Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 85

Văn bản gốc(Tây Tạng)

Trang 7 / 23 (50.000 ký tự/trang)
བོ་རྨོངས་པའི་དོགས་པ་བསལ་བར་བྱ་བའི་ཕྱིར། ཆོས་འགའ་ཞིག་ཡོངས་སུ་གཟུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ས་ལ་ཡང་སྟེ། ཐམས་ཅད་མངོན་པར་ཞེན་པ་ནི་འཆིང་
བ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །ཇི་སྐད་དུ་བཤད་པ་ལ་བསླབས་པ་ལ་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་སྐད་དུ། གཟུགས་ལ་སོགས་པ་ལ་སྐྱེ་བ་དང་། མེད་པ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་སློབ་པས། དེ་ལྟར་ཆོས་ཐམས་
ཅད་ལ་དམིགས་ན་ཆོས་ཀྱི་མཆོག་ཏུ་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང་། གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི། །རྣམ་པ་ཅན་ནི་ཆོས་ཀྱི་མཆོག །ཅེས་གསུངས་པ་ཡིན་ནོ། །དེ་ཁོ་ནར་ཆོས་ཐམས་ཅད་དམིགས་སུ་མེད་པར་རོ་གཅིག་པས་བྱང་ཆུབ་སེམས་དཔའི་ཐམས་

ཅད་མཁྱེན་པ་ཉིད་ཅེས་བྱ་བ་གང་ཡིན་ཞེས་ཟུར་གྱིས་འདྲི་བ་ནི་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། ངག་གི་མཐར་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་མེད་པར་ཇི་ལྟར་འགྱུར་ཞེས་བྱ་བ་ནི་ལྷག་མའོ། །
ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་པ་ཡི། །སྟེང་དུ་འཛེག་པར་བྱེད་པ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་བྱ་བའི་ཚུལ་གྱིས། གཙུག་ན་རིན་པོ་ཆེ་ལས་བཤད་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱིན་པ་ལ་སོགས་པའི་འཁོར་དང་བཅས་པ་ལ་གོམས་པར་བྱ་
བ་ཡིན་ནོ་སྙམ་པའི་བསམ་པ་དང་ལྡན་པས་ལན་གདབ་པའི་དོན་དུ་བརྗོད་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པའོ། །རང་སངས་རྒྱས་ཀྱི་དེ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་འདི་དང་ཕྱི་མའི་ཡོན་ཏན་དང་ལྡན་པ་བརྗོད་པར་བྱ་བ་ཡིན་པས།
ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་མདོར་བསྡུ་ན་འདིར་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་རྗེས་ཐོགས་ཉིད་ཀྱིས་མི་དམིགས་པའི་
ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་ཡིན་པར་ཤེས་པར་བྱའོ། །རབ་ཏུ་དབྱེ་བ་ལ་ནི་དེ་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པ་དང་། དེ་བཞིན་དུ་ཀུན་འབྱུང་བ་དང་།
འགོག་པ་དང་ལམ་རྣམས་ལ་ཡང་ཤེས་པར་བྱ་སྟེ། དེ་ལྟར་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་ནི་མཐོང་བའི་ལམ་མོ། །སེམས་ཀྱི་སྐད་ཅིག་ཀྱང་ཤེས་བྱ་ལ་ཤེས་པ་སྐྱེ་བ་ཡོངས་སུ་རྫོགས་པ་ཡིན་པར་གཟུང་ངོ་། །ཁ་ཅིག་ན་རེ། དེ་ལ་སྐད་ཅིག་བཅོ་ལྔ་ནི། མ་མཐོང་མཐོང་ཕྱིར་མཐོང་བའི་
