Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 109

Văn bản gốc(Tây Tạng)

Trang 17 / 21 (50.000 ký tự/trang)
རྣམས་ལ་ནི་བདེ་བར་མངོན་པར་ང་རྒྱལ་བའི་སེམས་ཅན་རྣམས་ཀྱི་དབང་དུ་བྱས་པའོ། །

གཟུགས་མེད་པ་རྣམས་ནི་ཐར་པར་མངོན་པར་ང་རྒྱལ་བ་རྣམས་ཀྱིའོ། །བྱམས་པ་དང་སྙིང་རྗེ་དག་སྡུག་བསྔལ་ཅན་རྣམས་ཀྱིའོ། །དགའ་བ་དང་བཏང་སྙོམས་དག་གྲོལ་བ་རྣམས་ཀྱིའོ། །མངོན་པར་ཤེས་པ་རྣམས་ནི་སྐྱབས་ངན་པ་ལ་ཞུགས་པ་རྣམས་ཀྱི་དབང་དུ་བྱས་ནས་ཏེ། མཐུ་ཁྱད་པར་ཅན་གྱིས་
གཞུག་པའི་དོན་དུའོ། །མ་ཉམས་པའི་བསམ་གཏན་ལ་སོགས་པ་ཐོབ་པའི་ཕྱིར་ས་འདི་ནི་དེ་རྣམས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །ས་སྔ་མ་དག་ན་ཡང་དེ་རྣམས་ལ་སྙོམས་པར་འཇུག་པ་མེད་པ་ནི་མ་ཡིན་ནོ། །འདིར་མངོན་པར་ཤེས་པ་ལྔ་རྣམས་ཏེ། དེ་སྐད་དུ་ཡང་མདོར། དེ་རྫུ་འཕྲུལ་གྱི་བྱ་བ་རྣམ་པ་དུ་མ་
སོ་སོར་ཉམས་སུ་མྱོང་བར་བྱེད་དེ་ས་ཡང་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་ནས་མང་པོར་འགྱུར་རོ། །མང་པོར་གྱུར་ནས་གཅིག་ཏུ་འགྱུར་རོ། །སྣང་བར་གྱུར་ཅིང་མི་སྣང་བར་གྱུར་ཏོ། །རྩིག་པ་ལ་ཡང་ཐད་ཀ་དང་ར་བ་ལ་ཡང་ཐད་ཀ་དང་། རི་ལ་ཡང་ཐད་ཀར་མི་ཐོགས་པར་འགྲོའོ། །ནམ་མཁའ་ལ་
ཡང་འགྲོ་བ་དང་། ས་ལ་ཡང་སྟེང་དུ་འབྱུང་བ་དང་བྱིའུ་ཟུལ་བྱེད་དོ། །ཆུ་ལའང་ས་ལ་བཞིན་དུ་འགྲོའོ། །དུ་བ་འཐུལ་བར་ཡང་བྱེད། འབར་བར་ཡང་བྱེད་དོ། །སྤྲིན་ཆེན་པོ་བཞིན་དུ་ལུས་ལས་ཆུ་འབྱིན་ཏེ། ཆུ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་དུ་འབར་བ་ཡང་ཞི་བར་བྱེད་
པའོ། །ཉི་མ་དང་ཟླ་བ་དག་ཀྱང་ལག་པས་ཡོངས་སུ་ཉུག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུ་ཡང་ལུས་ཀྱིས་དབང་བསྒྱུར་རོ། །སོ་སོར་སྣང་བ་དང་། བདེ་བ་ཡང་སྟེར་རོ། །འོད་ཟེར་ཡང་རབ་ཏུ་འགྱེད་དོ། །དེ་ལྷའི་རྣ་བའི་ཁམས་མིའི་ལས་འདས་པས་ལྷ་དང་མི་རྣམས་ཀྱི་སྒྲ་རྣམས་
ཐོས་སོ། །དམྱལ་བ་དང་བྱོལ་སོང་དང་ཡི་དགས་རྣམས་ཀྱི་དང་། ཐ་ན་ཤ་སྦྲང་དང་སྦྲང་བུ་མཆུ་རིངས་དང་། སྲིན་བུ་དང་བྱ་དང་བུང་བ་རྣམས་ཀྱི་ཡང་སྡུག་བསྔལ་དང་ལྡན་པ་རྣམས་ཀྱིས་ཉེན་པའི་སྒྲ་ཐོས་ནས་སྡུག་བསྔལ་དེ་བསལ་བའི་ཆེད་དུ་འབད་ཅིང་། འདི་ཉིད་དུ་གནས་ནས་ཞིང་སྣ་ཚོགས་པ་
རྣམས་ན་སངས་རྒྱས་རྣམས་ཆོས་སྟོན་པ་ཉན་ནོ། །དེས་སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་རྣམས་ཀྱི་སེམས་ཀྱང་སེམས་ཀྱིས་ཡང་དག་པ་ཇི་ལྟ་བར་རབ་ཏུ་ཤེས་ཏེ། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའོ་ཞེས་པ་དང་། དེ་བཞིན་དུ་འདོད་ཆགས་དང་བྲལ་བ་དང་།

ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བའི་སེམས་ནས་ཇི་སྲིད་བླ་ན་མེད་པའི་སེམས་ལ་བླ་ན་མེད་པའི་སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན་པ་དང་གཉིས་དང་
གསུམ་ནས་ཇི་སྲིད་སྐྱེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་ཡང་རྗེས་སུ་དྲན་ནོ། །ཉི་མ་གཅིག་དང་གཉིས་དང་གསུམ་རྣམས་ནས་ཇི་སྲིད་དུ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་རྣམས་ཀྱང་རྗེས་སུ་དྲན་ནོ། །ཆེ་གེ་མོ་ཞིག་ཏུ་བདག་མིང་འདི་ཞེས་བྱ་བར་འགྱུར། རུས་འདི་ལྟ་བུ། རིགས་འདི་ལྟ་བུ།
ཁ་ཟས་འདི་ལྟ་བུ། ཡུན་འདི་ལྟ་བུར་གནས། ཚེའི་མཐའ་ནི་འདི་ལྟ་བུ་ཐུབ། བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་པ་ན་ཇི་སྲིད་དེ་ནས་ཤི་འཕོས་ནས་འདིར་སྐྱེས་སོ་ཞེས་པ་ནས། ཇི་སྲིད་ཡན་ལག་དང་བཅས། རྣམ་པ་དང་བཅས། ཆེད་དུ་བྱ་བ་དང་བཅས། རྒྱུ་མཚན་དང་བཅས་པའི་སྔོན་གྱི་
གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །ཕ་རོལ་པོ་རྣམས་ཀྱི་ཡང་སྔོན་གྱི་སྲིད་པ་དེ་རྣམས་ཁོ་ནས་དྲན་དུ་འཇུག་གོ། །དེས་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་རྣམས་མཐོང་སྟེ། འཆི་བཞིན་པ་དང་སྐྱེ་བཞིན་པ་དང་། སྐྱེས་པ་རྣམས་དང་། ཁ་དོག་བཟང་བ་དང་། ཁ་དོག་ངན་
པ་དང་། དམན་པ་དང་། གྱ་ནོམ་པ་རྣམས་དང་། བདེ་འགྲོ་དང་། ངན་འགྲོ་ལས་ཇི་ལྟ་བར་ཉེ་བར་འགྲོ་བའི་སེམས་ཅན་རྣམས་རབ་ཏུ་ཤེས་ཏེ། སེམས་ཅན་འདི་རྣམས་ལུས་ཀྱིས་ལེགས་པར་སྤྱོད་པ་དང་། ངག་གིས་ལེགས་པར་སྤྱོད་པ་དང་། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་འཕགས་པ་
རྣམས་ལ་སྐུར་པ་མི་འདེབས་པ་ཡང་དག་པར་ལྟ་བ་ཅན་རྣམས་ཏེ། ལེགས་པར་སྤྱོད་པའི་རྒྱུ་དེས། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་སུ་སྐྱེའོ། །སེམས་ཅན་འདི་རྣམས་ནི་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་གིས་ཉེས་པར་སྤྱད་པ་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་དང་
ལྡན་པ་འཕགས་པ་རྣམས་ལ་སྐུར་པ་འདེབས་པ་ལོག་པར་ལྟ་བ་ཅན་རྣམས་ཏེ། ལོག་པར་ལྟ་བ་ཡང་དག་པར་བླངས་པའི་རྒྱུ་ལས། ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེའོ་ཞེས། ལྷའི་མིག་གིས་ཕྱོགས་བཅུའི་འཇིག་རྟེན་དུ་འཇིག་རྟེན་གྱི་ཁམས་

ཐམས་ཅད་དུ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་འགྲོ་བ་དྲུག་གི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་སོ། །འདིར་མངོན་པར་ཤེས་པ་གཅིག་གིས་སེམས་ཅན་རྣམས་ཉེ་བར་གནོན་ནོ་ཞེས་པས་ཁྱབ་བདག་ཉིད་ཐོབ་པོ། །གཉིས་
ཀྱིས་ཆོས་སྟོན་པ་སྒྲ་དང་དོན་སོ་སོ་ཡང་དག་པར་རིག་པ་ལས་ཏེ། སེམས་ཤེས་ནས་སྐད་གཞན་རྣམས་ཀྱི་དོན་ཤེས་པར་བྱེད་པས་སོ། །གཉིས་དག་གིས་འོང་བ་དང་འགྲོ་བ་ཤེས་ཏེ། སེམས་ཅན་རྣམས་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའི་ཡོངས་སུ་སྨིན་པ་ཤེས་སོ། །རྣམ་པར་དག་པ་ནི་གསལ་
བར་ཐོས་པའི་ཕྱིར་རོ། །མིའི་ལས་འདས་པ་ནི་ཐག་རིང་པོ་ཐོས་པ་སྟེ། མིའི་སྒྲ་ལས་ཤིན་ཏུ་འདས་ནས་འོག་ཏུ་ཇི་སྲིད་མནར་མེད་པའི་བར་གྱི་སྒྲ་ཐོས་པར་ནུས་པའི་ཕྱིར་རོ། །རྣམ་པ་ནི་འདི་རྣམས་ཐམས་ཅད་ཐ་དད་པའོ། །ཆེད་དུ་བྱ་བ་ནི་མིང་ངོ་། །རྒྱུ་མཚན་ནི་རིགས་ལ་སོགས་པ་རྣམས་
ཏེ། གང་གིས་སྐྱེས་པའི་རྒྱུ་མཚན་ནོ། །འདི་ལ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་རྣམས་སྣང་བར་འགྱུར་ཏེ། མཐོང་བ་རྒྱ་ཆེན་པོ་ཉིད་དང་སྨོན་ལམ་གྱི་སྟོབས་ཀྱིས་སོ། །དེ་ཡང་ཕལ་ཆེར་སུམ་ཅུ་རྩ་གསུམ་པའི་བདག་པོ་ལྷའི་རྒྱལ་པོའི་དབང་པོར་འགྱུར་ལ་སེམས་ཅན་གྱི་འདོད་
པའི་འདོད་ཆགས་བཟློག་པའི་ཐབས་ཡང་དག་པར་སྒྲུབ་པ་ལ་མཁས་པ་སྟེ། སེམས་ཅན་རྣམས་འདོད་པའི་འདམ་ལས་གདོན་པའི་དོན་དུའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་རྣམས་ལས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བར་འགྱུར་ཞིང་བསྡུ་བའི་དངོས་པོ་རྣམས་ལས་དོན་སྤྱོད་པའོ། །སྐད་
ཅིག་གཅིག་གིས་ཏིང་ངེ་འཛིན་བརྒྱ་ཕྲག་སྟོང་ཐོབ་པ་དང་། སངས་རྒྱས་འབུམ་མཐོང་བ་དང་། དེ་རྣམས་ཀྱི་བྱིན་རླབས་ཀྱང་ཤེས་སོ། །འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱ་གཡོ་ཞིང་སྣང་བར་བྱེད་པ་དང་། ཞིང་བརྒྱ་ཕྲག་སྟོང་དུ་འགྲོ་བ་དང་། སེམས་ཅན་འབུམ་ཡོངས་སུ་སྨིན་པར་བྱེད་པ་དང་།
བསྐལ་པ་སྟོང་ཕྲག་བརྒྱར་གནས་པ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་འཇུག་པ་དང་། ཆོས་ཀྱི་སྒོ་འབུམ་རྣམ་པར་འབྱེད་པ་དང་། ལུས་འབུམ་སྟོན་པ་དང་། ལུས་སོ་སོ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་འབུམ་སྟོན་པར་བྱེད་དོ། །དེ་ལྟར་ཐོབ་པའི་ཡོན་ཏན་འཕེལ་བ་ལ་སྤྲོ་བ་དང་ལྡན་པ་ནི་

རྟོགས་པ་དང་མ་རྟོགས་པ་འཕེལ་བ་དང་རྟོགས་པ་འབྱུང་བའི་ཕྱིར་ཡོན་ཏན་ཐམས་ཅད་ཀྱི་རྒྱུ་བརྩོན་འགྲུས་ཁོ་ནའོ་ཞེས་སེམས་བསྐྱེད་པ་བརྒྱད་པ་མངོན་པར་སྒྲུབ་པར་བྱེད་དོ། །དེ་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་རྡོ་རྗེ་ལྟ་བུ་སྟེ། ཡིད་ཆེས་པ་བརྟན་པ་ཉིད་ཀྱིས་ན་
མི་ཕྱེད་པའི་ཕྱིར་རོ། །ས་འོད་འཕྲོ་བ་ཡང་སྟེ་གང་གི་ཕྱིར་འདིར་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱིས་ཀུན་ནས་ཉོན་མོངས་པའི་བུད་ཤིང་བསྲེགས་ལ། དེ་ལས་ཡེ་ཤེས་ཀྱི་མེའི་འོད་འབྱུང་བའི་ཕྱིར་འོད་འཕྲོ་བའོ། །འདིར་ཡང་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་མང་པོ་རྣམས་
སྣང་བར་འགྱུར་ལ་སྐད་ཅིག་གཅིག་གིས་ཏིང་ངེ་འཛིན་བྱེ་བ་བརྒྱ་སོ་སོར་ཐོབ་པ་དང་། སངས་རྒྱས་བྱེ་བ་བརྒྱ་མཐོང་བ་དང་། དེ་རྣམས་ཀྱི་བྱིན་གྱི་རླབས་ཀྱང་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་གཡོ་བར་བྱེད་ཅིང་སྣང་བར་ཡང་བྱེད་པ་དང་། ཞིང་བྱེ་བ་བརྒྱར་འགྲོ་བ་དང་སེམས་ཅན་བྱེ་བ་བརྒྱ་ཡོངས་
སུ་སྨིན་པར་བྱེད་པ་དང་། བསྐལ་པ་བྱེ་བ་བརྒྱར་གནས་ཤིང་སྔོན་གྱི་མཐའ་དང་ཕྱི་མའི་མཐར་འཇུག་པ་དང་ཆོས་ཀྱི་སྒོ་བྱེ་བ་བརྒྱ་རྣམ་པར་འབྱེད་པ་དང་། ལུས་བྱེ་བ་བརྒྱ་སྟོན་པ་དང་། ལུས་དང་ལུས་ལ་ཡང་བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱའི་འཁོར་དང་ལྡན་པར་སྟོན་པར་བྱེད་དོ། །ཕལ་ཆེར་ལྷའི་
དབང་པོ་རབ་འཐབ་བྲལ་དུ་འགྱུར་ལ། སེམས་ཅན་རྣམས་ཀྱི་འཇིག་ཚོགས་ལ་ལྟ་བ་ཡང་དག་པར་འཇོམས་པ་ལ་མཁས་པ་དང་གཙོ་བོ་སྟེ། སེམས་ཅན་རྣམས་ཡང་དག་པའི་ལྟ་བ་ལ་དགོད་པའི་ཆེད་དུ་མཁས་པའོ། །དེའི་བསྡུ་བའི་དངོས་པོ་རྣམས་ལས་དོན་མཐུན་པ་དང་ཕ་རོལ་ཏུ་ཕྱིན་པ་
རྣམས་ལས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བར་འགྱུར་རོ། །དེ་ནས་སེམས་བསྐྱེད་པ་དགུ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་རི་བོ་ལྟ་བུ་སྟེ། དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པའི་ཕྱིར་རོ། །ས་སྦྱང་དཀའ་བ་ཡང་སྟེ། གང་གི་ཕྱིར་འདི་ལ་འཇིག་
རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་གི་རིགས་པ་དང་བདེན་པ་ཤེས་པ་དག་ཕན་ཚུན་འགལ་བ་ལས་ཡོངས་སུ་སྦྱོང་བ་བྱ་བ་དཀའ་བ་དེའི་ཕྱིར་ཤིན་དུ་སྦྱང་དཀའ་བའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་བདུད་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་འདིར་ཐུབ་པར་མི་ནུས་སོ་ཞེས་

