Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 109

Văn bản gốc(Tây Tạng)

Trang 16 / 21 (50.000 ký tự/trang)
སོ་ཞེས་སོ། །དེ་ལྟར་འདི་ནི་ལས་དང་པོ་པའི་ངོ་བོའི་སེམས་བསྐྱེད་
པ་གསུམ་ལ་ཚོགས་ཀྱི་སར། བསམ་གཏན་མངོན་ཤེས་བསྒྲུབས་པ་ལས། །སངས་རྒྱས་དཔག་ཏུ་མེད་རྣམས་ལ། །མཆོད་པའི་དོན་དང་མཉན་ཆེད་དུའང་། །དེ་ནི་འཇིག་རྟེན་ཁམས་སུ་འགྲོ། །འདི་ཡིས་སངས་རྒྱས་དཔག་མེད་རྣམས། །བསྐལ་པ་གྲངས་མེད་བསྙེན་བཀུར་ནས། །

དེ་ལ་བསྙེན་བཀུར་བྱས་པ་ལས། །སེམས་ནི་ལས་རུང་མཆོག་ཏུ་གྱུར། །ཆོས་དང་གང་ཟག་གི་བདག་མེད་པ་ཉིད་ཀྱི་གདམས་པ་དང་། རྗེས་སུ་བསྟན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་བརྩམས་པ་ཉིད་ལས་སུ་རུང་བར་གྱུར་པ་ན་ཆོས་ཀྱི་རྒྱུན་ཞེས་
བྱ་བའི་ཏིང་ངེ་འཛིན་ཐོབ་སྟེ། གང་ཐོབ་པ་ལས་སྟན་གཅིག་ལ་གནས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཆོས་བསྟན་པ་ཉན་པ་དང་གཞུང་དང་དོན་དག་འཛིན་པའོ། །ཏིང་ངེ་འཛིན་དེ་ཐོབ་ན་ནི་ཏིང་ངེ་འཛིན་དང་ཤེས་རབ་དག་མངོན་པར་འཕེལ་བའི་དོན་དུ་སངས་
རྒྱས་རྣམས་ལས་གདམས་པ་ཐོབ་པོ། །དེ་ཡང་ཕྱོགས་སོ་སོར་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ལྟ། དེ་རྣམས་ཆོས་བསྟན་པ་ཡང་ཉན། དགེ་འདུན་ལ་ཡང་བསྙེན་བཀུར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡང་ལྟ། དེ་ཐམས་ཅད་ལ་ཡང་
བདག་དང་གཞན་དུ་འདུ་ཤེས་པ་མེད། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡང་སྤྱོད་དོ་ནས། ཇི་སྲིད་སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལས་ཀྱང་ཐམས་ཅད་ལ་རློམ་སེམས་མེད་དོ་ཞེས་པ་སྤྱོད་པ་རྣམས་ཀུན་ནས་དང་ཡང་དག་པར་ཡོངས་སུ་འཛིན་པའི་ཕྱིར།
ལམ་ཇི་ལྟར་རིགས་པ་ཚོགས་ཀྱི་སར་དང་། གོང་མ་གོང་མའི་སེམས་ཀྱི་གནས་སྐབས་སུ་ཡང་རིམ་གྱིས་བསྐྱེད་པའི་མཆོག་དང་རབ་མཆོག་ལ་སོགས་པའི་བྱེ་བྲག་གིས་སྤྱན་ལྔ་རྣམས་སོ་སོར་འཐོབ་ལ། མངོན་པར་ཤེས་པ་དྲུག་རྣམས་ཀྱང་སྟེ། དེ་རྣམས་ལ་ཡང་རློམ་སེམས་སུ་མི་བྱེད་ལ།
གང་དེ་རྣམས་ཀྱིས་ཤེས་པ་དེ་ཐམས་ཅད་ཀྱང་མི་དམིགས་སོ། །དེ་ལ་ཤའི་མིག་ནི་གང་གཟུགས་རྣམས་མཐོང་བ་སྟེ། དེ་བཅོམ་ལྡན་འདས་མར་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ་ཞེས་པ་ནས་བརྩམས་ནས། ཇི་སྲིད་དུ་གང་སྟོང་གསུམ་གྱི་
སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ་ཞེས་པའི་བར་དུའོ། །རྣམ་པར་སྨིན་པ་པ་ཉིད་ཀྱིས་ན་དེའི་ཡུལ་སོ་སོར་ངེས་པ་ཉིད་ཀྱི་ཕྱིར་རོ། །ཤའི་མིག་གི་ཁྱད་པར་བག་ཙམ་ནི་སྲོག་ཆགས་ཕལ་ཆེ་བ་ཙམ་ལ་ཡོད་དོ། །ལྷའི་མིག་ནི་གང་གཟུགས་རྣམས་དང་འཆི་འཕོ་དང་སྐྱེ་བ་དག་ཀྱང་མཐོང་

བའོ། །དེ་གསུངས་པ། ཤཱ་རིའི་བུ་རྒྱལ་ཆེན་བཞིའི་རིས་པ་རྣམས་ནས་འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱི་ལྷའི་མིག་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །གང་ཡང་བྱང་ཆུབ་སེམས་དཔའི་ལྷའི་མིག་དེ་ནི་དེ་ལྷ་དེ་རྣམས་ཀྱིས་རབ་ཏུ་མི་ཤེས་སོ་ཞེས་སོ། །ཕྱོགས་བཅུ་རྣམས་སུ་སེམས་
ཅན་འཆི་འཕོ་བ་དང་སྐྱེ་བ་ཐམས་ཅད་འདིའི་ཡུལ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཤེས་རབ་ཀྱི་སྤྱན་ནི་ཆོས་ཐམས་ཅད་མི་དམིགས་པ་རྣམ་པར་མི་རྟོག་པ་སྟེ། གང་ཟག་གི་བདག་མེད་པ་མཐོང་བ་ཙམ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་རྣམས་ལ་ཡང་ཡོད་དོ། །ཆོས་ཀྱི་སྤྱན་ནི་གང་
འཕགས་པའི་རྟོགས་པའི་སྤྱོད་ཡུལ་ཅན་ཏེ། དེ་གསུངས་པ། འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་གྱིས་འདི་ལྟར་ཤེས་ཏེ། འདི་ནི་དད་པའི་རྗེས་སུ་འབྲང་བའོ། །འདི་ནི་ཆོས་ཀྱི་རྗེས་སུ་འབྲང་བའོ་ནས་ཇི་སྲིད་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་
པར་འཚང་རྒྱ་བར་འགྱུར་བའི་བར་དུའོ་ཞེས་པའོ། །འདི་བག་ཙམ་ནི་དགྲ་བཅོམ་པ་ལ་ཡང་ཡོད་དོ། །གནས་དང་གནས་མ་ཡིན་པ་མཁྱེན་པ་སྤངས་པའི་མཁྱེན་པ་དགུ་རྣམས་ཆོས་ཀྱི་སྤྱན་ནོ་ཞེས་དབྱིག་གཉེན་ནོ། །སངས་རྒྱས་ཀྱི་སྤྱན་ནི་གང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་
རྫོགས་པར་རྟོགས་པའོ། །འདི་ཁོ་ན་སྟོབས་བཅུའི་ངོ་བོ་ཞེས་ཁ་ཅིག་གོ། །མངོན་པར་ཤེས་པ་རྣམས་ནི་རྫུ་འཕྲུལ་གྱི་བྱ་བ་དང་ལྷའི་རྣ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ལྷའི་མིག་དང་ཟག་པ་ཟད་པ་ཤེས་པ་ཞེས་པ་དྲུག་
རྣམས་སོ། །ལྷའི་མིག་གི་རྣམ་པར་ཤེས་པས་འཆི་འཕོ་བ་དང་སྐྱེ་བ་དག་ཤེས་སོ། །འདི་ནི་བསྒོམ་པ་མངོན་པར་འདུ་བྱེད་པ་ལས་སྐྱེས་པ་སྟེ། སྔ་མ་ལྷའི་སྤྱན་ནི་རྣམ་པར་སྨིན་པ་པའོ། །ཅི་ལྟར་སངས་རྒྱས་ཀྱི་སྤྱན་དང་མངོན་པར་ཤེས་པ་དྲུག་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིར་བརྗོད་ཅེ་ན།
ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་དེ་དག་གཉིས་ཀ་སོ་སོར་འཐོབ་པ་སྟེ། སངས་རྒྱས་ཀྱི་ས་ལ་ནི་དེ་དག་ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པ་མཐར་ཐུག་པར་འགྱུར་རོ། །དེ་ལྟར་སྦྱིན་པ་ལ་སོགས་པ་ཚོགས་ཀྱི་གོ་ཆ་དང་ལྡན་པ་འདི་སེམས་བསྐྱེད་པ་འཇུག་པའི་སྒྲུབ་པ་མངོན་པར་སྒྲུབ་པར་བྱེད་

དོ། །དེ་ཡང་སྦྱོར་བ་དང་ལྡན་པ་མེ་ལྟ་བུ་སྟེ། དེས་ཁྱད་པར་རྟོགས་པ་ནི་རབ་ཏུ་གྱུར་པར་འགྲོ་བའི་ཕྱིར་ཏེ། བུད་ཤིང་གི་ཁྱད་པར་གྱིས་མེ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ལྷག་པའི་བསམ་པ་ཡང་འདི་ལྟ་སྟེ། འདི་ཆོས་རབ་ཏུ་གྱུར་པ་འདོད་པ་ཉིད་ཀྱིས་སོ། །དཀོན་མཆོག་བརྩེགས་པར་གསུངས་པ།
དོན་གྱིས་ན་མེ་དང་མཚུངས་པར་འགྱུར་གྱི། ཡང་ཇི་ལྟར་མེ་ནི་རྣམ་པར་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་འཇིག་པར་བྱེད་པར་འགྱུར་བ་དེ་ལྟ་བུ་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །འོན་ཀྱང་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ཀྱི་རྣམ་པར་གྲོལ་བ་ཡང་དག་པར་རེག་པ་མངོན་པར་སྒྲུབ་ཅིང་རྣམ་པར་གནས་པའི་
ཆེད་དུ་ཡང་དག་པའི་གདམས་ངག་ཉེ་བར་སྡུད་པ་ཉིད་ཀྱིས་སོ་ཞེས་སོ། །འཕགས་པ་དཀོན་མཆོག་སྤྲིན་གྱི་མདོར་ཡང་། མོས་པས་སྤྱོད་པའི་ས་འདི་ཁོ་ན་ལ་གནས་པའི་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོ་ཡིན་ཀྱང་བྱིས་པའི་རྒུད་པ་ཐམས་ཅད་ལས་ཡང་དག་པར་འདས་པ་སྟེ། ཏིང་ངེ་འཛིན་དང་
གཟུངས་དང་རྣམ་པར་ཐར་པ་དང་མངོན་པར་ཤེས་པའི་ཡོན་ཏན་གྲངས་མེད་པ་དང་ལྡན་པར་གསུངས་སོ། །དེ་ནི་བསམ་གཏན་དང་གཟུགས་མེད་པ་ལ་སོགས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་དང་། ཚད་མེད་པ་རྣམས་དང་། སྟོང་པ་ཉིད་ཉི་ཤུའི་ཆོས་
ཐམས་ཅད་ཀྱང་དམིགས་སུ་མེད་པར་སྦྱོར་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སྦྱིན་པར་བྱ་བ་དང་སྟེར་བ་པོ་དང་ལེན་པ་པོ་རྣམས་ནས་ཇི་སྲིད་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་དང་། བྱང་ཆུབ་སེམས་དཔའ་དང་ཡིད་ལ་བྱེད་པ་རྣམས་ཀྱང་མི་དམིགས་པའི་ངོ་བོ་འཁོར་
གསུམ་ཡོངས་སུ་དག་པ་ལ་གོམས་པར་བྱེད་དོ། །སྒོམ་པ་པོ་དང་། བསྒོམ་པར་བྱ་བ་དང་། སྒོམ་པ་རྣམས་དམིགས་པ་མེད་པའི་ཆེད་དུ་བྱ་བས་དགེ་བའི་ཆོས་ཐམས་ཅད་སྒོམ་པར་བྱེད་དོ། །མངོན་པར་ཤེས་པ་ལྔ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་འགྲོའོ། །དེར་ཡང་སངས་རྒྱས་བཅོམ་
ལྡན་འདས་རྣམས་ལ་མཆོད་པར་བྱེད་དོ། །དེ་རྣམས་ལས་ཐེག་པ་ཆེན་པོ་ཉན་ཏོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་ཞེས་སྤྲོ་བར་བྱེད་དོ། །

ཕྱོགས་བཅུའི་སངས་རྒྱས་གྲངས་མེད་པ་རྣམས་བལྟའོ། །དེ་རྣམས་ཀྱིས་ཀྱང་འདི་ཡོངས་སུ་སྒྲོགས་སོ། །དེ་ལྟར་དགུ་པོ་འདི་རྣམས་ལ་ཤིན་ཏུ་ལེགས་པར་སོ་སོར་འཇུག་གོ། །དེ་བཞིན་དུ་ཡང་བསྟན་བཅོས་ནི། །བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། །ལམ་དང་བྱམས་ལ་སོགས་
པ་དང་། །དམིགས་མེད་སྦྱོར་བར་སོན་པ་དང་། །འཁོར་གསུམ་རྣམ་པར་དག་པ་དང་། །ཆེད་དུ་བྱ་དང་མངོན་ཤེས་དྲུག །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །ངེས་པར་འཛེག་པར་ཤེས་པར་བྱ། །ཞེས་སོ། །འདིར་སེམས་ཅན་ཀུན་གྱི་མཆོག་ཉིད་ཀྱི་སེམས་ཆེན་པོ་
ཉིད་ལ་སོགས་པའི་ཆེད་དུ་བྱ་བ་རྣམ་པ་གསུམ་པོ་ཆེད་དུ་བྱ་བའི་འཇུག་པར་སྨྲས་པས། སེང་གེ་བཟང་པོས་སྟོང་ཕྲག་ཉི་ཤུ་ལྔ་པའི་གཞུང་འཕགས་པས་དྲངས་པ་མ་མཐོང་ངོ་ཞེས་མཚོན་ནོ། །དེ་ལྟར་འཇུག་བཞིན་པ་འདི། ལུས་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་དང་བྲལ་བ་དང་། བཟོད་
པ་ཐོབ་པ་སྟེ། ལས་ཀྱི་དབང་གིས་ངན་སོང་དུ་མི་འགྲོ་སྟེ། ངན་འགྲོའི་རྒྱུ་འདོད་ཆགས་ལ་སོགས་པ་སྐྱེ་བ་མེད་པའི་ཕྱིར་རོ། །གང་བཟོད་པ་འབྲིང་ལ་གསུངས་པ། དེ་ནམ་ཡང་མངལ་དུ་མི་སྐྱེ་སྟེ། རྟག་ཏུ་རྒྱུན་མ་ཆད་པར་རྫུས་ཏེ་སྐྱེའོ་ཞེས་པ་ལ་སོགས་པའོ། །སྙིང་རྗེ་ནི་གཞན་དོན་དུ་ངན་འགྲོར་འགྲོ་
བ་ཁོ་ནའོ། །དེ་བཞིན་དུ་འདི་མི་ཁོམ་བརྒྱད་རྣམས་སུ་མི་སྐྱེའོ། །བུད་མེད་ཀྱི་དངོས་པོ་ཡོངས་སུ་མི་འཛིན་ནོ་ཞེས་པ་ལ་སོགས་པའོ། །ལོག་པར་ལྟ་བ་དང་། དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བ་དང་། སངས་རྒྱས་ཀྱི་གསུང་མི་ཐོས་པ་དང་། ཡུལ་མཐའ་འཁོབ་
ཏུ་སྐྱེ་བ་དང་། དབང་པོ་རྣམས་གླེན་ཞིང་ལྐུགས་པ་ཉིད་དང་། ལྷ་ཚེ་རིང་པོར་སྐྱེ་བའོ་ཞེས་པ་མི་ཁོམ་པ་བརྒྱད་རྣམས་སོ། །འདིར་ཚེ་རིང་པོ་ནི་གཟུགས་མེད་པ་རྣམས་དང་འདུ་ཤེས་མེད་པའོ། །བུད་མེད་ཉིད་བཀག་པ་ནི་གཞན་གྱི་དབང་ཉིད་ཀྱིས་སངས་རྒྱས་ཉིད་དང་རྗེས་སུ་མཐུན་པ་རྟོགས་པ་ལ་རབ་ཏུ་སྦྱོར་བའི་
དབང་ཉིད་ཀྱི་སྐབས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྐྱེས་པའི་དངོས་པོ་ཁོ་ན་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །ཏིང་ངེ་འཛིན་རྣམས་ཀྱང་རྟག་པར་རབ་ཏུ་ངུ་བ་བཞིན་དུ་སོ་སོར་ཐོབ་པའོ། །ཇི་སྐད་དུ་ཆོས་མཆོག་ཆུང་ངུར་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་

