་། གང་ཟག་སྟོང་པ་ཉིད་ཀྱི་ཐོགས་པ་མེད་པའི་ཤེས་པ་དང་། མཐོང་བ་ཐམས་ཅད་འཐོབ་པར་འགྱུར་ཏེ། དེའི་ཕྱིར་

བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། དེ་ལ་ཆགས་པ་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་ཡིན་ནོ། །ཐོགས་པ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་ཡིན་ནོ་ཞེས་འབྱུང་བས་ཆོས་སྟོང་པ་ཉིད་དུ་བསྒོམས་པའི་ཤེས་རབ་ནི་ཆགས་པ་མེད་པ་ཞེས་བྱའོ། །གང་ཟག་སྟོང་པ་ཉིད་དུ་
སྒོམ་པའི་ཤེས་པ་ནི་ཐོགས་པ་མེད་པ་ཞེས་བྱ་བར་རིག་པར་བྱའོ། །གཉིས་པ་ནི་དམིགས་པར་བྱ་བ་ལས་ཆོས་ཀྱི་སྐུ་རྣམ་པར་གཞག་པ་སྟེ། འདི་ལྟར་བཞི་པོ་དགོངས་པ་ཡོངས་སུ་གྲུབ་པའི་དམིགས་པ་ལ་བརྟེན་ནས་སྒྲིབ་པ་གཉིས་ཡོངས་སུ་སྤངས་པ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུ་རྣམ་པར་
གཞག་པའམ། ཡང་ན་ཆོས་ཀྱི་སྐུ་རྣམ་པ་གཉིས་རྣམ་པར་གཞག་པའོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའི་ཞི་གནས་དང་ལྷག་མཐོང་ལ་བརྟེན་ནས་ནན་ཏན་དུ་བསྒྲུབ་པའི་སླད་དུ་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ་དྲུག་པ་ཞི་གནས་དང་ལྷག་མཐོང་གིས་བྱང་ཆུབ་ཐོབ་པར་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་
ཉིད་དོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་ཐོབ་པ་དེ་དག་གིས་ཞི་གནས་དང་ལྷག་མཐོང་ལ་བརྟེན་ནས་ནན་ཏན་དུ་བསྒྲུབས་པའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་
འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བྱམས་པ་ཞི་གནས་དང་ལྷག་མཐོང་ཐོབ་པ་དང་དེ་བཞིན་ཉིད་རྣམ་པ་བདུན་ལས་བརྩམས་ཏེ། ཅི་ལྟར་ཐོས་པ་དང་བསམས་པའི་ཆོས་དག་ལ་མཉམ་པར་གཞག་པའི་སེམས་ཁྱད་པར་ཅན་གྱིས་
ལེགས་པར་གཏན་ལ་འབེབས་པ་དང་། ལེགས་པར་བསམས་པ་དང་། ལེགས་པར་གཞག་པའི་དེ་བཞིན་ཉིད་དེ་ཉིད་ནང་དུ་ཡང་དག་པར་ཡིད་ལ་བྱེད་དེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ།

རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ། །དང་པོ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། རྒྱུའི་གནས་སྐབས་སུ་སྤྱོད་པ་རྣམས་བརྩོན་འགྲུས་ཀྱིས་སྒྲུབ་པར་བསྟན་པ་དང་། འབྲས་བུའི་གནས་སྐབས་བྱང་ཆུབ་ཐོབ་པར་བསྟན་པའོ། །དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། དོན་ཉིད་བསྟན་པ་
དང་། དཔེས་བསྟན་པ་དང་། དཔེ་དང་དོན་དུ་སྦྱར་བའོ། །དོན་ཉིད་བསྟན་པ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་འདི་ནི་ལམ་རྣམ་པ་བཞི་ལས་བརྩམས་ནས་བསྟན་པ་ཡིན་པས་རྣམ་པ་བཞིར་དབྱེ་སྟེ། ཚོགས་ཀྱི་གནས་སྐབས་བསྟན་པ་དང་། དེས་ཞེས་བྱ་བ་མན་ཆད་ཀྱིས་སྦྱོར་བའི་
གནས་སྐབས་བསྟན་པ་དང་། དེ་ཕན་ཆད་ཅེས་བྱ་བ་མན་ཆད་ཀྱིས་མཐོང་བའི་གནས་སྐབས་བསྟན་པ་དང་། གོང་མ་གོང་མ་ཞེས་བྱ་བ་མན་ཆད་ཀྱིས་བསྒོམ་པའི་གནས་སྐབས་བསྟན་པའོ། །འདི་ནི་དང་པོའི་ཚོགས་ཀྱི་ལམ་གྱི་གནས་སྐབས་བསྟན་པ་སྟེ། མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་
དབྱེ་སྟེ། དང་པོ་ནི་ཚོགས་ཀྱི་ལམ་ལ་གནས་པའི་གང་ཟག་ཞི་གནས་དང་ལྷག་མཐོང་ཐོབ་པའི་རྣལ་འབྱོར་པ་བསྟན་པའོ། །གཉིས་པ་ནི་དེ་བཞིན་ཉིད་རྣམ་པ་བདུན་ལས་བརྩམས་ཏེ་ཞེས་བྱ་བ་མན་ཆད་ཀྱིས་ནི་ཡུལ་ལ་བརྟེན་ནས་ལྷག་མཐོང་སྐྱེ་བར་བསྟན་པ་སྟེ། འདི་ཡང་རྣམ་པ་གསུམ་དུ་དབྱེའོ། །དེ་ལ་
དང་པོ་དེ་བཞིན་ཉིད་རྣམ་པ་བདུན་ལས་བརྩམས་ཏེ་ཞེས་བྱ་བ་ནི་བརྟག་པར་བྱ་བའི་ཡུལ་སྨོས་པ་སྟེ། འདི་ལྟར་ཚོགས་ཀྱི་གནས་སྐབས་སུ་ཞི་གནས་དང་ལྷག་མཐོང་དེ་དག་ལ་བརྟེན་ནས། དེ་བཞིན་ཉིད་བདུན་པོ་དག་ལ་རྟོག་པར་བྱེད་པས་སོ། །གཉིས་པ་ཇི་ལྟར་ཐོས་པ་ཞེས་བྱ་བ་ལ་སོགས་པས་ཤེས་རབ་རྣམ་པ་
གསུམ་གྱི་གནས་བསྟན་ཏེ། དེ་ལ་ཇི་ལྟར་ཐོས་པ་ཞེས་བྱ་བའི་ཐོས་པའི་ཤེས་རབ་ཀྱི་གནས་བསྟན་པ་སྟེ། ཐོས་པ་ཞེས་བྱ་ནི་ཉན་པར་བྱེད་པའོ། །དེ་ནི་རྣ་བའི་དབང་པོས་རྣ་བའི་རྣམ་པར་ཤེས་པ་བསྐྱེད་ན་བསྟན་པ་ཐོས་པའི་ཕྱིར་རོ། །བསམས་པའི་ཆོས་དག་ལ་ཞེས་བྱ་བ་ནི་བསམས་པའི་ཤེས་རབ་ཀྱི་གནས་
བསྟན་པ་སྟེ། འདི་ལྟར་བསམས་པའི་ཤེས་རབ་ནི་བསྟན་པ་དག་ལ་སེམས་པར་བྱེད་པས་ཤེས་རབ་བསྐྱེད་ནས། ཆོས་རྣམས་ལ་སེམས་ཤིང་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་རོ། །མཉམ་པར་གཞག་པའི་སེམས་ཁྱད་པར་ཅན་ཞེས་བྱ་བ་ནི་བསྒོམ་པའི་གནས་བསྟན་པ་སྟེ། བསྒོམ་པ་ནི་གོམས་པར་བྱེད་

པ་སྟེ། དེ་ནི་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་ཤེས་རབ་བསྐྱེད་ནས་གཉེན་པོ་སྒོམ་པར་བྱེད་པའི་ཕྱིར་རོ། །ལེགས་པར་གཏན་ལ་འབེབས་པ་ཞེས་བྱ་བ་ལ་སོགས་པས་ནི་དེ་དག་གིས་བསྐྱེད་པའི་ཤེས་རབ་བསྟན་པ་སྟེ། དེ་ལ་ཐོས་པའི་ཤེས་རབ་ཀྱིས་ནི་དེ་བཞིན་ཉིད་བདུན་ལ་བརྟེན་ནས་
ལགས་པར་གཏན་ལ་འབེབས་སོ། །ལེགས་པར་བསམས་པས་ཞེས་བྱ་ནི་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སོ། །ལེགས་པར་གཞག་པ་ཞེས་བྱ་བ་ལ་སོགས་པས་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དེ་བཞིན་ཉིད་རྣམ་པ་བདུན་ལ་བརྟེན་ནས་ནང་དུ་ཡིད་ལ་བྱེད་པའི་ཕྱིར་རོ་ཞེའོ། །
ཁ་ཅིག་ན་རེ་འདི་ནི་རྣམ་པ་གསུམ་དུ་དབྱེ་སྟེ། སྦྱོར་བའི་གནས་སྐབས་བསྟན་པ་དང་། མཐོང་བའི་གནས་སྐབས་བསྟན་པ་དང་། བསྒོམ་པའི་ལམ་བསྟན་པའོ། །སྦྱོར་བའི་ལམ་བསྟན་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་སྒོམ་པ་བསྟན་པ་དང་། དེས་ཞེས་བྱ་བ་མན་ཆད་
ཀྱིས་མཚན་མ་རྣམ་པར་སེལ་བ་བསྟན་པ་སྟེ་འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་ཕྱེ་ནས་བསྟན་ཏེ། དེ་བཞིན་ཉིད་རྣམ་པ་བདུན་ལ་བརྟེན་ནས་ཡིད་ལ་བྱེད་པ་སྒོམ་པ་བསྟན་པ་དང་། ལེགས་པར་གཏན་ལ་འབེབས་ལ་ཞེས་བྱ་བ་མན་ཆད་དེ་ཁོ་ན་ཉིད་དུ་སྒོམ་པ་བསྟན་པའོ། །འདི་ལྟར་
བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ཉིད་རྣམ་པ་བདུན་ལས་བརྩམས་ནས་ཅི་ལྟར་ཐོས་པ་དང་བསམས་པ་དང་མཉམ་པར་གཞག་པ་ཁྱད་པར་ཅན་གྱི་སྟོབས་ཀྱིས་དྲོ་བར་གྱུར་པ་དང་། རྩེ་མོའི་གནས་སྐབས་སུ་ཀུན་དུ་ཚོལ་བ་བཞི་པོ་དག་གིས་ལེགས་པར་གཏན་ལ་འབེབས་ཤིང་། ནང་གི་མཚན་མའམ་ཕྱི་རོལ་
གྱི་མཚན་མའམ། ནང་དང་ཕྱི་རོལ་གྱི་མཚན་མ་ཞེས་བྱ་བ་ནི་གཉིས་པ་ནང་ལ་སོགས་པའི་མཚན་མ་རྣམ་པ་གསུམ་པའོ། །ཕྱི་ནང་ལ་སོགས་པ་དེ་ཡང་མདོར་བསྡུ་ན་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་རང་གི་ལུས་གང་ཡིན་པ་དེ་ནི་ནང་ཞེས་བྱའོ། །གཞན་གྱི་ལུས་གང་ཡིན་པ་དེ་ནི་ཕྱི་རོལ་ཞེས་བྱའོ། །
གཉི་ག་བསྡུས་པ་གང་ཡིན་པ་དེ་ནི་ཕྱི་ནང་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་དབང་པོ་དྲུག་པོ་དག་ནི་ནང་ཞེས་བྱའོ། །ཡུལ་དྲུག་པོ་དག་ནི་ཕྱི་རོལ་ཞེས་བྱའོ། །གཉི་ག་བསྡུས་པ་ནི་ཕྱི་ནང་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་སེམས་ཅན་གང་ཡིན་པ་དེ་ནི་ནང་ཞེས་བྱའོ། །སེམས་ཅན་མ་ཡིན་པ་གང་ཡིན་པ་དེ་ནི་ཕྱི་