པས་ཤིན་ཏུ་རྒྱལ་བར་དཀའ་བ་ཡང་ངོ་། །དེ་ནི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཆེན་པོ་མངོན་པར་སྒྲུབ་པའི་སྣ་ཚོགས་པའི་ཐབས་དང་བྱ་བ་རབ་ཏུ་སྦྱོར་བ་རྣམས་ཀྱིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མངོན་པར་སྦྱོར་བས་སངས་
རྒྱས་ཀྱི་ཡེ་ཤེས་ཀྱི་རྗེས་སུ་སོང་བའི་སེམས་ཀྱི་རྒྱུན་དང་ལྡན་ཞིང་དགེ་བའི་རྩ་བ་ལ་སྦྱོར་བ་ལ་ཕྱིར་མི་ལྡོག་པ་སྟེ་ཁྱད་པར་ཅན་གྱི་ཆོས་ཚོལ་བ་ལ་མངོན་པར་བརྩོན་པས། སེམས་ཅན་ལ་ཕན་པ་གང་འཇིག་རྟེན་ན་རབ་ཏུ་སྤྱོད་པ་ན། ཡི་གེ་དང་བསྟན་བཅོས་དང་རྒྱ་དང་གྲངས་དང་རྩིས་དང་ཤོད་ཐབས་ལ་
སོགས་པ་དང་། ཁམས་ཀྱི་རྒྱུད་དང་གསོ་བའི་རྒྱུད་དབུལ་བ་དང་བརྗེད་བྱེད་དང་འབྱུང་པོའི་གདོན་སེལ་བ་རྣམས་དང་དགུ་དང་རོ་ལོངས་ཀྱི་སྦྱོར་བ་འཇོམས་པར་བྱེད་པ་རྣམས་དང་། སྙན་དངགས་དང་གར་ཐབས་དང་གཏམ་རྒྱུད་དང་། རོལ་མོ་དང་སྔོན་བྱུང་བས་རབ་ཏུ་དགའ་བར་བྱེད་པ་རྣམས་དང་།
གྲོང་དང་གྲོང་ཁྱེར་དང་སྐྱེད་མོས་ཚལ་དང་འབབ་ཆུ་དང་མཚོ་དང་མཚེའུ་དང་རྫིང་བུ་དང་མེ་ཏོག་དང་འབྲས་བུ་དང་སྨན་དང་ནགས་ཚལ་མངོན་པར་སྒྲུབ་པ་རྣམས་དང་། གསེར་དང་དངུལ་དང་ནོར་བུ་དང་མུ་ཏིག་དང་བཻ་ཌཱུརྱ་དང་དུང་དང་མེན་ཤེལ་དང་བྱི་རུ་དང་རིན་པོ་ཆེའི་འབྱུང་ཁུངས་བསྟན་པ་རྣམས་དང་། ཟླ་བ་དང་ཉི་
མ་དང་གཟའ་དང་རྒྱུ་སྐར་དང་འོད་དང་ས་གཡོ་བ་དང་གཅན་གཟན་གྱི་ལང་ངེ་དང་རྨི་ལམ་གྱི་ལྟས་སྟོན་པ་ལ་འཇུག་པ་དང་། སེམས་ཅན་གྱི་ཡན་ལག་དང་ཉིང་ལག་གི་མཚན་ཉིད་སྤྱོད་པ་དང་རྗེས་སུ་སྤྱོད་པའི་སྦྱོར་བའི་ལྟས་རྣམས་དང་། སྡོམ་པའི་ཆོ་ག་དང་། བསམ་གཏན་དང་། མངོན་པར་ཤེས་པ་དང་།
ཚད་མེད་པ་དང་། གཟུགས་མེད་པའི་གནས་རྣམས་དང་། གཞན་ཡང་གང་རྣམ་པར་ཐོ་འཚམས་པ་མེད་པ་དང་། རྣམ་པར་མི་འཚེ་བ་དང་ལྡན་པ་རྣམས་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་འགྱུར་བ་དེ་རྣམས་ཀྱང་སྙིང་རྗེ་དང་ལྡན་པས་མཐར་གྱིས་སངས་རྒྱས་ཀྱི་ཆོས་ལ་འགོད་པའི་ཆེད་དུ་མངོན་
པར་སྒྲུབ་པོ་ཞེས་འཕགས་པ་ས་བཅུ་པར་གསུངས་སོ། །འདི་ལ་ཡང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་རྣམས་སྣང་བར་འགྱུར་རོ། །སྐད་ཅིག་གཅིག་གིས་ཏིང་ངེ་འཛིན་བྱེ་བ་སྟོང་ཐོབ་པོ། །སངས་རྒྱས་བྱེ་བ་སྟོང་མཐོང་ངོ་། །དེ་རྣམས་ཀྱི་བྱིན་རླབས་ཀྱང་ཤེས་སོ། །འཇིག་རྟེན་གྱི་

ཁམས་བྱེ་བ་སྟོང་གཡོ་བར་བྱེད་སྣང་བར་ཡང་བྱེད་དོ། །ཞིང་བྱེ་བ་སྟོང་དུ་ཡང་འགྲོའོ། །སེམས་ཅན་བྱེ་བ་སྟོང་ཡོངས་སུ་སྨིན་པར་བྱེད་དོ། །བསྐལ་པ་བྱེ་བ་སྟོང་དུ་གནས་ཤིང་། སྔོན་གྱི་མཐའ་དང་ཕྱི་མའི་མཐར་འཇུག་གོ། །ཆོས་ཀྱི་སྒོ་བྱེ་བ་སྟོང་རྣམ་པར་འབྱེད་དོ། །
ལུས་བྱེ་བ་སྟོང་སྟོན་པར་བྱེད་དོ། །ལུས་དང་ལུས་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་སྟོང་སྟོན་པར་བྱེད་དོ། །ཕལ་ཆེར་ལྷའི་རྒྱལ་པོ་ཡོངས་སུ་དགའ་ལྡན་དུ་འགྱུར་ཏེ། སེམས་ཅན་ཐམས་ཅད་མུ་སྟེགས་པའི་གནས་ཐམས་ཅད་ལས་རྣམ་པར་བཟློག་པ་ལ་བྱང་བ་དང་གཙོ་བོ་ཡིན་ཞིང་
སེམས་ཅན་རྣམས་བསྡུ་བའི་དངོས་པོ་རྣམས་ཀྱིས་བདེན་པ་ལ་འགོད་པ་ལ་མཁས་པ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཤིན་ཏུ་ཤས་ཆེ་བར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཐོབ་པ་དེ་ལས་འདིའི་སེམས་བསྐྱེད་པ་བཅུ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
དང་ལྡན་པ་སྨན་ཆེན་པོ་ལྟ་བུ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །ས་མངོན་དུ་གྱུར་པ་ཡང་སྟེ་གང་གི་ཕྱིར་འདི་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་འབྱེད་པ་ལས་ཆགས་པ་མེད་པའི་སྒོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་
མངོན་དུ་འགྱུར་ཏེ་དེའི་ཕྱིར་མངོན་དུ་གྱུར་པའོ། །འདི་ལ་ཡང་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་མང་པོ་རྣམས་སྣང་བར་འགྱུར་རོ། །སྐད་ཅིག་གཅིག་གིས་ཏིང་ངེ་འཛིན་བྱེ་བ་འབུམ་སོ་སོར་ཐོབ་པོ། །སངས་རྒྱས་བྱེ་བ་འབུམ་མཐོང་ངོ་། །དེ་རྣམས་ཀྱི་
བྱིན་རླབས་ཀྱང་ཤེས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་ཕྲག་སྟོང་གཡོ་བར་བྱེད་སྣང་བར་ཡང་བྱེད་དོ། །ཞིང་བྱེ་བ་སྟོང་ཕྲག་བརྒྱར་འགྲོའོ། །སེམས་ཅན་བྱེ་བ་འབུམ་ཡོངས་སུ་སྨིན་པར་བྱེད་དོ། །བསྐལ་པ་བྱེ་བ་འབུམ་དུ་གནས་ཤིང་སྔོན་གྱི་མཐའ་དང་ཕྱི་མའི་མཐར་ཡང་འཇུག་
གོ། །ཆོས་ཀྱི་སྒོ་བྱེ་བ་འབུམ་རྣམ་པར་འབྱེད་པར་བྱེད་དོ། །ལུས་བྱེ་བ་འབུམ་སྟོན་པར་བྱེད་དོ། །ལུས་དང་ལུས་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་འབུམ་སྟོན་པར་བྱེད་དོ། །ཕལ་ཆེར་ལྷའི་རྒྱལ་པོ་རབ་འཕྲུལ་དགར་འགྱུར་ཏེ། སེམས་ཅན་རྣམས་ཀྱི་མངོན་པའི་ང་རྒྱལ་རྒྱུན་

གཅོད་པ་ལ་བྱ་བ་དང་གཙོ་བོ་ཡིན་ཞིང་སེམས་ཅན་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཛུད་མཁས་པ་ཡིན་ནོ། །འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་ཡང་འགྱུར་རོ། །དེ་ལྟར། བློ་ཡི་འོད་ཟེར་གསལ་པོར་སྣང་བ་ཅན། །རང་གི་ལག་མཐིལ་སོན་པའི་སྐྱུ་རུ་ར་ཇི་བཞིན། །
སྲིད་གསུམ་མ་ལུས་འདི་ནི་གདོད་ནས་མ་སྐྱེས་པར། །རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ལས་འགོག་པ་རྟོགས། །འགོག་པ་ཐོབ་པས་འགྲོ་བ་ཡོངས་སུ་སྐྱོབ་པའི་བསམ་པ་ཡོངས་སུ་གཏོང་བ་ཡང་མ་ཡིན་ཏེ། འཁོར་བར་སོན་པའི་སྦྱོར་བ་དང་མྱ་ངན་ལས་འདས་པར་སོན་པའི་ལྷག་པའི་བསམ་
པ་ནི། འདིའི་འགྲོ་བ་མགོན་མེད་པ་ལ་སྙིང་རྗེ་ཤིན་དུ་ཆེས་འཕེལ་བར་བྱེད་པས་སོ། །དེ་ནས་སེམས་བསྐྱེད་པ་བཅུ་གཅིག་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་བཤེས་གཉེན་ལྟ་བུ་སྟེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་མཚན་ཉིད་ཅན་མི་ཟད་པའི་ཚད་མེད་པ་དང་ལྡན་
པ་ཉིད་ཀྱིས་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་མ་བར་མར་གསུངས་པ། དགེ་བའི་སེམས་བསྐྱེད་པ་གཅིག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པས་མི་ཟད་པར་བྱེད་འདོད་པ་དང་སེམས་ཅན་ཐམས་
ཅད་ཀྱི་དོན་གྱི་ཆེད་དུ་དམྱལ་བ་དང་བྱོལ་སོང་གི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་རྣམས་ལ་སྤྲོ་བར་འདོད་པ་དང་། བསྐལ་པ་སྟོང་ཕྲག་བརྒྱར་བསགས་པའི་ཚུལ་ཁྲིམས་ཀྱང་སེམས་ཅན་ལ་ལྟོས་ནས་གཏོང་བར་འདོད་པ་དང་། སངས་རྒྱས་ཀྱི་རིགས་སུ་སྐྱེ་བར་འདོད་པ་དང་། དཔེ་
བྱད་བཟང་པོ་བརྒྱད་ཅུ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྫོགས་པར་བྱེད་འདོད་པའི་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་སོ། །འདིར་སངས་རྒྱས་ཀྱི་རིགས་སུ་སྐྱེ་བ་ནི་ཁྱད་པར་དུ་འཕགས་ཤིང་ལྷུན་གྱིས་གྲུབ་པ་མཚན་མ་མེད་པར་གནས་
པའི་ས་མི་གཡོ་བ་ཐོབ་པའོ། །སེམས་བསྐྱེད་པ་འདི་ཡང་ས་རིང་དུ་སོང་བ་སྟེ། གང་གི་ཕྱིར་འདིར་བྱང་ཆུབ་ཀྱི་ཕྱོགས་དང་བདེན་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་པ་མཚན་མ་མེད་པའི་གནས་པ་འབད་པས་འཇུག་པ་སྟེ། དེའི་ཕྱིར་རིང་དུ་སོང་བའོ། །འདིར་ཡང་བྱང་ཆུབ་