པ་ལ་སོགས་པ་ནས། དཔའ་བར་འགྲོ་བ་དང་ནམ་མཁའ་མཛོད་དང་རིན་ཆེན་ཕྱག་རྒྱ་དང་། སེང་གེ་རྣམ་པར་རྩེན་པ་ལ་སོགས་པའི་བར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པའི་རྒྱུའི་ཏིང་ངེ་འཛིན་རྣམས་ལ་དམིགས་སོ་ཞེས་གསུངས་སོ། །ཆོས་མཆོག་ཆེན་པོ་ནས་བཟུང་
ནས་ཚོགས་རྣམས་སྒྲུབ་པར་བྱེད་དོ། །དེ་ལྟར་ནི་སྙིང་རྗེས་ཕྱོགས་བཅུ་རྣམས་སུ་སོ་སོར་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ན་གནས་པ་ནས། དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་ལ་སོགས་པའི་སེམས་ཅན་རྣམས་རང་གི་ལུས་ཀྱི་འོད་ཀྱིས་སྣང་བར་བྱས་ནས་སྡུག་བསྔལ་
ཐམས་ཅད་ཞི་བར་བྱས་ཏེ། སངས་རྒྱས་དང་བཅས་པའི་ལྷ་དང་མི་རྣམས་སུ་སྐྱེར་འཇུག་སྟེ། སངས་རྒྱས་ལ་སོགས་པ་ལ་ཕྱག་འཚལ་བ་ཐོས་པས་དེ་ཡིད་ལ་བྱེད་པ་ལས་དེ་རྣམས་ངན་འགྲོ་རྣམས་ལས་འཐོན་ཏེ། རྫོགས་པའི་བྱང་ཆུབ་ཀྱི་བར་དུ་སངས་རྒྱས་མཉེས་པར་བྱེད་པ་དང་རྗེས་སུ་མཐུན་
པའི་སྐྱེ་བ་ཡོངས་སུ་འཛིན་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམས་རྒྱུན་དུ་གོང་ནས་གོང་དུ་འཕེལ་བར་བྱེད་དུ་འཇུག་གོ། །གཟུངས་རྣམས་ཀྱང་སོ་སོར་འཐོབ་པོ། །དེ་ཡང་དྲན་པ་དང་ཤེས་རབ་ཀྱི་རང་བཞིན་བཞི་རྣམས་ཏེ། བཟོད་པའི་གཟུངས་དང་། ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་དང་།
སྔགས་ཀྱི་གཟུངས་སོ། །དེ་ལ་ཨ་ར་པ་ཙ་ན་ལ་སོགས་པའི་ཡི་གེ་རྣམས་ལ། དེའི་དོན་དེ་བཞིན་དུ་སྒྲོ་བཏགས་ནས་སྒོམ་པར་བྱེད་པ་རྣམས་ཀྱི་བསྒོམ་པ་ཡོངས་སུ་རྫོགས་པ་ནི་ཡི་གེ་དེའི་དོན་དམ་པ་ལ་བཟོད་པ་སྐྱེ་བ་དེ་བཟོད་པའི་གཟུངས་ཏེ། ཤེས་རབ་ཀྱི་བཟོད་པ་འཛིན་པའི་ཕྱིར་རོ། །དེ་ནས་ཕྱོགས་
བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྟན་པའི་ཕུང་པོ་འཛིན་པའི་རྒྱུ་ནི་ཆོས་ཀྱི་གཟུངས་ཏེ། དཔག་ཏུ་མེད་པའི་ཆོས་རྣམས་ཐོས་པ་ཙམ་གྱིས། མཐའ་མེད་པའི་དུས་སུ་འཛིན་པའི་ཕྱིར་རོ། །དེ་ནས་དེ་བཞིན་དུ་དེའི་དོན་འཛིན་པའི་རྒྱུ་ནི་དོན་གྱི་གཟུངས་སོ། །དེ་ནས་སེམས་ཅན་
རྗེས་སུ་འཛིན་པར་བྱེད་པའི་སྔགས་སྒྱུ་མ་ལྟ་བུ་རྣམས་འཆད་པ་ལ་དབང་བ་ནི་སྔགས་ཀྱི་གཟུངས་སོ། །དེ་ལ་བཅོམ་ལྡན་འདས་མ་ཆེན་མོ་དག་ཏུ་གསུངས་པ། ཨ་ཡིག་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ་ཞེས་ཏེ། ཨ་ཡིག་ནི་ཆོས་ཐམས་ཅད་ཀྱི་ཇི་ལྟ་བུའི་ཡང་དག་

པ་སོ་སོར་རྟོགས་པའི་སྒོ་སྟེ་ཐབས་སོ། །ཅིའི་ཕྱིར་ཞེ་ན། གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་གདོད་མ་དྲི་མ་དང་བཅས་པའི་གནས་སྐབས་ཁོ་ན་ན་སྐྱེས་པ་མེད་པ་དེའི་ཕྱིར་འདིས་སྐྱེ་བ་མེད་པའི་དོན་དུ་ཨ་ཡིག་ལ་སྒྲོ་བཏགས་ནས་སྒོམ་པ་གོམས་པའི་སྟོབས་ལས་ཨ་
ཡིག་ཙམ་ལེགས་པར་བསྒོམས་པ་ན་ཆོས་ཐམས་ཅད་ལ་སྐྱེ་བ་མེད་པའི་བཟོད་པ་ཐོབ་པོ་ཞེས་པས་མ་སྐྱེས་པ་ཉིད་ནི་ཨ་ཡིག་གི་དོན་ཏོ། །དེ་བཞིན་དུ་ར་ཡིག་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་རྡུལ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །ཇི་ལྟར་ནམ་མཁའ་རྡུལ་གྱིས་མི་གོས་པ་དེ་བཞིན་དུ་དེ་བཞིན་ཉིད་ཀྱང་ཉོན་
མོངས་པའི་རྡུལ་གྱིས་མི་གོས་སོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་པ་ཡིག་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། དོན་དམ་པ་ངེས་པར་ཞུགས་པ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །དོན་དམ་པ་ནི་ངེས་པར་ཞུགས་པའམ། ཆོས་ཐམས་ཅད་ལ་དེ་ཡང་དེ་བཞིན་ནོ་ཞེས་པ་ནི་པ་ཡིག་གི་དོན་ཏོ། །དེ་བཞིན་དུ་ཙ་ཡིག་ནི་
ཆོས་ཐམས་ཅད་ཀྱི་སྒོ་སྟེ། འཆི་འཕོ་དང་སྐྱེ་བ་མི་དམིགས་པའི་ཕྱིར་རོ་ཞེས་སོ། །དེ་བཞིན་ཉིད་ལ་འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པ་དག་མེད་པ་ཙ་ཡིག་གི་དོན་ཏོ། །དེ་བཞིན་དུ་ན་ཡིག་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། མིང་དང་བྲལ་བ་ཉིད་ཀྱི་ཕྱིར་རོ་ཞེས་ཏེ། དེ་བཞིན་ཉིད་ལ་མིང་དུ་གདགས་པ་མི་ལྡན་པ་ནི་ན་ཡིག་
གི་དོན་ཏོ། །དེ་ལྟར་ལ་ཡིག་ལ་སོགས་པ་རྣམས་ཀྱི་དོན་བཅོམ་ལྡན་འདས་མ་དག་ཏུ་རྒྱ་ཆེར་ཤེས་པར་བྱའོ། །ཕྱི་མོའི་ཡི་གེ་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་གཟུངས་ཀྱི་སྒོ་རྣམས་སོ། །རྣམ་གྲངས་གཞན་ནི་གང་བཟོད་པ་སྐྱེ་བའི་ཆེད་དུ་གསུངས་པའི་སྔགས་ཀྱི་ཚིག །ཏད་ཡ་ཐཱ། ཨི་ཊི་མི་ཊི་ཀི་ཊི་ནི་ཀྵན་ཏི་པ་དཱ་ནི་སྭཱཧཱ།
ཞེས་པ་ལ་སོགས་པ་དེ་རྣམས་དོན་དམ་པར་རང་བཞིན་མེད་པར་སྒོམ་པར་བྱེད་ཅིང་དེའི་རྗེས་སུ་འབྲང་བས་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་ལྟ་བ་ལས་དོན་དམ་པའི་ཆོས་རྣམས་ལ་བཟོད་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་སྐྱེ་བ་དང་རྗེས་སུ་མཐུན་པའི་བཟོད་པ་སྐྱེའོ་ཞེས་པའོ། །དེ་ལ་མོས་པས་
སྤྱོད་པའི་སར་བཟོད་པའི་གཟུངས་འཐོབ་ལ། གཞན་གསུམ་རྣམས་ནི་ས་རབ་ཏུ་དགའ་བ་ནས་བཟུང་ནས་སོ། །འདིར་ནི་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལ་དབང་བ་ཉིད་ཀྱིས་སྔགས་ཀྱི་ཡི་གེ་རྣམས་བྱིན་གྱིས་རློབ་སྟེ། སྔགས་ཀྱི་ཡི་གེ་འདི་རྣམས་ཆོ་ག་འདི་ལྟ་བུ་སེམས་ཅན་ཐམས་ཅད་ཀྱི་ཡམས་དང་

ཉེ་བར་འཚེ་བ་དང་ནད་འགོ་བ་དང་། འཁྲུག་པ་ཐམས་ཅད་ཞི་བའི་ཆེད་དུ་དང་། སྡིག་པ་ཐམས་ཅད་དང་ངན་འགྲོ་ཐམས་ཅད་ཟད་པའི་ཆེད་དུ་གྲུབ་པར་གྱུར་ཅིག་ཅེས་དེ་ལྟར་བྱིན་གྱིས་བརླབས་པ་དེ་རྣམས་ཆོ་གའི་ཁྱད་པར་དེས་འགྲུབ་པ་ཁོ་ནའོ། །དེ་བྱིན་གྱིས་རློབ་པའི་ཡེ་ཤེས་ནི་སྔགས་
ཀྱི་གཟུངས་སོ། །གཟུངས་དེའི་དམིགས་པའི་དངོས་པོ་ཉིད་ཀྱིས་ན་ཡི་གེ་དེ་རྣམས་ཀྱང་གཟུངས་ཀྱི་སྒྲས་བརྗོད་དོ། །གཞན་ཡང་མ་ན་ཤེས་པ་ལའོ། །ཏྲཻ་ཉ་སྐྱོང་བ་ལའོ་ཞེས་པ་ཡེ་ཤེས་དང་སྙིང་རྗེ་ནི་སྔགས་ཀྱི་སྒྲས་བརྗོད་པར་བྱ་ལ། དེ་དག་གིས་རྒྱུ་མཐུན་པ་ཉིད་ཀྱི་ཕྱིར་ཡི་གེ་དེ་རྣམས་ཀྱང་སྔགས་སུ་བརྗོད་
དོ། །མ་རིག་པ་སྤོང་བར་བྱེད་པ་ཉིད་ཀྱི་ཕྱིར་དང་རིག་པ་སྐྱེད་པར་བྱེད་པའི་ཕྱིར་དེ་རྣམས་རིག་སྔགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བརྟེན་པའི་གནས་ཉིད་ཀྱི་ཕྱིར་ཚིག་རྣམས་ཏེ། དེས་ན་གཟུངས་ཀྱི་གསང་སྔགས་ཀྱི་གནས་རྣམས་དང་རིག་སྔགས་ཀྱི་ཚིག་རྣམས་སོ་ཞེས་པ་ཡང་མིང་ངོ་། །དེ་ལ་
ས་དང་པོ་ལ་ཁྱད་པར་ཅན་གྱི་བྱིན་གྱིས་བརླབས་པ་ཞེས་པའི་གཟུངས་འཐོབ་སྟེ། དེའི་དབང་ལས་མཆོག་ཏུ་གྱུར་པའི་ཆོས་རྣམས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །གཉིས་པ་ལ་སོགས་པའི་ས་དགུ་རྣམས་ལ་རིམ་པ་ཇི་ལྟ་བར་གོང་ནས་གོང་དུ་རབ་མཆོག་ཏུ་གྱུར་པས། དྲི་མ་མེད་པ་དང་། ལེགས་
པར་རབ་ཏུ་གནས་པ་དང་། ཐུབ་པར་དཀའ་བ་དང་། སེམས་ཀྱི་རྒྱན་དང་། ཡེ་ཤེས་དཀྱིལ་འཁོར་གྱི་སྒྲོན་མ་དང་། ཁྱད་པར་དུ་འགྲོ་བ་དང་། རྣམ་པར་མི་རྟོག་པ་དང་། སྒོ་མཐའ་ཡས་པ་དང་། མི་ཟད་པའི་ཟ་མ་ཏོག་གོ། །དེ་བཞིན་དུ་ཡང་སོ་སོ་ལ་གཟུངས་རེ་རེ་སྔོན་དུ་འགྲོ་བའི་གཟུངས་སྟོང་ཕྲག་
གྲངས་མེད་ཅིང་དཔག་ཏུ་མེད་པ་དུ་མ་རྣམས་སོ་སོར་འཐོབ་པོ། །གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་ཀྱིས་དགོངས་པ་ལ་སོགས་པས་ཡོངས་སུ་གཟུང་བས་ན། བར་ཆད་བྱ་བའི་ཆེད་དུ་རབ་ཏུ་འབད་པའི་བདུད་ཀྱི་ནུས་པ་འཇོམས་པ་ལ་སོགས་པའི་ཡོན་ཏན་རྣམས་
རྒྱས་པ་དང་བཅས་པས་མདོ་རྣམས་སུ་བརྩོན་འགྲུས་ཅན་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའ་བཤེས་གཉེན་དམ་པས་ལེགས་པར་ཡོངས་སུ་བཟུང་ནས། དགེ་བའི་རྩ་བ་ལེགས་པར་བསགས་པ། ཚོགས་ལེགས་པར་རྫོགས་པ། སྙིང་རྗེ་ཆེན་པོ་ལ་བརྟེན་པ་འདི། འགྲོ་བ་ཐམས་