རོལ་ཞེས་བྱའོ། །གཉི་ག་བསྡུས་པ་གང་ཡིན་པ་དེ་ནི་ཕྱི་ནང་ཞེས་བྱའོ་ཞེའོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཕྱི་ནང་གི་ཆོས་ཀྱི་བྱེ་བྲག་རྣམ་པ་གསུམ་ཡོད་དེ། དང་པོ་འབྲེལ་པའི་ཕྱི་ནང་ནི་འདི་ལྟ་སྟེ། བདག་ཉིད་ཀྱི་ལུས་ལ་ཡོད་པ་གང་ཡིན་པ་དེ་ནི་ནང་ཞེས་བྱའོ། །གཞན་གྱི་ལུས་ལ་ཡོད་པ་
དང་སེམས་ཅན་མ་ཡིན་པ་གང་ཡིན་པ་དེ་ནི་ཕྱི་རོལ་ཞེས་བྱའོ། །གཉིས་པ་གནས་ཀྱི་ཕྱི་ནང་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བའི་རྟེན་གང་ཡིན་པ་དེ་ནི་ནང་ཞེས་བྱའོ། །དམིགས་པར་བྱ་བ་གང་ཡིན་པ་དེ་ནི་ཕྱི་རོལ་ཞེས་བྱའོ། །གསུམ་པ་སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཕྱི་ནང་ནི་
འདི་ལྟ་སྟེ། སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཆོས་གང་ཡིན་པ་དེ་ནི་ནང་ཞེས་བྱའོ། །སེམས་ཅན་མ་ཡིན་པའི་གྲངས་སུ་གཏོགས་པའི་ཆོས་གང་ཡིན་པ་དེ་ནི་ཕྱི་རོལ་ཞེས་བྱའོ་ཞེས་བཤད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་ལས་ནི་གོང་མའི་བཤད་པ་
གཉིས་དང་མཐུན་པར་བཤད་དེ། དེའི་ཕྱིར་དེ་ཉིད་ལས་ནང་སྟོང་པ་ཉིད་ནི་འདི་ལྟ་སྟེ། ནང་གི་སྐྱེ་མཆེད་དྲུག་པོ་དག་གོ། །ཕྱི་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་དག་གོ། །ཕྱི་ནང་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཕྱི་ནང་གི་སྐྱེ་མཆེད་དྲུག་པོ་དག་གོ་ཞེས་གསུངས་སོ། །བདག་གིས་སེམས་
ཅན་གྱི་དོན་ལ་སྦྱར་བར་བྱའོ་སྙམ་པའི་མཚན་མ་ཞེས་བྱ་བ་ནི་གསུམ་པ་གཞན་ལ་ཕན་འདོགས་པའི་མཚན་མ་བསྟན་པའོ། །འདི་ནི་བསྟན་བཅོས་རྣམ་པར་བཤད་པ་ལས། སེམས་ཅན་ལ་ཕན་འདོགས་པའི་སྤྱོད་པ་ཞེས་བསྟན་པ་ཉིད་དེ། འདི་ལྟར་བསྡུ་བའི་དངོས་པོ་བཞི་པོ་དག་གིས་སེམས་ཅན་ལ་ཕན་
འདོགས་པའི་ཕྱིར་རོ། །གཞན་ཡང་དེ་ཉིད་ལས་གཞན་ལ་ཕན་འདོགས་པའི་ནང་ན་གཞན་ལ་ཕན་འདོགས་པའི་སྤྱོད་པའོ་ཞེས་འབྱུང་སྟེ། རྒྱ་ཆེར་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ཡང་དག་པའི་ཤེས་པའི་མཚན་མའམ་དེ་བཞིན་ཉིད་ཀྱི་མཚན་མ་ཞེས་
བྱ་བ་ནི་ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་ཀྱི་མཚན་མ་བསྟན་པའོ། །ཡང་ན་འདིར་མཚན་མ་རྣམ་པ་ལྔ་རབ་ཏུ་དབྱེ་བ་ཡིན་ཏེ། མཚན་མ་ནི་མིང་དང་རྒྱུ་མཚན་རྣམ་པར་རྟོག་པ་དང་ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དེ། གཙོ་བོའི་དབང་དུ་མཛད་པའི་ཕྱིར་འདི་རེ་ཞིག་མཚན་མ་གཉིས་པ་

བསྟན་ཏེ། མིང་ལ་སོགས་པའི་མཚན་མ་རྣམ་པ་ལྔ་རྒྱ་ཆེར་འབྱེད་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ལེགས་པར་སེམས་པར་བྱེད་པས་རྣམ་པར་ཤེས་པ་ནི་འཇོག་ལ་མཚན་མ་ནི་རྣམ་པར་སེལ་བར་བྱེད་དོ། །བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་
གནས་སྐབས་སུ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྒོམ་པ་བཞི་པོ་དག་གིས་དེ་བཞིན་ཉིད་ལ་ལེགས་པར་བཞག་ནས། ནང་གི་ཡང་དག་པར་ཡིད་ལ་བྱེད་པས་འཛིན་པར་བྱེད་པའི་རྣམ་པར་ཤེས་པ་ཡང་རྣམ་པར་སེལ་བར་བྱེད་དོ་ཞེའོ། །དེ་དག་གི་མཚན་ཉིད་རྒྱ་ཆེར་བཤད་པ་ནི་སྔར་གོང་དུ་བསྟན་པ་བཞིན་ནོ། །དེ་
ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་འདིར་རེ་ཞིག་བཤད་པ་ཕྱི་མ་དང་སྦྱར་ནས་བསྟན་ཏོ། །དེས་དེ་བཞིན་ཉིད་ཡང་དག་པར་ཡིད་ལ་བྱས་པའི་ཕྱིར་སེམས་ཀྱི་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བ་ཐམས་ཅད་ལ་ཡང་བཏང་སྙོམས་སུ་འཇོག་ན་མཚན་མ་རགས་པ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ལ་སོགས་པས་
ནི་གཉིས་པ་མཚན་མ་རྣམས་རྣམ་པར་སེལ་བའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། རྣམ་པར་སེལ་བ་ཉིད་བསྟན་པ་དང་། དེས་དེ་ལྟར་སྤྱོད་པ་དེ་དག་ལ་མང་དུ་གནས་པའི་ཕྱིར་ཞེས་བྱ་བ་མན་ཆད་ཀྱིས་སེམས་ལེགས་པར་སྦྱོར་བ་བསྟན་པའོ། །དང་པོ་ཡང་རྣམ་པ་གསུམ་སྟེ་མཚན་མ་རྣམ་པར་སེལ་བ་
མདོར་བསྟན་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཡོངས་སུ་བསལ་བར་བྱ་བའི་མཚན་མ་བསྟན་པ་དང་། ཀུན་དུ་འབྱུང་བ་དེ་དག་ཅེས་བྱ་བ་མན་ཆད་ཀྱིས་རྣམ་པར་སེལ་བ་ཉིད་ཡང་དག་པར་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་སྦྱོར་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་ཉིད་
རྣམ་པ་བདུན་ལ་བརྟེན་ནས་ཡང་དག་པར་ཡིད་ལ་བྱས་པའི་ཕྱིར་སོ་སོར་རྟོག་པར་བྱེད་པའི་སེམས་དེས་སེམས་ཀྱི་ལེན་པ་ལ་སོགས་པ་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བ་ཡང་ཡོངས་སུ་སྤོང་བར་བྱེད་ན། མཚན་མ་རགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་མཚན་མ་རགས་པ་ཞེས་བྱ་བ་ནི་
རྣམ་པར་གཡེང་བའི་གནས་སྐབས་སྟོན་པས་ཡོངས་སུ་བཟུང་བའི་མཚན་མ་རྣམས་སོ། །ཡང་ན་ཀུན་ནས་ཉོན་མོངས་པའི་ཀུན་དུ་འབྱུང་བའི་མཚན་མ་ཐམས་ཅད་དོ། །ཡང་ན་འདོད་པའི་ཁམས་ས་འོག་མའི་མཚན་མ་རྣམས་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་རགས་པའི་མཚན་

མ་གང་ཞེ་ན། ས་འོག་མ་ལ་རགས་པར་ལྟ་བའི་མཚན་མ་རགས་པ་ཐམས་ཅད་དོ་ཞེས་བསྟན་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་མཚན་མ་ཕྲ་མོ་ནི་འདི་ལྟ་སྟེ། སེམས་ཀྱིས་ལེན་པའི་མཚན་མའམ། མྱོང་བའི་མཚན་མའམ། རྣམ་པར་རིག་པའི་མཚན་མ་འམ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་
མཚན་མ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཡོངས་སུ་བསལ་བར་བྱ་བའི་མཚན་མ་བསྟན་པའོ། །ཡོངས་སུ་བསལ་བར་བྱ་བའི་མཚན་མ་དེ་ཡང་རྣམ་པ་ཉི་ཤུ་རྩ་གཅིག་ཡོད་དེ། དེ་ཡང་རྣམ་པ་བཅུ་གཅིག་ཏུ་བསྡུས་ནས་བསྟན་པར་བྱའོ། །འདི་ནི་དང་པོ་ལེན་པ་ལ་སོགས་པའི་མཚན་མ་རྣམ་པ་བཞི་
བསྟན་པ་ཡིན་ཏེ། གོ་རིམས་བཞིན་དུ་ལུས་དང་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་གཞག་པའི་ཡུལ་དང་སྦྱར་རོ། །དེ་ནི་འདི་སྐད་དུ་ལེན་པ་ལ་བརྟེན་ནས། གཟུགས་བརྙན་དུ་གྱུར་པ་གང་ཡིན་པ་དེ་ནི་མཚན་མ་ཕྲ་མོ་ཞེས་བསྟན་པར་འགྱུར་ཏེ། འོག་མ་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །
སྡུག་བསྔལ་དང་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་མཚན་མ་ཞེས་བྱ་བ་ནི་ལྔ་པ་བདེན་པ་བཞིའི་མཚན་མ་བསྟན་པའོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་ལམ་སོ་སོ་ནས་མཚན་ཉིད་ཅི་དང་ལྡན་ཞེ་ན། བཙུན་པ་རྩིབས་ན་རེ་རབ་ཏུ་ཉམ་
ང་བ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་མཚན་ཉིད་དོ། །སྐྱེ་ཞིང་འཕེལ་བར་བྱེད་པ་གང་ཡིན་པ་དེ་ནི་ཀུན་འབྱུང་བའི་མཚན་ཉིད་དོ། །རབ་ཏུ་ཞི་བ་གང་ཡིན་པ་དེ་ནི་འགོག་པའི་མཚན་ཉིད་དོ། །ངེས་པར་འབྱིན་པ་གང་ཡིན་པ་དེ་ནི་ལམ་གྱི་མཚན་ཉིད་དོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་རྣམ་གྲངས་རྣམ་པ་
བཞིས་བསྟན་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །འདུས་བྱས་ཀྱི་མཚན་མའམ་འདུས་མ་བྱས་ཀྱི་མཚན་མ་ཞེས་བྱ་བ་ནི་དྲུག་པ་འདུས་མ་བྱས་ཀྱི་མཚན་མ་བསྟན་པའོ། །སྐྱེ་བ་ལ་སོགས་པའི་མཚན་ཉིད་རྣམ་པ་བཞི་དང་ལྡན་པ་གང་ཡིན་པ་དེ་ནི་འདུས་བྱས་ཀྱི་མཚན་མ་ཞེས་བྱའོ། །དེ་ལས་བཟློག་པ་
གང་ཡིན་པ་དེ་ནི་འདུས་མ་བྱས་ཀྱི་མཚན་མ་ཞེས་བྱ་སྟེ། རྒྱ་ཆེར་ནི་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །རྟག་པའི་མཚན་མའམ། མི་རྟག་པའི་མཚན་མ་ཞེས་བྱ་བ་ནི་བདུན་པ་རྟག་པ་དང་། མི་རྟག་པའི་མཚན་མ་