སེམས་དཔའ་སེམས་ཅན་ལ་ཕན་པའི་དོན་དུ་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་གྱི་སྙོམས་པར་འཇུག་པ་རྣམས་ལ་སྙོམས་པར་འཇུག་སྟེ། མངོན་པར་ཤེས་པ་དྲུག་རྣམས་ལ་ཡང་ངོ་། །དེ་ལ་རྫུ་འཕྲུལ་གྱི་བྱ་བ་ཤེས་པ་རྣམ་པ་གཉིས་ཏེ། ཡོངས་
སུ་བསྒྱུར་བ་པ་དང་། སྤྲུལ་པ་པའོ། །དང་པོ་ནི་གཡོ་བར་བྱེད་པ་ལ་སོགས་པ་སྔར་ཇི་སྐད་བཤད་པའོ། །སྤྲུལ་པ་པ་ནི་རྣམ་པ་གསུམ་སྟེ། སྐུ་དང་གསུང་དང་ཡུལ་གྱི་སྤྲུལ་པ་ལས་སོ། །དེ་ལྟར་ནི་ཕྱོགས་བཅུར་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་གྲངས་མེད་པའི་སེམས་
ཅན་གྱི་དོན་དུ་སྐད་ཅིག་གཅིག་ལ་ཡང་འགྲོ་བ་དྲུག་གི་སེམས་ཅན་གྱི་གཟུགས་ཁ་དོག་སྣ་ཚོགས་པ་སྤྲུལ་པ་རྣམས་ཀྱིས་ཕུན་སུམ་ཚོགས་པར་བྱེད་དོ། །ལྷ་ལ་སོགས་པ་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་འཁོར་དང་ཇི་སྲིད་ཕྱོགས་བཅུ་རྣམས་སུ་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་
རྣམས་དབྱངས་ཀྱིས་སྤྲུལ་པ་གོ་བར་བྱེད་དོ། །དབྱངས་དེ་ལས་ཀྱང་རྣམ་པ་དུ་མར་ཆོས་སྟོན་པར་བྱེད་དོ། །ཡང་ན་གཞན་སྤྲུལ་པ་རྣམས་ཀྱིས་བྱེད་དུ་འཇུག་གོ། །ནམ་མཁའ་ལ་ཡང་ཆོས་སྟོན་པའི་སྒྲ་འབྱུང་བར་བྱེད་དོ། །ཡུལ་རྣམས་ཏེ། བཟའ་བ་དང་། བཏུང་བ་དང་། བཞོན་པ་
དང་། གོས་དང་། རིན་པོ་ཆེ་ལ་སོགས་པ་སྣ་ཚོགས་པ་རྣམས་ཀྱང་སེམས་ཅན་རྣམས་ཀྱི་དོན་དུ་སྤྲུལ་པར་བྱེད་དོ། །ཟག་པ་ཟད་པ་ཤེས་པས་བདག་གམ་ཕ་རོལ་པོ་རྣམས་ཀྱི་ཉོན་མོངས་པ་ཟད་པ་ཇི་ལྟར་གྱུར་པ་བཞིན་ཤེས་སོ། །བཅོམ་ལྡན་འདས་མ་ཆེན་མོ་དག་ཏུ་ཡང་གསུངས་པ། དེ་འདི་
ལྟར་རྟོགས་པར་བྱ་སྟེ། གང་ཕྱོགས་བཅུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དེ་རྣམས་དང་གང་ཡང་དེ་རྣམས་ན་དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་རང་བཞིན་གྱིས་སྟོང་པ་མིང་འབའ་ཞིག་པ་སྔར་བརྟགས་པའོ་ནས་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་ངོ་ཞེས་པའི་བར་དུ་སྟེ།
དེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ནས་མངོན་པར་ཤེས་པ་དྲུག་རྣམས་མངོན་པར་སྒྲུབ་པོ། །གང་རྣམས་ལ་གནས་ནས་ཕྱོགས་བཅུ་རྣམས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་འགྲོ་ཞིང་བསྙེན་བཀུར་བྱེད་དེ། དེ་རྣམས་ལས་ཆོས་ཀྱང་ཉན་ཏོ། །དེ་རྣམས་ལ་དགེ་བའི་རྩ་

བ་རྣམས་སྐྲུན་པར་བྱེད་ཅིང་མངོན་པར་ཞེན་པ་མེད་དེ། སྟོང་པ་ཉིད་ནི་སྟོང་པ་ཉིད་ལ་མངོན་པར་ཞེན་པ་མེད་པས་སོ། །དེ་ལྷའི་མིག་གིས་ཕྱོགས་ཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སེམས་ཅན་རྣམས་མཐོང་ནས། རྫུ་འཕྲུལ་གྱི་མངོན་པར་ཤེས་པས་དེར་སོང་སྟེ་དེ་རྣམས་ལ་ཆོས་སྟོན་པར་བྱེད་དོ། །
ལྷའི་རྣ་བའི་ཁམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་ཆོས་མཉན་ཏེ་བཟུང་ནས་དེ་རྣམས་ལ་སྟོན་ཏོ། །སེམས་ཀྱི་རྣམ་གྲངས་ཤེས་པས་སེམས་ཅན་རྣམས་ཀྱི་སེམས་རྣམས་རིག་ནས་བསམ་པ་ཇི་ལྟ་བར་དེ་རྣམས་ལ་ཆོས་སྟོན་ཏོ། །དེས་བདག་དང་གཞན་གྱི་སྔོན་གྱི་གནས་རྣམ་པ་དུ་མ་
རྗེས་སུ་དྲན་ཞིང་། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་རྗེས་སུ་དྲན་ནས་ཆོས་དེས་འདུལ་བའི་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་ཟག་པ་ཟད་པ་ཤེས་པས་སེམས་ཅན་རྣམས་དང་རྗེས་སུ་མཐུན་པར་ཆོས་སྟོན་ཏོ། །དེ་མངོན་པར་ཤེས་པ་དེ་རྣམས་ཀྱིས་སེམས་ཅན་རྣམས་ནི་དོན་གྱི་ཆེད་དུ་ལུས་
གང་དང་གང་འཛིན་པར་འདོད་པ་དེ་དང་དེ་ཁོ་ན་སོ་སོར་འཛིན་གྱི་དེ་ལ་བདེ་བ་དང་སྡུག་བསྔལ་དང་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་རྣམས་ཀྱིས་གོས་པ་མེད་དོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་རྩོད་པ་འདི་འཇུག་པ་མ་ཡིན་ཏེ། སེམས་དང་པོ་བསྐྱེད་པ་ཁོ་ནས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་ངེས་པར་འགྱུར་ཏེ། ངེས་པ་ཡང་ཅི་ལྟར་ངན་འགྲོ་རྣམས་སུ་སྐྱེ་བ་ཡིན་ཞེས་པའོ། །གང་གི་ཕྱིར་གང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཚད་མེད་པ་བཞི་ལ་སྤྱོད་ཅིང་མི་དགེ་བའི་ཆོས་བཅུ་སྤངས་ནས་གནས་པ་དེའི་མི་ཁོམ་པ་བརྒྱད་རྣམས་མི་
སྲིད་ན་ངན་འགྲོར་སྐྱེ་བ་ལྟ་ཅི་སྨོས། འོ་ན་བྱོལ་སོང་གི་སྐྱེ་གནས་ཀྱི་སྐྱེས་རབས་རྣམས་ཅི་ལྟར་ཡིན་ཞེ་ན། དེ་རྣམས་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་དགེ་བའི་ཆོས་ཐམས་ཅད་དང་ལྡན་པའི་སེམས་ཅན་གྱི་དོན་གྱི་ཆེད་དུ་དབང་ཐོབ་པ་ཉིད་ཀྱིས་བསམ་པ་བཞིན་དུ་སྐྱེ་བ་རྣམས་ཏེ། བྱོལ་
སོང་གི་སྡུག་བསྔལ་རྣམས་མྱོང་བ་ཡང་མ་ཡིན་ནོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་དབང་གི་མཆོག་ཐོབ་པ་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཅིག་ཅར་མཐའ་ཡས་པའི་སྐུ་གཞན་གྱི་དོན་གྱི་ཆེད་དུ་སྤྲུལ་པ་བཞིན་ནོ། །མངོན་པར་ཤེས་པ་དྲུག་པོ་འདི་རྣམས་བྱང་ཆུབ་སེམས་དཔའ་

ལ་སྐྱེ་བ་ནས་སྐྱེ་བར་འབྱུང་སྟེ། བྱོལ་སོང་གི་སྐྱེ་གནས་ལ་སོགས་པར་ཡང་མི་ཉམས་སོ། །དེ་ལྟར་མངོན་པར་ཤེས་པ་རྣམས་ཀྱིས་རྗེས་སུ་གཟུང་བའི་སེམས་ཅན་རྣམས་ཀྱང་ལྷན་ཅིག་སྐྱེས་པའི་བྱམས་པས་དེའི་གདམས་ངག་དང་རྗེས་སུ་བསྟན་པ་ལ་ཁྲོ་བར་མི་བྱེད་དོ། །
གདུག་པ་ཅན་དང་ང་རྒྱལ་ཅན་དང་མུ་སྟེགས་གང་དེའི་ཚིག་ལ་གནས་པར་མི་འདོད་པ་དེ་རྣམས་མགོ་དགས་པ་ལ་སོགས་པས་བསྐུལ་ཞིང་གསལ་བར་བྱས་ནས་བསྡིགས་པས་བདག་ཉིད་ཀྱི་ཚིག་འཛིན་དུ་འཇུག་སྟེ། གང་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་དང་ལྡན་པའི་ཚིག་ལ་ཁྲོ་
བའི་སེམས་ཅན་དེ་ནི་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །གཞན་དུ་བྱང་ཆུབ་སེམས་དཔའ་ཁོ་ནས་དུས་དང་དུས་མ་ཡིན་པ་གཟིགས་པའི་ཕྱིར་རོ། །ཟང་ཟིང་མེད་པའི་སེམས་ཀྱིས་འདི་ཆོས་སྟོན་པར་བྱེད་དེ། སྙིང་རྗེས་ཡང་དག་པར་བསྐུལ་བ་ཤེས་རབ་ཀྱིས་སྦྱངས་པའི་ཡིད་ཅན་རྣམས་
སེམས་ཅན་རྗེས་སུ་འཛིན་པའི་ཆེད་ཁོ་ནར་ཆོས་སྟོན་པར་བྱེད་པའི་ཕྱིར་རོ། །ས་གོང་མ་གསོལ་བ་རྣམས་མ་གཏོགས་པར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སློབ་དཔོན་དུ་འོས་པར་འགྱུར་རོ། །འཕགས་པ་ས་བཅུ་པར་གསུངས་པའི་རིམ་པས་ས་སྦྱོང་བར་བྱེད་པའི་ཏིང་ངེ་འཛིན་འབུམ་
ཕྲག་བཅུ་རྣམས་ལ་སྙོམས་པར་འཇུག་སྟེ་དེ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་སྦྱོངས་པའི་ཏིང་ངེ་འཛིན་རྣམས་སོ་སོར་ཐོབ་པ་ལས་དང་། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར་བ་དང་ཤེས་རབ་ཀྱི་ཡེ་ཤེས་ཀྱིས་རྣམ་པར་དཔྱད་པས་ས་བརྒྱད་པ་ལ་མངོན་
དུ་ཕྱོགས་པར་ཡང་འགྱུར་བ་དང་། འདིའི་ལུས་དང་ངག་དང་ཡིད་ཀྱི་ལས་མཚན་མ་དང་བྲལ་བ་ཚད་མེད་པར་ཡང་འཇུག་གོ། །འོ་ན་ས་དང་པོ་ཁོ་ནར་ཉན་ཐོས་ལ་སོགས་པའི་སྤྱོད་པ་ལས་འདས་པ་མ་ཡིན་ནམ། སླར་ཡང་འདིར་ཅི་ཞེ་ན། དེར་ནི་སངས་རྒྱས་ཀྱི་ཆོས་ལ་ལྷག་པར་དམིགས་པའི་བདག་ཉིད་
ཆེ་བ་ཉིད་ཀྱིས་ཏེ། རང་གི་བློའི་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །ཇི་སྐད་དུ། འཕགས་པ་ས་བཅུ་པར་གསུངས་པ། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་རྒྱལ་པོའི་མཚན་མ་དང་ལྡན་པ་ནི་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཟིལ་གྱིས་གནོན་གྱི།

རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱོད་པས་ནི་མ་ཡིན་ནོ། །དེ་ནར་སོན་པ་ན་རང་གི་བློའི་སྟོབས་བསྐྱེད་པས་ཀྱང་ངོ་། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་བདག་ཉིད་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་
གྱི། རང་གི་བློའི་རྣམ་པར་དཔྱོད་པས་མ་ཡིན་ནོ། །ས་བདུན་པ་འདི་ལ་གནས་པ་ནི་རང་གི་ཡུལ་ཤེས་པའི་ཁྱད་པར་གྱི་བདག་ཉིད་ཆེན་པོ་ལ་གནས་པ་ཉིད་ལས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བྱ་བ་ལས་ཤིན་ཏུ་འདས་པ་ཡིན་ནོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཟབ་ཅིང་དབེན་ལ་
རྒྱུ་བ་མེད་པ་ཐོབ་པ་ཡིན་ཏེ་གོང་དུ་ཁྱད་པར་འཚོལ་བའི་བརྩོན་པ་ཡང་མི་གཏོང་ངོ་ཞེས་སོ། །བྱང་ཆུབ་སེམས་དཔའི་ལས་ནི་ཁྱད་པར་དུ་འཕགས་པ་ཏིང་ངེ་འཛིན་ལ་བརྟེན་པ་ཉིད་ཀྱིས་ན་མཚན་མ་དང་བྲལ་བའི་ཕྱིར་རོ། །གལ་ཏེ་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལས་ནི་མཚན་མ་དང་བྲལ་
བར་འཇུག་ཀྱང་ཚད་མེད་པ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་དབང་དུ་བྱ་བ་མེད་པའི་ཕྱིར་རོ། །འདིའི་ལས་ནི་སྦྱོར་བའི་སྤྱོད་པ་ཡོངས་སུ་རྫོགས་པའི་ཕྱིར་ལེགས་པར་སྦྱངས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་སྣང་བ་རྟོགས་པའོ། །རིང་དུ་སོང་བ་ཉིད་ཀྱི་ཕྱིར་ཟབ་པའོ། །དེའི་མི་
མཐུན་ཕྱོགས་ཀྱི་སྒྲིབ་པ་སྤངས་པའི་ཕྱིར་དབེན་པའོ། །དེ་ལས་གཞན་པའི་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་ས་ལ་མི་རྒྱུ་བ་ཉིད་ཀྱི་ཕྱིར་རྒྱུ་བ་མེད་པའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལས་དེ་ནི་མཚན་མ་དང་བྲལ་བ་ཡིན་ཡང་འདི་འདྲ་བ་མ་ཡིན་ལ། དེ་ཙམ་ལ་གནས་པ་སྟེ། གོང་མ་
ཡོངས་སུ་མི་ཚོལ་བའི་ཕྱིར་རོ། །གནས་པ་ཁྱད་པར་ཅན་ཡང་སྟེ་འདི་ཡང་དག་པའི་མཐའི་གནས་པས་གནས་པའི་ཕྱིར་དང་། འགོག་པ་མངོན་དུ་མི་བྱེད་པའི་ཕྱིར་རོ། །ཇི་སྐད་དུ་འཕགས་པ་ས་བཅུ་པར་གསུངས་པ། ཀྱེ་རྒྱལ་བའི་སྲས་ས་དྲུག་པ་ནས་བཟུང་ནས་བྱང་ཆུབ་སེམས་དཔའ་ལ་སྙོམས་པར་འཇུག་གོ། །ས་
བདུན་པ་ལ་ནི་སེམས་ཀྱི་སྐད་ཅིག་ནས་སེམས་ཀྱི་སྐད་ཅིག་ལ་འགོག་པ་ལ་སྙོམས་པར་འཇུག་ཅིང་ལྡང་སྟེ། འགོག་པ་མངོན་དུ་བྱས་པར་བརྗོད་པར་བྱ་བ་ཡང་མ་ཡིན་ནོ། །དེས་ན་འདི་བསམ་གྱིས་མི་ཁྱབ་པའི་ལུས་དང་ངག་དང་ཡིད་ཀྱི་ལས་དང་ལྡན་པ་ཞེས་བརྗོད་ནས་ཇི་སྲིད་དུ་རྟག་པར་རྒྱུན་དུ་དབེན་པའི་