ལམ། །ཞེས་ཟེར་བ་དེ་ནི་མི་རིགས་ཏེ། །འདི་ལྟར་སྦྱོར་བའི་ལམ་དུ་སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་པའི་ཆོས་ལ་སྔར་རྣམ་པར་དཔྱོད་པའི་དབང་དུ་བྱས་ནས་སྡུག་བསྔལ་གྱི་བདེན་པ་ལ་སོ་སོ་རང་ཉིད་སྡུག་བསྔལ་གྱི་བདེན་པ་མངོན་སུམ་དུ་ཉམས་སུ་མྱོང་བའི་ཤེས་པ་ཟག་པ་མེད་

པ་གང་གིས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ། །ཤེས་པ་གང་གིས་བཟོད་པའི་རྗེས་ཐོགས་ལ་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱའོ། །སྡུག་བསྔལ་ལ་
ཆོས་ཤེས་པའི་རྗེས་ཐོགས་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་ལ་འདི་ནི་འཕགས་པའི་ཆོས་རྣམས་ཀྱི་རྗེས་སུ་འགྲོ་བ་ཡིན་ནོ་ཞེས་སོ་སོ་རང་གིས་མངོན་སུམ་དུ་ཉམས་སུ་མྱོང་བའི་ཤེས་པ་ཟག་པ་མེད་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ལ་
རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱའོ། །ཤེས་པ་གང་གིས་རྗེས་སུ་ཤེས་པའི་བཟོད་པ་དེ་ངེས་པར་འཛིན་པ་དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཞེས་བྱའོ། །དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ལ་ཡང་བཟོད་པ་དང་ཤེས་པ་དག་ཅི་རིགས་པར་ཤེས་པར་བྱ་སྟེ། སྐད་ཅིག་མ་བཅུ་
དྲུག་པོ་འདི་ཉིད་ནི་མཐོང་བའི་ལམ་ཡིན་པར་རིགས་ཏེ། སྐད་ཅིག་མ་བཅོ་ལྔ་ཉིད་ཡིན་ན་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ངེས་པར་འཛིན་པར་མི་འགྱུར་རོ། །མ་མཐོང་བ་མེད་པས་ཐ་མ་ལམ་རྗེས་སུ་ཤེས་པའི་སྐད་ཅིག་མ་ནི་མཐོང་བའི་ལམ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་བ་ཡིན་ན་
སྡུག་བསྔལ་ལ་སོགས་པའི་བདེན་པ་གསུམ་ལ་ཡང་སྔོན་མེད་པའི་མཐོང་བ་མ་ཚང་བས་རྗེས་སུ་ཤེས་པའི་སྐད་ཅིག་མ་མཐོང་བའི་ལམ་མ་ཡིན་པའི་ཕྱིར་སྐད་ཅིག་མ་བཅུ་གཉིས་ཁོ་ནར་འགྱུར་ན། དེ་ལྟར་ནི་ཁས་མ་བླངས་པས་འདི་ནི་གྱི་ནའོ། །དེ་སྐད་དུ་ཡང་། བདེན་དང་བདེན་ལ་བཟོད་
པ་དང་། །ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པས་ནི་གཟུང་བ་རྟོགས་ལ། རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པས་ནི་འཛིན་
པ་རྟོགས་པ་ཡིན་ནོ། །བཟོད་པ་དང་ཤེས་པ་ཐམས་ཅད་ལ་རྣལ་འབྱོར་པ་མཚན་མ་མེད་པའི་མཚན་མས་གནས་པར་རིག་པར་བྱའོ། །ཁ་ཅིག་ན་རེ་རྒྱུ་མ་ཚང་བ་མེད་པར་སྤང་མི་ནུས་པའི་ཕྱིར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་དུས་སུ་ཀུན་འབྱུང་སྤོང་ངོ་། །དེ་ཉིད་ཀྱིས་ན་འགོག་པ་མངོན་དུ་བྱེད་དོ། །

དེ་ཡང་གཞན་དུ་མི་འཐད་པས་ལམ་བསྒོམས་སོ། །ཀུན་འབྱུང་ལ་སོགས་པ་ལ་ཡང་དེ་བཞིན་ཏེ། དེ་ལྟར་འབྲས་བུའི་མངོན་པར་རྟོགས་པ་ལ་ལྟོས་ནས་ཐེག་པ་ཆེན་པོའི་མཐོང་བའི་ལམ་ལ་མངོན་པར་རྟོགས་པ་སྐད་ཅིག་མ་གཅིག་ཡིན་ནོ། །བདེན་པ་རེ་རེ་ལ་ཡང་ཕྱིན་ཅི་ལོག་
པ་རྣམ་པར་བསལ་བས་སོ་སོར་རྟོག་པའི་མངོན་པར་རྟོགས་པའི་ལམ་སྐད་ཅིག་མ་བཅུ་དྲུག་ཁོ་ནས་མངོན་པར་ཤེས་པར་བྱེད་པས་དེས་ན་ཞུགས་པ་ལ་སོགས་པའི་རྣམ་པར་གཞག་པ་ལེགས་པར་གནས་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ལ་འཇིག་ཚོགས་ལ་སོགས་པའི་ལྟ་བའི་ཚོགས་དང་འདོད་