བསྟན་པའོ། །སྔར་བསྟན་པའི་འདུས་བྱས་དང་འདུས་མ་བྱས་དང་། ངོ་བོ་ཉིད་བྱེ་བྲག་མེད་ཀྱང་དོན་ཐ་དད་པའི་ཕྱིར་བསྟན་པ་ཡིན་ནོ། །སྡུག་བསྔལ་རྣམ་པར་འགྱུར་བ་དང་བཅས་པ་ཉིད་ཀྱི་མཚན་མའམ། སྡུག་བསྔལ་རྣམ་པར་འགྱུར་བ་མེད་པ་ཉིད་ཀྱི་མཚན་མ་ཞེས་བྱ་བ་ནི་བརྒྱད་
པ་སྡུག་བསྔལ་རྣམ་པར་འགྱུར་བ་དང་བཅས་པ་ལ་སོགས་པའི་མཚན་མ་བསྟན་པའོ། །འདི་ལྟ་སྟེ། སྡུག་བསྔལ་དང་བདེ་བའི་ཚོར་བ་གཉིས་ནི་སྡུག་བསྔལ་རྣམ་པར་འགྱུར་བ་དང་བཅས་པ་ཉིད་ཀྱི་མཚན་མ་ཞེས་བྱའོ། །བཏང་སྙོམས་ཀྱི་ཚོར་བ་གང་ཡིན་པ་དེ་ནི་སྡུག་བསྔལ་རྣམ་པར་འགྱུར་བ་མེད་པ་
ཉིད་ཀྱི་མཚན་མ་ཞེས་བྱའོ། །གཞན་ཡང་བརྟགས་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་གི་ངོ་བོ་ཉིད་གང་ཡིན་པ་དེ་ནི་སྡུག་བསྔལ་རྣམ་པར་འགྱུར་བ་དང་བཅས་པ་ཉིད་ཀྱི་མཚན་མ་ཞེས་བྱའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་སྡུག་བསྔལ་རྣམ་པར་འགྱུར་བ་མེད་པ་ཉིད་ཀྱི་མཚན་མ་ཞེས་
བྱའོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་དང་། རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་བདེན་པ་བཞི་པོ་དག་ངོ་བོ་ཉིད་རྣམ་པ་གསུམ་དུ་གཏོགས་པར་རྒྱ་ཆེར་སྟོན་ཏོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་སྡུག་བསྔལ་དང་། ཀུན་འབྱུང་བ་རྣམ་པར་མི་འགྱུར་བའི་ངོ་བོ་ཉིད་ཀྱི་
ལས་ཅན་ཞེས་འབྱུང་བ་དེ་ནི་ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པས་སོ། །འདུས་བྱས་ཀྱི་མཚན་ཉིད་ཐ་དད་པའི་མཚན་མའམ། འདུས་མ་བྱས་ཀྱི་མཚན་ཉིད་འདྲ་བའི་མཚན་མ་ཞེས་བྱ་བ་ནི་དགུ་པ་འདུས་བྱས་གཅིག་པ་དང་། ཐ་དད་པའི་མཚན་མ་བསྟན་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་མདོ་ལས། རང་གི་མཚན་ཉིད་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་རང་གི་མཚན་ཉིད་དེ། ཅི་ལྟར་རྣམ་པར་འགྱུར་ཞིང་ཐོགས་པ་དང་བཅས་པ་ནི་གཟུགས་ཀྱི་རང་གི་མཚན་ཉིད་དོ། །མྱོང་བ་ནི་ཚོར་བའི་རང་གི་མཚན་ཉིད་དོ། །མཚན་མར་འཛིན་པ་ནི་འདུ་ཤེས་ཀྱི་རང་གི་མཚན་ཉིད་དོ། །མངོན་
པར་འདུ་བྱེད་པ་ནི་འདུ་བྱེད་ཀྱི་རང་གི་མཚན་ཉིད་དོ། །རྣམ་པར་རིག་པ་ནི་རྣམ་པར་ཤེས་པའི་རང་གི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པ་རང་གི་མཚན་ཉིད་དཔག་ཏུ་མེད་པ་རྣམས་སོ། །སྤྱིའི་མཚན་ཉིད་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དོ། །ཇི་ལྟར་སྡུག་བསྔལ་བ་ནི་ཟག་པ་

དང་བཅས་པའི་ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་དོ། །མི་རྟག་པ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་དོ། །སྟོང་པ་དང་བདག་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པ་སྤྱིའི་མཚན་ཉིད་དཔག་ཏུ་མེད་པ་རྣམས་སོ་ཞེས་གསུངས་པ་ལྟ་བུའོ། །ཐམས་
ཅད་ལ་ཐམས་ཅད་ཡིན་པ་ཉིད་དུ་རིག་ནས་ཐམས་ཅད་ཡོད་པའི་མཚན་མ་ཞེས་བྱ་བ་ནི་བཅུ་པ་ཐམས་ཅད་ཤེས་པའི་མཚན་མ་བསྟན་པའོ། །ཐམས་ཅད་ལ་ཐམས་ཅད་ཡིན་པ་ཉིད་དུ་རིག་ནས་ཞེས་བྱ་བ་ནི་དེ་ཡན་ཆད་དུ་མཚན་མ་རྣམས་རྣམ་པར་ཕྱེ་སྟེ་བཤད་ནས་འདིར་ནི་མཚན་མ་རྣམས་སྤྱིར་སྟོན་
པས་ཡོངས་སུ་ཤེས་པར་བྱེད་པའི་ཤེས་པ་སྨོས་ནས་ཡོངས་སུ་ཤེས་པར་བྱ་བའི་མཚན་མ་རབ་ཏུ་བསྟན་པ་ཡིན་ཏེ། འདིས་ནི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་བསྟན་པའོ། །ཐམས་ཅད་ཡོད་པའི་མཚན་མ་ཞེས་བྱ་བས་ནི་བྱེ་བྲག་གི་མཚན་ཉིད་བསྟན་ཏེ། རེ་རེ་ལ་ཡང་བསྟན་དུ་ཡོད་པ་དང་བསྟན་དུ་
མེད་པ་ལ་སོགས་པའི་ཐམས་ཅད་ཅེས་བྱ་བ་ཡོད་པའི་ཕྱིར་རོ། །ཡང་ན་སྔ་མ་ནི་ཇི་སྙེད་ཡོད་པ་ཉིད་དོ། །ཕྱི་མ་ནི་ཐམས་ཅད་ཅེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དོ། །གང་ཟག་བདག་མེད་པའི་མཚན་མའམ། ཆོས་བདག་མེད་པའི་མཚན་མ་གང་ཡིན་པ་དག་སྟེ་ཞེས་བྱ་བ་ནི་བཅུ་གཅིག་པ་
བདག་མེད་པའི་མཚན་མ་བསྟན་པའོ། །དེ་ལ་བུད་ཀ་ལ་ནི་བསྒྱུར་ན་ཡང་སྦྱོར་བ་ཞེས་བྱ་སྟེ། ཡང་ནས་ཡང་དུ་འགྲོ་བ་རྣམས་ལེན་པས་སོ། །བདག་མེད་པ་འདི་གཉིས་ཀྱང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་གང་ཟག་
བདག་མེད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་རྣམས་ལས་དོན་ཐ་དད་པའི་བདག་མེད་པའི་ཕྱིར་རོ། །ཆོས་བདག་མེད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་གང་ཡིན་པ་དེ་དག་བདག་མེད་དེ། མི་རྟག་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཀུན་དུ་འབྱུང་བ་དེ་དག་ལས་སེམས་བཏང་
སྙོམས་སུ་འཇོག་གོ་ཞེས་བྱ་བ་ནི་གསུམ་པ་རྣམ་པར་སེལ་བ་ཉིད་ཡང་དག་པར་བསྟན་པའོ། །གོང་དུ་བསྟན་པའི་ཀུན་དུ་འབྱུང་བའི་མཚན་མ་རྣམས་དེ་བཞིན་ཉིད་དུ་བསྒོམ་པའི་སེམས་ཀྱིས་ཡང་དག་པར་སེལ་བར་འགྱུར་བའོ། །མཚན་མ་དེ་དག་ནི་གཞན་གྱི་དབང་ཡིན་ན། ཅིའི་ཕྱིར་དེ་དག་ལ་རྣམ་