སེམས་འཐོབ་པ་ཡང་ཡིན། སེམས་ཅན་ཡོངས་སུ་སྨིན་པའི་དོན་དུ་སྨོན་ལམ་གྱི་དབང་གིས་ཁམས་གསུམ་པར་སྐྱེ་བ་ཡང་མངོན་པར་སྒྲུབ་པ་ལ་འཇིག་རྟེན་གྱི་ཉེས་པ་རྣམས་ཀྱིས་ཀྱང་མི་གོས་སོ་ཞེས་པའི་བར་དུའོ། །འདིར་ཡང་དག་པའི་མཐའ་
ལ་སྙོམས་པར་འཇུག་པ་ནི་འགོག་པ་ལ་སྙོམས་པར་འཇུག་པ་སྟེ། དེ་བཞིན་ཉིད་ལ་འགོག་པ་ཞེས་བརྗོད་པ་ལས་ཏེ། འདིར་སྤྲོས་པ་ཐམས་ཅད་འགོག་གོ་ཞེས་བྱས་ནས་སོ། །འདི་ལ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་རྣམས་ཀྱང་སྣང་བར་འགྱུར་ལ་སྐད་ཅིག་གཅིག་
གིས་ཀྱང་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་འབུམ་སོ་སོར་འཐོབ་པ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་མཐོང་བ་དང་། དེ་རྣམས་ཀྱི་བྱིན་རླབས་ཀྱང་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་འབུམ་གཡོ་ཞིང་སྣང་བར་ཡང་བྱེད་པ་དང་། ཞིང་བྱེ་བ་ཁྲག་ཁྲིག་འབུམ་དུ་འགྲོ་
བ་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་གནས་ཤིང་སྔོན་གྱི་མཐའ་དང་ཕྱི་མའི་མཐར་རབ་ཏུ་འཇུག་པ་དང་། ཆོས་ཀྱི་སྒོ་བྱེ་བ་ཁྲག་ཁྲིག་འབུམ་རྣམ་པར་འབྱེད་པར་བྱེད་པ་དང་། ལུས་བྱེ་བ་ཁྲག་ཁྲིག་
འབུམ་སྟོན་པར་བྱེད་པ་དང་། ལུས་དང་ལུས་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག་ཁྲིག་འབུམ་སྟོན་པར་བྱེད་དོ། །ཕལ་ཆེར་ནི་ལྷའི་བདག་པོ་གཞན་འཕྲུལ་དབང་བྱེད་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་མངོན་པར་རྟོགས་པའི་ཡེ་ཤེས་སྒྲུབ་པ་ལ་བྱང་བ་དང་གཙོ་བོ་
ཡིན་ཞིང་། སེམས་ཅན་རྣམས་སྐྱོན་མེད་པ་ལ་འཛུད་མཁས་པའོ། །འདིའི་ཐབས་ལ་མཁས་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བར་འགྱུར་རོ། །དེ་ལྟར་ཡོངས་སུ་སྦྱོང་བའི་ས་བདུན་རྣམས་དང་འབད་པ་དང་བཅས་པས་མཚན་མ་མེད་པར་སྤྱོད་པའི་ཡོན་ཏན་རྣམས་རྟོགས་པ་
ལས་སེམས་བསྐྱེད་པ་བཅུ་གཉིས་པ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་སྟེ། སྨོན་ལམ་ཇི་ལྟ་བར་འབྲས་བུ་ཕུན་སུམ་ཚོགས་པའི་ཕྱིར་རོ། །མངོན་པར་ཤེས་པ་མི་ཟད་པར་ཡང་སྟེ། མངོན་པར་ཤེས་པ་རྣམས་ལྷུན་གྱིས་གྲུབ་པར་འཇུག་པའི་ཕྱིར་

རོ། །ས་མི་གཡོ་བ་ཡང་སྟེ་གང་གི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་བདེན་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་པའི་མཚེན་མ་མེད་པར་གནས་པ་རང་གི་ངང་གིས་འབྱུང་བ་ཉིད་ཀྱི་ཕྱིར་གཡོ་བ་མེད་དེ་དེའི་ཕྱིར་མི་གཡོ་བའོ། །ཕྱིར་མི་ལྡོག་པའི་ས་ཞེས་བརྗོད་དེ། ཡེ་ཤེས་མི་ལྡོག་
པའི་ཕྱིར་རོ། །འགྲོ་བ་ཐམས་ཅད་ཀྱིས་ཤེས་པར་དཀའ་བ་ཉིད་ཀྱི་ཕྱིར་སྒྲུབ་པར་དཀའ་བའི་སའོ། །ཁ་ན་མ་ཐོ་བ་མེད་པའི་ཕྱིར་གཞོན་ནུའི་སའོ། །བསམ་པ་ཇི་ལྟ་བ་བཞིན་དབང་བསྒྱུར་བའི་ཕྱིར་སྐྱེ་བའི་སའོ། །ཡང་བྱ་བ་མེད་པའི་ཕྱིར་ཡོངས་སུ་རྫོགས་པའི་སའོ། །ཡེ་ཤེས་
ཀྱི་རྣམ་པར་དབྱེ་བ་ཤིན་ཏུ་བྱས་པ་ཉིད་ཀྱི་ཕྱིར་ཡོངས་སུ་མཐར་ཐུག་པའི་སའོ། །སྔོན་གྱི་མཐའ་རྣམས་སུ་སྨོན་ལམ་མངོན་པར་སྒྲུབ་པ་ཉིད་ཀྱི་ཕྱིར་སྤྲུལ་པའི་སའོ། །གཞན་གྱིས་མི་འཁྲུགས་པའི་ཕྱིར་བྱིན་རླབས་ཀྱི་སའོ། །སྔོན་གྱི་མཐའ་རྣམས་སུ་མངོན་པར་སྒྲུབ་པ་ཉིད་ཀྱི་
ཕྱིར་ལྷུན་གྱིས་གྲུབ་པའི་སའོ། །དགེ་བའི་ཆོས་རྣམས་ལྷུན་གྱིས་གྲུབ་པ་ཁོ་ནས་རྣམ་པར་སྨིན་པའི་བདག་ཉིད་དུ་འབྱུང་བའི་ཕྱིར་རྣམ་པར་སྨིན་པའོ། །སངས་རྒྱས་རྣམས་ལས་སངས་རྒྱས་ཉིད་དུ་ལུང་བསྟན་པ་ཐོབ་པའི་ཕྱིར་ལུང་བསྟན་པའི་སའོ། །ལུང་བསྟན་པ་ཡང་གང་ཟག་གི་བྱེ་བྲག་
གིས་རིགས་ལ་གནས་པ་སེམས་བསྐྱེད་པ་མངོན་སུམ་དང་མངོན་སུམ་མ་ཡིན་པར་གནས་པའི་གང་ཟག་ལུང་སྟོན་པ་ལས་སོ། །ལུང་བསྟན་པ་ཆེན་པོ་ནི་ས་བརྒྱད་པ་ལ་སྟེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རོ། །ས་འདིར་ཡང་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཀྱི་ཡང་དག་པ་
ཇི་ལྟ་བ་ལ་འཇུག་ཅིང་། སེམས་དང་ཡིད་དང་རྣམ་པར་ཤེས་པའི་རྣམ་པར་རྟོག་པའི་འདུ་ཤེས་ཐམས་ཅད་དང་བྲལ་ཞིང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བརྗོད་པར་བྱའོ། །དེ་ཐོབ་པ་ལས་འདིའི་གང་བདེ་འགྲོ་དང་ངན་འགྲོར་རྣམ་པར་སྨིན་པར་བྱ་བའི་ལས་ཀྱི་སྒྲིབ་པ་དེ་རྣམས་ཡང་
དག་པར་འཆད་པར་འགྱུར་རོ། །གཞན་དུ་ནི་དེ་བཞིན་གཤེགས་པ་རྣམས་མ་འོངས་པའི་སྐྱེ་བོ་ལ་རྗེས་སུ་བརྩེ་བས་སྟོན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་གནས་པ་ཟབ་མོ་ཤེས་པར་དཀའ་བ་དབྱེར་མེད་པར་མཚན་མ་ཐམས་ཅད་དང་བྲལ་བ་རྗེས་སུ་ཐོབ་པ་ནས། རྣམ་པར་སྨིན་

པའི་ཆོས་ཉིད་ལ་གནས་པ་ཡང་ངོ་། །དེ་ལ་རྣམ་པ་ཐམས་ཅད་དུ་གཉིས་ལ་ཀུན་དུ་སྤྱོད་པའམ་མཚན་མ་ལ་ཀུན་དུ་སྤྱོད་པ་སྣང་བར་མི་འགྱུར་རོ། །དེ་འགོག་པ་ལ་སྙོམས་པར་འཇུག་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཁོ་ནས་འགོག་པ་དེ་ལས་སློང་བར་མཛད་དེ།
ཇི་སྐད་དུ་འཕགས་པ་ས་བཅུ་པར་གསུངས་པ། དེ་སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པ་དང་ཆོས་ཀྱི་སྒོའི་རྒྱུན་དེ་ལ་གནས་པ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་སྒྲུབ་པ་མཛད་དེ། དེ་ལ་འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལེགས་
སོ་ལེགས་སོ། །སངས་རྒྱས་ཀྱི་ཆོས་རྗེས་སུ་རྟོགས་པར་བྱ་བ་ལ་འདི་ནི་དོན་དམ་པའི་བཟོད་པ་སྟེ། འོན་ཀྱང་རིགས་ཀྱི་བུ་གང་ངེད་རྣམས་ཀྱི་སྟོབས་བཅུ་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཕུན་སུམ་ཚོགས་པ་དེ་ཁྱོད་ལ་མེད་ཀྱིས་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཡོངས་སུ་ཚོལ་བ་
ལ་མངོན་པར་སྦྱོར་བར་གྱིས་ཤིག །བརྩོན་འགྲུས་རྩོམས་ཤིག །བཟོད་པའི་སྒོ་འདི་ཉིད་ཀྱང་མ་འདོར་ཅིག །གཞན་ཡང་ཁྱོད་ཀྱིས་དེ་ལྟར་ཞི་བའི་རྣམ་པར་ཐར་པས་གནས་པ་ཐོབ་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་མ་ཞི་བ་འདི་རྣམས་ལ་སོམས་ཤིག །ཡང་རིགས་ཀྱི་བུ་སྔོན་གྱི་སྨོན་ལམ་དང་སེམས་ཅན་གྱི་དོན་ཐོབ་
པར་བྱ་བ་དང་ཡེ་ཤེས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་རྗེས་སུ་དྲན་པར་གྱིས་ཤིག་སྟེ་གང་འདི་ཆོས་ཐམས་ཅད་སྟོང་པ་ཉིད་དང་ཆོས་ཐམས་ཅད་དམིགས་སུ་མེད་པའོ་ནས། ཇི་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དེ་ལ་དེ་ལྟར་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་སྒྲུབ་པའི་
སྒོ་རྣམས་སུ་གཞུག་པ་མཛད་པ་མ་ཡིན་ཏེ་དེ་ཁོ་ནར་འདིའི་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་བྱ་བ་རྒྱུན་འཆད་པའོ་ཞེས་སོ། །འདི་ཡང་གང་ཡུད་ཙམ་ཅིག་གིས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་གནོན་པ་དེ་ནི་སྔར་གྱི་རྩོལ་བ་དང་བཅས་པའི་
ལས་ཅན་གྱིས་བསྐལ་པ་འབུམ་གྱིས་ཀྱང་དེ་སྙེད་དུ་དཔག་ཏུ་མེད་པ་རྗེས་སུ་ཐོབ་པར་མི་ནུས་སོ། །འཇིག་རྟེན་གྱི་ཁམས་རྣམས་དང་སེམས་ཅན་རྣམས་ཀྱི་སོ་སོར་རབ་ཏུ་དབྱེ་བ་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དེ་སྙེད་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །སངས་རྒྱས་ཀྱི་ཞིང་གཅིག་ལས་ཀྱང་མི་གཡོ་

ལ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྣམས་སུ་དང་། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་ན་ཡང་སོ་སོར་སྣང་བར་འགྱུར་བ་ཡིན་ནོ། །སེམས་ཅན་རྣམས་ཀྱི་ལུས་རྣམ་པར་དབྱེ་བ་ཁ་དོག་དང་རྟགས་དང་དབྱིབས་དང་ཆུ་ཞེང་རྣམས་དང་། མོས་པ་དང་ལྷག་པའི་བསམ་པ་ཅི་འདྲ་བར་སངས་
རྒྱས་ཀྱི་ཞིང་དེ་རྣམས་སུ་དང་། འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཡང་དེ་དང་དེ་ལྟ་དེ་ལྟར་རང་གི་ལུས་ཀུན་དུ་སྟོན་ཏེ། དགེ་སྦྱོང་དང་བྲམ་ཟེ་དང་རྒྱལ་རིགས་དང་ཁྱིམ་བདག་དང་རྒྱལ་ཆེན་བཞིའི་རིས་དང་སུམ་ཅུ་རྩ་གསུམ་དང་འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་
དང་ཚངས་པ་རྣམས་ཀྱི་གཟུགས་རང་རང་གི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་སྟོན་པ་ནས་ཇི་སྲིད་དུ་འོག་མིན་གྱི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་འོག་མིན་གྱི་གཟུགས་སྟོན་པའི་བར་དང་། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་གཟུགས་སུ་སྟོན་ཏེ་དེ་དང་
དེའི་གཟུགས་ཀྱིས་གདུལ་བ་རྣམས་ཀྱི་དོན་གྱི་ཆེད་དུའོ། །དེ་ལྟར་གདུལ་བྱའི་ལུས་དང་སེམས་དང་སྐལ་བ་མཐུན་པར་བདག་ཉིད་ཀྱི་ལུས་དང་སེམས་དག་སྟོན་ཏེ། འདི་ཡང་བསམ་གྱིས་མི་ཁྱབ་པ་སྟེ། ཇི་སྐད་དུ་འཕགས་པ་ས་བཅུ་པར་གསུངས་པ། དེ་སེམས་ཅན་རྣམས་ཀྱི་སེམས་དང་བསམ་པ་མངོན་
པར་སྒྲུབ་པ་ཀུན་དུ་ཤེས་ནས་ཇི་ལྟར་གདུལ་བྱ་ཡོངས་སུ་སྨིན་པའི་སེམས་མི་འདའ་བར་འདོད་ན་སེམས་ཅན་གྱི་ལུས་རང་གི་ལུས་སུ་བྱིན་གྱིས་རློབ་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་གི་ལུས་དང་། ལས་ཀྱི་རྣམ་པར་སྨིན་པའི་ལུས་དང་། ཉན་ཐོས་ཀྱི་ལུས་དང་རང་སངས་རྒྱས་ཀྱི་ལུས་དང་བྱང་ཆུབ་སེམས་དཔའི་
ལུས་དང་། དེ་བཞིན་གཤེགས་པའི་སྐུ་དང་། ཤེས་པའི་ལུས་དང་ཆོས་ཀྱི་ལུས་དང་ནམ་མཁའི་ལུས་བྱིན་གྱིས་རློབ་བོ། །རང་གི་ལུས་སེམས་ཅན་གྱི་ལུས་སུ་བྱིན་གྱིས་རློབ་བོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་གི་ལུས་ལ་སོགས་པ་ནམ་མཁའི་ལུས་ཀྱི་བར་དུ་རང་གི་ལུས་བྱིན་གྱིས་རློབ་བོ་ཞེས་སོ། །འདིར་དོན་དམ་པ་དང་
ཀུན་རྫོབ་ཀྱི་ཡེ་ཤེས་ངག་གིས་ཡེ་ཤེས་རྫོགས་པར་བྱང་ཆུབ་པ་ལ་དབང་བའི་སྦྱོར་བར་རིག་པར་བྱ་སྟེ་དེ་ལ་དོན་དམ་པའི་ཡེ་ཤེས་ནི་ལུས་སུ་རྣམ་པར་རྟོག་པ་ཐམས་ཅད་བྲལ་བ་ཉིད་ཀྱིས་དང་། ལུས་མཉམ་པ་ཉིད་ཐོབ་པས་བསྟན་ཏོ། །རང་དང་གཞན་གྱི་རྒྱུད་ཡོངས་སུ་མི་གཅོད་པས་སོ། །འདིས་ནི་ཉན་ཐོས་དང་རང་སངས་རྒྱས་ཐུན་མོང་མ་