ཆགས་ལ་སོགས་པའི་ཉོན་མོངས་པའི་ཚོགས་ནི་དངོས་པོ་རྣམས་ཡང་དག་པར་ཁས་ལེན་པའི་ཕྱིན་ཅི་ལོག་གིས་ཀུན་ནས་བླང་བ་ཡིན་ལ། གྲོལ་བ་ནི་དམིགས་སུ་མེད་པར་མཐོང་བ་ལས་ཡིན་པའི་ཕྱིར་དེའི་ཡོངས་སུ་སྦྱོར་བར་གྱུར་པ་ཉིད་ཀྱིས་སྒོམ་པ་ལྷག་མ་རྣམས་དེའི་དོན་དུ་ཡིན་ནོ་ཞེས་ཇི་སྐད་
དུ་བཤད་པའི་ཚུལ་དུ་ཆོས་ཐམས་ཅད་དངོས་པོ་མེད་པའམ་སྟོང་པ་ཞེས་སྒོམ་པར་བྱེད་པ་རྣམས་ཀྱི་སྒོམ་པ་ཡོངས་སུ་རྫོགས་པ་ན། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་བྱ་བའི་ཚུལ་
གྱིས་རྣམ་པ་ཐམས་ཅད་ཀྱི་རང་གི་ངོ་བོ་རྟོགས་པར་བྱེད་པའི་ཤེས་པ་ཟག་པ་མེད་པ་ཆོས་ཐམས་ཅད་ཀྱི་ཡུལ་ཅན་སྐྱེ་བར་འགྱུར་རོ། །དེ་བས་ན་སོ་སོར་རྟོག་པའི་མངོན་པར་རྟོག་པ་ལས་མཐོང་བའི་ལམ་གྱི་མངོན་པར་རྟོགས་པ་ནི་སྐད་ཅིག་མ་གཅིག་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་ན་ནི་སྐད་ཅིག་མ་གཅིག་
ཁོ་ན་ལ་རྣམ་པ་ཐམས་ཅད་རྟོགས་པའི་ཕྱིར་རྣམ་པ་གཞན་དག་གིས་མཐོང་བའི་ལམ་ལ་སྒོམ་པ་གཞན་པ་མི་འཐད་པའི་ཕྱིར་ཞུགས་པ་ཉིད་ལ་སོགས་པའི་གནས་སྐབས་སུ་ཇི་ལྟར་འགྱུར་ཞེས་ངེས་པར་འབྱུང་བའི་ལམ་ལེགས་པའི་རྗེས་སུ་འབྲང་བ་རྣམས་འདོད་དོ། །གཟུགས་ཆོས་མཐུན་པ་མཐོང་
བ་ལས། །ཉ་ཕྱིས་ལས་དངུལ་རྣམ་པ་ལྟར། །གལ་ཏེ་འཁྲུལ་པའི་རྒྱུ་མཚན་ཕྱིར། །ཡོན་ཏན་གཞན་སྦྱོར་མི་བྱེད་ན། །དེ་ལྟར་གྱུར་པ་ཞིག་ན། གང་གི་ཚེ་འཁྲུལ་པའི་རྒྱུ་མཚན་འགའ་ཞིག་ལས་སྒྲོ་བཏགས་པའི་རྣམ་པ་གཞན་དག་ཡོད་པའི་ཕྱིར། དེ་ཕྱིན་ཅི་ལོག་ལས་བྱུང་བའི་ཉོན་

མོངས་པ་དང་བཅས་པ་དྲུངས་ནས་དབྱུང་བའི་ཕྱིར་རྣམ་པ་གཞན་དག་གིས་སྒོམ་པ་གཞན་ཡང་ཡོད་པས་བརྒྱད་པ་ལ་སོགས་པའི་གནས་སྐབས་ལེགས་པར་གནས་པ་ཡིན་ནོ། །དགོངས་པ་འདི་ཉིད་ཀྱིས་ན་རིགས་པའི་སྟོབས་ཀྱིས་མཐོང་བའི་ལམ་གྱི་མངོན་པར་རྟོགས་པ་སྐད་ཅིག་མ་གཅིག་
ཡིན་ཡང་མངོན་པར་རྟོགས་པ་སྐད་ཅིག་མ་བཅུ་དྲུག་ཉིད་དུ་བཤད་པ་ཡིན་ནོ། །དེ་བས་ན་རྣམ་པར་ཤེས་པས་རང་གི་ངོ་བོའི་རྣམ་པ་ཐམས་ཅད་དུ་བཟུང་བ་ཉིད་ཡིན་ན་ཡང་། ཆ་གང་ལ་གོམས་པ་གསལ་བར་གྱུར་པ་ལ་སོགས་པས་སྒྲོ་བཏགས་པའི་རྣམ་པ་ངེས་པར་སེལ་ནུས་པ་དེ་ཉིད་ལ་དེའི་གེགས་
སུ་གྱུར་པའི་སྒྲིབ་པ་སེལ་བས་དེ་ཚད་མ་ཡིན་གྱི། གཞན་དུ་ནི་མ་ཡིན་ཏེ། སྐད་ཅིག་མ་ཉིད་ལ་སོགས་པ་དང་འདྲའོ། །དེ་ལྟར་ན་འཕགས་པ་རྣམས་སོ་སོའི་སྐྱེ་བོ་རྣམས་ལས་ཁྱད་པར་ཅི་ཞིག་ཡོད་ཅེས་ཀྱང་བརྗོད་པར་མི་བྱ་སྟེ། རྣམ་པ་ཙམ་ཞིག་བསལ་བས། དེ་དག་གི་ཤེས་པ་འཁྲུལ་པའི་རྒྱུ་
མཚན་དང་བྲལ་བར་འགྱུར་བ་དེ་ཙམ་གྱིས་དེ་དག་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། ཤིན་ཏུ་སྤྲོས་པས་ཆོག་གོ་ཞེས་བྱ་བ་ནི། གང་གིས་བསྟན་པ་ལས་རྟོགས་པར་བྱ་ཞིང་བསྒོམ་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཉིད་ཀྱིས་ཞར་ལ་འོངས་པའི་ཚིག་གི་