པར་སེལ་བར་བྱ་བ་ཞེས་བསྟན་ཅེ་ན། སྨྲས་པ། གོང་དུ་བསྟན་པ་བཞིན་དུ་མངོན་དུ་མི་སྣང་བའི་ཕྱིར་རྣམ་པར་སེལ་བ་ཞེས་བྱའི། གཞན་གྱི་དབང་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་རིགས་པ་ཡང་ཡོངས་སུ་བསལ་བ་ལས་རྣམ་པར་སེལ་བ་ཞེས་བྱ་བས་ནི་མ་ཡིན་ནོ། །གཞན་
ཡང་ཀུན་ནས་ཉོན་མོངས་པའི་ཕྱིར་གཞན་གྱི་དབང་སྤངས་པའི་ཕྱིར་རྣམ་པར་སེལ་བ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། སྤོང་བར་ནུས་ཤིང་དབྲལ་བར་ནུས་པའི་ཕྱིར་རྣམ་པར་སེལ་བ་ཞེས་བྱའོ་ཞེས་བཤད་དོ། །དེས་དེ་ལྟར་སྤྱོད་པ་དེ་དག་ལ་མང་དུ་གནས་པའི་ཕྱིར་དུས་
དུས་སུ་གགས་དང་། སྒྲིབ་པ་དང་། རྣམ་པར་གཡེང་བ་ཐམས་ཅད་ལས་ལེགས་པར་སེམས་རྣམ་པར་སྦྱོང་བར་བྱེད་དོ་ཞེས་བྱ་བ་ནི་གཉིས་པ་སེམས་ལེགས་པར་སྦྱོང་བ་སྟོན་ཏོ། །འདི་ལྟར་དེ་བཞིན་ཉིད་ལ་སོ་སོར་རྟོག་པའི་ཕྱིར་གོང་དུ་བསྟན་པའི་གགས་རྣམ་པ་ལྔ་དང་། སྒྲིབ་པ་ལྔ་དང་། རྣམ་པར་
གཡེང་བ་ལྔ་པོ་དག་ལས་སེམས་རྣམ་པར་སྦྱོང་བར་བྱེད་པས་སོ། །དེ་ཕན་ཆད་དེ་བཞིན་ཉིད་བདུན་པོ་དག་ལ་སོ་སོར་ནང་གི་རང་གིས་རིག་པ་བདུན་ཡོད་པས་རྟོགས་པས་ཤེས་པ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་མཐོང་བའི་ལམ་ཞེས་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་མཐོང་བའི་ལམ་གྱི་
གནས་སྐབས་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། མཐོང་བའི་ལམ་ཉིད་ཡང་དག་པར་བསྟན་པ་དང་། དེ་ཐོབ་པའི་ཕྱིར་ཞེས་བྱ་བ་མན་ཆད་ཀྱིས་མཐོང་བའི་ལམ་གྱི་ཕན་ཡོན་བསྟན་པའོ། །འདི་ནི་དང་པོ་མཐོང་བའི་ལམ་ཉིད་ཡང་དག་པར་བསྟན་པ་སྟེ། ཐོག་མ་ཁོ་ནར་དོན་མཐོང་བ་ཡིན་པའི་
ཕྱིར་ལམ་མཐོང་བ་ཞེས་བྱ་སྟེ། དེའི་ཕྱིར་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པའི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། སྔོན་མ་མཐོང་བའི་ཆོས་ཀྱི་དབྱིངས་ཁྱད་པར་དུ་འཕགས་པ་མཐོང་བའི་ཕྱིར་མཐོང་བའི་ལམ་ཞེས་བྱའོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་བསྟན་བཅོས་
རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། སྦྱོར་བ་བར་ཆད་མེད་པའི་ཤེས་པ་འདི་སྐྱེས་པའི་ཚེ་དེ་བཞིན་ཉིད་ཁོང་དུ་ཆུད་པར་འགྱུར་བས་རབ་ཏུ་རྟོག་པའི་གནས་སྐབས་ཞེས་བྱའོ། །དང་པོ་ཁོ་ནར་དོན་མཐོང་བ་ཡིན་པའི་ཕྱིར་མཐོང་བའི་ལམ་ཞེས་བྱའོ་ཞེས་འབྱུང་ངོ་། །མཐོང་བའི་ལམ་དེ་ཡང་

རྣམ་པ་གཉིས་ཏེ། དང་པོ་དེ་ཁོ་ན་ཉིད་ཀྱི་མཐོང་བའི་ལམ་ནི་འདི་ལྟ་སྟེ། འཇིག་རྟེན་པའི་ཆོས་ཀྱི་མཆོག་བར་ཆད་མེད་པ་སྐྱེས་པས་ཅིག་ཅར་གང་ཟག་དང་། ཆོས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མངོན་དུ་གྱུར་ནས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་ཅིག་ཅར་སྤོང་བ་གང་ཡིན་པ་དེ་ནི་དེ་ཁོ་ན་
ཉིད་ཀྱི་མཐོང་བའི་ལམ་ཞེས་བྱའོ། །འདིར་སོ་སོར་ནང་གི་རང་གིས་རིག་པའི་དེ་བཞིན་ཉིད་བདུན་གསུངས་པ་ནི་བརྗོད་པར་བྱ་བ་ལས་བརྩམས་ནས་བསྟན་པ་ཡིན་ཏེ། འཁོར་བའི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་གྱུར་པའི་མཐའ་ལ་ལྟོས་ན། སོ་སོ་ནས་དེ་བཞིན་ཉིད་གཅིག་སྐྱེ་
བ་ནས། དེ་བཞིན་དུ་སོ་སོ་ནས་བདེན་པ་བཞིའི་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་འགྱུར་བའི་མཐའ་ལ་ལྟོས་ན། སོ་སོ་ནས་བདེན་པ་བཞིའི་དེ་ཁོ་ན་ཉིད་སྐྱེ་བའི་བར་དུ་འགྱུར་བ་ལ་བྱའི། མཚན་མ་མེད་པའི་མཐོང་བའི་ལམ་འདིའི་གནས་སྐབས་སྔ་ཕྱི་དུས་བདུན་པོ་དག་སོ་སོ་ནས་ནང་གི་རང་གིས་རིག་པ་ལ་
བྱ་བ་ནི་མ་ཡིན་ནོ། །གཉིས་པ་མཚན་མ་དང་བཅས་པའི་མཐོང་བའི་ལམ་ནི་སེམས་རྣམ་པ་གསུམ་པོ་འདི་ལྟ་སྟེ། སེམས་ཅན་དུ་བཏགས་པ་ཙམ་ལ་དམིགས་པའི་ཤེས་པ་དང་། ཆོས་སུ་བཏགས་པ་ཙམ་ལ་དམིགས་པའི་ཤེས་པ་དང་། སེམས་ཅན་དང་ཆོས་བཏགས་པ་ཙམ་ཡོངས་སུ་སེལ་
བ་ལ་དམིགས་པའི་ཤེས་པ་དང་། སེམས་བཅུ་དྲུག་པོ་འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའོ། །མཐོང་བའི་ལམ་གཉིས་པོ་དེ་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་། རྣལ་འབྱོར་སྤྱོད་པའི་ས་དང་། མཚན་ཉིད་བསྟན་པ་དག་ལས་འབྱུང་
བ་བཞིན་དུ་རིག་པར་བྱའོ། །དེ་ལ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པ་དང་། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཞེས་བྱ་སྟེ། ས་དང་པོ་ཐོབ་པ་ཡིན་ནོ། །གཞན་ཡང་ས་དེ་ནི་ཕན་ཡོན་ཡང་ཡོངས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་
ནི་གཉིས་པ་མཐོང་བའི་ལམ་གྱི་ཕན་ཡོན་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཕན་ཡོན་རྣམ་པ་བཞི་བསྟན་པ་དང་། དེས་ཞེས་བྱ་བ་མན་ཆད་ཀྱིས་དངོས་པོའི་མཐའི་དམིགས་པའི་ཕན་ཡོན་བསྟན་ཏེ། འདི་ནི་དང་པོའོ། །ཕན་ཡོན་དེ་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་

གྲུབ་པ་ལས་བསྟན་པ་དང་སྦྱར་ན་མཐོང་བའི་ལམ་གྱི་ཕན་ཡོན་ནི་རྣམ་པ་བརྒྱད་དོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ཐོབ་པར་འགྱུར་བའི་ཚེ་དེ་བཞིན་གཤེགས་པའི་ཚེ་རིགས་སུ་སྐྱེ་བར་འགྱུར། ས་རབ་ཏུ་དགའ་བ་ལ་གནས་པར་
འགྱུར། ཆོས་ཀྱི་དབྱིངས་ལེགས་པར་རྟོགས་པར་འགྱུར། ཆོས་རྣམས་ཀྱི་མཉམ་པ་ཉིད་ཐོབ་པར་འགྱུར། རྟག་པར་སངས་རྒྱས་ཀྱི་འཁོར་འདུས་པ་ཆེན་པོ་རྣམས་སུ་སྐྱེ་བར་འགྱུར། ཆོས་ཀྱི་སྒོ་བརྒྱ་པ་མང་པོ་ལ་དབང་ཐོབ་པར་འགྱུར་རོ། །བདག་ཉིད་རིང་པོ་མི་ཐོགས་པར་བྱང་ཆུབ་ཆེན་
པོ་ཐོབ་པར་ཤེས་སོ། །ཕྱི་མའི་མཐའ་ཇི་སྲིད་པར་ཐམས་ཅད་ལ་ཕན་འདོགས་པར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང་སྦྱར་ན་ནི། ཕན་ཡོན་རྣམ་པ་དྲུག་ཡོད་པར་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། ས་རབ་ཏུ་དགའ་བ་ལ་ཞུགས་པ་ཡིན།
ཆོས་ཀྱི་དབྱིངས་ལེགས་པར་རྟོགས་པ་ཡིན། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཐོབ་པ་ཡིན། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཐོབ་པ་ཡིན། སངས་རྒྱས་ཐམས་ཅད་ལ་སེམས་མཉམ་པ་ཉིད་
ཐོབ་པ་ཡིན་ནོ་ཞེས་བསྟན་ཏོ། །ཕན་ཡོན་རྣམ་པ་དྲུག་པོ་འདི་རྒྱ་ཆེར་རྣམ་པར་འབྱེད་པ་ནི། སློབ་དཔོན་ངོ་བོ་ཉིད་མེད་དང་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་བསྟན་པ་བཞིན་ནོ། །ཕན་ཡོན་རྣམ་པ་བརྒྱད་དང་། རྣམ་པ་བཅུ་ནི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་
བ་ལས་བསྟན་པ་བཞིན་ནོ། །འདིར་མདོ་འདི་ཉིད་ལས་ནི་ཕན་ཡོན་རྣམ་པ་བཞི་སྟོན་ཏེ། བྱང་ཆུབ་སེམས་དཔའི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པ་དང་། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་དང་། ས་དང་པོ་ཐོབ་པ་དང་། ས་དེའི་ཕན་ཡོན་ཡང་ཉམས་སུ་མྱོང་བའོ། །དེ་ལ་ཡང་
དག་པ་ཉིད་སྐྱོན་མེད་པ་ཞེས་བྱ་བ་ལ། ཡང་དག་པ་ཉིད་ནི་འཕགས་པའི་ལམ་མོ། །སྐྱོན་མེད་པ་ཞེས་བྱ་བ་ནི་ལམ་མཐོང་བས་སྤང་བར་བྱ་བ་ཀུན་དུ་བརྟགས་པའི་ཉོན་མོངས་པས་འགྲོ་བ་དྲུག་དང་། སྐྱེ་བ་རྣམ་པ་བཞི་པོ་རྣམས་སུ་སྐྱེ་བར་བྱེད་པ་དག་ནི་དཔེར་ན་ཟས་མ་ཚོས་པས་ནད་རྣམས་