ཡིན་པའི་དོན་དམ་པའི་ཡེ་ཤེས་ཡོངས་སུ་གསལ་བར་བྱས་པར་འགྱུར་རོ། །ཀུན་རྫོབ་ཀྱི་ཡེ་ཤེས་ནི་སེམས་ཅན་གྱི་ལུས་ལ་སོགས་པ་རབ་ཏུ་ཤེས་པ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་། གཉིས་ཀ་མ་ཡིན་པའི་ཕྱོགས་རབ་ཏུ་ཤེས་པའི་ཕྱིར་རོ། །དེ་ལ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དག་དང་དེའི་
སྐྱེ་བའི་རྒྱུ་ལས་ཀྱིས་ཀུན་ནས་ཉོན་མོངས་པའི་ཕྱོགས་རིག་པར་བྱའོ། །ཐེག་པ་གསུམ་གྱིས་རྣམ་པར་བྱང་བའི་ཕྱོགས་ཏེ་དེ་ཡང་ཡེ་ཤེས་གང་གིས་དང་ཆོས་གང་གིས་རབ་ཏུ་ཕྱེ་བའོ། །ནམ་མཁའི་ལུས་ཀྱིས་གཉིས་པ་མ་ཡིན་པའི་ཕྱོགས་སོ། །རང་གི་ལུས་སུ་བྱིན་གྱིས་རློབ་པས་ནི་དབང་དེ་དང་དེ་ལ་བྱ་བ་མཚུངས་པའི་སྒྲུབ་པར་
བྱེད་པའི་སྦྱོར་བ་ཉིད་ཡོངས་སུ་གསལ་བར་བྱེད་དོ། །དབང་བཅུ་རྣམས་ཀྱང་ས་འདི་ལ་སོ་སོར་ཐོབ་སྟེ། གང་རྣམས་ཐོབ་པ་ལས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་ནི་གནས་པ་ཉིད་ཀྱིས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོ་དང་ལྡན་པ་ཡིན་ཞིང་། རྟག་པར་རྒྱུན་དུ་དེ་བཞིན་གཤེགས་པ་
རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡིན། བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམས་ཀྱིས་བསུ་བ་ཡིན། ལག་ན་རྡོ་རྗེ་རྣམས་རྟག་པར་ཕྱིར་འབྲང་བ་ཡིན། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མ་བཏང་བ་ཡིན། ལུས་རྣམ་པར་ཕྱེ་བ་ཚད་མེད་པ་མངོན་པར་སྒྲུབ་པ་ཡིན། ལུས་ཀྱི་སྤྱོད་པའི་སྟོབས་
ཐམས་ཅད་དང་ལྡན་པ་ཡིན། མངོན་པར་ཤེས་པ་ཆེན་པོའི་རྣམ་པར་སྨིན་པ་ཡོངས་སུ་གྲུབ་པ་ཡིན། ཏིང་ངེ་འཛིན་མཐའ་ཡས་པ་ལ་དབང་བྱེད་པ་ཡིན། ལུང་བསྟན་པ་ཚད་མེད་པ་ཡང་དག་པར་ཚོལ་བ་ཡིན། འགྲོ་བ་ཇི་ལྟར་སྨིན་པ་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པ་ཡིན། ཐེག་པ་ཆེན་པོའི་དཀྱིལ་
འཁོར་དུ་ཞུགས་པ་ཡིན། བསྐལ་པ་རེ་རེ་དང་འཇིག་རྟེན་གྱི་ཁམས་རབ་འབྱམས་རེ་རེར་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་རྣམས་ལ་བསྟི་སྟང་བྱེད་བཙུན་པར་བྱེད་དོ། །ཆོས་ཀྱི་སྣང་བ་ཉེ་བར་སྒྲུབ་པ་ཡང་ཚོལ་ལོ། །འདི་དགེ་བའི་རྩ་བ་དེ་རྣམས་ཀྱང་རྒྱ་ཆེན་པོར་འགྱུར། ཚིམ་པར་བྱེད་ཡོངས་སུ་དག་པར་
འགྱུར། འོད་གསལ་བར་འགྱུར་རོ། །ཐེག་པ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་པ་ཡང་རྣམ་པ་དགུ་སྟེ། དཀྱིལ་འཁོར་གྱི་དོན་ནི་མི་ཕྱེད་པའི་དོན་ཏོ། །འདི་ལྟ་སྟེ། ཡེ་ཤེས་མི་ཕྱེད་པ་དང་། བཤད་པ་མི་ཕྱེད་པ་དང་། རྣམ་པར་གྲོལ་བ་མི་ཕྱེད་པ་དང་། ཞིང་ཡོངས་སུ་དག་པ་དབྱེར་མེད་པ་དང་། ཐེག་པ་ཆེན་པོ་ལ་འཇུག་

པ་དབྱེར་མེད་པ་དང་། མངོན་པར་ཤེས་པ་མི་ཕྱེད་པ་དང་། དྲིས་པ་ལུང་སྟོན་པར་ནུས་པ་དབྱེར་མེད་པ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་མི་ཕྱེད་པ་དང་། མངོན་པར་རྫོགས་པ་བྱང་ཆུབ་པ་དབྱེར་མེད་པའོ། །འདིས་དང་པོ་སེམས་བསྐྱེད་པར་གྱུར་པས་ཀྱང་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་གང་སྨོན་ལམ་གྲངས་མེད་པ་
བརྒྱ་མངོན་པར་བསྒྲུབས་པས་དེ་རྣམས་འདིའི་ཡོངས་སུ་དག་པར་འགྱུར་བས་ན་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ཤིན་ཏུ་ཤས་ཆེ་བར་འགྱུར་རོ། །དེ་ལྟར་འདི་སངས་རྒྱས་ཀྱི་ཞིང་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རྣམས་བྱམས་པ་ཆེན་པོའི་སྣང་བ་སྤྲོས་ནས་སེམས་ཅན་རྣམས་ཀྱི་
ཉོན་མོངས་པའི་ཡོངས་སུ་གདུང་བ་རིམ་གྱིས་ཞི་བར་བྱེད་ཅིང་རྟེན་རྣམས་ཀྱང་ཚིམ་པར་བྱེད་ཅིང་རྟེན་རྣམས་ཀྱང་རྟེན་པར་བྱེད་དོ། །ས་འདི་ལ་ཡང་ཉོན་མོངས་པ་ཀུན་དུ་སྤྱོད་པ་ཤིན་ཏུ་ཕྲ་བ་ཡང་མེད་དོ་ཞེས་པས་འདོད་པ་ལྔ་ལ་ཡོངས་སུ་ལོངས་སྤྱོད་པ་མི་སྲིད་པ་ཁོ་ན་སྟེ། དེ་ལྟ་ན་ཡང་སེམས་ཅན་ཡོངས་སུ་སྨིན་
པའི་རྒྱུར་བྱང་ཆུབ་སེམས་དཔའ་རྣམས་འདོད་པའི་ཡོན་ཏན་ལྔ་རྣམས་ཉེ་བར་ལེན་ཏེ། དེ་ལྟར་ནི་བསྡུ་བའི་དངོས་པོ་ལ་མཁས་པ་བདག་ཅག་གི་བྱང་ཆུབ་སེམས་དཔའ་དོན་མཐུན་པ་ཉིད་ཀྱིས་བསྡུ་བའི་དོན་དུ་གྲགས་འཛིན་མ་དང་ས་སྐྱོང་མ་ལ་སོགས་པ་བུད་མེད་སྟོང་ཕྲག་ཉི་ཤུ་རྩ་བཞི་རྣམས་ལ་སོ་སོར་སྐུ་
མངོན་པར་སྤྲུལ་ནས་དེ་རྣམས་ཐམས་ཅད་དང་རོལ་ཏོ། །གལ་ཏེ་འདོད་པ་ལ་སྤྱད་པ་བདེན་པ་མ་ཡིན་ན་དེའི་ཚེ་སྒྲ་གཅན་འཛིན་སྲས་ཡིན་པ་ཡང་བདེན་པ་མ་ཡིན་པར་འགྱུར་རོ་ཞེ་ན། མི་བདེན་པ་མ་ཡིན་ཏེ། སྲས་རྣམས་ནི་འདོད་པ་ཡོངས་སུ་ལོངས་སྤྱོད་པའི་རྒྱུ་ལས་མངལ་དུ་གནས་ཤིང་སྐྱེ་བ་ཁོ་
ན་མ་ཡིན་གྱི། རྫུས་ཏེ་སྐྱེས་པ་རྣམས་ཀྱང་འབྱུང་ངོ་། །སྒྲ་གཅན་འཛིན་བཟང་པོ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ། དགོས་པའི་དབང་ཁོ་ནར་མངལ་དུ་གནས་པའི་རྣམ་པར་བསྟན་པའོ། །འཕགས་པ་ཆོས་འཕགས་ས་བཅུའི་དབང་ཕྱུག་བུད་མེད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་དང་ལྷན་ཅིག་འདོད་
པའི་ཡོན་ཏན་ལྔ་རྣམས་ཀྱིས་རྩེན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ནི་བླ་ན་མེད་པའི་ཡུལ་ཅན་གྱི་དགའ་བ་ལ་དབང་བའི་རྟེན་ཉིད་ཀྱིས་ན་འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པའི་དོན་དུ་སེམས་ཅན་མཉམ་པ་ཉིད་ཀྱིས་རྒྱས་པར་བྱེད་པ་ལས་ཏེ། བུད་མེད་ཀྱི་དངོས་པོ་དང་ལྡན་པའི་སེམས་ཅན་

རྣམས་ཀྱིས་ཀྱང་རང་དང་གཞན་གྱི་དོན་རྣམ་པར་དག་པའི་ཆེད་དུ་དེའི་འཁོར་གྱི་དངོས་པོ་དོན་དུ་གཉེར་བར་བྱེད་པའི་ཕྱིར་རོ། །འཕགས་པ་དཀོན་མཆོག་བརྩེགས་པར་ཡང་གསུངས་པ། འོད་སྲུངས་འདི་ལྟ་སྟེ། སྔགས་དང་སྨན་གྱིས་ཡོངས་སུ་གཟུང་བའི་དུག་གིས་ལྟུང་བར་བྱེད་མི་ནུས་
སོ། །འོད་སྲུངས་དེ་བཞིན་དུ་ཤེས་རབ་དང་ཐབས་ལ་མཁས་པའི་སྨན་གྱིས་ཡོངས་སུ་ཟིན་པའི་ཉོན་མོངས་པའི་དུག་གིས་ལྟུང་བར་བྱེད་མི་ནུས་སོ་ཞེས་དང་། འོད་སྲུངས་འདི་ལྟ་སྟེ། གྲོང་ཁྱེར་ཆེན་པོའི་ལྗན་ལྗིན་གང་དེ། བུ་རམ་ཤིང་གི་ཞིང་རྣམས་དང་རྒུན་འབྲུམ་གྱི་ཞིང་རྣམས་ལ་ཉེ་བར་མཁོ་བར་གྱུར་པར་
འགྱུར་རོ། །འོད་སྲུངས་དེ་བཞིན་དུ་གང་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་ལྗན་ལྗིན་དེ་ཐམས་ཅད་མཁྱེན་པ་ཉིད་ལ་ཉེ་བར་མཁོ་བར་གྱུར་པར་འགྱུར་རོ་ཞེས་སོ། །ས་འདི་ལ་བྱང་ཆུབ་སེམས་དཔའ་ཕལ་ཆེར་སྟོང་གི་བདག་པོ་ཚངས་པ་ཆེན་པོར་འགྱུར་ཏེ། ཟིལ་གྱིས་གནོན་པ་ཟིལ་གྱིས་མི་གནོན་པ་
དང་། དབང་ཉིད་ཐོབ་པ་གཙོ་བོ་སྟེ། སེམས་ཅན་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པའི་ཆེད་དུ་ལས་ཐམས་ཅད་ཀྱང་བསྡུ་བའི་དངོས་པོ་རྣམས་ཀྱིས་རྩོམ་མོ། །སྐད་ཅིག་གཅིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དེ་སྙེད་ཀྱི་
ཏིང་ངེ་འཛིན་རྣམས་སོ་སོར་ཐོབ་པོ། །དེ་སྙེད་ཀྱི་སངས་རྒྱས་མཐོང་ངོ་། །དེ་རྣམས་ཀྱི་བྱིན་གྱི་རླབས་ཀྱང་ཤེས་སོ། །དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་གཡོ་བར་བྱེད་སྣང་བར་ཡང་བྱེད་དོ། །དེ་སྙེད་ཀྱི་ཞིང་རྣམས་སུ་ཡང་འགྲོའོ། །དེ་སྙེད་ཀྱི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་སྙེད་ཀྱི་
བསྐལ་པར་གནས་ཤིང་སྔོན་གྱི་མཐའ་དང་ཕྱི་མའི་མཐར་འཇུག་གོ། །དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམ་པར་འབྱེད་དོ། །དེ་སྙེད་ཀྱི་ལུས་སྟོན་ཏོ། །ལུས་སོ་སོ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་དེ་སྙེད་དོ། །དེ་ལྟར་ས་བརྒྱད་པ་ལ་ཡེ་ཤེས་ཀྱི་ལས་མངོན་པར་སྒྲུབ་པ་རྣམས་ཀྱིས་ཞིང་ཡོངས་སུ་དག་པ་རྫོགས་
པར་བྱས་ནས་དགུ་པ་ལ་སེམས་ཅན་ཡོངས་སུ་སྨིན་པ་རྫོགས་པར་བྱེད་དོ། །དེ་ཡང་འདིའི་སེམས་བསྐྱེད་པ་བཅུ་གསུམ་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཉི་མ་ལྟ་བུ་སྟེ། མི་ཟད་པའི་བསྡུ་བའི་དངོས་པོ་རྣམས་ཀྱིས་གདུལ་བྱའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །ས་ལེགས་པའི་