དོན་ངེས་པར་བརྟགས་པ་ལ་སོགས་པའི་སྒོ་ནས་འགའ་ཞིག་ཀྱང་ལ་ལར་སྟོན་པ་ཡོད་མོད་ཀྱི། འོན་ཀྱང་གཙོ་ཆེར་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་འཕགས་པ་རབ་འབྱོར་ཁོ་ན་བྱིན་གྱིས་བརླབས་པ་ཡིན་ནོ་སྙམ་པའི་བསམ་པ་དང་ལྡན་པས། ཀཽ་ཤི་ཀ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལེའུ་ལས་ཞེས་བྱ་བ་ནི་རབ་འབྱོར་གྱིས་བསྟན་པ་ལས་སོ། །དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཉིད་ཡིན་པ་བརྗེད་པ་ཉིད་ཀྱིས་འཕགས་པ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་དུ་ན་འཕགས་པ་རབ་འབྱོར་
གྱིས་ནུས་པ་སྔ་མ་བཞིན་དུ་མ་མཐོང་བས་སྨྲས་པ་ནི། ཀཽ་ཤི་ཀ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ལ་གུས་པ་སྐྱེད་པ་དང་བདག་ཉིད་ང་རྒྱལ་མེད་པ་གསལ་བར་བྱ་བའི་ཕྱིར། ཀཽ་ཤི་ཀ་གང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །དེ་ནི་རྣམ་པར་བཤད་པས་མཐོང་བའི་

ལམ་བསྟན་པར་བྱ་བའི་ཕྱིར། ཀཽ་ཤི་ཀ་གང་ཡང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་བཤད་པས་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པའོ། །རྟེན་ཅིང་འབྲེལ་འབྱུང་གང་
ཡིན་པ། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་བྱ་བའི་ཚུལ་གྱིས་ན་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ནི་གཟུགས་ལ་སོགས་པའི་སྒྲས་བཤད་དོ། །རྟེན་དུ་གྱུར་པ་ཡིན་ཡང་བརྗོད་པར་འདོད་པའི་གཞན་དབང་གིས་ལྔ་པར་གྱུར་པ་ཡིན་ནོ། །དེ་བས་ན་དོན་ནི་འདི་ཡིན་ཏེ། རྟེན་དུ་གྱུར་པའི་གཟུགས་ལ་སོགས་པའི་དེ་
བཞིན་ཉིད་ལ་བརྟེན་པའི་ངོ་བོར་དེ་བཞིན་གཤེགས་པ་བཙལ་བར་མི་བྱ་ཞིང་གཞན་དག་ཏུ་ཡང་མ་ཡིན་ནོ། །འདི་ནི་ཉེ་བར་མཚོན་པ་ཙམ་ཡིན་པའི་ཕྱིར་འདི་ལྟར་ཡང་ཤེས་པར་བྱ་སྟེ། དེ་བཞིན་གཤེགས་པ་ལ་གཟུགས་ལ་སོགས་པའི་དེ་བཞིན་ཉིད་མ་ཡིན་ལ་གཞན་དུ་ཡང་མ་ཡིན་ནོ་ཞེས་སོ། །
འདི་ནི་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་གསལ་བ་ཁོ་ནར་གསུངས་ཏེ། ཀཽ་ཤི་ཀ་གཟུགས་དེ་བཞིན་ཉིད་ལ་དེ་བཞིན་གཤེགས་པ་མི་དམིགས་སོ། །དེ་བཞིན་གཤེགས་པ་ལ་ཡང་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་སོ། །གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་ན་ཡང་དེ་བཞིན་གཤེགས་པ་མི་
དམིགས་སོ། །དེ་བཞིན་གཤེགས་པ་ལས་གཞན་ན་ཡང་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པའོ། །དེ་གཉིས་ལས་མ་གཏོགས་པའི་ཆོས་གཞན་མེད་པས་གཟུགས་ལ་སོགས་པ་དང་གཞན་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་བཙལ་བར་མི་བྱ་སྙམ་པའི་དོགས་པ་དེ་
ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་བརྗོད་པ་ནི། ཀཽ་ཤི་ཀ་ཞེས་བྱ་བ་ལ་སོགས་པའོ། །འདིར་ངག་གི་དོན་ནི་འདི་ཡིན་ཏེ། གཟུགས་ལ་སོགས་པ་ཡང་དག་པ་ཉིད་དུ་རྟེན་དུ་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་མ་ཡིན་ཏེ། ཕྱིན་ཅི་ལོག་ཡིན་པའི་ཕྱིར་རོ། །དེ་བས་ན་གཟུགས་ལ་