སློང་བ་དང་འདྲ་བར་དཔེ་ལས་མིང་དུ་བཏགས་པའི་ཕྱིར་སྐྱོན་ཞེས་བྱའོ། །མཐོང་བའི་ལམ་སྐྱེས་པའི་ཚེ་གང་དུ་བསྟན་པ་ལྟ་བུའི་ཀུན་དུ་བརྟགས་པའི་ཉོན་མོངས་པ་དག་དང་བྲལ་བར་འགྱུར་བའི་ཕྱིར་སྐྱོན་མེད་པ་ཞེས་བྱའོ། །མཛོད་ཀྱི་བསྟན་བཅོས་དང་སྦྱར་ན་སྡུག་བསྔལ་ལ་ཆོས་ཤེས་པ་དང་།
བཟོད་པ་ལ་ཡང་མིང་རྣམ་པ་གཉིས་ཡོད་དེ། དེའི་ཕྱིར་དེ་ཉིད་ལས་འདི་ཉིད་ནི་ཡང་དག་པ་ཉིད་སྐྱོན་མེད་པར་ཞུགས་པ་ཞེས་ཀྱང་བྱའོ། །ཡང་དག་པ་ཉིད་དུ་ངེས་པ་ཞེས་བྱ་སྟེ། དེའི་དབང་གིས་ཐོག་མ་ཁོ་ནར་ཡང་དག་པ་ཉིད་སྐྱོན་མེད་པར་ཞུགས་པ་ཡང་ཡིན་ལ། ཐོག་མ་ཁོ་ནར་ཡང་དག་པ་ཉིད་དུ་ངེས་
པར་ཞུགས་པ་ཡང་ཡིན་པའི་ཕྱིར་རོ། །མདོ་དག་ལས་ཡང་དག་པ་ཉིད་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པའོ་ཞེས་གསུངས་སོ། །ཡང་ན་ཡང་དག་པ་ཉིད་ཅེས་བྱ་བའི་ཐ་ཚིག་ནི་འཕགས་པའི་ལམ་གྱི་རྒྱུ་ལས་བྱུང་བའོ། །སྐྱོན་ནི་ཉོན་མོངས་པའམ་ཡང་ན་དབང་པོ་ཡོངས་སུ་སྨིན་པའོ། །
འཕགས་པའི་ལམ་གྱིས་ཡོངས་སུ་བཟླ་བར་ནུས་པའི་ཕྱིར་སྐྱོན་མེད་པ་ཞེས་བྱའོ། །ངེས་པ་ཁོ་ནར་མྱ་ངན་ལས་འདས་པ་ལེན་པའམ། བདེན་པའི་མཚན་ཉིད་ངེས་པ་ཉིད་དུ་བྱེད་པའི་ཕྱིར་འཕགས་པའི་ལམ་ཡང་ངེས་པའི་མིང་ཐོབ་པ་ཡིན་ནོ། །གནས་སྐབས་འདིར་ཕྱིན་པ་ལ་ནི་ཞུགས་པ་
ཞེས་བསྟན་ཏོ་ཞེས་འབྱུང་བ་ཡིན་ཏེ། མཛོད་ཀྱི་བསྟན་བཅོས་ལས་ཡང་དག་པ་ཉིད་ནི་རྣམ་པ་གཉིས་ཏེ་མྱ་ངན་ལས་འདས་པ་དང་འཕགས་པའི་ལམ་མོ། །སྐྱོན་ཡང་དོན་རྣམ་པ་གཉིས་དང་ལྡན་པས་དང་པོ་ནི་ཉོན་མོངས་པའི་སྐྱོན་ཏེ། དཔེར་ན་ཟས་མ་ཚོས་པ་ལྟ་བུའོ། །གཉིས་
པ་ནི་འཕགས་པའི་ལམ་ཡོངས་སུ་མ་སྨིན་པས་ནི་སྐྱོན་ཞེས་བྱའོ་ཞེས་བསྟན་ཏོ། །བསྟན་བཅོས་ཡང་དག་པའི་རིགས་པ་དང་། རྗེས་སུ་མཐུན་པ་དང་གཞུང་རབ་ཏུ་བསྟན་པ་ལས་ཀྱང་མཛོད་ཀྱི་བསྟན་བཅོས་ལས་འབྱུང་བ་དང་མཐུན་པར་བསྟན་ཏོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་
པ་ཆེན་པོ་ལས་ཀྱང་དོན་རྣམ་པ་གཉིས་ཀྱིས་སྟོན་པས་དང་པོ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི་ཟས་མ་ཚོས་པ་ལྟ་བུའོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། གཞན་ཡང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པས་ནི་སེམས་ཅན་རྣམས་ངན་འགྲོ་རྣམས་སུ་

ལྟུང་ཞིང་སྡུག་བསྔལ་དྲག་པོ་མྱོང་བར་བྱེད་དེ། དཔེར་ན་ཟས་མ་ཚོས་པ་ཡུན་རིང་པོར་ཁོང་དུ་ལུས་ན་སྡུག་བསྔལ་གྱི་དངོས་པོ་རྣམ་པ་སྣ་ཚོགས་སྐྱེད་པ་དང་འདྲ་བས། དེའི་ཕྱིར་ཉོན་མོངས་པ་འདི་ལ་སྐྱོན་ཞེས་བཤད་དེ། མཐོང་བའི་ལམ་གྱིས་འགོག་པར་བྱེད་པའི་
ཕྱིར་སྐྱོན་མེད་པ་ཞེས་བྱའོ། །གཞན་ཡང་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཡོད་པ་དག་ཤིན་ཏུ་གདུལ་བར་དཀའ་ཞིང་། གཅན་གཟན་ལྟར་བཀའ་བློ་མི་བདེ་བའི་ཕྱིར་སྐྱོན་ཞེས་བཤད་དེ། མཐོང་བའི་ལམ་གྱིས་འགོག་པར་བྱེད་པའི་ཕྱིར་སྐྱོན་མེད་པ་ཞེས་བྱའོ་ཞེས་འབྱུང་ངོ་། །ཡང་
ན་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པས་སྐྱོན་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། གཞན་ཡང་ཉོན་མོངས་པ་ཐམས་ཅད་དང་འདོད་ཆགས་དང་། སྲེད་པ་རྣམས་ཀྱིས་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་མི་འགྱུར་ཞིང་སྲེད་པ་རྣམས་བརླན་ནས་ཉེས་
པ་འབྱུང་བར་བྱེད་པའི་ཕྱིར་སྐྱོན་ཞེས་བྱའོ། །མཐོང་བའི་ལམ་སྐྱེས་ནས་དེའི་སྟོབས་ཉམས་སྨད་ཅིང་ཡང་ཉེས་པ་འབྱུང་བའི་དབང་དུ་མི་འགྱུར་བས་དེ་ནས་མཐོང་བའི་ལམ་གཅིག་པུ་ལ་སྐྱོན་མེད་པ་ཞེས་བྱའོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །དེ་ལ་དེ་བཞིན་
གཤེགས་པའི་རིགས་སུ་སྐྱེས་པ་ཞེས་བྱ་བ་ནི་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་ནི་དེ་བཞིན་གཤེགས་པའི་རིགས་ཞེས་བྱ་སྟེ། དེར་མངོན་སུམ་དུ་འགྱུར་ཞིང་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་སྐྱེས་པ་ཞེས་བཤད་དོ། །སློབ་དཔོན་དབྱིག་
གཉེན་གྱིས་མཛད་པའི་འགྲེལ་པ་ལས། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཞེས་བྱ་བ་ནི་དེའི་དབང་གིས་སངས་རྒྱས་རྣམས་ཀྱི་གདུང་རྒྱུན་འཆད་པར་མི་འགྱུར་བའི་ཕྱིར་རོ་ཞེས་བཤད་དོ། །གནས་པ་བཅུའི་བཤད་པ་ལས་སངས་རྒྱས་རྣམས་ཀྱི་རིགས་གང་ཡིན་པ་དེ་ནི་དེ་བཞིན་
གཤེགས་པའི་རིགས་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པའི་ལམ་དུ་འཇུག་པ་རྒྱུན་མི་འཆད་པའི་ཕྱིར། དེ་བཞིན་གཤེགས་པའི་རིགས་ཞེས་བྱའོ་ཞེས་བཤད་དེ། རྒྱ་ཆེར་དེ་ཉིད་ལས་རྣམ་གྲངས་མང་པོས་བསྟན་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །

དེ་ལས་དང་པོ་ཐོབ་པ་ཡིན་ནོ་ཞེས་བྱ་བ་ནི་འོག་ནས་སྟོན་ཏོ། །གཞན་ཡང་ས་དེའི་ཕན་ཡོན་ཡང་ཡོངས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བ་འདིས་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཕན་ཡོན་གཞན་དྲུག་བསྟན་པ་དག་བསྡུས་པར་སྟོན་ཏོ། །དེས་སྔར་ཞི་གནས་དང་ལྷག་མཐོང་ཐོབ་པའི་
ཕྱིར་དམིགས་པ་རྣམ་པ་གཉིས་ཀྱང་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གྱི་དམིགས་པ་དང་། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པའོ། །དེས་ད་ལྟར་མཐོང་བའི་ལམ་ཐོབ་པའི་ཕྱིར་ཡང་དངོས་པོའི་མཐའི་དམིགས་པ་
ཡང་ཐོབ་པར་འགྱུར་རོ་ཞེས་བྱ་བ་འདིས་ནི་གཉིས་པ་དངོས་པོའི་མཐའི་དམིགས་པའི་ཕན་ཡོན་སྟོན་ཏོ། །འདི་ལྟར་སྔར་སའི་མདུན་རོལ་དུ་དམིགས་པ་རྣམ་པ་གཉིས་ཐོབ་པའི་ཕྱིར། མཐོང་བའི་ལམ་འདིར་ཡང་གསུམ་པ་དངོས་པོའི་མཐའི་དམིགས་པའི་བྱེ་བྲག་གི་མཚན་མ་ཐོབ་པར་འགྱུར་ཏེ།
སྔར་གོང་དུ་བསྟན་པ་བཞིན་ནོ། །ཡང་གོང་མ་གོང་མའི་ས་ཐམས་ཅད་དུ་བསྒོམ་པའི་ལམ་ལ་ཞུགས་པས་དམིགས་པ་རྣམ་པ་གསུམ་པོ་དེ་དག་ཉིད་ཡིད་ལ་བྱེད་དེ་ཞེས་བྱ་བ་ནི་གསུམ་པ་བསྒོམ་པའི་ལམ་གྱི་གནས་སྐབས་སྟོན་ཏོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དང་པོ་ནི་
བསྒོམ་པ་ལ་བརྩོན་པར་བསྟན་པ་སྟེ། དེ་ལ་བསྒོམ་པ་ནི་འཕེལ་ཞིང་གསལ་བར་འགྱུར་བའི་དོན་ཏེ། འདི་ལྟར་མཐོང་བའི་ལམ་གྱི་གོང་དུ་ཕྱི་མའི་ས་དགུ་པོ་རྣམས་སུ་བསྒོམ་པའི་ཤེས་པ་ཁད་ཀྱིས་འཕེལ་བར་གྱུར་པའོ། །ཡང་ན་གོང་མ་གོང་མ་ཞེས་བྱ་བས་ནི་ས་བཅུ་པོ་དག་ཚང་བར་
བསྟན་པ་ཡིན་ཏེ། མཐོང་བའི་ལམ་གྱི་གོང་དུ་ས་བཅུ་ཡོད་དེ། གཅིག་ཁོ་ན་མ་ཡིན་པས་ཚིག་ཟློས་བུར་གོང་མ་གོང་མ་ཞེས་གསུངས་སོ། །གཉིས་པ་ནི་དམིགས་པ་རྣམ་པ་གསུམ་པོ་ཞེས་བྱ་བ་ལ་སོགས་པས་ནི་དམིགས་པ་རྣམ་པ་གསུམ་དང་ལྡན་པར་བསྟན་ཏེ། འདི་ལྟར་རྣམ་
པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནང་གི་དངོས་པོའི་མཐའི་དེ་བཞིན་ཉིད་ཡང་དག་པའི་ཡུལ་ཡང་དག་པར་ཡིད་ལ་བྱེད་ཀྱི་གཟུགས་བརྙན་སྤྲུལ་པར་ནི་མི་བྱེད་དེ། རྗེས་ལས་ཐོབ་པའི་ཡེ་ཤེས་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་སྤྱོད་