ཅད་ཡོངས་སུ་བསྐྱབ་པའི་ཆེད་དང་རྣམ་པ་ཐམས་ཅད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་ཆེད་དུ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བའི་ཆེད་དུ། ཆོས་ཀྱི་དབྱིངས་ཀྱིས་ཀླས་ཤིང་ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ཕྱི་མའི་མཐའི་མུར་ཐུག་པར་སེམས་ལྔ་པ་སྐྱེད་པར་བྱེད་དོ། །སེམས་བསྐྱེད་
པ་དེ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་གཏེར་ཆེན་པོ་ལྟ་བུ་སྟེ། ཟང་ཟིང་གི་ལོངས་སྤྱོད་རྣམས་ཀྱིས་སེམས་ཅན་དཔག་ཏུ་མེད་པ་ཚིམ་པར་བྱེད་པའི་ཕྱིར་དང་མི་ཟད་པ་ཉིད་ཀྱི་ཕྱིར་རོ། །གང་སྐྱེས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་བྱིས་པ་སོ་སོའི་སྐྱེ་བོ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་
འདས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པར་འགྱུར། དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བར་འགྱུར། སྲིད་པ་བར་མ་ལས་ཁུ་བ་ལ་བཞིན་དུ་མཐོང་བའི་ལམ་ལ་ངེས་པ་ཇི་སྲིད་པར་འགྱུར་རོ། །རྫོགས་པའི་བྱང་ཆུབ་ཀྱི་དཔུང་གཉེན་ཅན་ནོ་ཞེས་པ་འདིའི་མཐོང་བའི་ལམ་ས་དང་པོའོ། །
གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ལ་སོགས་པས་ཡོངས་སུ་གཟུང་བའི་ཟག་པ་མེད་པའི་ཡེ་ཤེས་ཁོ་ན་ཆར་རྣམ་པར་ཕྱེ་བ་ནི་སའི་མིང་འཐོབ་སྟེ། ཡོན་ཏན་གྱི་རྟེན་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་གོང་ནས་གོང་དུ་ཡོན་ཏན་གྱི་གྲངས་དང་མཐུ་ཕུལ་དུ་བྱུང་བ་ཐོབ་ཅིང་སྦྱིན་པ་ལ་སོགས་པའི་ཕ་
རོལ་ཏུ་ཕྱིན་པ་ལྷག་པ་དང་། རྣམ་པར་སྨིན་པ་རབ་མཆོག་ཏུ་གྱུར་པའི་བྱེ་བྲག་ལས། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་དང་། ཀུན་དུ་
འོད་ཅེས་པ་རྣམ་པ་བཅུ་གཅིག་ཏུ་རྣམ་པར་གཞག་གི། འདིའི་རང་གི་ངོ་བོ་ཕུལ་དུ་བྱུང་བས་བྱས་པའི་ཐ་དད་པ་བརྗོད་པར་བྱ་བའམ་མཉན་པར་བྱ་བ་མེད་དོ། །ཇི་སྐད་དུ་འཕགས་པ་ས་བཅུ་པར་གསུངས་པ། དེ་ནི་བསམ་དང་སེམས་ཀྱི་ལམ་རྣམས་སྤངས། །ཡེ་ཤེས་མངོན་སྒྲུབ་ཐུབ་པའི་དབང་པོས་མཁྱེན། །ཕུང་
པོ་སྐྱེ་མཆེད་ཁམས་ཀྱིས་ཕྱེ་མ་ཡིན། །སེམས་ཀྱིས་རྟོགས་མིན་ཡིད་ཀྱིས་བསམ་མ་ཡིན། །ཇི་ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས། །སྨྲ་བར་མི་ནུས་མཐོང་བར་ཉེར་འགྲོ་མིན། །དེ་ལྟར་རྒྱལ་བའི་སྲས་ཀྱིས་ས་ཀུན་ཀྱང་། །བརྗོད་མི་ནུས་ན་མཉན་པར་ག་ལ་ནུས། །ཞེས་སོ། །ནམ་མཁའ་ལ་འགྲོ་

བའི་བྱའི་རྐང་རྗེས་ནི་བརྗོད་པར་མི་ནུས་ཤིང་བལྟ་བར་ཡང་མ་ཡིན་ཏེ། ནམ་མཁའི་ཕྱོགས་ནི་དེའི་རྐང་རྗེས་བཞིན་དུ་ཡོངས་སུ་བཅད་བྱའི་རང་བཞིན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་དེ་རྣམ་པར་འགོད་པར་མི་བྱེད་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་བྱའི་རྐང་རྗེས་ལྟ་བུའི་མིང་དང་ཚིག་དང་
ཡི་གེའི་ཚོགས་རྣམས་ཀྱི་གནས་སུ་གྱུར་པ་འཕགས་པ་བྱང་ཆུབ་སེམས་དཔའི་ས་རྣམས་དང་། རང་སངས་རྒྱས་ཀྱི་ས་རྟོགས་པའི་ཡེ་ཤེས་ཀྱིས་བསྡུས་པ་རྣམས་ཀྱང་སྒྲ་ཇི་བཞིན་པའི་རང་བཞིན་མ་ཡིན་པ་ཉིད་ཀྱི་ཕྱིར་བརྗོད་པར་མི་ནུས་ལ་མཉན་པར་ཡང་མ་ཡིན་མོད། །དེ་རྣམས་དེ་ལ་རྣམ་པར་འགོད་
པ་དབྱེ་བ་ཀུན་རྫོབ་ཏུ་མི་བྱ་བ་ཡང་མ་ཡིན་ནོ། །དེ་ལ་མངལ་གྱི་གནས་སྐབས་དང་འདྲ་བར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་བཅུའི་གནས་སྐབས་རིག་པར་བྱ་སྟེ། ས་འདི་རྣམས་སྒྲིབ་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །བཙས་པའི་གནས་སྐབས་དང་འདྲ་བས་སངས་རྒྱས་ཀྱི་གནས་སྐབས་ཏེ།
འབྲས་བུ་ཡོངས་སུ་རྫོགས་པ་ཉེ་བར་བཟུང་ནས་ཤེས་བྱ་ཐམས་ཅད་ཀྱི་སྤྱོད་ཡུལ་སོ་སོར་ཉམས་སུ་མྱོང་བའི་ཕྱིར་རོ། །བཅས་པ་ནི་ལུས་ཀྱི་དབང་པོ་ཐམས་ཅད་ཀྱི་སྤྱོད་ཡུལ་སོ་སོར་ཉམས་སུ་མྱོང་བ་བཞིན་ནོ། །དེ་ལ་མངལ་གྱི་གནས་སྐབས་བཅུ་ནི། ཁུ་བའི་ལུས་ཀྱི་གནས་སྐབས་དང་། ནུར་
ནུར་པོའི་ལུས་ཀྱི་གནས་སྐབས་དང་། ལྟར་ལྟར་པོའི་ལུས་ཀྱི་གནས་སྐབས་དང་། མཁྲང་བའི་གནས་སྐབས་དང་། ལུས་དང་རྗེས་སུ་མཐུན་པའི་ལུས་ཀྱི་གནས་སྐབས་དང་། རང་བཞིན་དང་རྗེས་སུ་མཐུན་པའི་ལུས་ཀྱི་གནས་སྐབས་དང་། ལས་དང་བཅས་པའི་ལུས་ཀྱི་གནས་སྐབས་དང་། ཡོངས་
སུ་རྫོགས་པའི་ལུས་ཀྱི་གནས་སྐབས་ཀྱང་རྣམ་པ་གསུམ་སྟེ། དབང་པོ་ཡོངས་སུ་རྫོགས་པ་དང་། མཚན་ཡོངས་སུ་རྫོགས་པ་དང་། ཆུ་ཞེང་ཡོངས་སུ་རྫོགས་པའོ། །དེ་རྣམས་དང་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་ཆོས་མཐུན་པར་ཉེ་བར་མཚོན་པར་བྱའོ། །གང་གི་ཕྱིར་འདིར་དང་པོར་རང་གཞན་
གྱི་དོན་སྒྲུབ་པར་བྱེད་པའི་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པ་ལས་བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བ་དེའི་ཕྱིར་འདི་རབ་ཏུ་དགའ་བ་སྟེ་དང་པོའོ། །གཞན་ཡང་རབ་ཏུ་དགའ་བ་ཉིད་ཅེས་བྱ་བ་ནི་སེམས་ཚིམ་པ་དང་། ཡིད་བདེ་བ་ཉིད་དང་། རངས་པ་ཡིད་ལ་བྱེད་པའོ། །དེ་ཡང་རྣམ་པ་དགུ་སྟེ། དང་བས་

རབ་ཏུ་དགའ་བ་ཉིད་ནི་དཀོན་མཆོག་རྣམས་ལའོ། །དགའ་བས་རབ་ཏུ་དགའ་བ་ནི་དམིགས་པ་ལ་དགའ་ཞིང་ཚིམ་པ་ཉིད་ཀྱིས་སོ། །གོང་དུ་སོན་པས་མཆོག་ཏུ་དགའ་བ་ནི་བདག་ཉིད་རྟོགས་པའི་ཁྱད་པར་མཐོང་བར་བྱེད་པ་ཉིད་ཀྱིས་སོ། །མགུ་བས་མཆོག་ཏུ་དགའ་བ་ནི་རང་གི་ལུས་དང་སེམས་རྗེས་སུ་འཛིན་པ་རྒྱས་
པ་ཉིད་ཀྱིས་སོ། །རླབས་ཀྱིས་མཆོག་ཏུ་དགའ་བ་ནི་རང་གི་ལུས་དང་སེམས་རྗེས་སུ་འཛིན་པས་ཁྱབ་པ་ཉིད་ཀྱིས་སོ། །སྤྲོ་བས་མཆོག་ཏུ་དགའ་བ་ནི་བྱང་ཆུབ་ཉེ་བར་མཐོང་བ་ལས་སོ། །མི་འཁྲུགས་པས་མཆོག་ཏུ་དགའ་བ་ནི་རང་གི་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་འབྲེལ་པའི་གཏམ་གཏན་ལ་འབེབས་པའི་
དུས་སུ་འཁྲུག་པ་མེད་པ་ཉིད་ཀྱིས་སོ། །རྣམ་པར་འཚེ་བ་མེད་པས་མཆོག་ཏུ་དགའ་བ་ནི་གཞན་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་སེམས་ཅན་སྡུད་པའི་དུས་སུ་སྙིང་རྗེ་དང་དེས་པ་ཉིད་དག་གིས་སོ། །ཁྲོ་བ་མེད་པས་མཆོག་ཏུ་དགའ་བ་ནི་དེ་ལས་ལོག་པར་ཞུགས་པའི་དུས་སུ་བཟོད་པས་སོ། །རབ་ཏུ་དགའ་བའི་ས་འདི་
ལ་གནས་པའི་བྱང་ཆུབ་སེམས་དཔའ། འཕགས་པ་ས་བཅུ་པར་གསུངས་པའི་སྨོན་ལམ་ཆེན་པོ་བཅུ་རྣམས་དང་། འབད་པ་ཆེན་པོ་རྣམས་མངོན་པར་སྒྲུབ་བོ། །འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་རིམ་གྲོ་བྱ་བའི་ཆེད་དུ་རྣམ་པ་ཐམས་ཅད་མཆོག་ཏུ་ལྡན་པ་མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ། ཆོས་
ཀྱི་དབྱིངས་ལྟར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ་བསྐལ་པ་བགྲངས་པ་དང་། སངས་རྒྱས་འབྱུང་བ་བགྲངས་པ་ཐམས་ཅད་དུ་རྒྱུན་མི་འཆད་པར་མཆོད་པ་ཆེན་པོ་དང་རིམ་གྲོའི་ཆེད་དུ། སྨོན་ལམ་ཆེན་པོ་དང་པོ་མངོན་པར་སྒྲུབ་པའོ། །དེ་བཞིན་དུ་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཀྱི་ཚུལ་ཡང་དག་པར་གཟུང་བའི་ཆེད་དང་། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཡང་དག་པར་ཡོངས་སུ་གཟུང་བའི་ཆེད་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་བསྲུང་བའི་ཆེད་དུ་གཉིས་པའོ། །དེ་བཞིན་དུ་འཇིག་
རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་དུ། དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ཐོག་མར་མཛད་ནས། འཕོ་བ་དང་འཇུག་པ་དང་། ལྷུམས་ན་བཞུགས་པ་དང་། བལྟམས་པ་དང་། གཞོན་ནུ་རོལ་པ་དང་། ནང་གི་གྲོང་དུ་བཞུགས་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་

སྙིང་པོར་ཡང་དག་པར་གཤེགས་པ་དང་། བདུད་འདུལ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། གསོལ་བ་བཏབ་པ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་དང་། མྱ་ངན་ལས་འདས་པ་ཆེན་པོར་འཕོ་བའི་ཆེད་དུ་གསུམ་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་
སྤྱོད་པ་ཐམས་ཅད་དེ་ཕ་རོལ་ཏུ་ཕྱིན་པས་ཡང་དག་པར་བསྡུས་པ། ས་ཡོངས་སུ་སྦྱོང་བ་ཡན་ལག་དང་ཉེ་བའི་ཡན་ལག་དང་བཅས་པའི་ལམ་གྱི་གདམས་ངག་དང་རྗེས་སུ་བསྟན་པ་རབ་ཏུ་སྦྱིན་པས་བསྟན་པའི་སེམས་བསྐྱེད་པ་མངོན་པར་བསྒྲུབ་པའི་ཆེད་དུ་བཞི་པའོ། །དེ་བཞིན་དུ་ཁམས་དང་འགྲོ་བ་དང་། སྐྱེ་
གནས་དང་རིས་སུ་གཏོགས་པའི་མིང་དང་གཟུགས་ཀྱིས་ཡང་དག་པར་བསྡུས་པའི་སེམས་ཅན་གྱི་ཁམས་མ་ལུས་པ་ཡོངས་སུ་སྨིན་པར་བྱ་བའི་ཆེད་དང་། སངས་རྒྱས་ཀྱི་ཆོས་ལ་གཟུང་བའི་ཆེད་དང་། འགྲོ་བ་བགྲངས་པ་ཐམས་ཅད་རྣམ་པར་གཅད་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པའི་ཆེད་
དུ་ལྔ་པའོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྒྱ་ཆེ་བ་དང་། ཆེན་པོར་སོན་པ་དང་། ཚད་མེད་པ་དང་། ཕྲ་བ་དང་། རགས་པ་དང་། འཆོལ་བ་དང་། སྟེང་གཡོགས་མེད་ཅིང་གཞི་ཕྱལ་བ་དང་། འཇུག་པའི་ཁྱིམ་ཅན་དང་། རྣམ་པར་དབྱེ་བ་མིག་འཕྲུལ་ལྟ་བུ་དང་། ཕྱོགས་བཅུ་ཚད་མེད་པ་མ་ལུས་པ་
འཇུག་པའི་རྣམ་པར་དབྱེ་བ་སྟེ། ཡེ་ཤེས་ཀྱིས་ཁོང་དུ་ཆུད་ཅིང་མངོན་སུམ་དུ་གྱུར་པར་བྱ་བའི་ཆེད་དུ་དྲུག་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཞིང་གཅིག་དང་། ཞིང་གཅིག་ཞིང་ཐམས་ཅད་དུ་མཉམ་པར་རྒྱུ་སོ་སོར་སྦྱོང་བ་དང་། སངས་རྒྱས་ཀྱི་ཞིང་ཚད་མེད་པ་རྣམས་འོད་དང་བཀོད་པའི་རྒྱན་གྱིས་སོ་
སོར་བརྒྱན་པ་དང་། ཉོན་མོངས་པ་ཐམས་ཅད་བསལ་བས་ཡོངས་སུ་དག་པའི་ལམ་དང་ལྡན་པ་དང་། སེམས་ཅན་ཡེ་ཤེས་ཚད་མེད་པའི་འབྱུང་གནས་ཀྱི་ཡོངས་སུ་གང་བ་དང་། སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་ཡང་དག་པར་གཞོལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བར་ཡང་དག་
པར་བསྟན་ཅིང་ཚིམ་པར་བྱ་བའི་ཆེད་དུ་བདུན་པའོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བསམ་པ་དང་། སྦྱོར་བ་མཉམ་པ་ཉིད་ཀྱི་ཆེད་དང་། འགྲན་ཟླ་མེད་པའི་དགེ་བའི་རྩ་བ་བསགས་པའི་ཆེད་དང་། རྟག་ཏུ་རྒྱུན་མི་འཆད་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་