སོགས་པ་རྣམ་པར་དག་པའི་རྟེན་གྱི་བདག་ཉིད་ཅན་ནི་ཤིན་ཏུ་རྣམ་པར་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཁྱད་པར་དུ་འཕགས་པ་མ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བར་མི་བྱ་ཞིང་། དེ་ལས་ལྡོག་པའི་ཆོས་གཞན་དེ་ཁོ་ན་ལྟར་ཕྱིན་ཅི་ལོག་ཡིན་པའི་

ཕྱིར་གཞན་དུ་ཡང་མ་ཡིན་གྱི། འོན་ཀྱང་གཟུགས་ལ་སོགས་པ་རྣམས་དོན་ཇི་ལྟ་བ་བཞིན་མ་ཡིན་པར་ཁོང་དུ་ཆུད་པ་ཉིད་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་བས་ན་འདི་སྐད་དུ་གཟུགས་ལ་སོགས་པའི་དེ་བཞིན་ཉིད་དང་སངས་རྒྱས་དག་དོན་དམ་པར་རང་བཞིན་གཅིག་པ་ཉིད་ཀྱིས་རྟེན་དང་བརྟེན་པའི་དངོས་པོར་
མེད་པ་དེའི་ཕྱིར་དེ་དག་ཕན་ཚུན་རྣམ་གྲངས་ཀྱི་གནས་པར་རྗེས་སུ་མ་རྟོགས་སོ་ཞེས། དེ་ལྟར་ཆོས་ཐམས་ཅད་ལ་དམིགས་པ་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །རྣམ་པ་གཅིག་ཐོས་པས་མགོ་སྨོས་པས་གོ་བ་ཡིན་པའི་ཕྱིར་སྡུག་བསྔལ་ལ་ཆོས་ཤེས་
པ་ལ་སོགས་པ་སྐད་ཅིག་མ་བཞིའི་རྣམ་པ་བསྟན་པའི་ཕྱིར་བརྗོད་པ་ནི། འཕགས་པ་རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའོ། །ཡང་དག་པར་བསྟན་པས་རྗེས་སུ་འདོད་པའི་དོན་དུ་སྨྲས་པ་ནི། དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པའོ། །དེ་དང་དེ་མིན་རང་བཞིན་ཅན། །དེ་དེ་མིན་དངོས་
རྒྱུ་ལས་སྐྱེས། །ཞེས་བྱ་བའི་རིགས་པས་གཟུགས་ལ་སོགས་པའི་རྒྱུ་གང་ཡིན་པ་ཆེན་པོ་ཉིད་ལ་སོགས་པར་མི་འཐད་ན་དམིགས་པ་དེ་ལས་སྐྱེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་ཆེན་པོ་ཉིད་ལ་སོགས་པར་ཇི་ལྟར་འགྱུར་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་
སྨྲས་པ་ནི། ཀཽ་ཤི་ཀ་ཞེས་བྱ་བ་ལ་སོགས་པའོ། །དེ་ཁོ་ན་ཉིད་དུ་ན་སྐྱེ་བ་དང་གནས་པ་དང་འཇིག་པ་མེད་པའི་ཕྱིར་གཟུགས་ལ་སོགས་པ་ནི་ཆེན་པོ་ཉིད་དོ། །རྣམ་པར་འགྱུར་བའི་མཚན་ཉིད་ཅན་གྱི་གཟུགས་ལ་སོགས་པ་མེད་པ་ཉིད་ཀྱིས་ན་ཡོངས་སུ་གཅོད་པར་བྱེད་པའི་ཚད་མས་དམིགས་སུ་མེད་པའི་
ཕྱིར་ཚད་མ་མེད་པ་ཉིད་དོ། །གཟུགས་ཅན་རྣམས་ལ་ནི་རྡུལ་ཕྲ་རབ་ཀྱི་བར་གྱི་དབྱིབས་ཚད་ཡིན་ལ་གཟུགས་ཅན་མ་ཡིན་པ་ལ་ནི་མཚན་ཉིད་ཚད་ཡིན་ནོ། །གཟུགས་ལ་སོགས་པ་རྣམས་ཀྱི་དེ་ནམ་མཁའ་ལྟར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ན་དམིགས་པའི་ཕྱིར་ཚད་མེད་པ་ཉིད་དོ། །སྒྱུ་མ་དང་འདྲ་བ་ཉིད་ཀྱིས་ན་གཟུགས་
ལ་སོགས་པ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མེད་པའི་ཕྱིར་མཐའ་ཡས་པ་ཉིད་དོ། །རྒྱུ་ཆེ་བ་ཉིད་ཀྱིས་འབྲས་བུ་ཆེ་བ་ཉིད་ལ་སོགས་པ་བསྟན་ནས། དེ་ལ་ཡང་མངོན་པར་ཞེན་པ་བསྟན་པ་ནི་འཆིང་བ་ཡིན་པས་ཀཽ་ཤི་ཀ་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མངོན་པར་ཆགས་པར་མི་བྱེད་དོ་ཞེས་བྱ་