ཡུལ་རྣམ་པ་གཉིས་ཡིད་ལ་བྱེད་པ་མ་ཡིན་པས་སོ། །གཏན་ཚིགས་དེས་ན་ས་བཅུ་པོ་ཀུན་ལ་ཡང་ཡུལ་རྣམ་པ་གསུམ་པོ་དག་ཚང་བར་ཡོད་པར་མངོན་ནོ།། །།བམ་པོ་ལྔ་བཅུ་པ། དཔེར་ན་ལ་ལ་ཞིག་ཁྱི་གུ་ཆེས་ཕྲ་མོས་ཁྱི་གུ་ཆེས་སྦོམ་པོ་འབྱིན་པ་ཞེས་བྱ་བ་
ནི་གཉིས་པ་དཔེས་བསྟན་པའོ། །དཔེར་ན་འཇིག་རྟེན་པ་རྣམས་ཤིང་གཤེག་པ་ན། སྔར་ནི་ཁྱི་གུ་སྦོམ་པོ་སྤྱོད་ལ། དེའི་འོག་ཏུ་ནི་ཁྱི་གུ་ཕྲ་མོ་སྤྱོད་པ་དག་འདི་ལྟར་ཁྱི་གུ་ཕྲ་མོས་ཁྱི་གུ་སྦོམ་པོ་འབྱིན་པ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཁྱི་གུས་ཁྱི་གུ་
དབྱུང་བ་ལྟ་བུའི་ཐབས་འདི་ལ་བརྟེན་ནས་ནང་གི་མཚན་མ་རྣམ་པར་སེལ་བའི་ཕྱིར། ཀུན་ནས་ཉོན་མོངས་པའི་ཆ་དང་རྗེས་སུ་མཐུན་པའི་མཚན་མ་ཐམས་ཅད་རྣམ་པར་སེལ་བར་བྱེད་དོ། །མཚན་མ་ཡོངས་སུ་བསལ་བའི་ཕྱིར་གནས་ངན་ལེན་རྣམས་ཀྱང་རྣམ་པར་སེལ་བར་བྱེད་དོ་ཞེས་བྱ་
བ་ལ་སོགས་པས་ནི་གསུམ་པ་དཔེ་དང་དོན་དུ་སྦྱར་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ས་དང་པོར་འཆིང་བ་གཉིས་ལས་གྲོལ་བར་བསྟན་པ་དང་། ས་གཞན་རྣམས་སུ་སེམས་རྣམ་པར་སྦྱོང་བ་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་ས་དང་པོའི་བྱང་ཆུབ་སེམས་
དཔའ་ཡང་ཁྱི་གུས་ཁྱི་གུ་དབྱུང་བ་ལྟ་བུའི་ཐབས་འཕགས་པའི་ལམ་དེ་ལ་བརྟེན་ནས། ཏིང་ངེ་འཛིན་གྱི་ནང་གི་མཚན་མ་རྣམ་པར་སེལ་བར་བྱེད་དོ། །མཚན་མ་ཡོངས་སུ་བསལ་བའི་ཕྱིར་མཚན་མའི་འཆིང་བ་ཐམས་ཅད་རྣམ་པར་སེལ་ཏོ། །མཚན་མའི་འཆིང་བ་ཡོངས་སུ་བསལ་བའི་ཕྱིར་
གནས་ངན་ལེན་གྱི་འཆིང་བ་ཡང་དེའི་ཟླ་ལ་སྤོང་བར་འགྱུར་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་མ་བཞག་པའི་བདེན་པ་ལ་སྤྱོད་པ་ནི་མཚན་མ་ལ་སྤྱོད་པ་ཡིན་ཏེ། མཚན་མ་ལ་མི་སྤྱོད་པའི་ཕྱིར་མཚན་མའི་འཆིང་བ་ལས་ཡོངས་སུ་གྲོལ་ལ། མཚན་མའི་
འཆིང་བ་ལས་ཡོངས་སུ་གྲོལ་བའི་ཕྱིར་གནས་ངན་ལེན་གྱི་འཆིང་བ་ལས་ཀྱང་ཡོངས་སུ་གྲོལ་བར་འགྱུར་རོ་ཞེས་བསྟན་ཏེ། འཆིང་བ་གཉིས་ཀྱི་བྱེ་བྲག་གི་མཚན་ཉིད་ནི་སྔར་བསྟན་པ་བཞིན་དུ་རིག་པར་བྱའོ། །ས་དང་པོ་ཡན་ཆད་ཀྱི་འཆིང་བ་གཉིས་ལས་ཡོངས་སུ་གྲོལ་བ་ཇི་ལྟར་

ཤེས་ཤེ་ན། སྨྲས་པ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ་སྦྱོར་བའི་གནས་སྐབས་ལ་གནས་པ་དེས་མཚན་མའི་འཆིང་བ་ཡོངས་སུ་མ་བསལ་བས། གནས་ངན་ལེན་གྱི་འཆིང་བ་ཡང་སྤོང་བར་བྱེད་དོ་ཞེས་བསྟན་པ་དང་། གཞན་ཡང་ཐེག་པ་ཆེན་པོ་བསྡུས་པའི་
འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་གལ་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་གྱུར་ན། མཚན་མའི་འཆིང་བ་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །མཚན་མའི་འཆིང་བ་མི་འབྱུང་བ་ཉིད་ཀྱིས་གནས་ངན་ལེན་གྱི་འཆིང་བ་ཡང་དེའི་རྗེས་སུ་ཉེ་བར་ཞི་བར་འགྱུར་རོ་ཞེས་འབྱུང་བས། དེའི་ཕྱིར་
སའི་མདུན་རོལ་པས་འཆིང་བ་གཉིས་མི་སྤོང་བར་རིག་པར་བྱའོ། །ཁྱི་གུས་ཁྱི་གུ་དབྱུང་བ་འདི་ཡང་བསྟན་པ་རྣམས་ལས་བཤད་པ་མི་མཐུན་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་གཟུགས་བརྙན་ནི་ཁྱི་གུ་ཕྲ་མོ་ལྟ་བུའོ། །གཟུགས་ནི་ཁྱི་གུ་སྦོམ་པོ་ལྟ་བུའོ། །ལུས་ཤིན་
ཏུ་སྦྱངས་པ་གང་ཡིན་པ་དེ་ནི་ཁྱི་གུ་ཕྲ་མོ་ལྟ་བུའོ། །ལུས་ཀྱི་གནས་ངན་ལེན་གང་ཡིན་པ་དེ་ནི་ཁྱི་གུ་སྦོམ་པོ་ལྟ་བུ་སྟེ། འདི་ལྟར་ཁྱི་གུ་ཕྲ་མོས་ཁྱི་གུ་སྦོམ་པོ་འབྱིན་པར་བྱེད་པས་སོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་སྤང་བ་བསྒོམ་པ་གང་ཞེ་ན། སྨྲས་པ། འདི་ལྟར་འདི་ན་
ལ་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་ཡིད་ལ་བྱེད་པས་རང་བཞིན་གྱི་མཚན་མ་ཁྱི་གུས་ཁྱི་གུ་དབྱུང་བའི་ཚུལ་གྱིས་མངོན་པར་འབྱིན་པར་བྱེད་མངོན་པར་སེལ་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་ལ་ལ་ཞིག་གིས་ཁྱི་གུ་ཆེས་ཕྲ་བས་ཁྱི་གུ་ཆེས་སྦོམ་པ་འབྱིན་པར་བྱེད་པ་དེ་བཞིན་དུ།
རྣལ་འབྱོར་པ་ཡང་ཤིན་ཏུ་སྦྱངས་པའི་ཚོགས་ཀྱིས་ལུས་ཀྱི་གནས་ངན་ལེན་གྱི་ཚོགས་མངོན་པར་འབྱིན་པར་བྱེད་མངོན་པར་སེལ་བར་བྱེད། མངོན་པར་སྤོང་བར་བྱེད་པ་གང་ཡིན་པ་དེ་ནི་སྤང་བ་བསྒོམ་པ་ཞེས་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་རྣམ་པར་བཤད་པ་ལས་
སྤང་བ་བསྒོམ་པ་ནི་འདི་ལྟ་སྟེ། འདི་ལྟར་འདི་ན་ལ་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་གྱི་མཚན་མ་ཡིད་ལ་བྱས་པའི་ཕྱིར་ཆོས་རྣམས་ཀྱི་རྩ་བའི་ངོ་བོ་ཉིད་ཀྱི་མཚན་མ་ཡོངས་སུ་བསལ་ནས་ཡང་མངོན་དུ་མི་འགྱུར་བ་གང་ཡིན་པའོ་ཞེས་བཤད་དེ། གཞན་ནི་བསྟན་བཅོས་རྣལ་འབྱོར་

སྤྱོད་པའི་ས་ལས་བསྟན་པ་དང་མཐུན་ནོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་བ་ལང་གི་ཚེ་བསྒྱུར་བ་ལས། ཁྱི་གུ་སྦོམ་པོ་ཁྱི་གུ་ཕྲ་མོས་འབྱིན་པ་ནི་ས་བཅུ་པོ་དག་ཏུ་ཤེས་པ་ཁྱད་པར་དུ་འཕགས་པ་དག་གིས་ཤེས་པ་དམན་པ་དག་རྣམ་པར་སེལ་བའི་
དཔེར་བསྟན་པའོ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས་དཔེར་ན་འཇིག་རྟེན་ན་ཤིང་གཤེག་པར་འདོད་པ་དག་སྔར་ནི་ཁྱི་གུ་ཕྲ་མོ་སྤྱོད་ལ་དེའི་འོག་ཏུ་ནི་སྦོམ་པོ་སྤྱོད་པ་ལྟར། རྣལ་འབྱོར་པས་ཉོན་མོངས་པ་འཇིག་པར་བྱེད་པ་ཡང་དེ་བཞིན་ཏེ། དང་པོར་ནི་ལམ་དམན་པ་སྤྱོད་པའོ། །བར་
དུ་ལམ་འབྲིང་སྤྱོད་དོ་ཐ་མར་ནི་ལམ་མཆོག་སྤྱོད་དོ་ཞེས་འབྱུང་ངོ་། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། འཕགས་པའི་ལམ་ནི་ཁྱི་གུ་ཕྲ་མོ་ལྟ་བུའོ། །ཀུན་ནས་ཉོན་མོངས་པའི་ས་བོན་ནི་ཁྱི་གུ་སྦོམ་པོ་ལྟ་བུའོ་ཞེས་བཤད་དེ། དེའི་ཕྱིར་སློབ་དཔོན་དབྱིག་གཉེན་གྱིས་མཛད་
པའི་འགྲེལ་པ་ལས། གཉེན་པོས་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་འདྲེས་པ་ལ་དམིགས་པའི་ཡེ་ཤེས་ཀྱི་ཁྱི་གུས་ཁྱི་གུ་དབྱུང་བའི་ཚུལ་དུ་ཀུན་གཞིའི་རྣམ་པར་ཤེས་པ་ལ་སྒྲིབ་པའི་ས་བོན་ཡོད་པ་ཐམས་ཅད་འབྱིན་པའི་ཕྱིར་རོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་
ཆོས་འདྲེས་པ་ལ་དམིགས་པའི་ཡེ་ཤེས་ནི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པས། དཔེར་ན་ཁྱི་གུ་ཕྲ་མོས་ཁྱི་གུ་སྦོམ་པོ་འབྱིན་པ་ལྟ་བུའོ། །རྩ་བའི་རྣམ་པར་ཤེས་པ་ལ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱིས་ཡོངས་སུ་བསྒོས་པའི་ས་བོན་ཡོད་པ་གང་ཡིན་པ་དེ་ནི་སྦོམ་
པོ་ཞེས་བྱའོ། །གཉེན་པོར་གྱུར་པའི་ལམ་རྣམས་ནི་དེ་དག་སྤོང་བར་ནུས་པའི་ཕྱིར་ཕྲ་མོའི་དོན་ཡིན་ནོ་ཞེས་བཤད་དོ། །གཞན་ཡང་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་བྱས་པ་ལས། འཕགས་པའི་ལམ་ནི་ཤིན་ཏུ་གྱ་ནོམ་པའི་ཕྱིར་ཁྱི་གུ་ཕྲ་མོ་ལྟ་
བུའོ། །དེས་སྤང་བར་བྱ་བའི་ས་བོན་དེའི་རང་བཞིན་ནི་རགས་པའི་ཕྱིར་ཁྱི་གུ་སྦོམ་པོ་ལྟ་བུའོ་ཞེས་བཤད་དེ། གཞན་ནི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་དང་མཐུན་ནོ། །བསྟན་པ་འདི་དག་ལ་སོགས་པ་ལ་བརྟེན་ནས་མདོའི་ཚིག་འདི་བཤད་པ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས།