བློ་གྲོས་ཀྱང་སྟེ། གང་གི་ཕྱིར་འདིར་བྱང་ཆུབ་སེམས་དཔའ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་ཆོས་འཆད་པ་པོ་ཉིད་ཀྱི་ཕྱིར་ལེགས་པ་སྟེ། དེའི་ཕྱིར་ལེགས་པའི་བློ་གྲོས་སོ། །དེ་ནི་སོ་སོ་ཡང་དག་པར་རིག་པ་བཞི་རྣམས་ཀྱིས་ཆོས་སྨྲ་བ་པོ་ཆེན་པོའོ། །དེ་ལྟར་སྤོབས་པ་མི་ཆོད་པ་ཅན་དེའི་
སྔོན་བསགས་པའི་དགེ་བའི་རྩ་བ་རྣམ་པར་སྨིན་པའི་བདག་ཉིད་ཡོངས་སུ་རྣམ་པར་སྨིན་པ་འཁོར་བ་ཇི་སྲིད་པར་ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་རྫོགས་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་ས་དགུ་པའི་སྤྱོད་པ་འདི་ངེས་པའི་སྤྱོད་པ་ཞེས་བརྗོད་དེ། སྨོན་ལམ་གྱི་སྟོབས་
ཀྱིས་མངོན་པར་གྲུབ་པ་ཉིད་ཀྱི་ཕྱིར་རོ། །སྤྱོད་པ་འདིས་ཀྱང་ཡོངས་སུ་སྨིན་པའི་སེམས་ཅན་རྣམས་ཐེག་པ་གསུམ་ལ་ངེས་པར་འགྱུར་རོ། །རྣམ་པར་སྨིན་པའི་བདག་ཉིད་ཀྱི་ཕྱིར་དོན་ཡོད་པའི་སྤྱོད་པ་འཇུག་གོ། །དེ་ཉིད་ཀྱི་ཕྱིར་ངེས་པའི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་ཉི་མ་གཅིག་ལ་སེམས་
ཅན་གྱི་དོན་གྱི་བྱ་བ་ཡོངས་སུ་རྫོགས་པར་བྱས་པ་ལ་སྔ་མའི་སྤྱོད་པ་ཅན་རྣམས་ཀྱིས་བྱེ་བ་སྟོང་ཕྲག་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །འདི་ཡང་གཟུངས་ཀྱི་སྒོ་ཚད་མེད་པ་གྲངས་མེད་པ་འབུམ་ཐོབ་པ་རྣམས་ཀྱིས་ཕྱོགས་བཅུ་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་གྲངས་མེད་པ་རྣམས་ཀྱི་མདུན་དུ་ཆོས་
ཉན་ཅིང་ཐོས་ནས་ཀྱང་མི་བརྗེད་དོ། །ཇི་སྐད་དུ་ཐོས་པ་ཡང་གྲངས་མེད་པ་འབུམ་ཕྲག་བཅུ་དང་ལྡན་པའི་དབྱངས་ཀྱི་ཡན་ལག་ལ་མཁས་པས་དེ་སྙེད་དུ་ཚད་མེད་པ་དང་ལྡན་པའི་སྤོབས་པ་རྣམ་པར་ཕྱེ་བའི་སྒོས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རྣམས་ཐམས་ཅད་དུ་རྒྱས་པར་བཀང་ནས་བསམ་པ་དང་མོས་
པ་ཇི་ལྟ་བ་བཞིན་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། འཁོར་མཐའ་ཡས་པ་ཟིལ་གྱིས་གནོན་པའི་མི་འཇིགས་པ་དང་ལྡན་ཞིང་ཆོས་ཀྱི་སྟན་ལ་འདུག་པས། འདོད་ན་སྒྲ་སྐད་བརྗོད་པས་འཁོར་ཐམས་ཅད་ལ་སྒྲ་སྐད་སྣ་ཚོགས་པ་ཚད་མེད་པས་ཆོས་ཀྱི་སྒོ་རྣམས་གོ་བར་བྱེད་དོ། །སྒྲ་སྣ་ཚོགས་དང་དབྱངས་
ཀྱི་ཡན་ལག་ཐ་དད་པ་རྣམ་པར་ཕྱེ་བ་རྣམས་ཀྱིས་ཡང་ནའོ། །འདོད་ན་ཡི་གེ་གཅིག་གི་སྒྲ་ལ་ཆོས་ཐམས་ཅད་རབ་ཏུ་ཕྱེ་བའི་སྒྲ་འབྱུང་བར་བྱེད་དོ། །བ་སྤུའི་ཁུང་བུ་ལས་དང་། འོད་ཟེར་རྣམས་ལས་དང་། ནམ་མཁའ་ལས་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པར་སོན་པའི་གཟུགས་ལ་སོགས་

པའི་སྣང་བ་རྣམས་ལས་ཀྱང་སྟེ། འདི་ནི་མདོར་བསྡུས་པ་ལས་འདིའི་སྟོན་པ་ཕུན་སུམ་ཚོགས་པའོ། །དེ་ཡང་རྣམ་པ་གསུམ་དུ་ཡོངས་སུ་རྟོགས་པར་བྱ་སྟེ། ཡེ་ཤེས་ཕུན་སུམ་ཚོགས་པ་དང་། གསུང་ཕུན་སུམ་ཚོགས་པ་དང་། སྨྲ་བ་པོ་ཕུན་སུམ་ཚོགས་པས་སོ། །དེ་ལ་ཡེ་
ཤེས་ཕུན་སུམ་ཚོགས་པ་ནི་གང་ཐེག་པ་གསུམ་གྱི་དབྱེ་བས་རྣམ་པར་གྲོལ་བའི་སྣོད་ཉིད་ལ་སོགས་པ་སྟོན་པའོ། །གང་ཡང་རིགས་དང་དབང་པོའི་རབ་ཏུ་དབྱེ་བ་ལ་སོགས་པའི་དབང་དུ་བྱ་བ་ནི་དེའི་ཡུལ་ལོ། །གསུང་ཕུན་སུམ་ཚོགས་པ་ནི་སོ་སོ་ཡང་དག་པར་རིག་པས་མངོན་པར་བསྒྲུབས་པའི་ཆོས་
སྟོན་པའོ། །དེ་ཡང་རྣམ་པ་བཞི་སྟེ། གསུང་རབ་ཡན་ལག་བཅུ་གཉིས་སྟོན་པ་དང་། དེའི་བཤད་པ་སྟོན་པ་དང་། གང་གི་བསམ་པ་ཇི་ལྟ་བ་དེའི་རྗེས་སུ་འཇུག་པའི་ཕྱིར་རྗེས་སུ་འཇུག་པ་སྟོན་པ་དང་། གང་རྣམ་གྲངས་ཇི་སྙེད་པ་རྣམས་ཀྱིས་རྟོགས་པར་བྱ་བ་དེ་སྟོན་པའི་ཕྱིར་རྗེས་སུ་མཐུན་པ་སྟོན་པའོ། །གསུང་རབ་ཡན་ལག་
བཅུ་གཉིས་རྣམས་ནི་མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། རྟོགས་པ་བརྗོད་པ་དང་། དེ་ལྟ་བུ་བྱུང་བ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། གཏན་ལ་ཕབ་པ་རྣམས་སོ། །དེ་ལ་མདོ་སྡེ་
ནི་གང་རྐྱང་པ་རྣམས་ཀྱིས་དོན་གསལ་བར་བྱེད་པའོ། །དབྱངས་ཀྱིས་བསྙད་པ་ནི་གང་མདོ་ཁོ་ན་དབུས་དང་མཐའ་མར་ཚིགས་སུ་བཅད་པས་དབྱངས་སུ་བསྙད་པའོ། །གང་དྲང་བའི་དོན་གྱི་མདོ་དེ་ཡང་དབྱངས་ཀྱིས་བསྙད་པ་སྟེ། རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ལུང་བསྟན་པ་ནི་གང་དུ་ཉན་ཐོས་འདས་ཏེ་
དུས་བྱས་པ་དང་འབྱུང་བ་ལུང་སྟོན་པའོ། །གང་ངེས་པའི་དོན་གྱི་མདོར་ཡང་སྟེ། དེས་རྣམ་པར་ཕྱེ་ནས་དགོངས་པ་འཆད་པའི་ཕྱིར་རོ། །ཚིགས་སུ་བཅད་པ་ནི་གང་ཚིགས་བཅད་དུ་གསུངས་པ་སྟེ། དེ་ནི་རྐང་པ་གཉིས་པ་དང་། རྐང་པ་གསུམ་པ་དང་། རྐང་པ་བཞི་པ་དང་། རྐང་པ་ལྔ་པ་དང་། རྐང་པ་དྲུག་པའོ། །ཆེད་
དུ་བརྗོད་པ་ནི་གང་ཡིད་རངས་པས་བརྗོད་པའོ། །གླེང་གཞི་ནི་གང་ཆེད་དུ་བྱས་ནས་གསུངས་པའམ་བྱུང་བ་དང་ལྡན་པའི་བསླབ་པ་བཅས་པ་གསུངས་པའོ། །རྟོགས་པ་བརྗོད་པ་ནི་དཔེ་དང་བཅས་པར་གསུངས་པའོ། །དེ་ལྟ་བུ་བྱུང་བ་ནི་གང་སྔོན་གྱི་སྦྱོར་བ་དང་ལྡན་པའོ། །སྐྱེས་པའི་རབས་ནི་གང་བྱང་ཆུབ་སེམས་དཔའི་

སྤྱོད་པ་དང་ལྡན་པའོ། །ཤིན་ཏུ་རྒྱས་པ་ནི་གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་གནས་ཡིན་པའི་ཕྱིར་རོ། །རྨད་དུ་བྱུང་བའི་ཆོས་ནི་གང་དུ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སྟོན་པའོ། །
གཏན་ལ་ཕབ་པ་ནི་གང་དུ་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པའོ། །སྨྲ་བ་པོ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། གཟུངས་ཕུན་སུམ་ཚོགས་པ་དང་། རབ་ཏུ་གསལ་བར་བྱེད་པ་ཕུན་སུམ་ཚོགས་པ་དང་། དྲིས་པ་ལུང་སྟོན་པ་ཕུན་སུམ་ཚོགས་པ་དང་། འཛིན་པ་ཕུན་སུམ་ཚོགས་པའོ། །དེ་ལ་
གཟུངས་ཕུན་སུམ་ཚོགས་པ་ནི་གཟུངས་རྣམ་པ་བཅུ་སྟེ། དོན་གྱི་གཟུངས་དང་། གཞུང་གི་གཟུངས་དང་། མངོན་པར་ཤེས་པའི་གཟུངས་དང་། འོད་ཟེར་རབ་ཏུ་འགྱེད་པའི་གཟུངས་དང་། ཕས་ཀྱི་རྒོལ་བ་ཚར་གཅད་པའི་གཟུངས་དང་། དེ་བཞིན་གཤེགས་པ་མཆོད་པ་དང་སེམས་ཅན་བཀྲེན་པ་རྗེས་སུ་
འཛིན་པ་ཉེ་བར་སྒྲུབ་པའི་གཟུངས་དང་། ཐེག་པ་ཆེན་པོ་ལ་ཞུགས་པའི་སེམས་ཅན་ཡང་དག་པར་གཟེངས་བསྟོད་པའི་གཟུངས་དང་། ཆགས་པ་མེད་པའི་སྨོན་ལམ་གྱི་གཟུངས་དང་། སྤོབས་པ་མི་ཟད་པའི་གཟུངས་དང་། དོན་སྣ་ཚོགས་ལ་སྤོབས་པའི་གཟུངས་སོ། །འདི་ནི་བསྐལ་པ་བྱེ་བ་མཐའ་ཡས་
པ་ལས་ངེས་པར་འབྱུང་བ་ལ་མཁས་པ་ཡང་སྟེ། དེ་ལྟར་ནི་བྱང་ཆུབ་སེམས་དཔའ་རྣམ་པར་སྨིན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ལས་བྱ་དཀའ་བ་ཐམས་ཅད་ལ་བྱ་དཀའ་བའི་འདུ་ཤེས་མི་སྐྱེའོ། །དེའི་བརྩོན་འགྲུས་ཤིན་ཏུ་ཆེན་པོ་རྩོམ་པས་སྒྲུབ་པའི་བསྐལ་པ་མང་པོ་རྣམས་བསྙིལ་བར་འགྱུར་
ཏེ། དཔེར་ན་བདག་ཅག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔར་གྱུར་པའི། སངས་རྒྱས་ཉེར་རྒྱལ་མཉེས་པར་བྱས་པས་བསྐལ་པ་དགུ་བསྙིལ་བ་ལྟ་བུའོ། །དེ་བཞིན་དུ་ཤིན་ཏུ་ཆེ་བའི་བརྩོན་འགྲུས་ཀྱིས་སྒྲུབ་བཞིན་པའི་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་རྣམས་ཀྱང་བསྙིལ་བར་འགྱུར་
རོ། །གང་ཡང་དེ་ལྟར་ཐམས་ཅད་ཁས་བླངས་ནས་སུ་ཞིག་གི་ཡང་བསྐལ་པ་གྲངས་མེད་པ་བསྙིལ་བར་མི་འགྱུར་བ་ཁོ་ནའོ་ཞེས་པའི་འདོད་པ་དེ་འཕགས་པས་ཁྱད་དུ་བསད་པ་ནི། འབྲས་བུ་གཉིས་པ་ལ་ཞུགས་པ་མཐོང་བས་ཐོབ་པའི་དབང་དུ་བྱས་ནས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཡོད་དོ་

ནས་ཇི་སྲིད་དུ་བསྐལ་པ་བཟང་པོ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་པའི་བཤད་པས། གང་གི་ཕྱིར་འབྲས་བུ་གཉིས་པ་ལ་ཞུགས་པ་ནི་ས་དྲུག་པ་ལ་གནས་པ་སྟེ་སྔར་བརྗོད་པའི་རིམ་པས་བསྐལ་པ་གྲངས་མེད་པ་
གཉིས་པ་དང་འབྲེལ་པའི་བསྐལ་པ་བཟང་པོ་ཉིད་ལ་གནས་པ། དེ་ལ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ནི། ཅི་ལྟར་བསྐལ་པ་གྲངས་མེད་པ་གསུམ་པ་བསྙིལ་བ་མ་ཡིན། ཅི་སྟེ་བསྐལ་པ་བཟང་པོ་ལ་འཕགས་པ་བྱམས་པ་ལ་སོགས་པ་ས་བཅུ་གསོལ་བ་བསྐལ་པ་གྲངས་མེད་པ་གསུམ་
པ་ལ་གནས་པ་རྣམས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའོ་ཞེ་ན་འདི་ལས་ཅི་སྟེ། གང་གི་ཕྱིར་མཐོང་བས་ཐོས་པས་དྲུག་པ་གསོལ་བ་རྣམས་བསྐལ་པ་བཟང་པོ་ལ་མངོན་པར་རྫོགས་པར་བྱང་ཆུབ་པས་ན་བསྐལ་པ་གྲངས་མེད་པ་བསྙིལ་བ་ཁོ་ནའོ་ཞེས་གནས་སོ། །དེ་ཉིད་ཀྱི་ཕྱིར་ཕུལ་དུ་དབྱུང་
དུ་མེད་པའི་ཤིན་ཏུ་ཆེ་བའི་བརྩོན་འགྲུས་དང་ཐབས་ཀྱི་ཁྱད་པར་གྱིས་སྒྲུབ་བཞིན་པ་རྣམས་ཀྱིས་བསྐལ་པ་གྲངས་མེད་པ་གཉིས་ཀྱང་བསྙིལ་བར་འགྱུར་བ་ནས་ཇི་སྲིད་བསྐལ་པ་གཅིག་ལ་དང་། སྐྱེ་བ་ཉུང་ངུའི་ས་དང་། ཇི་སྲིད་དུ་སྐྱེ་བ་འདི་ཁོ་ན་ལ་མངོན་པར་རྫོགས་པར་བྱང་ཆུབ་པའོ་ཞེས་སྔགས་ཀྱི་ཚུལ་ལས་གསུངས་
སོ། །ཤས་ཆེར་ཡེ་ཤེས་ཀྱི་སྣང་བ་འདི་ལྟ་བུ་འཛིན་པར་རྩོམ་སྟེ། དེ་གལ་ཏེ་སྐྲའི་རྩེ་མོའི་གོ་རེ་རེ་ལ་འཇིག་རྟེན་གྱི་ཁམས་གྲངས་མེད་པའི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་དེ་སྙེད་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམས་ལ་ཆོས་སྟོན་ཞིང་། དེ་བཞིན་གཤེགས་པ་རེ་རེས་ཀྱང་དེ་སྙེད་ཀྱི་
སེམས་ཅན་རྣམས་ལ་དོན་ཐ་དད་པ་ཅན་གྱི་ཆོས་སྟོན་ཏེ། སེམས་ཅན་སོ་སོ་ལའང་དེ་སྙེད་ཀྱི་ཆོས་རྣམས་དང་། སྐྲའི་རྩེ་མོ་གཅིག་ལ་ཇི་ལྟ་བ་དེ་ལྟར་ཆོས་ཀྱི་དབྱིངས་ཐམས་ཅད་ན་སྟེ། དེར་བདག་གིས་ཇི་ལྟར་སྐད་ཅིག་གཅིག་གིས་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཆོས་ཀྱི་སྣང་བ་སོ་སོར་ནོད་པ་དེ་ལྟ་བུའི་དྲན་པ་རྒྱ་
ཆེན་པོ་མངོན་པར་བསྒྲུབ་པར་བྱ་ཞིང་། ཤེས་རབ་ཀྱི་སྣང་བ་རྣམ་པར་ངེས་པའི་སྤོབས་པ་ཡོངས་སུ་སྦྱངས་ནས་སྐད་ཅིག་གཅིག་གིས་འཇིག་རྟེན་གྱི་ཁམས་དེ་སྙེད་རྣམས་སུ་སེམས་ཅན་ཐམས་ཅད་ཚིམ་པར་བྱའོ་ཞེས་པའོ། །བསྐལ་པ་གཅིག་ལ་ཡང་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་རྣམས་མཐོང་ངོ་། །