བ་ནི་ཀུན་ལ་སྦྱར་བར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། ཀཽ་ཤི་ཀ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ་གཟུགས་ལ་སོགས་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པས་ཆེན་པོ་ཉིད་དང་དེ་བཞིན་དུ་དེ་རྣམས་ཚད་མ་མེད་པ་ཉིད་དང་། སྔ་མ་བཞིན་དུ་
ནམ་མཁའ་ཚད་ལྟར་མེད་པ་ཉིད་ཀྱིས་ན་དེ་རྣམས་མེད་པ་ཉིད་དང་། གཟུགས་ལ་སོགས་པ་ལ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རྟག་པ་དང་ཆད་པའི་མཐའ་གཉིས་ལ་སོགས་པ་མེད་པས་མཐའ་ལས་འདས་པ་ཉིད་དོ་ཞེས་དེ་ལྟར་ཆོས་ཐམས་ཅད་ལ་དམིགས་པ་ན། གོ་རིམས་བཞིན་དུ་སྡུག་བསྔལ་
ལ་ཆོས་སུ་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་ཆོས་སུ་ཤེས་པ་དང་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །མཐའ་ཡས་པའི་དོན་ཁོ་ན་ཀུན་འབྱུང་གི་རྣམ་པ་བཞི་དགག་པའི་སྒོ་ནས་བསྟན་པ་ནི། ཀཽ་ཤི་ཀ་དམིགས་པ་མཐའ་ཡས་པའི་ཕྱིར་ཞེས་བྱ་བ་
ལ་སོགས་པ་ཡིན་ནོ། །མདོར་བསྟན་པའི་ངག་འདི་ཉིད་རྣམ་པར་དགྲོལ་བའི་དོན་དུ་བརྗོད་པ་ནི། ཀཽ་ཤི་ཀ་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པའོ། །ཐོག་མ་ནི་སྔོན་གྱི་མཐའ་སྟེ་རྒྱུའོ། །དབུས་ནི་ཡོད་པའི་དུས་སུའོ། །ཐ་མ་ནི་ཕྱི་མའི་མཐའ་སྟེ་འཇིག་པའོ། །དེ་བས་ན་ཞེས་བྱ་བ་ནི་ཐོག་མའི་
མཐའ་ལ་སོགས་པ་མེད་པའི་ཕྱིར་རོ། །ཉེ་བར་བསྡུ་བ་ནི་ཀཽ་ཤི་ཀ་རྣམ་གྲངས་འདིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྣམ་གྲངས་ནི་བསྟན་པའོ། །དེ་ལྟར་དང་པོའི་དམིགས་པ་མཐའ་ཡས་པ་ཉིད་ཀྱིས་རྒྱུའི་རྣམ་པ་བཀག་ནས་ཀུན་འབྱུང་བའི་རྣམ་པ་དགག་པར་བྱ་བའི་ཕྱིར་དམིགས་པ་
མཐའ་ཡས་པ་ཉིད་བརྗོད་པར་བྱ་བའི་དོན་དུ་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་བྲལ་བ་ཉིད་ཀྱིས་མཐའ་ཡས་པའོ། །ཡོད་པའི་དུས་ནི་མཐའ་གཉིས་སུ་གྱུར་པས་ཀུན་ནས་ཡོངས་སུ་བཅད་པའི་ཕྱིར་མུར་ཐུག་པ་ཡིན་ལ། དེ་མེད་པ་ནི་མུ་
མེད་པའོ། །དེ་ཉིད་བརྗོད་པ་ནི་དེ་རྣམས་ཀྱི་ཐོག་པའམ་ཞེས་བྱ་བ་ལ་སོགས་པའོ། །འབྲས་བུ་གང་ཞིག་གང་གི་ལྡོག་པ་དང་རྗེས་སུ་འགྲོ་བའི་རྗེས་སུ་བྱེད་པ་དེ་དེའི་རྒྱུ་ཡིན་པའི་ཕྱིར་སྔོན་གྱི་མཐའ་མཐོང་ལ། སྐད་ཅིག་མ་ཐ་མ་མཐོང་བ་རྣམས་ཀྱིས་ངེས་པའི་ཕྱིར་ཕྱི་མའི་མཐའ་ཡང་མཐོང་ཞིང་། ཡོད་པ་

ཉིད་དུ་ཤེས་པ་ཉིད་ཀྱིས་ན་དབུས་སུ་ནི་ཤིན་ཏུ་ཡོད་པ་མ་ཡིན་ནམ། ཐོག་མ་དང་དབུས་དང་ཐ་མ་དེ་ཅི་ལྟར་མི་དམིགས་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་སྨྲས་པ་ནི་གཟུགས་ཀྱི་ཞེས་བྱ་བ་ལ་སོགས་པའོ། །མི་དམིགས་སོ་ཞེས་བྱ་བ་ནི་རིག་པས་རྣམ་པ་དང་བཅས་པ་དང་རྣམ་པ་མེད་
པའི་ཤེས་པ་ཞེས་བྱ་བ་ནི་ལྷག་མའོ། །རྣམ་གྲངས་འདིས་ཀྱང་ཞེས་བྱ་བ་ནི་སྔར་གྱི་རྣམ་གྲངས་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་དམིགས་པ་མཐའ་ཡས་པ་རྣམ་པ་གཉིས་བསྟན་ནས། སེམས་ཅན་མཐའ་ཡས་པ་བརྗོད་པར་བྱ་བའི་ཕྱིར། སེམས་ཅན་མཐའ་ཡས་མུ་མེད་དོ་ཞེས་