ཁ་ཅིག་ན་རེ་མདོའི་ཚིག་འདི་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་བསྟན་པ་དང་མཐུན་པར་ཤེས་པ་ཁྱད་པར་དུ་འཕགས་པའི་ཁྱི་གུས་ཤེས་པ་དམན་པའི་ཁྱི་གུ་འབྱིན་པར་བསྟན་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་མདོའི་ཚིག་འདིའི་དགོངས་པ་ནི་སློབ་དཔོན་
དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལ་སོགས་པ་དང་མཐུན་ཏེ། འདི་ལྟར་འཕགས་པའི་ཡེ་ཤེས་ཀྱི་ཁྱི་གུས་ཉོན་མོངས་པའི་ཁྱི་གུ་འབྱིན་པ་སྟོན་ཏོ་ཞེའོ། །ཁ་ཅིག་ན་རེ་མདོའི་ཚིག་འདི་ནི་མཚན་ཉིད་ཀྱི་དབང་དུ་མཛད་དེ་རབ་ཏུ་བསྟན་ན་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་
འགྲེལ་པ་ལ་སོགས་པ་དང་མཐུན་ཏེ། སྤྱིར་མཚན་ཉིད་ཀྱི་དབང་དུ་མཛད་ནས་བསྟན་པ་ཡིན་པས་ཀུན་ཀྱང་ཕན་ཚུན་འགལ་བ་མེད་དེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སའི་མདུན་རོལ་དུ་ནི་རྩ་བའི་ཏིང་ངེ་འཛིན་ཐོབ་པས་ལུས་ཤིན་ཏུ་སྦྱངས་པས་ལུས་ཀྱི་གནས་ངན་ལེན་
རྣམ་པར་སེལ་བར་བྱེད་ལ། དེའི་འོག་ཏུ་ཏིང་ངེ་འཛིན་གྱི་ནང་གི་གཟུགས་བརྙན་ཕྲ་མོ་ནི་ཕྱི་རོལ་གྱི་མཚན་མ་རགས་པ་རྣམ་པར་སེལ་བའམ། ཡང་ན་གཟུགས་བརྙན་གྱི་མཚན་མ་ཕྲ་མོས་རྩ་བའི་མཚན་མ་རགས་པ་རྣམ་པར་སེལ་བས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དེ་
བཞིན་ཉིད་དུ་བསྒོམ་པའི་རྣལ་འབྱོར་གྱིས། གཟུགས་བརྙན་གྱི་མཚན་མ་ཡོངས་སུ་སེལ་བར་བྱེད་དེ། དེ་བཞིན་དུ་ཡེ་ཤེས་ཀྱིས་ཉོན་མོངས་པ་རྣམས་སེལ་བར་བྱེད་པའི་བར་གང་ཡིན་པ་དེ་ནི་བརྟགས་ན་ཁོང་དུ་ཆུད་པར་འགྱུར་རོ། །ཡང་ན་དཔེ་དང་དོན་དུ་སྦྱར་བ་ནི་བསྒོམ་པའི་ལམ་གྱིས་གནས་
སྐབས་ཁོ་ན་དང་སྦྱར་ཏེ་བསྟན་པའོ། །མཚན་མ་དང་གནས་ངན་ལེན་ཐམས་ཅད་གཏན་དུ་བཅོམ་པའི་ཕྱིར། རིམ་གྱིས་ས་གོང་མ་གོང་མ་དེ་དག་ཏུ་གསེར་སྦྱང་བ་ལྟ་བུར་སེམས་རྣམ་པར་སྦྱངས་པས་ཞེས་བྱ་བ་ནི་གཉིས་པ་སེམས་རྣམ་པར་སྦྱོང་བ་སྟོན་ཏོ། །འདི་ལྟར་ས་དང་པོ་ལ་
འཆིང་བ་གཉིས་གཏན་དུ་བཅོམ་པའི་སྟོབས་ཀྱིས་ས་གོང་མ་རྣམས་སུ་གསེར་མ་བྱང་བ་སྦྱང་བ་ལྟ་བུར་སེམས་རྣམ་པར་སྦྱོང་བས་སོ། །གསེར་སྦྱང་བའི་དཔེ་འདི་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། གསེར་སྦྱང་བ་དང་འདྲ་བར་སེམས་སྦྱང་བར་གསུངས་པ་དེ་ཇི་ལྟར་ལྟ་

ཞེ་ན། གསེར་རྣམ་པར་དག་པ་ལ་རྣམ་པ་གསུམ་ཡོད་དེ་སྐྱོན་རྣམ་པར་དག་པ་དང་། གར་བུ་རྣམ་པར་དག་པ་དང་། ལས་སུ་རུང་བ་རྣམ་པར་དག་པའོ། །དེ་ལ་སྐྱོན་རྣམ་པར་དག་པ་ནི་འབྱུང་ཁུངས་ན་འདུག་པའི་གསེར་གྱི་སྐྱོན་རགས་པ་དང་འབྲིང་དང་། ཆ་ཕྲ་བ་
བསལ་བས་ཅི་ཙམ་དུ་གསེར་ཕྱེ་དག་པར་འགྱུར་བ་ཁོ་ན་ལུས་པར་གྱུར་པའོ། །དེ་ལ་གར་བུ་རྣམ་པར་དག་པ་ནི་དེ་ཉིད་བཞུ་ནས་གར་བུར་གྱུར་པ་གང་ཡིན་པའོ། །དེ་ལ་ལས་སུ་རུང་བ་རྣམ་པར་དག་པ་ནི་གར་བུ་དེ་ཁྲོ་བ་ལ་སོགས་པའི་སྐྱོན་རྣམ་པར་སྦྱངས་པའི་ཕྱིར་རོ་ཞེས་བཤད་དོ། །གཞན་
ཡང་དེ་ཉིད་ལས་འདི་ལྟ་སྟེ། དཔེར་ན་མགར་བའམ། མགར་བའི་སློབ་མ་ཞིག་གིས་གང་གི་ཚེ་གསེར་རམ་དངུལ་ཞིག་དྲི་མ་དང་། སྙིགས་མ་ཐམས་ཅད་སྦྱང་བའི་ཕྱིར་དུས་དུས་སུ་མེར་བསྲེགས་ཤིང་ཆུར་བཀྲུས་ནས་རྒྱན་དེ་དང་དེ་དག་ཏུ་བྱ་བ་ལ་མཉེན་ཞིང་ལས་སུ་རུང་བའི་ཚུལ་
གྱིས་མངོན་སུམ་དུ་བྱ་བར་འགྱུར་ཏེ། དེ་ལ་མགར་བའམ་མགར་བའི་སློབ་མ་མཁས་པ་དེ་དང་མཐུན་པའི་བཟོ་ཤེས་པ་དེས་མགར་སྤྱད་ཀྱིས་རྒྱན་གྱི་རྣམ་པ་ཅི་འདོད་པ་དེར་སྒྱུར་བར་བྱེད་པ་དེ་བཞིན་དུ། རྣལ་འབྱོར་པས་ཀྱང་གང་གི་ཚེ་སེམས་དེ་བརྣབ་སེམས་ལ་སོགས་པའི་དྲི་མ་དང་། སྙིགས་
མ་ལ་མི་ཕྱོགས་པ་ཉིད་ཀྱིས་སྐྱོ་བར་བྱས་ལ། ཉོན་མོངས་པ་ཅན་ཡིད་མི་བདེ་བ་ལ་མི་ཕྱོགས་པ་ཉིད་དང་། དགེ་བའི་ཕྱོགས་ལ་མངོན་པར་དགའ་བ་ལ་མངོན་དུ་ཕྱོགས་པ་ཉིད་ཀྱིས་མངོན་པར་དགའ་བར་བྱས་ནས་རྣལ་འབྱོར་དེས་སེམས་དེ་ཞི་གནས་ཀྱི་ཕྱོགས་སམ། ལྷག་མཐོང་གི་ཕྱོགས་
གང་དང་གང་དག་ལས་ངེས་པར་སྦྱོང་བར་བྱེད་པ་དེ་དང་དེ་དག་ལ་ཤིན་ཏུ་ཉེ་བར་སྦྱར་བ་དང་། ཤིན་ཏུ་རྣལ་དུ་འབབ་པ་དང་མི་གཡོ་བ་དང་། མི་འགུལ་བར་འགྱུར་ཞིང་། ཇི་ལྟར་བསམས་པའི་དོན་ཡང་དག་པར་འགྲུབ་པའི་ཕྱིར་འགྲོ་བར་ཡང་དག་པར་འགྱུར་རོ་ཞེས་འབྱུང་ངོ་། །
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་འཐོབ་པར་འགྱུར་ལ། དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ཡང་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་ནི་གཉིས་པ་འབྲས་བུའི་གནས་སྐབས་ཞེས་བྱ་བ་སྟོན་ཏེ། གནས་སྐབས་རྣམ་པ་ལྔས་འདི་ནི་ལྔ་པ་མཐར་ཕྱིན་པའི་