ཅད་དང་འགྲོགས་ཤིང་མི་འབྲལ་བའི་ཆེད་དང་། སངས་རྒྱས་འབྱུང་བ་ཇི་ལྟར་འདོད་པར་བསྟན་པའི་ཆེད་དང་། རང་གི་སེམས་བསྐྱེད་པས་དེ་བཞིན་གཤེགས་པའི་མཐུ་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པའི་ཆེད་དང་། མ་ཉམས་ཤིང་རྗེས་སུ་འགྲོ་བའི་མངོན་པར་ཤེས་པ་འཐོབ་པའི་ཆེད་དང་། འཇིག་རྟེན་གྱི་ཁམས་
ཐམས་ཅད་དུ་རྣམ་པར་རྒྱུ་བའི་ཆེད་དང་། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སོ་སོར་སྣང་བ་འཐོབ་པའི་ཆེད་དང་། སྐྱེ་བ་ཐམས་ཅད་དུ་རང་གི་ལུས་རྗེས་སུ་འགྲོ་བར་བྱ་བའི་ཆེད་དང་། ཐེག་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཆེད་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་
རྣམ་པར་མི་སྤྱད་པའི་ཆེད་དུ་བརྒྱད་པའོ། །དེ་བཞིན་དུ་ཕྱིར་མི་ལྡོག་པའི་འཁོར་ལོ་ལ་ཡང་དག་པར་གནས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་ཆེད་དང་། ལུས་དང་ངག་དང་ཡིད་ཀྱི་ལས་དོན་ཡོད་པའི་ཆེད་དང་། མཐོང་མ་ཐག་ཏུ་སངས་རྒྱས་ཀྱི་ཆོས་ངེས་པ་ཉིད་ཀྱི་ཆེད་དང་། སྒྲ་བརྗོད་མ་ཐག་ཏུ་མཐུ་
དང་ཡེ་ཤེས་ཁོང་དུ་ཆུད་པའི་ཆེད་དང་། མཐོང་མ་ཐག་ཏུ་སེམས་ཅན་རབ་ཏུ་དང་བ་ཐོབ་ཅིང་ཉོན་མོངས་པ་ལྡོག་པར་བྱ་བའི་ཆེད་དང་། སྨན་གྱི་རྒྱལ་པོ་ཆེན་པོ་ལྟ་བུའི་ལུས་ཐོབ་པའི་ཆེད་དང་། ཡིད་བཞིན་གྱི་ནོར་བུ་དང་མཉམ་པའི་ལུས་ཐོབ་པའི་ཆེད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱོད་པ་སྤྱད་པའི་
ཆེད་དུ་དགུ་པའོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆེད་དང་། བྱིས་པའི་ལམ་གཅིག་ལས་མ་འདས་པར་བྱིས་པའི་ལམ་ཐམས་ཅད་དུ་སྐྱེ་བར་འབྱུང་བ་དང་། གཞོན་ནུ་རོལ་རྩེད་དང་། ནང་གི་གྲོང་དུ་བཞུགས་པ་
དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་འདུལ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། གསོལ་བ་བཏབ་པ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཉེ་བར་བསྟན་པའི་ཆེད་དང་།
སངས་རྒྱས་ཀྱི་ཡུལ་ཆེན་པོ་མཐུ་དང་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བའི་ཆེད་དུ། ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པ་སངས་རྒྱས་འབྱུང་བ་བགྲངས་པ་ཐམས་ཅད་རྒྱུན་མི་འཆད་པར་ཡེ་ཤེས་ཆེན་པོ་མངོན་པར་སྒྲུབ་པའི་ཆེད་དུ་

སྨོན་ལམ་ཆེན་པོ་བཅུ་པ་མངོན་པར་སྒྲུབ་པོ་ཞེས་པ་དེ་ལྟ་བུའི་ངོ་བོ་འདི་རྣམས་སྨོན་ལམ་ཆེན་པོ་དང་དབང་བ་ཆེན་པོ་བཅུ་རྣམས་ཏེ། དེ་ལ་སོགས་པ་སོ་སོ་ལ་སྨོན་ལམ་གྲངས་མེད་པ་ཁྲག་ཁྲིག་བརྒྱ་སྟོང་གི་འཁོར་ཅན་ས་ཡོངས་སུ་སྦྱོང་བ་རྣམས་ཏེ་གང་བྱང་ཆུབ་སེམས་དཔས་སྒྲུབ་པ་རྣམས་སོ་
སོར་འཐོབ་པོ་ཞེས་པ་འདི་རྣམས་བསྒོམ་པའི་ལམ་ལས་ཡོངས་སུ་སྦྱོང་བར་བྱེད་པའི་སྨོན་ལམ་གྱི་ཁྱད་པར་རྣམས་སོ། །དེ་ལ་སྨོན་ལམ་ཆེན་པོ་དང་པོས་ནི་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཆེད་དུའོ། །གཉིས་པ་ནི་ཡེ་ཤེས་ཀྱི་ཚོགས་ཀྱིའོ། །ལྔ་ནི་སེམས་ཅན་ཡོངས་སུ་སྨིན་པའི་ཆེད་དུ་སྟེ།
རྟེན་ཅི་འདྲ་བས་དང་། སེམས་ཅི་འདྲ་བས་དང་། སེམས་ཅན་གང་རྣམས་དང་གང་དུ་གནས་པས་དང་། ཇི་ལྟར་གྱུར་པས་ཡོངས་སུ་སྨིན་པར་བྱ་བ་རྣམས་དེ་རྣམས་སུའོ། །གསུམ་རྣམས་བདག་ཉིད་ཀྱི་སའི་ཁྱད་པར་རྟོགས་པའི་ཆེད་དང་། བྱང་ཆུབ་སེམས་དཔའི་ས་མཐར་ཐུག་པར་བགྲོད་པའི་ཆེད་དང་།
ཐམས་ཅད་ཀྱི་མཐར་ཐུག་པར་འགྲོ་བའི་ཆེད་དུའོ། །དེ་ལ་དོན་དུ་གཉེར་བའི་མངོན་པར་འདུ་བྱེད་པ་ནི་སྨོན་ལམ་སྟེ་འདུན་པའི་ཁྱད་པར་རོ། །དེ་འགྲུབ་པར་བྱེད་པའི་ཐབས་ནི་འབད་རྩོལ་ལོ། །དེས་འགྲུབ་པར་བྱེད་པ་ནི་མངོན་པར་སྒྲུབ་པའོ། །འདི་གསུམ་ས་འདི་ལ་རིམ་གྱིས་མངོན་པར་སྒྲུབ་པའོ། །སྨོན་ལམ་
དང་པོ་ལ་མཆོད་པ་རྣམ་པ་གསུམ་སྟེ། རྙེད་པའི་མཆོད་པ་ནི་ན་བཟའ་ལ་སོགས་པ་རྣམས་ཀྱིས་སོ། །བཀུར་སྟིའི་མཆོད་པ་ནི་གདུགས་ལ་སོགས་པ་རྣམས་ཀྱིས་སོ། །སྒྲུབ་པའི་མཆོད་པ་ནི་དད་པ་ལ་སོགས་པའི་སྒྲུབ་པས་སོ། །རིམ་གྲོ་རྣམ་པ་གསུམ་སྟེ། བསྙེན་བཀུར་དང་ཡང་དག་པར་འཚོལ་བ་
དང་སྒྲུབ་པའོ། །རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་ནི། དངོས་པོ་སྣ་ཚོགས་མང་བ་ཉིད་ཀྱིས་དང་། དངོས་པོ་གྱ་ནོམ་པ་ཉིད་ཀྱིས་སོ། །མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ་ནི་རབ་ཏུ་དང་བ་དྲག་པོས་དང་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་མོས་པས་སོ། །ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ་ནི་དགེ་བའི་རྩ་
བ་གཞན་ཐམས་ཅད་པས་མཆོག་ཉིད་ཀྱིས་སོ། །ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་ནི་འདོད་པའི་འབྲས་བུ་མི་རྟག་པའི་རྒྱུ་ཉིད་ནི་མི་ཟད་པ་ཉིད་ཀྱིས་སོ། །ཕྱི་མའི་མཐའ་མུར་ཐུག་པ་ནི་རྟག་པའི་འབྲས་བུ་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཉིད་ཀྱིས་སོ། །བསྐལ་པ་ཐམས་ཅད་དང་སངས་རྒྱས་

འབྱུང་བ་ཐམས་ཅད་དུ་རྒྱུན་མི་འཆད་པའོ། །གཉིས་པ་ལ་ཆོས་ཀྱི་ཚུལ་ནི་མདོ་ལ་སོགས་པའི་ལུང་རྣམས་བརྒྱུད་པའོ། །ཡང་དག་པར་འཛིན་པ་ནི་རྟོགས་པར་བྱེད་པའི་གདམས་ངག་སྟེར་བའོ། །ལུང་ནོད་པ་དང་། ཁ་ཏོན་བྱ་བ་སྦྱིན་པའི་ཕྱིར་རོ། །བྱང་ཆུབ་ནི་ཐོབ་པའི་ཆོས་ཏེ་བྱང་ཆུབ་རྣམ་པ་གསུམ་མོ། །དེ་
ཡང་དག་པར་ཡོངས་སུ་གཟུང་བ་ནི་རྟོགས་པར་བྱ་བའི་གདམས་ངག་སྦྱིན་པས་སོ། །ཡོངས་སུ་བསྲུང་བ་ནི་སྒྲུབ་པ་སྟེ། ཉེ་བར་འཚེ་བ་ལས་སྐྱོབ་པས་སོ། །དེ་བཞིན་གཤེགས་པ་ནི་བསྟན་པ་ཕུན་སུམ་ཚོགས་པས་སོ། །སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྟོགས་པ་དང་ཐུགས་སུ་
ཆུད་པ་ཕུན་ཚོགས་པ་སྟེ། ཇི་སྙེད་པ་དང་། ཇི་ལྟ་བ་མངོན་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །དྲུག་པ་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་མཐའ་དག་དང་། དོན་དམ་པ་དང་། དཔག་ཏུ་མེད་པའི་མཚན་ཉིད་རྣམས་ཀྱིས་ཡེ་ཤེས་ཁོང་དུ་ཆུད་ཅིང་མངོན་སུམ་དུ་གྱུར་པར་བྱ་བའི་ཆེད་དུའོ། །དེ་ལ་ཡངས་པ་ལ་
སོགས་པ་རྣམས་ནི་སྟོང་པ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་གསུམ་རྣམས་སོ། །ཕྲ་བ་ནི་གང་རྣམས་ནི་ཡིད་ཀྱི་རང་བཞིན་ལུས་ཅན་རྣམས་སོ། །རགས་པ་ནི་གང་རྣམས་ན་ཡིད་ཀྱི་རང་བཞིན་གྱི་མ་ཡིན་པ་རྣམས་སོ། །འཆོལ་བ་ནི་གོ་རིམས་སུ་མི་གནས་པ་རྣམས་སོ། །སྟེང་གཡོགས་མེད་ཅིང་གཞི་ཕྱལ་པ་
ནི་ཁྱིམ་གནས་པ་མ་བྱས་པ་རྣམས་སོ། །འཇུག་པའི་ཁྱིམ་ཅན་ནི་ཁྱིམ་གནས་པ་བྱས་པ་རྣམས་ཏེ། འདི་ནི་མཐའ་དག་གི་མཚན་ཉིད་དོ། །མིག་འཕྲུལ་གྱི་རྣམ་པར་དབྱེ་བ་ཉིད་དོན་དམ་པའི་མཚན་ཉིད་དེ། ལས་ཀྱི་སྒྱུ་མ་ལས་བྱུང་བའི་ཕྱིར་རོ། །ཕྱོགས་བཅུ་ཚད་མེད་པའི་རྣམ་པར་དབྱེ་བ་མ་ལུས་པ་ལ་འཇུག་པ་ནི་
དཔག་ཏུ་མེད་པའི་མཚན་ཉིད་དོ། །དེ་ལ་དོན་དམ་པའི་མཚན་ཉིད་ནི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པའི་ཆེད་དུའོ། །དེ་ལས་གཞན་པའི་མཚན་ཉིད་ནི་སོ་སོར་མངོན་སུམ་དུ་རྟོགས་པ་ཉིད་ཀྱི་ཆེད་དུའོ། །བདུན་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ལ། དེ་ཡོངས་སུ་དག་པ་རྣམ་པ་བདུན་ཏེ། ཐུན་མོང་བ་ཡོངས་སུ་
དག་པ་ནི་ཞིང་ཐམས་ཅད་ཞིང་གཅིག་ཉིད་ཀྱིས་སོ། །དབང་དུ་གྱུར་པ་ཡོངས་སུ་དག་པ་ནི་ཞིང་ཐམས་ཅད་དུ་མཉམ་པར་རྒྱུ་བ་ཡོངས་སུ་སྦྱོང་བ་ཉིད་ཀྱིས་སོ། །རབ་ཏུ་དང་བ་ཉིད་ཡོངས་སུ་དག་པ་ནི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་འོད་དང་བཀོད་པའི་རྒྱན་གྱིས་སོ་སོར་བརྒྱན་པ་ཉིད་ཀྱིས་ཏེ། འོད་ཀྱི་རྒྱན་དང་གནས་

པའི་རྒྱན་གྱིས་སོ། །ཡོངས་སུ་ལོངས་སྤྱད་པ་ཡོངས་སུ་དག་པ་ནི་ཉོན་མོངས་པ་ཐམས་ཅད་བསལ་བས་ཡོངས་སུ་དག་པའི་ལམ་དང་ལྡན་པ་ཉིད་ཀྱིས་སོ། །གནས་པ་པོ་སེམས་ཅན་ཡོངས་སུ་དག་པ་ནི། སེམས་ཅན་ཡེ་ཤེས་ཚད་མེད་པའི་འབྱུང་གནས་ཀྱིས་ཡོངས་སུ་གང་བ་ཉིད་ཀྱིས་སོ། །
རྒྱུ་ཡོངས་སུ་དག་པ་ནི་སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་འཇུག་པ་མངོན་པར་སྒྲུབ་པ་ཉིད་ཀྱིས་སོ། །འབྲས་བུ་ཡོངས་སུ་དག་པ་ནི་སེམས་ཅན་གྱི་བསམ་པ་ཇི་ལྟ་བར་ཡང་དག་པར་སྟོན་ཞིང་ཚིམ་པར་བྱེད་པ་ཉིད་ཀྱིས་ཏེ། ཡེ་ཤེས་དང་མཐུ་དག་གིས་སོ། །བརྒྱད་པ་ལ་བསམ་པ་དང་། སྦྱོར་བ་གཅིག་པ་ནི་ཐེག་
པ་ཆེན་པོ་ལ་འཇུག་པའི་ཆེད་དུ་སྟེ། ཐེག་པ་གཞན་མི་འདོད་པའི་དོན་གྱིས་སོ། །ཐེག་པ་ཆེན་པོ་ཡང་ཆེན་པོ་ཉིད་རྣམ་པ་བདུན་དང་ལྡན་པའི་ཕྱིར་ཏེ། དམིགས་པ་ཆེ་བ་ཉིད་ནི་མདོ་སྡེ་ལ་སོགས་པའི་ཆོས་རྒྱ་ཆེན་པོ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །སྒྲུབ་པ་ཆེན་པོ་ཉིད་ནི་རང་དང་གཞན་གྱི་དོན་སྒྲུབ་པའི་ཕྱིར་
རོ། །ཡེ་ཤེས་ཆེན་པོ་ཉིད་ནི་གང་ཟག་དང་ཆོས་ལ་བདག་མེད་པ་ཉིད་ཤེས་པའི་ཕྱིར་རོ། །བརྩོན་འགྲུས་རྩོམ་པ་ཆེན་པོ་ཉིད་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་རྟག་ཏུ་དང་གུས་པར་བྱ་བ་ཉིད་དག་གིས་སྦྱོར་བའི་ཕྱིར་རོ། །ཐབས་ལ་མཁས་པ་ཆེན་པོ་ཉིད་ནི་འཁོར་བ་ཡོངས་སུ་མི་གཏོང་ཞིང་ཀུན་ནས་ཉོན་
མོངས་པ་མེད་པའི་ཕྱིར་རོ། །ཡང་དག་པར་འགྲུབ་པ་ཆེན་པོ་ཉིད་ནི་སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡང་དག་པར་འགྲུབ་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཕྲིན་ལས་ཆེན་པོ་ཉིད་ནི་ཡང་དང་ཡང་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པའི་
ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་ལ་རབ་ཏུ་དང་བ་ཙམ་ཡང་འབྲས་བུ་ཆེན་པོར་ཉེ་བར་གསུངས་ཏེ། ཟུང་གི་མདོར། ཀུན་དུ་དཔའ་བོ་གང་ལ་ལ་ཞིག་ཐེག་པ་ཆེན་པོ་ལ་རབ་ཏུ་དང་བ་བསྐྱེད་པར་འགྱུར་བ་དེ་ནི་བསྐལ་པ་སྟོང་ངན་འགྲོར་འགྲོ་བར་མི་འགྱུར་རོ། །བསྐལ་པ་སྟོང་ཕྲག་ལྔར་དུད་འགྲོའི་སྐྱེ་གནས་སུ་མི་སྐྱེའོ། །
དེ་བཞིན་དུ་ཡི་དགས་རྣམས་སུའོ། །བསྐལ་པ་སྟོང་ཕྲག་ཉི་ཤུ་རྩ་ལྔར་ལྷའི་འཇིག་རྟེན་དང་ཚངས་པའི་འཇིག་རྟེན་དུ་སྐྱེའོ་ཞེས་སོ། །འདིར་དགའ་བ་ཞིག་དགེ་བའི་རྩ་བ་མ་སྐྱེས་པ་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ། མིང་དུ་མོས་པ་མེད་པ་རྣམས་འདི་ལྟ་བུ་ཤིན་ཏུ་གྱ་ནོམ་པ་ལེགས་པར་བཤད་པ་ཐེག་