བྱ་བ་སྨྲས་སོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་སྨྲས་པ་ནི། སེམས་ཅན་ཞེས་བྱ་བ་ལ་སོགས་པའོ། །འདིར་ཡང་སྔ་མ་བཞིན་དུ་ཁོང་ནས་དབྱུང་ངོ་། །སེམས་ཅན་མཐའ་ཡས་པ་དང་པོས་ནི་རབ་ཏུ་སྐྱེ་བའི་རྣམ་པ་བཀག་པས་བྱས་པ་ཡིན་ནོ། །ཐོག་མ་མེད་པ་ནས་
བསགས་པའི་དངོས་པོ་ལ་མངོན་པར་ཞེན་པས་ཇི་སྐད་དུ་བཤད་པའི་སེམས་ཅན་མཐའ་ཡས་པ་ཉིད་མ་རྟོགས་པ་རྣམས་ལ་སེམས་ཅན་མཐའ་ཡས་པ་གཉིས་པ་བསྟན་པའི་ཕྱིར་སྨྲས་པ་ནི། འཕགས་པ་རབ་འབྱོར་ཅི་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨྲས་པའོ། །ཅི་ལྟར་ཞེས་བྱ་བ་ནི་སྤོང་བ་སྟེ་སྔོན་
གྱི་མཐའ་ལ་སོགས་པ་མེད་པས། སེམས་ཅན་མཐའ་ཡས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གྲངས་ལ་སོགས་པ་དང་འབྲེལ་བའི་ཕྱིར་ཞེས་འདོད་དོ། །བསམ་པ་ཤེས་པ་ཉིད་ཀྱིས་སྨྲས་པ་ནི། ཀཽ་ཤི་ཀ་བགྲང་བ་ཞེས་བྱ་བ་ལ་སོགས་པའོ། །བགྲང་བ་
དང་མི་ལྡན་པའམ་ཞེས་བྱ་བ་ནི་གཅིག་ལ་སོགས་པའི་བགྲང་བ་དེ་དང་ལྷན་ཅིག་མི་ལྡན་པ་འབྲེལ་བའི་མ་ཡིན་པས་ན་བགྲང་བ་དང་མི་ལྡན་པ་ཞེས་ཡི་གེ་ཨ་ཁོང་ནས་གདོན་ཏེ། གྲངས་ལས་འདས་པ་ཉིད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །བགྲང་བ་མང་པོས་ཞེས་བྱ་བ་ནི། ཇི་ལྟར་ཚིག་དྲུག་ཅུར་ཕྱིན་པའི་
གྲངས་ལ་གྲངས་མེད་པ་ཞེས་བྱ་བ་དེ་བཞིན་དུ་མཐའ་མེད་པའི་གྲངས་དང་ལྡན་པས་གྲངས་མང་པོས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་དང་འཚམ་པའི་རྣམ་པ་གཉིས་ཀྱིས་ཀྱང་སེམས་ཅན་མཐའ་ཡས་པ་ཉིད་དུ་མ་གྱུར་ན། འོ་ན་རྣམ་པ་གང་གིས་འགྱུར་ཞེས་སྨྲས་པ་ནི། འཕགས་པ་རབ་འབྱོར་འོ་

ན་ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེའི་ཚིག་གིས་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱིས་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་རང་གི་ངོ་བོ་ཤེས་པས་སྨྲས་པ་ནི། འཕགས་
པ་རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའོ། །ཆོས་ནི་རང་གི་ངོ་བོ་ཉིད་འཛིན་པ་ཡིན་པའི་ཕྱིར་སེམས་ཅན་ཞེས་བྱ་བ་ནི་རང་གི་ངོ་བོ་འཛིན་པའི་ཆོས་ཀྱི་ཚིག་བླ་དགས་ནི་མ་ཡིན་ནོ། །དེ་ཁོ་ན་ཉིད་དུ་ན་རྒྱུ་དང་ལྡན་པའི་ཆོས་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡུལ་མེད་པ་ལ་དགག་པ་མེད་པའི་ཕྱིར་
ཆོས་མ་ཡིན་པའི་ཚིག་བླ་དགས་ཀྱང་མ་ཡིན་ནོ། །དེ་ལྟར་ན་སེམས་ཅན་ཞེས་བྱ་བར་ཇི་ལྟར་ཐ་སྙད་གྲགས་ཤེ་ན། མིང་དུ་བཏགས་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་གྱི་རྣམ་པ་བཀག་པ་ནི་གློ་བུར་དུ་བྱུང་བ་ལ་སོགས་པའི་ཚིག་བཞི་ཡིན་ནོ། །བཏགས་
པ་ཞེས་བྱ་བ་ནི་སྒྲོ་བཏགས་པ་སྟེ་ཀུན་རྫོབ་ཏུ་ཙམ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྒྱུ་ལ་སོགས་པ་བཀག་ན་བརྒྱ་ལ་རྒྱུ་མེད་པ་ཅན་གྱི་སེམས་ཅན་ཡོད་པ་ཉིད་དུ་གོ་བར་འགྱུར་བས་འདྲི་བའི་ཕྱིར་སྨྲས་པ་ནི། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པའོ། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་