གནས་སྐབས་སོ། །འདི་ལྟར་ས་རྣམས་སུ་སེམས་སྦྱང་བ་ཁོ་ན་མ་ཡིན་གྱི་མཐར་ཕྱིན་པའི་གནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་ཡོངས་སུ་སྦྱང་དགོས་པའོ། །གཞན་ཡང་གནས་འདི་ལ་བརྟེན་ནས་དམིགས་པ་རྣམ་པ་བཞི་ལས་བཞི་པ་དགོས་པ་
ཡོངས་སུ་གྲུབ་པའི་དམིགས་པ་ཡང་ཐོབ་པར་འགྱུར་བའོ། །སངས་རྒྱས་ཀྱི་སའི་གནས་སྐབས་སུ་ནི་དམིགས་པ་རྣམ་པ་བཞི་པོ་དག་ཚང་བར་མངའོ། །བཤད་པ་རྣམ་པ་གཞན་དུ་ན། སའི་མདུན་རོལ་པ་དག་ནི་དམིགས་པ་རྣམ་པ་གཉིས་འཐོབ་བོ། །ས་བཅུ་པ་ལ་གནས་
པ་དག་ནི་དངོས་པོའི་མཐའ་ཞེས་བྱའོ། །སངས་རྒྱས་ཀྱི་སའི་གནས་སྐབས་ཀྱི་ནི་ཡོངས་སུ་རྫོགས་པ་ཞེས་བྱ་སྟེ། དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་སྔ་མ་བཟང་ངོ་། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔས་ནང་གི་ཞི་གནས་དང་ལྷག་མཐོང་ལ་ཡང་
དག་པར་བསྒྲུབས་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ནི་གཉིས་པ་སྤྱིའི་མཇུག་བསྡུ་བ་སྟེ། འདི་ལྟར་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དག་གིས་ཞི་གནས་དང་ལྷག་མཐོང་གི་ལམ་ལ་བརྟེན་
ནས་ནན་ཏན་དུ་བསྒྲུབ་པའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་སྒྲུབ་པར་བགྱིད་ན་བྱང་ཆུབ་སེམས་དཔའི་མཐུ་དང་། ཡོན་ཏན་ཡངས་ཤིང་རྒྱ་ཆེར་
རབ་ཏུ་འདྲེན་པར་འགྱུར་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ་བདུན་པ་མཐུ་དང་ཡོན་ཏན་ཡངས་ཤིང་རྒྱ་ཆེ་བའི་བར་དུ་འདྲེན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་སྟེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ། །རིགས་ཀྱི་བུ་
གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་གནས་དྲུག་ལ་མཁས་པར་གྱུར་ན། བྱང་ཆུབ་སེམས་དཔའི་མཐུ་དང་། ཡོན་ཏན་ཡངས་ཤིང་རྒྱ་ཆེ་བ་ཇི་སྙེད་ཡོད་པ་དག་རབ་ཏུ་འདྲེན་པར་འགྱུར་ཏེ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པ་

སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུས་པ་བཞིན་དུ་ཡང་དག་པར་རྣམ་པར་བཤད་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་སྤྱིའི་མཇུག་བསྡུ་བའོ། །དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། གྲངས་སྨོས་ནས་ལན་མདོར་གསུངས་པ་དང་། གྲངས་བཞིན་དུ་མིང་
བཀོད་པ་དང་། གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པའོ། །འདི་ནི་དང་པོ་གྲངས་སྨོས་ནས་ལན་མདོར་གསུངས་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་གནས་དྲུག་ལ་མཁས་པར་གྱུར་ན། མཐུ་དང་ཡོན་ཏན་རྒྱ་ཆེ་བ་རབ་ཏུ་འདྲེན་པར་འགྱུར་བས་སོ། །སེམས་ཀྱི་སྐྱེ་
བ་ལ་མཁས་པ་དང་། སེམས་ཀྱི་གནས་ལ་མཁས་པ་དང་། སེམས་ཀྱི་བསླབ་པ་དང་། སེམས་ཀྱི་འཕེལ་བ་ལ་མཁས་པ་དང་། སེམས་ཀྱི་འགྲིབ་པ་ལ་མཁས་པ་དང་། སེམས་ཀྱི་ཐབས་ལ་མཁས་པའོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །ཇི་ལྟར་
ན་སེམས་ཀྱི་སྐྱེ་བ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདི་ཡང་གནས་དྲུག་རྣམ་པར་ཕྱེ་སྟེ་བཤད་པ་ཉིད་ལས་རྣམ་པ་དྲུག་ཏུ་དབྱེ་སྟེ། འདི་ནི་དང་པོ་སེམས་ཀྱི་སྐྱེ་བ་ལ་མཁས་པ་རྣམ་པར་བཤད་པའོ། །འདི་
ཡང་རྣམ་པ་གཉིས་ཏེ། བརྟག་པ་དང་ལན་དུ་གསུངས་པ་སྟེ། འདི་ནི་བརྟག་པའོ། །དེ་ལ་མཁས་པ་ཞེས་བྱ་བ་ནི་ཡོངས་སུ་ཤེས་པར་བྱེད་པའི་སེམས་སོ། །སྐྱེ་བ་ཞེས་བྱ་བ་ནི་ཡོངས་སུ་ཤེས་པར་བྱ་བའི་སེམས་ཏེ། འོག་མ་རྣམས་ཀྱང་འདི་བཞིན་དུ་སྦྱར་རོ། །འདི་ལྟ་སྟེ། ཡང་དག་
པ་ཇི་ལྟ་བ་བཞིན་དུ་སེམས་ཀྱི་རྣམ་པ་བཅུ་དྲུག་གི་སྐྱེ་བ་རབ་ཏུ་དབྱེ་བ་ཤེས་པ་གང་ཡིན་པ་དེ་ནི་སེམས་ཀྱི་སྐྱེ་བ་ལ་མཁས་པ་ཞེས་བྱའོ་ཞེས་པ་ལ་སོགས་པས་ནི་གཉིས་པ་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ལེན་མདོར་གསུངས་པ་དང་། རྣམ་པར་ཕྱེ་
ནས་བཤད་པ་སྟེ། འདི་ནི་དང་པོ་ལན་མདོར་གསུངས་པའོ། །དེ་ལ་སེམས་ཀྱི་སྐྱེ་བ་རྣམ་པ་བཅུ་དྲུག་རབ་ཏུ་དབྱེ་བ་ཡང་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སེམས་རྣམ་པ་བཅུ་དྲུག་རྣམ་པར་ཕྱེ་ནས་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། མདོར་བསྟན་པ་དང་། རྣམ་པར་བཤད་

པ་སྟེ། འདི་ནི་མདོར་བསྟན་པའོ། །སྣོད་བརྟན་པར་གནས་པའི་རྣམ་པར་རིག་པའི་སྐྱེ་བ་རྣམ་པར་མི་རིག་པ་ནི་འདི་ལྟ་སྟེ། ལེན་པའི་རྣམ་པར་ཤེས་པའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་གོ་རིམས་བཞིན་དུ་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་སེམས་རྣམ་པ་བཅུ་དྲུག་ཏུ་བསྟན་པ་ཉིད་
ཀྱིས་རྣམ་པ་བཅུ་དྲུག་ཏུ་དབྱེ་སྟེ། འདི་ནི་སེམས་དང་པོ་རྣམ་པར་བཤད་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། སེམས་ཀྱི་མིང་བསྟན་པ་དང་། ངོ་བོ་ཉིད་བསྟན་པའོ། །མདོའི་ཚིག་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མི་རིག་པ་ཞེས་བྱ་བ་
ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེས་དམིགས་པའི་རྣམ་པ་མི་རིག་པས་སོ། །རྟག་པར་རྒྱུན་མི་འཆད་པའི་ཕྱིར་བརྟན་པར་གནས་པ་ཞེས་བྱའོ། །སྣོད་ཀྱི་འཇིག་རྟེན་འཛིན་པའི་ཕྱིར་སྣོད་ཅེས་བྱའོ། །ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་ངོ་བོ་ཉིད་བསྟན་པའོ། །འདི་ཡང་རྣམ་པ་
གསུམ་དང་ལྡན་ཏེ། དབང་པོའི་རྟེན་ཡོངས་སུ་འཛིན་པ་དང་། ས་བོན་ཡོངས་སུ་འཛིན་པ་དང་། སྐྱེ་བའི་རྒྱུན་ཡོངས་སུ་འཛིན་པའོ་ཞེའོ། །ཁ་ཅིག་ན་རེ་མི་རིག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཐུན་མོང་གི་འབྲས་བུའི་མཚན་ཉིད་ཕྱི་རོལ་གྱི་སྣོད་ཀྱི་འཇིག་རྟེན་རང་ཉིད་ཀྱིས་སྤྲུལ་པ་རབ་ཏུ་དབྱེ་བའི་
མཚན་ཉིད་རྣམ་པར་མི་རིག་པའོ་ཞེས་ཟེར་རོ། །རྣམ་པ་སྣ་ཚོགས་ཀྱི་དམིགས་པའི་རྣམ་པར་རིག་པའི་སྐྱེ་བ་ཞེས་བྱ་བ་ལ་སོགས་པས་ནི་སེམས་གཉིས་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་མིང་སྨོས་པ་དང་། ངོ་བོ་ཉིད་བསྟན་པས་སྟོན་ཏེ། འདི་ནི་མིང་སྨོས་པའོ། །དམིགས་པའི་རྣམ་
པ་ཡང་ཡུལ་གྱི་རྗེས་སུ་གཅིག་ཁོ་ན་མ་ཡིན་པའི་ཕྱིར་རྣམ་པ་སྣ་ཚོགས་ཞེས་བྱ་བ་གསུངས་སོ། །དམིགས་པའི་རྣམ་པར་རིག་པ་སྐྱེ་བ་ཞེས་བྱ་བ་ནི་ཡུལ་ལ་མིང་དུ་བཏགས་པ་སྟེ། ཡུལ་ལ་དམིགས་པའི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །དམིགས་པའི་རྣམ་པར་རིག་པ་སྐྱེ་བ་
ཞེས་བྱའོ་ཅིག་ཅར་གཟུགས་ལ་སོགས་པའི་ཡུལ་ཐམས་ཅད་འཛིན་པའི་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཅིག་ཅར་ནང་དང་ཕྱི་རོལ་གྱི་ཡུལ་འཛིན་ཅིང་ཚོར་བ་རིག་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ངོ་བོ་ཉིད་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པའི་

ཡིད་ཀྱི་རྣམ་པར་ཤེས་པ་བསྟན་པ་དང་། ཟག་པ་མེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་བསྟན་པའོ། །འདི་ནི་དང་པོ་སྟེ་འདི་ལྟར་དུས་གཅིག་ཏུ་ཅིག་ཅར་གཟུགས་ལ་སོགས་པའི་ཡུལ་ཐམས་ཅད་འཛིན་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་རྣམ་པར་
ཤེས་པ་ལྔ་པོ་དག་དང་དུས་གཅིག་ཏུ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའམ། ཡང་ན་རྣམ་པར་ཤེས་པ་ལྔ་པོ་དག་གི་མཇུག་ཐོགས་སུ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའོ། །ཡང་ན་དུས་གཅིག་ཏུ་ཅིག་ཅར་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་བཅུ་གཉིས་པོ་དག་གི་
ཡུལ་འཛིན་པས་ཚོར་བ་མྱོང་ཞིང་རིག་པའི་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའོ། །སྐད་ཅིག་དང་ཐང་ཅིག་དང་། ཡུད་ཙམ་ཅིག་ཅར་ཏིང་ངེ་འཛིན་མང་པོ་ལ་སྙོམས་པར་འཇུག་པ་སྟོན་པ་སངས་རྒྱས་ཀྱི་ཞིང་མང་པོ་མཐོང་བ། དེ་བཞིན་གཤེགས་པ་མང་པོ་མཐོང་བ་
རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའོ་ཞེས་བྱ་བ་ནི་གཉིས་པ་ཟག་པ་མེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་བསྟན་པའོ། །དེ་ལ་སྐད་ཅིག