པ་ཆེན་པོའི་ཆོས་ལ་ཡང་མཆོག་ཏུ་ཟབ་པ་དང་རྒྱ་ཆེ་བ་ཉིད་དུ་འཇུག་པར་མི་བྱེད། རྟོགས་པར་མི་བྱེད། ལྷག་པར་མོས་པར་མི་བྱེད། སྐྲག་པར་མི་བྱེད། རྣམ་པ་མང་པོར་སྨོད་པར་བྱེད། ཇི་སྲིད་དུ་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་པའི་བར་དུ་སྨྲའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། ཆོས་ཀྱི་
རྣམ་གྲངས་དེ་བཞིན་གཤེགས་པས་གསུངས་པ་འདི་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་དོན་དུའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་འདི་དམན་པ་ལ་མོས་པའི་སེམས་ཅན་རྣམས་ཀྱིས་མཉན་པར་ཡང་མི་ནུས་སོ་ཞེས་སོ། །ཐེག་པ་ཆེན་པོ་ཅི་ལྟར་སངས་རྒྱས་ཀྱི་བཀའ་
མ་ཡིན། མདོ་སྡེ་དང་འདུལ་བ་དང་མངོན་པ་ལས་ཕྱི་རོལ་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །གསུངས་པ། གང་མདོ་སྡེ་ལ་འཇུག །འདུལ་བ་ལ་སྣང་། ཆོས་ཉིད་དང་ཡང་མི་དགལ་བ་དེ་སངས་རྒྱས་ཀྱི་གསུང་ངོ་ཞེས་པས་སོ། །ཐེག་པ་ཆེན་པོ་དེ་ལྟ་བུ་མ་ཡིན་པས་སོ་ཞེ་ན། མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སོགས་པ་མདོ་སྡེ་དང་འདུལ་བ་རྣམ་པ་དུ་མ་རྣམས་ནི་དེར་ངེས་པར་བསྟན་ལ་ཁྱད་པར་དུ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དོ། །ཅི་སྟེ་ཕ་རོལ་ཏུ་ཕྱིན་པར་ཡང་ཡིན་ཀྱང་སྡེ་པའི་སྡེ་སྣོད་གསུམ་དུ་འདི་འདི་ལྟར་མ་བསྟན་ཏོ་ཞེ་ན། དེ་ལྟར་གྱུར་ན་རྣམ་པ་བཅོ་བརྒྱད་དུ་གྱེས་པའི་སྡེ་སྣོད་གསུམ་པོ་ཕན་ཚུན་གཞུང་དང་དོན་ཤིན་
ཏུ་ཐ་དད་པ་སངས་རྒྱས་ཀྱི་གསུང་མ་ཡིན་པར་འགྱུར་རོ། །གཞན་ཡང་འདུལ་བ་རྣམ་པར་བཤད་པས་གསུངས་པ། ཐུབ་པའི་དབང་པོ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ནས་བསྟན་པའི་བྱེ་བྲག་གིས་དང་པོར་སྡེ་པ་གཉིས་ཏེ་གནས་བརྟན་པ་དང་དགེ་འདུན་ཕལ་ཆེན་པོ་དག་གོ་ཞེས་སོ། །བཅོམ་ལྡན་
འདས་འོད་སྲུངས་ཀྱིས་ཀྱང་ལུང་བསྟན་ཏེ། རྒྱལ་པོ་ཀྲྀ་ཀཱིའི་མི་བཅོ་བརྒྱད་ཀྱིས་རས་ཡུག་དྲངས་པའི་རྨི་ལམ་སྟོན་པ་ན། ཤཱཀྱ་ཐུབ་པའི་བསྟན་པ་རྣམ་པ་བཅོ་བརྒྱད་དུ་གྱེས་པར་འགྱུར་རོ་ཞེས་སོ། །གཞན་ཡང་ཆོས་གང་དེ་བཞིན་གཤེགས་པས་བསྟན་པ་སྟེ། ཚིག་དང་ཡི་གེ་དེ་རྣམས་ཁོ་ནས་དང་།
གོ་རིམས་དེ་ཉིད་ཀྱིས་ཡང་དག་པར་གཟུང་ཞིང་བསྟན་པ་མི་ཉུང་མ་ལྷག་པ་ཕྱིན་ཅི་མ་ལོག་པ་དེའི་ཚེ་གཞུང་འདི་བཀའ་མགུར་ནས་གསུངས་པ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བརྗོད་དེ། བཅོམ་ལྡན་འདས་དྲང་སྲོང་ཉིད་ཀྱིས་འདིར་ཞེས་བྱས་ནས་སོ། །གང་གི་ཚེ་དེ་བཞིན་གཤེགས་པས་གསུངས་

པའི་དོན་ཁོ་ན་ཡི་གེ་གཞན་རྣམས་དང་གོ་རིམས་གཞན་གྱིས་ཉེ་བར་སྦྱར་བའམ་ཡང་དག་པར་བསྡུས་པའམ། འཆད་པ་དེའི་གཞུང་འདི་རྗེས་སུ་མཐུན་པའི་བཀའ་ཞེས་བཀོད་དོ། །གང་དུ་དོན་ཡང་གཞན་པ་དེ་ནི་བཀའ་ཡང་མ་ཡིན་ལ་རྗེས་སུ་གནང་བའི་བཀའ་ཡང་མ་ཡིན་ཏེ།
འཇིག་རྟེན་པའི་བསྟན་བཅོས་ལ་སོགས་པ་རྣམས་བཞིན་ནོ། །ད་ནི་སྡེ་པའི་གཞུང་རྣམས་སྒྲ་ལས་ཀྱང་ཐ་དད་པ་མང་པོར་དོན་ལས་ཀྱང་སྟེ། མདོ་སྡེ་ཡང་ཕྱིན་ཅི་ལོག་ཏུ་བརྗོད་པ་ཡང་ཀློག་ལ། འདུལ་བ་གཅིག་ཏུ་ཡང་ཁ་ཅིག་གིས་ལྟུང་བར་འགྱུར་བར་སྨྲ་བ། གཞན་རྣམས་ཕྱིར་བཅོས་པ་དང་བཅས་
པའོ་ཞེས་སོ། །ཆོས་མངོན་པར་ཡང་། ཁ་ཅིག་གིས་སྐད་ཅིག་གཅིག་གི་མངོན་པར་རྟོགས་པས་འབྲས་བུ་ཁོང་དུ་ཆུད་པའོ། །ཁ་ཅིག་གིས་ནི་སྐད་ཅིག་བཅུ་གསུམ་གྱི་མངོན་པར་རྟོགས་པས་སོ། །ཁ་ཅིག་གིས་ནི་སྐད་ཅིག་བཅུ་དྲུག་གི་མངོན་པར་རྟོགས་པས་སོ། །གལ་ཏེ་དགོངས་པའི་དབྱེ་བས་སྐད་
ཅིག་མའི་དབྱེ་བ་འདི་རྣམས་ཀྱང་སྡུད་པ་པོ་རྣམས་ཀྱིས་བརྗོད་པ་སྲིད་པས་སོ་ཞེ་ན། དེ་ལྟ་ཡིན་ན་ཐམས་ཅད་དུ་སྡེ་པ་གཅིག་ལ་སྐད་ཅིག་མའི་དབྱེ་བ་སྲིད་པའི་ཕྱིར་བསྟན་པར་བྱ་བར་འགྱུར་ལ་དེ་ལྟ་ཡང་མ་ཡིན་ནོ། །ཁ་ཅིག་བདག་མེད་པ་ཉིད་མཐོང་བ་བཏགས་པར་ཡོད་པར་རྣམ་པར་འཇོག་པར་བྱེད་དོ། །ཁ་
ཅིག་གང་ཟག་རྫས་སུ་ཡོད་པར་རོ། །སྡེ་པ་གཅིག་ཏུ་ཡང་། མདོ་སྡེ་པ་རྣམ་པ་གཞན་པའི་ཕྱོགས་ཡོངས་སུ་འཛིན་ལ། ཆོས་མངོན་པ་རྣམས་ཀྱང་གཞན་དུའོ། །ཁ་ཅིག་འདུས་བྱས་ཐམས་ཅད་སྐད་ཅིག་པར་འདོད་པས་ཏེ། ཁ་ཅིག་གཉིས་པར་མི་གནས་པའི་ཕྱིར་རོ། །ཁ་ཅིག་སེམས་དང་སེམས་ལས་བྱུང་
བ་རྣམས་ཁོ་ན་སྐད་ཅིག་གཉིས་དག་ཏུ་ཡང་མི་གནས་ཤིང་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་སྐད་ཅིག་གསུམ་དུ་ཡང་དག་པར་རོ། །ཁ་ཅིག་སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ན་སྐད་ཅིག་གཉིས་པར་མི་གནས་པའི་ཕྱིར་རོ། །ཁ་ཅིག་སེམས་ཅན་རིང་པོར་ཡང་གནས་ཏེ། ས་ནི་བསྐལ་པའི་བར་
དུ་གནས་སོ་ཞེས་སོ། །ཁ་ཅིག་ནི་ཉོན་མོངས་པ་དང་ལས་དང་སྐྱེ་བ་ཟད་པ་ཙམ་མྱ་ངན་ལས་འདས་པ་སྟེ་ཐ་སྙད་ཙམ་དུའོ། །ཁ་ཅིག་ནི་མྱ་ངན་ལས་འདས་པ་གདགས་པར་ཡོད་པ་སྟེ། གང་དུ་ལྟ་བའི་ཉོན་མོངས་པ་དང་སྐྱེ་བ་ཟད་པར་འགྱུར་གྱི་སྐྱེ་བ་དང་ཉོན་མོངས་པ་ཐམས་ཅད་ཉིད་ཟད་པ་མྱ་ངན་ལས་འདས་

པ་ནི་མ་ཡིན་ནོ་ཞེས་སོ། །ཁ་ཅིག་འདས་པ་དང་མ་འོངས་པའི་ཆོས་རྣམས་དུས་ཐམས་ཅད་དུ་རྫས་སུ་ཡོད་དོ་ཞེས་སོ། །ཁ་ཅིག་མེད་དོ་ཞེས་སོ། །ཁ་ཅིག་ཐོབ་པ་ལ་སོགས་པའི་ཆོས་རྣམས་རྫས་སུ་ཡོད་དོ་ཞེས་སོ། །ཁ་ཅིག་མེད་དོ་ཞེས་སོ། །ཁ་ཅིག་སྲིད་པ་བར་དོའི་སེམས་ཅན་རྣམས་ཡོད་དོ་ཞེས་སོ། །
ཁ་ཅིག་མེད་དོ་ཞེས་སོ། །ཁ་ཅིག་གཟུགས་མེད་པའི་ཁམས་ན་གཟུགས་མེད་དོ་ཞེས་སོ། །ཁ་ཅིག་ཡོད་དོ་ཞེས་སོ། །ཁ་ཅིག་གཟུགས་མེད་པའི་ཁམས་ན་གནས་མེད་དོ་ཞེས་སོ། །ཁ་ཅིག་གནས་དང་བཅས་པའོ་ཞེས་ཏེ་སྔར་ཇི་སྐད་བཤད་བཞིན་དུ་ཇི་སྲིད་ས་ལ་སོགས་པ་རྣམས་ཀྱི་ཚད་དང་དབྱིབས་
ངེས་པར་བསྟན་པ་ཐ་དད་པའི་བར་དུའོ་ཞེས་སོ་དེ་ལྟ་བུ་ལ་སོགས་པ་ཕན་ཚུན་འགལ་བའི་དོན་ཤིན་ཏུ་མང་པོ་རྣམས་དེ་དང་དེར་སྨྲ་བ་མཐོང་ན་དེ་རྣམས་ཅི་ལྟར་བཀའ་ཉིད་དུ་རིགས་ཁྱད་པར་དུ་ཡང་། གང་རྣམས་ཀྱི་རྩ་བའི་བསྡུས་པ་ཉམས་སོ་ཞེས་ཁས་ལེན་པའོ། །འོན་ཏེ་གཞུང་འདི་རྣམས་ཕྱིས་དགྲ་བཅོམ་
པ་རྣམས་ཀྱིས་མཛད་པའོ་ཞེ་ན་མ་ཡིན་ཏེ། དགྲ་བཅོམ་པ་ཟག་པ་ཟད་པ་རྣམས་ནི་འདི་ལྟར་ཕན་ཚུན་དོན་འགལ་བའི་གཞུང་མཛད་པ་མ་ཡིན་པས་སོ། །དེའི་ཕྱིར་ཡང་གཞུང་འདི་རྣམས་དགྲ་བཅོམ་པ་རྣམས་ཀྱིས་མཛད་པར་མི་རིགས་སོ་ཞེས་པའོ། །འོ་ན་ཅི་ཞེ་ན་སོ་སོ་སྐྱེ་བོ་རྣམས་ཁོ་ནས་བྱས་སོ་
ཞེས་རིགས་སོ། །དེ་རྣམས་འཛིན་སྟངས་ཐ་དད་པའི་རྒྱུ་མཚན་མ་རིག་པ་དང་ཐེ་ཚོམ་ལ་སོགས་པའི་བག་ལ་ཉལ་རྣམས་མ་སྤངས་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་འདི་ལྟ་བུ་ད་ལྟར་བྱས་པའི་གཞུང་རྣམས་སུ་ཐེག་པ་ཆེན་པོ་ལེགས་པར་གསུངས་པ་བཀའ་ཅི་ལྟར་གཞུག་པར་ནུས་འདི་རྣམས་སུ་འབའ་ཞིག་ཏུ་མ་ཟད་
ཀྱི་གང་ཡང་དེའི་ཚེ་ཡང་དེའི་ཉན་ཐོས་ཀྱི་ཐེག་པའི་གཞུང་མ་ཉམས་པ་སྡུད་པ་པོས་བསྡུས་པ་བཀའ་དེ་རྣམས་སུ་ཡང་སྟེ། བར་ཤིན་དུ་རིང་བ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དམན་པའི་ཐེག་པར་ཐེག་པ་ཆེན་པོ་ཞུགས་པའམ་ནང་དུ་འདུས་པར་གྱུར་ན་ནི་དེའི་ཐེག་པ་ཆེན་པོ་ཉིད་ཀྱང་ཉམས་པར་འགྱུར་ཏེ། ཅི་རྒྱ་མཚོ་ཆེན་
པོ་ཁྲོན་པ་ལ་སོགས་པ་རྣམས་སུ་མ་ཞུགས་པ་ཉིད་ཀྱི་ཕྱིར་རམ་ནང་དུ་མ་འདུས་པ་ཉིད་ཀྱི་ཕྱིར་ཆུའི་རྟེན་མ་ཡིན་པར་འགྱུར་རམ། དེའི་ཕྱིར་དེ་རྣམས་སུ་མི་འཇུག་པ་ནི་ཐེག་པ་ཆེན་པོའི་ཡོན་ཏན་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རང་གི་ཉིད་ལ་འཇུག་ཕྱིར་དང་། །རང་གི་འདུལ་ལ་སྣང་ཕྱིར་ཡང་། །རྒྱ་ཆེའི་ཕྱིར་