བསྙེན་བཀུར་བྱེད་དོ། །བླ་མར་བྱེད་དོ། །ཕལ་ཆེར་སྟོང་གཉིས་ཀྱི་བདག་པོ་ཚངས་པ་ཆེན་པོར་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་སྟོན་པ་ལ་གཙོ་བོ་ཡིན་ཞིང་། འདོད་ན་ཚུལ་དེ་ལྟ་བུའི་བརྩོན་འགྲུས་རྩོམ་སྟེ། གང་སྐད་ཅིག་གཅིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འབུམ་ཕྲག་བཅུའི་
རྡུལ་ཕྲ་རབ་ཇི་སྙེད་པའི་གྲངས་དེ་སྙེད་ཀྱི་ཏིང་ངེ་འཛིན་རྣམས་སོ་སོར་ཐོབ་པོ། །དེ་སྙེད་ཀྱི་སངས་རྒྱས་རྣམས་མཐོང་ངོ་། །དེ་རྣམས་ཀྱི་བྱིན་གྱི་རླབས་ཀྱང་ཤེས་སོ། །དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་གཡོ་ཞིང་སྣང་བར་ཡང་འགྱུར་རོ། །དེ་སྙེད་ཀྱི་ཞིང་རྣམས་སུ་འགྲོའོ། །དེ་སྙེད་ཀྱི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་
བྱེད་དོ། །དེ་སྙེད་ཀྱི་བསྐལ་པར་གནས་ཤིང་སྔོན་གྱི་མཐའ་དང་ཕྱི་མའི་མཐར་ཡང་འཇུག་གོ། །དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་རྣམ་པར་འབྱེད་དོ། །དེ་སྙེད་ཀྱི་ལུས་རྣམས་སྟོན་ཏེ། ལུས་སོ་སོ་ལ་ཡང་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔའི་འཁོར་ལོ་འདིའི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བར་འགྱུར་རོ། །དེ་ལ་བསམ་
པའི་སྟོབས་ནི་ཉོན་མོངས་པ་ཀུན་དུ་སྤྱོད་པ་མེད་པའི་ཕྱིར་རོ། །ལྷག་པའི་བསམ་པའི་སྟོབས་ནི་སའི་ཡེ་ཤེས་ཡོངས་སུ་སྦྱངས་པ་ཉིད་ཀྱི་ཕྱིར་རོ། །གཟུངས་ཀྱི་སྟོབས་ནི་ཆོས་མི་བརྗེད་པ་ཉིད་ཀྱི་ཕྱིར་རོ། །ཏིང་ངེ་འཛིན་གྱི་སྟོབས་ནི་རྟག་ཏུ་རྣམ་པར་གཡེང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་དག་པའི་འབྱོར་པའི་སྟོབས་ནི་མཐའ་ཡས་
ཤིང་མུར་ཐུག་པ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་སྤྱོད་པ་རྣམ་པར་དབྱེ་བ་ལ་མཁས་པ་ཉིད་ཀྱི་ཕྱིར་རོ། །དབང་གི་སྟོབས་ནི་ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པ་འཐོབ་པའི་ཕྱིར་རོ། །སྤོབས་པའི་སྟོབས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་དབྱེ་བ་ལ་མཁས་པ་ཉིད་ཀྱི་ཕྱིར་རོ། །སྨོན་ལམ་གྱི་སྟོབས་
ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པ་ལ་སྦྱོར་བ་མི་གཏོང་བའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པའི་སྟོབས་ནི་བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་སྤྱོད་པ་མི་གཏོང་བའི་ཕྱིར་རོ། །བྱམས་པ་ཆེན་པོའི་སྟོབས་ནི་སེམས་
ཅན་ཐམས་ཅད་བསྐྱབ་པ་ལ་མཆོག་ཏུ་སྦྱོར་བ་མི་གཏོང་བའི་ཕྱིར་རོ། །སྙིང་རྗེ་ཆེན་པོའི་སྟོབས་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་པའི་ཕྱིར་རོ། །ཆོས་ཉིད་ཀྱི་སྟོབས་ནི་སྒྱུ་མ་ལྟ་བུ་ལ་སོགས་པའི་ཆོས་ཉིད་མངོན་དུ་བྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་

པའི་སྟོབས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངོན་དུ་ཕྱོགས་པར་གྱུར་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་མདོ་སྡེར་བསྟན་པ་ནི་སྟོབས་རྣམས་སོ། །དེ་ལྟར་ས་དགུ་པ་ལ་ཞིང་ཡོངས་སུ་དག་པ་དང་སེམས་ཅན་ཡོངས་སུ་སྨིན་པ་དག་བྱས་ནས། ས་བཅུ་པ་ལ་ཤེས་བྱ་མངོན་པར་རྫོགས་པར་བྱང་ཆུབ་པ་
སྒོམ་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པས་སེམས་བསྐྱེད་པ་བཅུ་བཞི་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་དྲི་ཟའི་གླུ་སྙན་པ་ལྟ་བུ་སྟེ། མི་ཟད་པའི་སོ་སོ་ཡང་དག་པར་རིག་པ་བཞི་རྣམས་ཀྱིས་གདུལ་བྱ་འདུན་པར་བྱེད་པའི་ཆོས་བསྟན་པ་ཉིད་ཀྱི་ཕྱིར་རོ། །ས་ཆོས་ཀྱི་སྤྲིན་ཡང་སྟེ། གང་གི་ཕྱིར་ས་འདིར་
བྱང་ཆུབ་སེམས་དཔའ་ཆོས་ལ་རྒྱལ་ཚབ་ཉིད་དུ་དབང་བསྐུར་བར་བྱ་བ་དེའི་ཕྱིར་ཆོས་ཀྱི་སྤྲིན་ནོ། །མི་ཧ་བྲན་པ་ལ་སྟེ་གྷ་ཉའོ། །མིང་ལ་གྷ་ཉིད་དོ། །སྤྲིན་ཆེན་པོ་ལྟར་འཇིག་རྟེན་པའི་དགེ་བའི་ལོ་ཏོག་མངོན་པར་འཕེལ་བའི་དོན་དུ་ལྷུན་གྱིས་གྲུབ་པར་ཆོས་ཐམས་ཅད་ཀྱི་ཆར་པ་འབེབས་སོ་ཞེས་པས་ཀྱང་ཆོས་
ཀྱི་སྤྲིན་ནོ། །སྤྲིན་དང་ཆོས་མཐུན་པ་ཡང་རྣམ་པ་གསུམ་སྟེ། ཁྱབ་པར་བྱེད་པ་ལས་ནི་ས་འདིར་ཐོབ་པའི་ཆོས་ཀྱི་ནམ་མཁའ་བཞིན་དུ་རྟེན་ལ་ཁྱབ་པའི་ཕྱིར་རོ། །རྡུལ་རབ་ཏུ་ཞི་བར་བྱེད་པ་ལས་ནི་ཆོས་དེས་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྡུལ་རབ་ཏུ་ཞི་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འཕེལ་བར་བྱེད་པ་
ལས་ནི་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པའི་རིམ་གྱིས་སེམས་ཅན་གོང་དུ་སྒྲོལ་བར་བྱེད་པའི་ཕྱིར་ཏེ། སྤྲིན་གྱི་ཆར་པས་ལོ་ཏོག་འཕེལ་བར་བྱེད་པ་བཞིན་ནོ། །དེ་ལྟར་ནི་འཕགས་པ་ས་བཅུ་པ་ལ་སོགས་པའི་མདོ་སྡེར་བསྟན་པའི་རིམ་པས་དེ་ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུ་ཇི་སྙེད་
པའི་མཐར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་མངོན་པར་དབང་བསྐུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དུ་འགྱུར་ཏེ། གང་མངོན་དུ་གྱུར་མ་ཐག་ལ་སྟོང་གསུམ་གྱི་མཐར་ཐུག་པ་འབུམ་ཕྲག་བཅུ་ཚང་བའི་ཚད་ཀྱི་རིན་པོ་ཆེ་ཆེན་པོའི་པདྨ་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་རིན་པོ་ཆེ་ལས་བསྐྲུན་པ་སྟོང་
གསུམ་འབུམ་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དང་ལྡན་པའི་རིན་པོ་ཆེ་ཆེན་པོའི་པདྨའི་འཁོར་ཅན་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱང་དེ་དང་འཚམ་པར་གནས་སོ། །དེ་ཏིང་ངེ་འཛིན་དེ་ཐོབ་པ་ལས་པདྨ་དེ་ལ་འདུག་པར་ཀུན་དུ་སྣང་ངོ་། །ཕྱོགས་བཅུའི་འཇིག་

རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་དེ་ལ་བསྐོར་ནས་བལྟ་ཞིང་པདྨའི་འཁོར་དེ་རྣམས་ལ་གནས་སོ། །དེའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་གཡོ་བར་གྱུར་ཏོ། །ངན་སོང་ཐམས་ཅད་རྒྱུན་ཆད་པ་དང་། སྤྱོད་པ་མཐུན་པའི་བྱང་ཆུབ་སེམས་
དཔའ་ཐམས་ཅད་འདུ་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ལྷ་དང་མིའི་སིལ་སྙན་དང་གླུ་དང་རོལ་མོའི་སྒྲ་དང་། སེམས་ཅན་ཐམས་ཅད་བདེ་བ་སྐྱེ་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་རིམ་གྲོ་བསམ་གྱིས་མི་ཁྱབ་པ་འཇུག་པ་དང་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་གྱིས་ཀྱང་རྣམ་པར་རིག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེའི་ཞབས་ཀྱི་མཐིལ་དག་ལས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་བྱུང་ནས་ཕྱོགས་བཅུ་རྣམས་སུ་མནར་མེད་པའི་མཐར་ཐུག་པའི་སེམས་ཅན་དམྱལ་བ་པ་རྣམས་སྣང་བ་སྔོན་མ་ཅན་སྡུག་བསྔལ་ཐམས་ཅད་ཞི་
བར་བྱེད་དོ། །དེ་བཞིན་དུ་པུས་མོ་གཉིས་ནས་དུད་འགྲོ་རྣམས་སོ། །ལྟེ་བའི་དཀྱིལ་འཁོར་ནས་ཡི་དགས་རྣམས་སོ། །རྩིབ་ལོགས་དག་ནས་མི་རྣམས་སོ། །ཕྱག་དག་ནས་ལྷ་དང་ལྷ་མ་ཡིན་རྣམས་སོ། །ཕྲག་པ་དག་ནས་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཏེ། ཆོས་སྣང་བའི་སྒོ་ཉེ་བར་སྒྲུབ་པའོ། །རྒྱབ་དང་མགྲིན་
པ་ལས་རང་སངས་རྒྱས་རྣམས་ཏེ་ཞི་བའི་ཏིང་ངེ་འཛིན་གྱི་སྒོའི་ཚུལ་ལོ། །ཞལ་གྱི་སྒོ་ནས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ཇི་སྲིད་ས་དགུ་པ་རྗེས་སུ་ཐོབ་པའི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཏེ། ཤེས་རབ་དང་ཐབས་ལ་མཁས་པའི་ཚུལ་ཡང་ངོ་། །སྨིན་མཚམས་ཀྱི་མཛོད་སྤུ་ནས་བདུད་ཀྱི་གནས་ཐམས་ཅད་
མོག་མོག་པོར་བྱས་ནས་དབང་བསྐུར་བའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ལ་ནུབ་པར་འགྲོའོ། །སྟེང་དུ་ཡན་ལག་དམ་པ་ལས་སྟོང་གསུམ་གྲངས་མེད་པ་འབུམ་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུ་རྣམས་སུ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པའི་དེ་
བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་སྣང་བར་བྱེད་དོ། །འཇིག་རྟེན་གྱི་ཁམས་ལ་ལན་བཅུར་བསྐོར་བ་བྱས་ནས། སྟེང་གི་བར་སྣང་ལ་འོད་ཟེར་གྱི་དྲ་བའི་དཀྱིལ་འཁོར་ཆེན་པོ་རྣམས་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་རིམ་གྲོར་བྱ་བ་འཇུག་པར་བྱེད་དོ། །