དང་ཟབ་པའི་ཕྱིར། །ཆོས་ཉིད་དང་ནི་འགལ་མེད་ཉིད། །ཅེས་སོ། །གལ་ཏེ་ད་ནི་སྡེ་པའི་གཞུང་འདི་རྣམས་བཀར་མི་འདོད་ན་བསྙེན་པར་རྫོགས་པ་ལ་སོགས་པའི་ལས་རྣམས་ཇི་ལྟར་འགྲུབ། དགེ་སློང་ཉིད་མེད་ན་སྐྱོན་མང་པོ་རྣམས་སུ་འགྱུར་རོ་ཞེ་ན། བསྙེན་པར་རྫོགས་པའི་དངོས་པོ་
དེ་ཡང་ཡོད་པའམ་མེད་པ་ཞེས་ཅི་ལྟར་ཤེས་པར་བྱ་སྟེ། མངོན་སུམ་ལས་མ་ཡིན་ཞིང་རྗེས་སུ་དཔག་པ་ལས་ཀྱང་མ་ཡིན་ཏེ། རྟགས་མེད་པའི་ཕྱིར་རོ། །འོན་ཀྱང་གཞུང་འདི་རྣམས་བཀའ་ཉིད་དམ་བཀའ་མ་ཡིན་པ་ཉིད་ན་ཡང་བསྙེན་པར་རྫོགས་པ་ལ་སོགས་པའི་ལས་རྣམས་འགྲུབ་པོ། །བསྙེན་པར་རྫོགས་
པ་རྣམ་པ་བཅུའོ་ཞེས་འདུལ་བ་འཛིན་པ་རྣམས་སྨྲ་བ་འདི་ལྟ་སྟེ། རང་འབྱུང་ཉིད་ཀྱིས་ནི་སངས་རྒྱས་རྣམས་དང་རང་སངས་རྒྱས་རྣམས་ཀྱིའོ། །སྐྱོན་མེད་པ་ལ་ཞུགས་པས་ཅང་ཤེས་ཀཽཎྜི་ནྱ་དང་རྟ་ཐུལ་དང་བཟང་ལྡན་དང་རླངས་པ་དང་མིང་ཆེན་ཏེ་ལྔ་རྣམས་ཀྱིའོ། །དགེ་སློང་ཚུར་ཤོག་གིས་གྲགས་པ་ལ་སོགས་པ་རྣམས་
ཀྱིའོ། །སྟོན་པར་ཁས་བླངས་པ་ལས་འོད་སྲུངས་ཆེན་པོའིའོ། །དྲིས་ཤིང་མཉེས་པས་ལེགས་བྱིན་གྱིའོ། །ལྕི་བའི་ཆོས་ཁས་བླངས་པས་སྐྱེ་དགུའི་བདག་མོ་ཆེན་མོའིའོ། །ཕོ་ཉས་ཆོས་སྦྱིན་མའིའོ། །འདུལ་བ་འཛིན་པ་དང་ལྔ་པས་ཡུལ་མཐའ་འཁོབ་རྣམས་སུའོ། །བཅུའི་ཚོགས་ཀྱི་དབུས་རྣམས་
སུའོ། །སྐྱབས་སུ་འགྲོ་བ་གསུམ་བརྗོད་པས་བཟང་སྡེའི་ཚོགས་དྲུག་ཅུ་རྣམས་ཀྱིའོ་ཞེས་སོ། །དེ་ལྟར་རྗེས་སུ་གནང་བའི་བཀའ་རྣམས་བཀླགས་པས་ཀྱང་གསོལ་བར་བྱེད་དེ། དོན་གྱིས་དེ་རྣམས་དེ་བཞིན་གཤེགས་པས་གསུངས་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སངས་
རྒྱས་ཀྱི་གསུང་ནི་དོན་ལ་རྟོན་པ་སྟེ། ཚིག་འབྲུ་ལ་རྟེན་པ་ནི་མ་ཡིན་ནོ་ཞེས་སོ། །རྒྱས་པས་ཅི་ཞིག་སྟེ། དཀའ་བ་འདི་ནི་བརྒལ་དཀའ་བ་སྟེ། གང་དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་པ་རྣམས་ཀྱང་ཆོས་འདོད་པ་ལ་བསྒྲིབས་པས་ཕྱིན་ཅི་ལོག་པ་རྣམས་ཐེག་པ་ཆེན་པོ་སྤོང་བའི་ཚུལ་མ་ཡིན་པ་ཆེན་པོ་
ལ་འཇུག་པའོ། །ཇི་སྐད་དུ་གསུངས་པ། ཐེག་པ་ཆེན་པོ་གང་ཞིག་ཏུ། །ཐམས་ཅད་སྙིང་རྗེའི་རྩ་བ་ཅན། །རྒྱུ་མཐུན་ཡེ་ཤེས་དྲི་མེད་བཤད། །དེ་ལ་སེམས་ཡོངས་སུ་ཞིག་སྨོད། །སྐྱོན་དང་ཡོན་ཏན་མི་ཤེས་པའམ། །ཡོན་ཏན་སྐྱོན་དུ་ལྟ་བའམ། །ཡོན་ཏན་ལྡན་ལ་སྡང་བ་ཞིག །ཐེག་པ་ཆེ་ལ་

སྨོད་བྱེད་པའོ། །ཞེས་སོ། །ཡང་ན་འདི་ལ་མཚར་བ་ཅི་ཡོད་དེ་གང་ལོང་བ་རྣམས་ཀྱིས་ཉམས་པར་བྱ་བ་ཡིན་པས་སོ། །གང་བཟློག་པར་བྱས་པ་རྣམས་ཀྱང་མི་ཉན་ཞིང་། བདག་དང་གཞན་རྣམས་གཡང་ས་ཆེན་པོར་ལྟུང་བར་བྱེད་དོ་ཞེས་རྗེས་སུ་བརྩེ་བར་བྱ་བའོ་ཞེས་པ་ཤིན་ཏུ་འཕྲོས་པས་ཆོག་གོ། །
དགུ་པ་ལ་དེ་མ་ཐག་པ་གསུམ་གྱིས་ལུས་ལ་སོགས་པའི་ལས་བསྟན་ཏོ། །རང་བཞིན་གྱིས་དང་། གེགས་ལས་སྐྱེས་པའི་སྡུག་བསྔལ་གྱི་གཉེན་པོར་གོ་རིམས་བཞིན་དུ་སྨན་ཆེན་པོ་དང་ཡིད་བཞིན་གྱི་ནོར་བུ་དང་མཉམ་པ་ཉིད་དོ། །བཅུ་པ་ལ་ནི་བྱིས་པ་རྣམས་ཏེ་གདུལ་བྱ་རྣམས་ཀྱི་གཙོ་བོར་གདུལ་བའི་གནས་
ཉིད་ཀྱི་ཕྱིར། བྱིས་པའི་ལམ་གསུངས་པ་ནི་འཛམ་བུའི་གླིང་ངོ་། །འཛམ་བུའི་གླིང་གཅིག་གི་དུས་སུ་འཛམ་བུའི་གླིང་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པའོ་ཞེས་པའི་དོན་ཏོ། །མཐུ་ནི་འཇིག་རྟེན་གྱི་ཁམས་གཞན་རྣམས་སུ་གདུལ་བྱ་ཐམས་ཅད་ལ་བདེན་པ་བསྟན་པའི་ཆེད་དུའོ། །ཡེ་
ཤེས་ཀྱི་རྗེས་སུ་འགྲོ་བ་ནི་གཅིག་མངོན་པར་རྫོགས་པར་བྱང་ཆུབ་པས་ཆོས་ལ་བདག་མེད་པའི་རྣམ་པས་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པར་མོས་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ་ནི་ངག་གཅིག་བརྗོད་པས་གདུལ་བྱ་མོས་པ་སྣ་ཚོགས་པ་རྣམས་ཀྱི་སེམས་ལ་ཅིག་ཅར་གོ་བར་བྱེད་པས་
སོ། །སྨོན་ལམ་འདི་རྣམས་ས་གོང་མ་རྣམས་སུ་རྣམ་པར་དག་པར་འགྱུར་རོ། །མོས་པས་སྤྱོད་པའི་ས་ལ་ནི་འདི་ལྟ་འདི་ལྟར་གྱུར་ཞེས་མོས་པ་རྣམས་སོ། །དེ་བཞིན་དུ་ས་འདི་ནས་བཟུང་ནས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་
ཤེས་མཐོང་བའི་ཕུང་པོ་རྣམས་ཡོངས་སུ་སྦྱོང་བར་བྱེད་དོ། །འདིར་དང་པོ་གསུམ་ནི་ལྷག་པའི་ཚུལ་ཁྲིམས་ལ་སོགས་པའི་བསླབ་པ་གསུམ་མོ། །རྣམ་པར་གྲོལ་བའི་ཕུང་པོ་ནི་མི་སློབ་པའི་ལམ་མོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ནི་མི་སློབ་པའི་ཡང་དག་པའི་ལྟ་བའོ། །དེ་བཞིན་དུ་
ཡང་། འདི་སྨོན་ལམ་ལས་དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པས་སངས་རྒྱས་ཀྱི་ཡེ་ཤེས་ལ་བློ་རྒྱ་ཆེ་བ་སྤྲོ་བ་ཡང་དག་པར་སྐྱེས་པ། མཉམ་པ་ཉིད་རྟོགས་པ་ལས་རང་གི་དོན་བཞིན་དུ་གཞན་གྱི་དོན་རྣམས་ལ་འཇུག་བཞིན་པ་ནི་སྟོང་པ་ཆེན་པོ་ལ་རབ་ཏུ་འཇུག་སྟེ། གང་གང་གི་དོན་དུ་གཉེར་བ་དེ་དེ་ལ་

སྟེར་བར་བྱེད་ཅིང་ཕྱི་རོལ་ལམ་ནང་ཡང་རུང་བ་གང་ཡོངས་སུ་མི་གཏོང་བའི་དངོས་པོ་དེ་མེད་དེ། དེ་ལྟར་འདིའི་གཏོང་བ་ཆེན་པོ་འབྱུང་ངོ་། །ཇི་སྐད་དུ་འཕགས་པ་ས་བཅུ་པར་གསུངས་པ། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་མང་པོ་རྣམས་སྣང་བར་འགྱུར་
ཏེ། མཐོང་བ་རྒྱ་ཆེན་པོ་ཉིད་དང་སྨོན་ལམ་གྱི་སྟོབས་ཀྱིས་ནས། ཇི་སྲིད་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་རྣམས་ཀྱི་བར་དང་དེ་དེ་བཞིན་གཤེགས་པ་དེ་རྣམས་མཐོང་ནས་ལྷག་པའི་བསམ་པ་རྒྱ་ཆེན་པོ་ཉིད་ཀྱིས་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དོ་ནས་ཇི་
སྲིད་བྱང་ཆུབ་སེམས་དཔའི་བདེ་བར་སྦྱར་བ་རྣམ་པ་ཐམས་ཅད་ཀྱང་ཉེ་བར་སྒྲུབ་པ་དང་། དགེ་བའི་རྩ་བ་དེ་རྣམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །དེས་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ལ་མཆོད་པ་ལས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་
ཀུན་དུ་སྐྱེས་པ་ཡིན་ཏེ་བསྡུ་བའི་དངོས་པོ་རྣམས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་དེ་ལས་འདིའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆོས་ཤིན་དུ་ལྷག་པར་འགྱུར་ལ། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་ཡང་དག་པར་མི་སྤྱོད་པ་ཡང་མ་ཡིན་ནོ་ཞེས་སོ། །ཡུམ་ཆེན་མོ་དག་ཏུ་ཡང་གསུངས་པ།
བཅོམ་ལྡན་འདས་ཇི་སྲིད་དུ་བྱང་ཆུབ་སེམས་དཔའ་བསམ་པ་རྒྱ་ཆེན་པོ་དང་། བདག་ཉིད་ཆེན་པོའི་བསམ་པ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་འདི་རྣམས་བརྒྱ་བྱིན་ཉིད་དང་འཇིག་རྟེན་སྐྱོང་བ་ཉིད་དང་འཁོར་ལོས་སྒྱུར་བ་ཉིད་ལ་སོགས་པའི་ཕུན་སུམ་ཚོགས་པ་རྣམས་
དོན་དུ་མི་གཉེར་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བ་ཡོངས་སུ་སྔོ་བར་བྱེད་དོ་ནས་ཇི་སྲིད་དུ་འདི་རྣམས་ཆགས་པ་མེད་པ་དང་འཛིན་པ་མེད་པ་ཉིད་དེ། འདི་ནི་འདི་རྣམས་ཀྱི་རྒྱ་ཆེ་བའི་བསམ་པ་ཉིད་དོ། །གང་ཡང་དེའི་ཆགས་པ་མེད་པའི་བདེ་བ་དང་འཛིན་པ་མེད་པའི་བདེ་བ་དང་མྱ་ངན་ལས་
འདས་པའི་བདེ་བ་སྟེ་བདེ་བ་དེ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་འདོད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་ཡོངས་སུ་སྔོ་བར་བྱེད་པ། འཁོར་བ་ཡོངས་སུ་གཏོང་བ་ཉིད་ཀྱིས་ཏེ། འདི་ནི་འདི་རྣམས་ཀྱི་བདག་ཉིད་ཆེ་བ་ཉིད་ཀྱི་བསམ་པའོ། །གསོལ་བ། བཅོམ་ལྡན་

འདས་ངོ་མཚར་ཞིང་རྨད་དུ་བྱུང་བ་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཏེ་དེ་རྣམས་ཐོབ་པར་འདོད་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ་ཞེས་སོ། །དེ་ལ་མཐོང་བ་རྒྱ་ཆེ་བ་ཉིད་ནི་གང་དུ་མཐུའི་ཁྱད་པར་གྱིས་གཟུགས་ཀྱི་སྐུ་མཐོང་བའོ། །སྨོན་ལམ་གྱི་སྟོབས་ཀྱིས་
ནི་གང་ནང་གི་ཡང་དག་པའི་སྨོན་ལམ་ལས་ཆོས་ཀྱི་སྐུ་མཐོང་བའོ། །ཐབས་མཁས་པ་ཉིད་ཀྱིས་མང་པོ་ཉིད་དང་རབ་ཏུ་གྱུར་པ་བསྟན་པའི་དོན་དུ་གྲངས་རྣམ་པ་མང་པོའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་བསམ་པ་ལ་བརྟེན་པ་ཡང་སྟེ་དེ་ཡང་རྣམ་པ་དྲུག་སྟེ། མི་ངོམས་པ་
དང་། རྒྱ་ཆེ་བ་དང་། དགའ་བ་དང་། ཕན་པ་དང་། གོས་པ་མེད་པ་དང་། དགེ་བའི་བསམ་པ་རྣམས་ཀྱིས་སོ། །འདིར་བྱང་ཆུབ་སེམས་དཔའ་སེམས་ཅན་གཅིག་ལ་སྐད་ཅིག་གཅིག་ལ་ཡང་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱིས་བཀང་པ་རྣམས་སྟེར་ཞིང་།
དེ་དང་མཉམ་པའི་ལུས་རྣམས་ཀྱང་དེ་དང་མཉམ་པའི་བསྐལ་པར་སྐད་ཅིག་སོ་སོ་ལ་སྦྱིན་པར་བྱེད་ལ། སེམས་ཅན་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་གྱི་ཁམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱ་བ་ཇི་སྙེད་པ་དེ་ལ་ཡང་ངོ་། །གཞན་ཡང་། ལམ་ཀའི་འབྲས་
མཆོག་ལྡན་པའི་ལོངས་སྤྱོད་ཤིང་ལས་ཇི་ལྟ་བར། །དོགས་པ་དང་བྲལ་ལུས་ཅན་བསམ་པ་རང་བཞིན་གནས་རྣམས་ཀྱིས། །གང་གི་ནོར་རྫས་རྒྱ་ཆེའང་བླངས་ནས་རང་ཉིད་ལོངས་སྤྱོད་པ། །གཏོང་དགའ་ལོངས་སྤྱོད་ཅན་དེ་བྱང་ཆུབ་སེམས་དཔའ་ལས་གཞན་མིན། །ཞེས་སོ། །འདི་ལྟ་བུས་མི་
ངོམས་པ་ཁོ་ན་ནི་སྦྱིན་པའི་བསམ་པའོ། །བྱང་ཆུབ་སེམས་དཔའ་སྦྱིན་པ་བརྒྱུད་པ་དེ་ལྟ་བུའི་ངོ་བོ་སྐད་ཅིག་ཙམ་ཡང་ཉམས་པར་མི་བྱེད་ཅིང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་རྒྱུན་གཅོད་པར་མི་བྱེད་དེ། འདི་ལྟ་བུ་ནི་སྦྱིན་པ་ལ་རྒྱ་ཆེ་བའི་བསམ་པའོ། །སེམས་ཅན་དེ་རྣམས་དེ་ལྟར་སྦྱིན་པས་རྗེས་
སུ་འཛིན་པ་པོ་ཆེས་དགའ་བར་འགྱུར་གྱི། སྦྱིན་པ་དེས་རྗེས་སུ་གཟུང་བར་བྱ་བཞིན་པའི་སེམས་ཅན་རྣམས་མ་ཡིན་ནོ་ཞེས་པ་འདི་ལྟ་བུའི་ངོ་བོ་ནི་སྦྱིན་པ་ལ་དགའ་བའི་བསམ་པའོ། །གང་སྦྱིན་པས་ཕན་བཏགས་པའི་སེམས་ཅན་དེ་རྣམས་ལ་བྱང་ཆུབ་སེམས་དཔའ་བདག་ལ་ཆེས་ཕན་འདོགས་པར་