ཕྱོགས་བཅུ་རྣམས་ན་མ་ལུས་པའི་ཆོས་ཀྱི་དབྱིངས་ཀྱི་ནང་དུ་གཏོགས་པའི་མེ་ཏོག་ལ་སོགས་པ་དང་། གདུགས་དང་ན་བཟའ་དང་རིན་པོ་ཆེའི་རྒྱན་ལ་སོགས་པར་གདགས་པ་ཇི་སྙེད་པ་དེ་ལས་ཤིན་ཏུ་འདས་པ་བཀོད་པ་སྣ་ཚོགས་པ་རིན་པོ་ཆེ་ལ་སོགས་པའི་ཆར་རྣམས་དེ་བཞིན་གཤེགས་པ་རེ་རེའི་
འཁོར་གྱི་དཀྱིལ་འཁོར་དུ་སྤྲིན་ཆེན་པོ་རྣམས་བཞིན་དུ་ཆར་འབབ་པོ། །མཆོད་པ་དེ་རྣམས་སེམས་ཅན་གང་རྣམས་ཀྱིས་ཤེས་པ་དེ་རྣམས་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །དེའི་རྗེས་སུ་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཞབས་ཀྱི་འོག་གི་མཐིལ་རྣམས་སུ་ནུབ་པར་འགྱུར་རོ། །
ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རབ་འབྱམས་དེ་རྣམས་ནས་ཀྱང་ས་དགུ་པ་ཇི་སྲིད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གྲངས་མེད་པ་རྣམས་ལྷགས་ནས། བྱང་ཆུབ་སེམས་དཔའ་དེ་ལ་ཡང་དག་པར་མཆོད་པ་དེ་བལྟ་ཞིང་ཏིང་ངེ་འཛིན་སྟོང་ཕྲག་བཅུ་ལ་སྙོམས་པར་འཇུག་གོ། །བྱང་
ཆུབ་སེམས་དཔའ་དེའི་ཡང་ཐུགས་ཀ་ན་གནས་པའི་མཚན་དཔལ་གྱི་བེའུ་དང་རྡོ་རྗེ་དང་བཀྲ་ཤིས་ལས། བདུད་ཀྱི་དགྲ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འོད་ཟེར་ཆེན་པོ་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུའི་འཁོར་ཅན་སྤྲོས་ནས་ཕྱོགས་བཅུ་རྣམས་སྣང་བར་བྱས་ཤིང་ཆོ་འཕྲུལ་མུ་མེད་
པ་རྣམས་ཡང་དག་པར་བསྟན་ཏེ། སླར་ལོག་ནས་དཔལ་གྱི་བེའུ་དང་རྡོ་རྗེ་དང་བཀྲ་ཤིས་ཁོ་ན་ལ་ནུབ་པར་འགྱུར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་དེའི་མཐུ་སྟོང་འགྱུར་ལས་ལྷག་པར་མངོན་པར་འཕེལ་ལོ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་རྣམས་ནས་ཐམས་ཅད་མཁྱེན་
པ་ཉིད་ཀྱི་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་གྲངས་མེད་པའི་འཁོར་ཅན་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་རབ་འབྱམས་མཐའ་མེད་པ་རྣམས་སྣང་བར་བྱས་ནས། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་རྣམས་ཡང་དག་པར་བསྟན་ཞིང་། བྱང་ཆུབ་སེམས་དཔའ་གྲངས་མེད་པ་
རྣམས་བསྐུལ་ཏེ། ཕྱིར་ལོག་ནས་བྱང་ཆུབ་སེམས་དཔའ་དེའི་ཡན་ལག་མཆོག་ལ་ནུབ་པར་འགྱུར་རོ། །དེའི་འཁོར་གྱི་འོད་ཟེར་རྣམས་ནི་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱི་བོར་ནུབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡུལ་ལ། ཡེ་

ཤེས་ཆེན་པོའི་དབང་གིས་དབང་བསྐུར་བཞེས་བརྗོད་དོ། །རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཡང་འཐོབ་པོ། །རང་གི་སྨོན་ལམ་གྱི་སྟོབས་བསྐྱེད་པས་ཀྱང་ལུས་སྣ་ཚོགས་པ་རྣམས་ཀྱིས་སྐད་ཅིག་གཅིག་ལ་ཕྱོགས་བཅུ་རྣམས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་ན་རྡུལ་ཕྲ་རབ་རྣམས་ཇི་
སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་བཀང་ནས། དགེ་བ་བདུད་རྩིའི་རྒྱུན་གྱི་ཆར་གྱིས་བསམ་པ་ཇི་ལྟ་བར་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་དུས་ཅན་གྱི་མི་ཤེས་པ་ལས་བྱུང་བའི་ཉོན་མོངས་པའི་རྡུལ་དང་མེ་ལྕེ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །དེའི་ཕྱིར་ས་འདི་ཆོས་ཀྱི་སྤྲིན་ཞེས་བརྗོད་དོ། །དེ་སྙེད་ཀྱི་
འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་དགའ་ལྡན་གྱི་ཕོ་བྲང་དུ་བཞུགས་པ་ནས་བཟུང་ནས་ཇི་སྲིད་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་དང་གདུལ་བྱ་ཇི་ལྟ་བ་རྣམས་ལ་བྱིན་གྱིས་རློབ་པོ། །ཡེ་ཤེས་ཀྱི་དབང་དེ་ལྟ་བུ་
དང་ལྡན་ཞིང་ཤིན་ཏུ་རྣམ་པར་བརྟགས་པའི་ཡེ་ཤེས་དང་མངོན་པར་ཤེས་པ་ཆེན་པོ་ཅན་དེ་འདོད་ན་ཀུན་ནས་ཉོན་མོངས་པ་ཅན་གྱི་འཇིག་རྟེན་གྱི་ཁམས་ནི་ཡོངས་སུ་དག་པ་ཉིད་དུ་བྱིན་གྱིས་རློབ་པོ། །ཡོངས་སུ་དག་པ་ནི་ཀུན་ནས་ཉོན་མོངས་པ་ཅན་ཉིད་དུའོ། །དོག་པ་ནི་ཡངས་པ་ཉིད་དུའོ། །ཡངས་པ་ནི་
དོག་པ་ཉིད་དུ་ཡང་ངོ་། །རྡུལ་ཕྲ་རབ་གཅིག་ཏུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་བྱིན་གྱིས་རློབ་སྟེ། རྡུལ་ཕྲ་རབ་དེ་ཡང་འཕེལ་བ་མེད་ལ་བྱ་བ་དེ་རྣམས་ཀྱང་ཀུན་དུ་སྟོན་ཏོ། །འཇིག་རྟེན་གྱི་ཁམས་གཅིག་ཏུ་འཇིག་རྟེན་གྱི་ཁམས་གྲངས་མེད་པའི་བཀོད་པ་དང་། དེ་ན་གང་སེམས་ཅན་ཡོད་པ་
རྣམས་ཀྱང་ཀུན་དུ་སྟོན་ཏོ། །འཇིག་རྟེན་གྱི་ཁམས་གཅིག་གི་བཀོད་པ་དང་དེར་སེམས་ཅན་གང་ཡོད་པ་རྣམས་ཀྱང་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་སུའོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པར་གནས་པའི་སེམས་ཅན་རྣམས་སྐྲའི་ཁྱོན་གཅིག་ཏུ་སྟེ། དེ་རྣམས་ལ་གནོད་པ་ཡང་མེད་དོ། །སངས་
རྒྱས་ཀྱི་ཡུལ་གྱི་བཀོད་པ་གྲངས་མེད་པ་ཡང་སྐྲའི་ཁྱོན་གཅིག་ཏུའོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་ན་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་ལུས་རྣམས་སྐད་ཅིག་གཅིག་ལ་སྤྲུལ་པར་བྱེད་དོ། །ལུས་རེ་རེ་ལ་ཡང་དེ་སྙེད་ཀྱི་ལག་པ་རྣམས་དང་དེ་སྙེད་ཀྱི་མགོ་བོ་སོ་སོ་ལ་དེ་སྙེད་ཀྱི་ལྕེ་རྣམས་ཀྱང་སྟོན་པར་

བྱེད་དོ། །ལག་པ་དེ་རྣམས་ཀྱིས་ཀྱང་ཕྱོགས་བཅུ་རྣམས་སུ་བདེ་བ་ཅན་དང་པདྨ་ཅན་དང་འོད་ཟེར་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་རྣམས་སུ་སངས་རྒྱས་མཆོད་པ་ལ་རབ་ཏུ་སྦྱོར་རོ། །ལག་པ་རེ་རེས་ཀྱང་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པ་ཉིད་མེ་ཏོག་གི་
ཕུར་མ་རྣམས་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ལ་འཐོར་རོ། །དེ་བཞིན་དུ་དྲི་ལ་སོགས་པ་ནས་ཇི་སྲིད་ན་བཟའ་དང་གདུགས་དང་རིན་པོ་ཆེ་ལ་སོགས་པའི་བཀོད་པའི་བར་དུ་ཡང་ངོ་། །ལྕེ་དེ་རྣམས་ཀྱིས་ཀྱང་སངས་རྒྱས་དེ་རྣམས་ཀྱི་བསྔགས་པ་བརྗོད་པ་དང་གསོལ་བ་འདེབས་པ་ཡང་བྱེད་དེ་བཅོམ་ལྡན་འདས་རྣམས་
ཇི་ལྟར་འོས་པར་ཆོས་བསྟན་དུ་གསོལ་ཞེས་པ་ལ་སོགས་པ་དང་། གང་ཡང་སེམས་ཅན་གྱི་བྱ་བ་རྫོགས་པ་ལྟ་བུ། ཐབས་ཀྱིས་གདུལ་བྱ་རྣམས་བརྩོན་པར་བྱ་བའི་ཆེད་དུ་མྱ་ངན་ལས་འདས་པ་སྟོན་པར་བཞེད་པ་མྱ་ངན་ལས་འདས་པར་བབ་པ་མེད་པ་དེ་རྣམས་ལ། འགྲོ་བ་མ་ལུས་པ་ལ་དགེ་བ་བསྐྱེད་པའི་མཚན་ཉིད་ཀྱི་ཕན་
པའི་ཆེད་དང་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་གྲུབ་པའི་མཚན་ཉིད་ཀྱི་བདེ་བའི་ཆེད་དུ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བསྐལ་པར་བཅོམ་ལྡན་འདས་རྣམས་བཞུགས་སུ་གསོལ་ཞེས་བསྙེན་བཀུར་བྱས་ཤིང་ཕྱག་འཚལ་ནས་གསོལ་བ་འདེབས་པར་བྱེད་དོ། །
སེམས་ཀྱི་སྐད་ཅིག་རེ་རེ་ལ་ཕྱོགས་བཅུ་ཁྱབ་པར་འགྲོ་སྟེ་མངོན་པར་རྫོགས་པའི་བྱང་ཆུབ་པར་བཀོད་པ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བཀོད་པ་ཇི་སྲིད་པ་རྣམས་བྱིན་གྱིས་རློབ་པོ། །དུས་གསུམ་གྱི་ལུས་ཚད་མེད་པ་ཉིད་དང་། རང་གི་ལུས་ལ་བཅོམ་ལྡན་འདས་ཚད་མེད་པ་རྣམས་ཀྱིས་སངས་
རྒྱས་ཀྱི་ཞིང་གི་བཀོད་པ་གྲངས་མེད་པ་རྣམས་དང་། འཇིག་རྟེན་གྱི་ཁམས་འཇིག་པ་དང་ཆགས་པ་ཐམས་ཅད་ཀྱང་ངོ་། །རླུང་གི་དཀྱིལ་འཁོར་ཐམས་ཅད་ཀྱང་བ་སྤུའི་ཁུང་བུ་གཅིག་ནས་འབྱིན་ཏེ་སེམས་ཅན་རྣམས་ལ་གནོད་པ་ཡང་མེད་དོ། །འཇིག་རྟེན་གྱི་ཁམས་ཀྱི་མཐར་ཐུག་པའི་ཆུའི་ཕུང་པོ་
གཅིག་ཏུ་བྱིན་གྱིས་རློབ་པ་དང་། དེར་ཡང་པདྨ་ཆེན་པོ་དང་པདྨ་དེའི་འོད་ཀྱི་བཀོད་པས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་ཁྱབ་པར་བྱེད་དོ། །དེར་ཡང་བྱང་ཆུབ་ཀྱི་ཤིང་ཆེན་པོ་སྟོན་པར་བྱེད་པ་ནས་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་ངོ་། །རང་གི་ལུས་

ལ་ཡང་ཕྱོགས་བཅུ་རྣམས་ཀྱི་ནོར་བུ་དང་གློག་དང་ཟླ་བའི་འོད་ནས་ཇི་སྲིད་འོད་དང་སྣང་བའི་བཀོད་པ་ཐམས་ཅད་ཀྱི་བར་དུ་བྱིན་གྱིས་རློབ་པོ། །ཁའི་དབུགས་ཀྱིས་ཕྱོགས་རེ་རེ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་གཡོ་བར་བྱེད་དེ། སེམས་ཅན་རྣམས་སྐྲག་པར་ཡང་མི་བྱེད་དོ། །ཕྱོགས་བཅུའི་རླུང་
གིས་འཇིག་པ་དང་ཆུས་འཇིག་པ་དང་མེས་འཇིག་པར་ཡང་བྱིན་གྱིས་རློབ་པོ། །རང་གི་ལུས་ཀྱང་དེ་བཞིན་གཤེགས་པའི་སྐུར་དང་། དེ་བཞིན་གཤེགས་པའི་སྐུ་ལ་རང་གི་སངས་རྒྱས་ཀྱི་ཞིང་དང་། རང་སངས་རྒྱས་ཀྱི་ཞིང་ལ་ཡང་དེ་བཞིན་གཤེགས་པའི་སྐུའོ་ཞེས་པ་འདི་ལྟ་བུ་ལ་སོགས་པ་མཐའ་
ཡས་པ་ཚད་མེད་པ་གྲངས་མེད་པའི་ཏིང་ངེ་འཛིན་དང་རྫུ་འཕྲུལ་དང་མངོན་པར་ཤེས་པའི་རྣམ་པར་རོལ་པ་རྣམས་སྟོན་པར་བྱེད་དོ། །འདིའི་ཡང་ཡེ་ཤེས་ཀྱི་སྣང་བ་ནི་སེམས་ཅན་རྣམས་ཇི་སྲིད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་ལ་གཞུག་པའི་ཆེད་དུ་གནས་པ་ནི། ས་དགུ་པ་ཇི་སྲིད་པ་ལ་གནས་
པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ལས་གཞན་པའི་ཡེ་ཤེས་ཀྱི་སྣང་བ་རྣམས་ཀྱིས་མི་འཕྲོགས་སོ། །གང་གི་ཕྱིར་འདིའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བས་སོ། །དེ་ཡང་ཕལ་ཆེར་གནས་གཙང་མའི་ལྷའི་རྒྱལ་པོར་འགྱུར་ཏེ། སེམས་ཅན་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ལ་བྱང་བ་དང་
གཙོ་བོ་ཡིན་ཞིང་འདོད་ན་རྣམ་པ་དེ་ལྟ་བུའི་བརྩོན་འགྲུས་རྩོམ་སྟེ། གང་ལས་སྐད་ཅིག་གཅིག་གིས་ཕྱོགས་བཅུའི་གྲངས་མེད་པ་ལས་འདས་པའི་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་ཏིང་ངེ་འཛིན་རྣམས་འཐོབ་པོ། །དེ་སྙེད་ཀྱི་སངས་རྒྱས་རྣམས་མཐོང་ངོ་། །དེ་རྣམས་ཀྱི་བྱིན་རླབས་ཀྱང་ཤེས་སོ། །དེ་སྙེད་
ཀྱི་འཇིག་རྟེན་གྱི་ཁམས་གཡོ་ཞིང་སྣང་བར་བྱེད་དོ། །དེ་སྙེད་ཀྱི་ལུས་སྟོན་ཞིང་། ཞིང་རྣམས་སུ་འགྲོའོ། །དེ་སྙེད་ཀྱི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་སྙེད་ཀྱི་བསྐལ་པར་གནས་ཤིང་སྔོན་གྱི་མཐའ་དང་ཕྱི་མའི་མཐར་འཇུག་གོ། །དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་རྣམ་པར་འབྱེད་
དོ། །དེ་སྙེད་ཀྱི་ལུས་སྟོན་ཞིང་། ལུས་དང་ལུས་ལ་ཡང་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔའི་འཁོར་རོ། །ལུས་ཀྱི་བ་སྤུའི་བུ་ག་རེ་རེར་ཡང་གྲངས་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རེ་རེ་ལ་འཁོར་བྱང་ཆུབ་སེམས་དཔའ་ཚད་མེད་པ་ཅན་རྣམས་སྐད་ཅིག་སྐད་ཅིག་ལ་རྣམ་པ་གཞན་

དང་གཞན་ཡང་སྟོན་པར་བྱེད་དེ། རྣམ་པར་རྟོག་པ་ལ་དཔྱོད་པ་མེད་པ་ཁོ་ནར་རོ། །དེ་ལས་གཞན་ལྷ་དང་མི་ལ་སོགས་པ་འགྲོ