བལྟའི། བདག་ཉིད་ནི་མ་ཡིན་ཏེ། དེ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉེ་བར་སྟོན་པ་རྒྱུར་བྱས་ནས་སོ། །འདི་ནི་ཕན་པའི་བསམ་པའོ། །སེམས་ཅན་རྣམས་ལ་དེ་ལྟར་སྦྱིན་པ་ལས་བྱུང་བའི་བསོད་ནམས་རྒྱ་ཆེན་པོ་མངོན་པར་འདུས་བྱས་ནས་ཀྱང་ལན་ནམ་
རྣམ་པར་སྨིན་པ་དོན་དུ་གཉེར་བར་འགྱུར་བ་མ་ཡིན་ཏེ། འདི་ནི་གོས་པ་མེད་པའི་བསམ་པའོ། །གལ་ཏེ་དེ་ལྟར་སྦྱིན་པའི་ཕུང་པོ་རྒྱ་ཆེ་བ་རབ་ཏུ་སྦྱོར་བའི་རྣམ་པར་སྨིན་པ་སེམས་ཅན་རྣམས་ཁོ་ནའི་ཡིན་པར་མངོན་པར་དགའ་བར་བྱེད་ཀྱི། བདག་ཉིད་ལ་མ་ཡིན་ཞིང་། སེམས་ཅན་ཐམས་ཅད་དང་ཐུན་མོང་
དུ་ཡང་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། འདི་ནི་དགེ་བའི་བསམ་པའོ། །གང་བྱང་ཆུབ་སེམས་དཔའ་ལུས་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པས། ཚེའི་ཚད་དེ་དང་མཉམ་པའི་བསྐལ་པར་རྒྱུན་དུ་ཡོ་བྱད་ཐམས་ཅད་ཀྱིས་ཕོངས་བཞིན་དུ་སྟོང་གསུམ་
གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བར་སྤྱོད་ལམ་རྣམ་པ་བཞི་བྱེད་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐད་ཅིག་མ་གཅིག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐད་ཅིག་མ་གཅིག་གི་བར་དུ་སྒོམ་པར་བྱེད་པས་མི་ངོམས་པ་ཁོ་ན་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པའི་བར་སྒོམ་པ་ལ་བསམ་པའོ། །སྒོམ་པ་བརྒྱུད་པ་དེ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་རྒྱུན་མི་གཅོད་པ་དེ་འདི་ནི་རྒྱ་ཆེ་བའི་བསམ་པའོ། །སྒོམ་པ་དེས་ཆེས་དགའ་བར་འགྱུར་གྱི། ཕན་གདགས་པར་བྱ་བཞིན་པའི་སེམས་ཅན་རྣམས་ནི་མ་ཡིན་པ་ཁོ་ནའོ་ཞེས་པ་འདི་ནི་དགའ་བའི་བསམ་
པའོ། །གང་རྣམས་ལ་ཕན་བཏགས་པའི་སེམས་ཅན་དེ་རྣམས་ལ་བྱང་ཆུབ་སེམས་དཔའ་ཤིན་ཏུ་ཕན་འདོགས་པ་པོར་བལྟའི་བདག་ཉིད་ནི་དེ་རྣམས་ལ་མ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉེ་བར་སྟོན་པ་རྒྱུར་བྱས་ནས་སོ་ཞེས་པ་འདི་ནི་ཕན་པར་བྱེད་པའི་བསམ་པའོ། །དེ་ལྟར་ཚུལ་ཁྲིམས་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་བར་གྱི་བསོད་ནམས་རྒྱ་ཆེན་པོ་མངོན་པར་འདུས་བྱས་ནས་ཀྱང་། ལན་ནམ་རྣམ་པར་སྨིན་པ་དོན་དུ་གཉེར་བར་འགྱུར་བ་མ་ཡིན་ནོ་ཞེས་པ་འདི་ནི་གོས་པ་མེད་པའི་བསམ་པའོ། །གང་དེ་ལྟ་བུའི་བསོད་ནམས་ཀྱི་ཕུང་པོ་རྣམ་

པར་སྨིན་པ་སེམས་ཅན་རྣམས་ཁོ་ནའི་ཡིན་པར་མངོན་པར་དགའ་བར་བྱེད་ཀྱི་བདག་ཉིད་ལ་མ་ཡིན་ཞིང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་ཡང་བྱེད་དོ་ཞེས་པ་འདི་ནི་དགེ་བའི་བསམ་པའོ། །སླར་ཡང་གསུངས་པ་སྐད་ཅིག་
གཅིག་གིས་ཏིང་ངེ་འཛིན་བརྒྱ་སོ་སོར་ཐོབ་ཅིང་སྙོམས་པར་འཇུག་གོ། །སངས་རྒྱས་བརྒྱ་མཐོང་ངོ་། །དེ་རྣམས་ཀྱི་བྱིན་གྱི་རླབས་ཀྱང་ཤེས་སོ། །འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་ཅིང་སྣང་བར་ཡང་བྱེད་དོ། །ཞིང་བརྒྱར་འགྲོ་བ་དང་སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་དོ། །བསྐལ་
པ་བརྒྱར་གནས་ཤིང་། སྔོན་དང་ཕྱི་མའི་མཐར་འཇུག་གོ། །ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་དོ། །ལུས་བརྒྱ་སྟོན་པར་བྱེད་དོ། །ལུས་དང་ལུས་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་དང་ལྡན་པར་སྟོན་པར་བྱེད་དོ་ཞེས་སོ། །འདིར་ཏིང་ངེ་འཛིན་གྱི་ལས་ནི་སངས་རྒྱས་མཐོང་བ་ལ་སོགས་
པའོ། །གཡོ་བར་བྱེད་པ་ནི་གདུལ་བྱ་རྣམས་འདུལ་བར་བྱེད་དོ། །འགྲོ་བ་དང་སྣང་བར་བྱེད་པ་དག་གིས་སོང་སྟེ་མཐོང་ནས་ཡོངས་སུ་སྨིན་པར་བྱེད་དོ། །འཇུག་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལས་སེམས་ཅན་རྣམས་ཀྱི་སྡིག་པ་དང་བྲལ་བའི་དབང་དུ་བྱས་ཏེ་ལས་ཀྱི་འགྲོ་བ་སྟོན་པར་བྱེད་
དོ། །རྣམ་པར་འབྱེད་དེ་རང་གི་བློ་ཡོངས་སུ་སྨིན་པར་བྱ་བའི་དོན་དུ། ཆོས་ཀྱི་རྣམ་གྲངས་རྣམས་ཀྱི་དོན་སེམས་སོ། །ཐམས་ཅད་དུ་བརྒྱ་སྨོས་པ་ནི་ངེས་པར་འབྱུང་བ་ཉིད་ཀྱིས་སོ། །ཐབས་ལ་མཁས་པ་ཉིད་ཀྱིས་ནི་གྲངས་ངེས་པ་མེད་པ་ལས་གྲངས་ངེས་པ་ཡང་ངོ་། །དེ་ཉིད་ཀྱི་ཕྱིར་འདིར་
མོས་པ་སྤྱོད་པའི་ས་ལ་ཡང་ཏིང་ངེ་འཛིན་གྲངས་མེད་པ་རྣམས་ཐོབ་པ་དང་། སངས་རྒྱས་ལ་སོགས་པ་རྣམས་མཐོང་བ་ལ་སོགས་པ་ཡང་གསུངས་སོ། །སངས་རྒྱས་གྲངས་མེད་པ་མཐོང་བ་ནི་ཚོགས་ཀྱི་སར་ཡང་སྟེ་འཕགས་པ་རྟག་པར་རབ་ཏུ་ངུ་བ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་རབ་ཏུ་དགའ་བའི་ས་ལ་
ཡང་ཏིང་ངེ་འཛིན་རྣམ་གྲངས་མེད་པ་ཉིད་ན་ཡང་རྨི་ལམ་གྱི་གནས་སྐབས་བཞིན་དུས་དེ་སྲིད་པར་སྣང་བའོ་ཞེས་པའི་ཆ་ནི་སེང་གེ་བཟང་པོའི་ལེགས་པའི་ཆ་ཡིན་ལ་གང་ཡང་རྟོགས་པའི་ཚུལ་གྱིས་བརྟན་པར་སོ་སོར་སྣང་བ་ཉིད་ན་དེ་རྣམས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐོབ་པར་བྱ་བ་སངས་རྒྱས་

ཉིད་དུ་དེའི་ཚེ་ཁོ་ནར་འགྱུར་རོ་ཞེས་པ་ནི་འགལ་བའི་ཕྱིར་བསམ་པ་དེ་ནི་ལེགས་པ་མ་ཡིན་ནོ། །གལ་ཏེ་ཐབས་ལ་མཁས་པས་ཐམས་ཅད་ཀྱི་ཚེ་ཏིང་ངེ་འཛིན་རྣམས་སོ་སོར་སྣང་བར་འགྱུར་མོད་དེ་ལྟ་ན་ཡང་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་དྲི་མ་རྣམས་ཀྱིས་ན་ཆེར་གསལ་བ་མེད་པ་ཉིད་ཀྱི་
ཕྱིར་དང་། ཤིན་དུ་རིང་བར་ཁྱབ་པ་མཆོག་ཏུ་གྱུར་པ་མེད་པ་ཉིད་ཀྱི་ཕྱིར་དེའི་ཚེ་ཁོ་ན་སངས་རྒྱས་ཉིད་དུ་ཐལ་བ་མེད་དོ། །དེ་ལྟར་དཔག་ཏུ་མེད་པའི་ཡོན་ཏན་གྱི་གཏེར་བྱང་ཆུབ་སེམས་དཔའ་དེ་ནི་ཕལ་ཆེར་འཛམ་བུའི་གླིང་གི་དབང་ཕྱུག་ཏུ་འགྱུར་ཞིང་། དབང་ཕྱུག་ཆེན་པོ་དབང་རབ་ཏུ་ཐོབ་ལ། ཆོས་རྗེས་སུ་བསྲུང་
ཞིང་གཏོང་བ་ཆེན་པོ་རྩོམ་པ་རྣམས་ཀྱིས་ཚིམ་པ་མེད་པའོ། །ལས་གང་ཅུང་ཟད་རྩོམ་པ་དེ་སྦྱིན་པའམ་སྙན་པར་སྨྲ་བའམ། དོན་སྤྱོད་པའམ་དོན་མཐུན་པ་ཉིད་ཀྱིས་ཏེ་སྐྱེ་བ་ཐམས་ཅད་དུའོ། །དེ་ལ་སྦྱིན་པ་ནི་ཕྱི་དང་ནང་གི་ཟང་ཟིང་སྦྱིན་པ་སྟེ། དེས་གདུལ་བྱ་རྣམས་ཆོས་སྒྲུབ་པར་རུང་བར་བསྐྱེད་
པའི་སྣོད་དུ་འགྱུར་རོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་ནི་སྙན་པར་སྨྲ་བའོ། །དོན་སྤྱོད་པ་ནི་ཆོས་ལ་ཡང་དག་པར་འགོད་པའོ། །དོན་མཐུན་པ་ནི་གང་ལ་ཕ་རོལ་ཡང་དག་པར་བཀོད་པ་དེ་ལ་རང་ཡང་རྗེས་སུ་འཇུག་པའོ་ཞེས་པ་བཞི་སེམས་ཅན་བསྡུ་བའི་ཐབས་རྣམས་སོ། །
བསྡུ་བ་དེ་ཡང་མོས་པ་སྤྱོད་པའི་སར་ཕལ་ཆེར་དོན་མེད་པའོ། །ས་བདུན་རྣམས་ལ་ཕལ་ཆེར་དོན་ཡོད་པའོ། །བརྒྱད་པ་ལ་སོགས་པའི་ས་རྣམས་ལ་རྣམ་པ་ཐམས་ཅད་དུ་དོན་ཡོད་པ་སྟེ་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་གདོན་མི་ཟ་བར་ཕུན་སུམ་ཚོགས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་
སྐྱེ་བ་ནི་རྣམ་པ་བཞི་སྟེ་ལས་ཀྱི་དབང་གིས་ནི་མོས་པ་སྤྱོད་པའི་ས་ལ་གནས་པ་རྣམས་ཀྱི་སྟེ། ལས་ཀྱི་དབང་གིས་མངོན་པར་འདོད་པའི་གནས་སུ་སྐྱེ་བའོ། །སྨོན་ལམ་གྱི་དབང་གིས་ནི་ས་ལ་བཞུགས་པ་རྣམས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་སྐྱེ་བ་ལ་དབང་བ་ཉིད་ཀྱིས་དུད་འགྲོ་ལ་
སོགས་པ་དམན་པའི་གནས་སུ་སྐྱེ་བ་གང་ཡིན་པའོ། །ཏིང་ངེ་འཛིན་གྱི་དབང་གིས་ནི་བསམ་གཏན་རྣམས་བཟློག་ནས་འདོད་པའི་ཁམས་སུ་སྐྱེ་བ་གང་ཡིན་པའོ། །དབང་འབྱོར་པའི་དབང་གིས་ནི་སྤྲུལ་པ་རྣམས་ཀྱིས་དགའ་ལྡན་གྱི་གནས་ལ་སོགས་པར་སྐྱེ་བ་ཀུན་དུ་སྟོན་པ་གང་ཡིན་པའོ་

ཞེས་པའོ། །གཞན་ཡང་གསུངས་པ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི། །སྲིད་པར་གནས་པའི་རྒྱུ་ཡིན་ཏེ། །དེ་ནི་གནས་པ་བྱེད་ཀྱང་བློ། །ཞེན་པ་རྗེས་སུ་སེམས་མ་ཡིན། །ཞེས་སོ། །དེར་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་ཆགས་པ་མེད་པར་སྤྱོད་ཅིང་། འདོད་པ་ལ་ཡོངས་སུ་ལོངས་སྤྱོད་པ་རྣམ་
པ་མང་པོར་སྟོན་པར་བྱེད་ཀྱང་དེ་ལ་ཆགས་པ་མེད་དོ། །འཇིག་རྟེན་པའི་ཕུན་སུམ་ཚོགས་པའི་ཡོ་བྱད་ཐམས་ཅད་སོགས་པར་བྱེད་ཅིང་དེ་ལ་ཡང་ཞེན་པ་མེད་པར་འགྱུར་རོ། །བདག་དང་བདག་གི་བར་འཛིན་པ་སྔོན་མ་ཅན་ཉིད་ཀྱིས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ནི་རྣམ་པར་སྨིན་པ་སྡུག་
བསྔལ་གྱི་རྒྱུ་ཁོ་ནར་འགྱུར་ལ་ཆོས་ཐམས་ཅད་སྒྱུ་མ་ལྟར་བསྒོམ་པས་ནི་སེམས་ཅན་གདུལ་བ་རྒྱུར་བྱས་ནས་ཉོན་མོངས་པ་ལ་དབང་བ་ཉིད་ཐོབ་པས་བསམ་པའི་ཁྱད་པར་ལས་སྒྱུ་མའི་སྐྱེས་བུ་བཞིན་དུ་འདོད་པ་ཡོངས་སུ་ལོངས་སྤྱོད་པ། རྒྱལ་བའི་སྲས་པོ་རྣམས་ལ་སྐྱོན་བྱེད་པ་མ་ཡིན་པས་སོ། །དེ་སྐད་དུ་ཡང་།
མདོ་སྡེ་རྒྱན་ལ་སོགས་པ་རྣམས་སུ་གསུངས་པ། བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས། །རྟག་ཏུ་འཁོར་ལོས་སྒྱུར་བར་ནི། །འགྱུར་ཞིང་སྐྱེ་བ་ཐམས་ཅད་དུ། །སེམས་ཅན་དོན་ནི་རབ་ཏུ་བྱེད། །ཐབས་ཆེན་ལྡན་པ་རྣམས་ལ་ནི། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བའང་
ཞི་བའི་བདག་ཉིད་དུའོ། །དེ་ཕྱིར་རྒྱལ་སྲས་བསམ་མི་ཁྱབ། །ཅེས་སོ། །ཡང་ན་འདི་འདོད་ན་ཁྱིམ་དང་ཆུང་མ་དང་ལོངས་སྤྱོད་ཐམས་ཅད་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང་སྤངས་ནས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་ངོ་། །ཇི་ལྟར་ཡང་འདི་འདི་ལ་འདི་ལྟར་རབ་ཏུ་
འབྱུང་བ་དེ་བཞིན་དུ་ས་གོང་མ་རྣམས་ལ་ཡང་ངོ་། །བྱང་ཆུབ་སེམས་དཔའ་རབ་ཏུ་འབྱུང་བ་ཡང་ཐོག་མ་ཁོ་ནར། མ་དང་ཕ་དང་བུ་དང་ཆུང་མ་ལ་སོགས་པ་ཡོངས་སུ་འཛིན་པའི་སྐྱོན་དེ་སྙེད་པས་ཡོངས་སུ་གྲོལ་བར་འགྱུར་རོ། །ཡོངས་སུ་གཟུང་བ་དེའི་དོན་དུ་ཞིང་ལས་དང་ཉོ་ཚོང་དང་རྒྱལ་པོའི་
སྐྱེས་བུ་བྱེད་པ་ལ་སོགས་པའི་ཉོན་མོངས་པས་ས་ཡོངས་སུ་དཀྲུགས་པའི་སྡུག་བསྔལ་ལས་ཀྱང་ངོ་། །མཐའ་གཅིག་ཏུ་ཚངས་པར་སྤྱོད་པ་ལུ་གུ་རྒྱུད་དུ་སྤྱོད་པར་ནུས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་ཤེས་པ་མྱུར་བར་འགྱུར་ཏེ། དགེ་བ་གང་དང་གང་ཁོ་ན་རྩོམ་པ་དེ་དང་

དེ་མཐར་ཕྱིན་པ་ཁོ་ནར་འགྱུར་རོ། །བརྟུལ་ཞུགས་ངེས་པ་ལ་གནས་པ་ཉིད་ཀྱི་ཕྱིར་ཐམས་ཅད་དུ་ཚིག་གཟུང་བར་འོས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཁྱིམ་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་པ་དེ་ལྟ་བུ་དང་མཐུན་པའི་ཆོས་རྣམས་ཀྱིས་ཁྱིམ་པ་དང་རབ་ཏུ་བྱུང་བ་དག་གི་ཁྱད་པར་རོ་ཞེས་
བྱང་ཆུབ་སེམས་དཔའི་སར་གསུངས་སོ། །དེ་ལྟ་བུ་ནི་སེམས་བསྐྱེད་པ་འདིའི་ཡོན་ཏན་རྣམས་སོ། །སྔར་གྱི་སེམས་བསྐྱེད་པའི་ཡོན་ཏན་ཅན་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་ནི་འདི་ལ་ཆེར་འབར་བ་དང་རིང་དུ་ཁྱབ་པའོ། །དེའི་གོང་ནི་སེམས་བསྐྱེད་པའི་ཡོན་ཏན་རྣམས་ནི་འཚམ་པ་མེད་པ་
རྣམས་སོ། །ཇི་སྐད་དུ། འཕགས་པ་ས་བཅུ་པར་གསུངས་པ། དེ་ཡན་ཆད་དུ་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་རྣམས་སྨོན་ལམ་ཁྱད་པར་ཅན་གྱིས་རྣམ་པར་འཕྲུལ་ཏེ། གཞན་ཡང་ལུས་སམ་འོད་དམ་རྫུ་འཕྲུལ་ལམ་སྤྱན་ནམ་སྤྱོད་ཡུལ་ལམ་དབྱངས་སམ་སྤྱོད་པའམ་བཀོད་པའམ་
བྱིན་གྱིས་བརླབས་པའམ་མོས་པའམ་མངོན་པར་འདུ་བྱེད་པ་རྣམས་ཀྱང་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་རྣམས་ཇི་སྙེད་པ་དེ་སྙེད་དུ་ཡང་བགྲང་བར་སླ་བ་མ་ཡིན་ནོ་ཞེས་སོ། །དེ་བཞིན་དུ་ས་སོ་སོ་ལ་ཆོས་ཀྱི་སྤྲིན་གྱི་བར་ལ་གསུངས་སོ། །དེ་ལ་སྤྱན་ནི་རྣམ་པ་ལྔའོ། །དབྱངས་ནི་སྤྲུལ་པའི་གསུང་ངོ་། །
བཀོད་པ་ནི་སྤྲུལ་པའོ། །བྱིན་གྱིས་བརླབས་པ་ནི་གང་གིས་ཕ་རོལ་བྱིན་གྱིས་རློབ་པའོ། །དེ་ནས་ཏིང་ངེ་འཛིན་གྱི་སྒོ་ལ་བརྟེན་ནས་མོས་པ་ཇི་ལྟ་བ་བཞིན་དུ་མཐུའི་བྱ་བའི་དོན་སྒྲུབ་པའོ། །ཤེས་རབ་ཀྱི་སྤྱན་གྱིས་བསྡུས་པའི་གཟུངས་ཀྱི་སྒོ་ལ་བརྟེན་ནས་ཆོས་སྟོན་པ་མངོན་པར་འདུ་བྱེད་པ་རྣམས་སོ། །དེ་ལྟ་
ན་ཡང་དེའི་ཡོན་ཏན་རྣམས་བག་ཙམ་བརྗོད་པར་བྱའོ། །དེ་ལ་སེམས་བསྐྱེད་པ་དྲུག་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རོ་ཧན་ལ་སོགས་པའི་རིན་པོ་ཆེའི་འབྱུང་གནས་ལྟ་བུ་སྟེ། ཡོན་ཏན་རིན་པོ་ཆེ་ཐམས་ཅད་དེ་ལས་འབྱུང་བའི་ཕྱིར་རོ། །དྲི་མ་མེད་པའི་ས་ཡང་སྟེ། གང་གི་ཕྱིར་འདི་ལ་ཚུལ་
ཁྲིམས་འཆལ་པའི་དྲི་མ་དང་བྲལ་བ་དེའི་ཕྱིར་དྲི་མ་མེད་པའོ། །དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱང་འདིའི་ལྷག་ཅིང་ཤིན་དུ་དག་པར་འགྱུར་ཏེ། སེམས་བསྐྱེད་པ་ལྔ་པས་རྩེན་པའི་བྱང་ཆུབ་སེམས་དཔའི་དེ་བཞིན་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བཅུ་རྣམས་ལས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་

འགྱུར་རོ། །ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕལ་ཆེས་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིན་པོ་ཆེ་སྣ་བདུན་དང་ལྡན་པ་སྟོབས་བཅུ་རུ་འགྱུར་རོ། །སེམས་ཅན་རྣམས་ཀྱི་ཚུལ་ཁྲིམས་འཆལ་པའི་དྲི་མ་བཟློག་པའི་ཆེད་དང་། དགེ་བ་ལ་བརྟེན་པ་རྣམས་དགེ་བ་བཅུའི་ལས་
ཀྱི་ལམ་རྣམས་ལ་དགོད་པའི་ཆེད་དུའོ། །སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་རྣམས་ཀྱང་འདི་ལ་སྣང་བར་འགྱུར་ཏེ། རྒྱ་ཆེན་པོ་མཐོང་བས་དང་། སྨོན་ལམ་གྱི་སྟོབས་ཀྱིས་སོ། །ཐབས་ལ་མཁས་པའི་སྟོབས་ཀྱིས་ན་སོ་སོར་སྣང་བ་འདི་ཡང་ངེས་པ་མེད་པ་སྟེ་གནས་སྐབས་སྔ་མ་རྣམས་
ལ་བཞིན་ནོ། །ངེས་པ་ལས་ནི་སྐད་ཅིག་གཅིག་གིས་ཏིང་ངེ་འཛིན་སྟོང་ཐོབ་པོ། །སངས་རྒྱས་སྟོང་མཐོང་ངོ་། །དེ་རྣམས་ཀྱི་བྱིན་རླབས་ཀྱང་ཤེས་སོ། །འཇིག་རྟེན་གྱི་ཁམས་སྟོང་གཡོ་བར་བྱེད་དོ། །སྣང་བར་བྱེད་དོ། །ཞིང་སྟོང་དུ་ཡང་བྱེད་དོ། །ཞིང་སྟོང་དུ་ཡང་འགྲོའོ། །སེམས་ཅན་སྟོང་
ཡོངས་སུ་སྨིན་པར་བྱེད་དོ། །བསྐལ་པ་སྟོང་དུ་གནས་ཤིང་། སྔོན་གྱི་མཐའ་དང་ཕྱི་མའི་མཐར་འཇུག་གོ། །ཆོས་ཀྱི་སྒོ་སྟོང་རྣམ་པར་འབྱེད་པའོ། །ལུས་སྟོང་སྟོན་པར་བྱེད་དོ། །ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་སྟོང་སྟོན་པར་བྱེད་དོ། །སྣང་བ་ལ་སོགས་པ་རྣམས་ཀྱི་གྲངས་
མ་ངེས་པ་དང་ངེས་པ་འདི་དག་ཀྱང་སེམས་བསྐྱེད་པ་གོང་མ་གོང་མ་རྣམས་ལ་ཡང་རིག་པར་བྱའོ། །དེ་བཞིན་དུ་སྤྱན་དང་མངོན་པར་ཤེས་པ་ལ་སོགས་པ་སེམས་བསྐྱེད་པ་སྔ་མའི་ཡོན་ཏན་རྣམས་འདི་དང་ཕྱི་མར་ཡང་ཐམས་ཅད་དུ་རྗེས་སུ་འཇུག་ཅིང་རབ་ཏུ་གྱུར་པ་ཤིན་དུ་དང་ཆེས་ལ་སོགས་
པ་ཐ་དད་པ་ཡང་ངོ་། །སེམས་བསྐྱེད་པ་བདུན་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རྒྱ་མཚོ་ཆེན་པོ་ལྟ་བུ་སྟེ། མི་འདོད་པ་ཐོག་ཏུ་བབ་པ་ཐམས་ཅད་ཀྱིས་མི་འཁྲུགས་པའི་ཕྱིར་རོ། །ས་འོད་བྱེད་པ་ཡང་སྟེ་གང་གི་ཕྱིར་འདི་ལ་ཏིང་ངེ་འཛིན་མ་ཉམས་པ་ལ་བརྟེན་པ་ཆོས་ཀྱི་སྣང་བ་ཆེན་པོ་
བྱེད་པས་སོ། །འདིར་བྱང་ཆུབ་སེམས་དཔའ་ཤིན་ཏུ་སོ་སོར་རྟོགས་པའི་ཤེས་པ་ཅན་ཏེ་ཕྱིར་ཡང་ཚད་མེད་པ་དམ་པའི་ཆོས་ཚོལ་བ་ལ་མངོན་པར་བརྩོན་པར་གནས་ཤིང་། ཉིན་དང་མཚན་དུ་ཆོས་ཉན་པ་དོན་དུ་གཉེར་བ་དང་། ཆོས་སྨྲ་བ་ལ་དཀའ་བ་བྱེད་པའི་འདུ་ཤེས་སུ་འགྱུར་རོ། །ཕྱིའམ་ནང་

གི་དངོས་པོ་གང་དེ་ལ་མི་སྦྱིན་པ་དེ་ཅུང་ཟད་ཀྱང་མེད་པ་དང་། བླ་མ་ལ་བསྙེན་བཀུར་བྱ་བ་གང་ཉམས་སུ་མི་ལེན་པ་དེ་ཅུང་ཟད་ཀྱང་མེད་པ་དང་། ལུས་ཀྱི་གནོད་པ་གང་མི་ལེན་པ་དེ་ཅུང་ཟད་ཀྱང་མེད་དོ། །རྟག་པར་རབ་ཏུ་སྦྱོར་བའི་རྒྱུ་ནི་ཆོས་ལ་གུས་པ་མཆོག་ཏུ་གྱུར་
པའོ། །དེ་ནི་ནོར་དང་རྒྱལ་སྲིད་དང་བདེ་འགྲོར་སྐྱེ་བ་དང་འཇིག་རྟེན་པའི་རྣམ་པར་དག་པ་དང་བདག་ཉིད་ཀྱི་ལུས་པས་ཀྱང་ཆོས་ཤིན་དུ་གཅེས་པར་བྱེད་དེ། དེ་ནི་ཆོས་ཀྱིས་ཤིན་དུ་དགའ་བར་འགྱུར་གྱི། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་། བརྒྱ་བྱིན་དང་། ཚངས་པ་ཉིད་མ་ཡིན་ལ་ཆོས་ཀྱི་
ཚིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བ་གཅིག་གི་དོན་དུ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་གང་བར་ཡང་ཚངས་པའི་འཇིག་རྟེན་གྱི་བར་ནས་ཀྱང་བདག་ཉིད་འདོར་བར་སྤྲོ་ན་མེའི་འོབས་ཐ་མལ་པར་
ལྟ་ཅི་སྨོས་ཏེ་འོན་ཀྱང་བདག་གིས་དམྱལ་བ་དང་ངན་འགྲོའི་སྡུག་བསྔལ་ཐམས་ཅད་རྒྱུན་དུ་གནས་པས་ཀྱང་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཙལ་བར་བྱ་ན་མིའི་སྡུག་བསྔལ་ལ་ཀུན་དུ་གནས་པས་ལྟ་ཅི་སྨོས་ཞེས་བརྩོན་འགྲུས་དྲག་པོ་རྩོམ་པས་ཇི་སྐད་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་དུ་སོ་སོར་
རྟོག་པའི་རང་བཞིན་ཅན་དུ་འགྱུར་ཏེ་ཆོས་དེ་རྣམས་ཐོས་ན་གཅིག་ཏུ་དབེན་པར་སོང་བས་འདི་ལྟར་དཔྱོད་དེ། ཆོས་དང་རྗེས་སུ་མཐུན་པའི་ཆོས་བསྒྲུབས་པས་སངས་རྒྱས་ཀྱི་ཆོས་འདི་རྣམས་ཁོང་དུ་ཆུད་པར་བྱའི། ངག་གི་ལས་ཡོངས་སུ་དག་པ་འབའ་ཞིག་གིས་མ་ཡིན་ནོ་ཞེས་འཕགས་པ་ས་བཅུ་པར་
གསུངས་སོ། །འདིར་ཆོས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པར་གྲོལ་བའི་ཆོས་སོ། །དེ་དང་རྗེས་སུ་མཐུན་པའི་ཆོས་ནི་རྗེས་སུ་མཐུན་པའི་ཆོས་ཏེ། ཆོས་དང་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་སྟོབས་དག་གིས་སངས་རྒྱས་ཀྱི་ཆོས་རྣམས་རིག་ནས་བསམ་གཏན་དང་གཟུགས་མེད་པའི་ཏིང་ངེ་འཛིན་
ལ་སྙོམས་པར་འཇུག་པ་དང་ཚད་མེན་པ་དང་མངོན་པར་ཤེས་པ་རྣམས་སྦྱོར་བ་ལས་ཐོབ་ཀྱི། མངོན་པར་དགའ་བ་ལ་གནས་པ་ཉིད་ཀྱིས་ནི་མ་ཡིན་ཏེ། དེ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །དེ་ལ་བསམ་གཏན་