པའི་མེད་པར་འགྱུར། །དངོས་པོ་རྣམས་ནི་རེས་འགའ་ཞིག །འབྱུང་བ་ལྟོས་པ་ལས་ཡིན་ནོ། །ཞེས་བྱ་བའི་རིགས་པས་མི་རྟག་པའི་དངོས་པོར་ཡོད་པར་སྣང་བས། འཕགས་པ་རབ་འབྱོར་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །ད་ནི་དེའི་ཚིག་མཐའ་ཡས་པ་ཉིད་ཀྱི་དོན་ལ་སྦྱོར་བའི་ཕྱིར་སྨྲས་པ་ནི་ཀཽ་
ཤི་ཀ་གང་ལ་ཞེས་བྱ་བ་ལ་སོགས་པའོ། །ཀུན་རྫོབ་ཙམ་གང་ལ་དེ་ཁོ་ན་ཉིད་ཀྱི་སེམས་ཅན་འགའ་ཡང་བསྟན་པ་མ་བྱས་པ་དེ་ལ་སེམས་ཅན་མཐའ་ལས་འདས་པ་དང་གྲངས་མེད་པ་ལ་སོགས་པ་འབྲེལ་བ་ཅི་ཞིག་ཡོད་དེ། བགྲང་བར་བྱ་བ་ཉིད་འགའ་ཡང་མེད་པའི་ཕྱིར་རོ་ཞེས་འདོད་པ་ཡིན་ནོ། །དེ་
ཉིད་བསྟན་པར་བྱ་བའི་ཕྱིར། ཀཽ་ཤི་ཀ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་ཞེས་བྱ་བའི་སྒྲ་ནི་དུས་ཉུང་ཟད་ཅིག་འབའ་ཞིག་ཏུ་མ་ཟད་ཀྱི་བསྐལ་པ་རྙེད་དུ་ཡང་ངོ་། །མཐའ་ལས་འདས་པ་རྣམ་པར་རིག་པར་བྱེད་པའི་དབྱངས་དང་ཞེས་བྱ་བ་ནི། སེམས་ཅན་གྱི་ཁམས་མཐའ་ཡས་པ་གོ་

བར་མཛད་པའི་སྒྲས་སོ། །གསུང་དབྱངས་ཟབ་མོས་ཞེས་བྱ་བ་ནི་དུས་རིང་པོར་རྗེས་སུ་འབྲེལ་བས་སོ། །ཚིག་འདི་གཉིས་ནི་དབྱངས་ཞེས་བྱ་བའི་ཁྱད་པར་ཡིན་ནོ། །དབྱངས་ཀྱང་རྐན་ལ་སོགས་པའི་བྱ་བ་ཡིན་པར་གཟུང་ངོ་། །དེ་ལ་ཞེས་བྱ་བ་ནི་ཀུན་རྫོབ་ཙམ་ལ་འམ། ཡང་ན་ཡོན་དུ་ཟིན་ཀྱང་ཞེས་བྱ་
བའི་ཐ་ཚིག་གོ། །བརྗོད་པར་འདོད་པའི་གཞན་དབང་ཕྱིར། །སྒྲ་རྣམས་གང་ནའང་ཡོད་ཡིན་མེད་མ་ཡིན། །དེ་ཡོད་པས་ནི་དོན་གྲུབ་ན། །ཐམས་ཅད་ཀྱིས་ནི་ཐམས་ཅད་འགྲུབ། །ཅེས་བྱ་བའི་བསམ་པ་དང་ལྡན་པས་འཕགས་པ་རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །སྒྲ་དངོས་པོ་ཇི་ལྟ་བ་བཞིན་
དུ་སྦྱོར་བའི་བརྗོད་པར་འདོད་པའི་གཞན་དབང་ཉིད་མ་གྲུབ་པས་ན་ཇི་ལྟར་ན་དེ་ལྟར་མ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་སྨྲས་པ་ནི། སེམས་ཅན་ཐོག་མ་ནས་ཞེས་བྱ་བ་ལ་སོགས་པའོ། །ཐོག་མ་ཁོ་ན་རྒྱུ་དང་འབྲེལ་པ་ལ་སོགས་པའི་ཉེས་པས་མ་གོས་པའི་ཐོག་མ་ནས་དག་
པའོ། །རྒྱུ་མེད་པ་ཅན་གྱི་རང་གི་ངོ་བོ་འཛིན་པའི་ཉེས་པ་དང་བྲལ་བའི་ཕྱིར་ཐོག་མ་ནས་ཡོངས་སུ་དག་པའོ། །འདི་སྐད་དུ་གང་གིས་བརྗོད་པར་འདོད་པའི་གཞན་དབང་ཉིད་མ་གྲུབ་པར་འགྱུར་བ། རྒྱུ་དང་བཅས་པ་དང་རྒྱུ་མེད་པ་སེམས་ཅན་མེད་པ་ཉིད་ཡིན་ན། སྒྲ་དངོས་པོ་ཇི་ལྟ་བ་བཞིན་དུ་སྦྱོར་བ་ཞེས་བྱ་
བ་ཅི་ལྟར་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །གཞན་དག་ནི་གཞན་དུ་འཆད་དེ། ཐ་སྙད་ཀྱི་དོན་དུ་བརྡར་བྱས་པ་ཡིན་ལ་ཞེན་པས་ནི་མ་ཡིན་ནོ། །ཐ་སྙད་ཀྱང་སྤྱིའི་མཚན་ཉིད་ནི་དངོས་པོ་མེད་པ་ཡིན་པའི་ཕྱིར་རང་གི་མཚན་ཉིད་དུ་ཞེན་པ་ལས་ཡིན་ནོ། །དེ་བས་ན་རང་གི་མཚན་ཉིད་གང་ལ་བརྡར་
བྱས་པ་དེས་ནི་ཐ་སྙད་དུ་བྱེད་པ་མ་ཡིན་ཏེ། དེ་ནི་དེའི་ཚེ་ཉེ་བར་རྗེས་སུ་སྦྱོར་བ་འགྲོ་བ་མེད་པའི་ཕྱིར་རོ། །དེས་ན་སྒྲས་བརྗོད་པར་བྱ་བའི་རྟོག་པའི་དྲི་མས་མ་གོས་པའི་ངོ་བོ་ཡིན་པས་ན་ཐོག་མ་ནས་དག་པ་ཉིད་དོ། །གང་གིས་ཐ་སྙད་དུ་བྱས་པ་དེ་ལ་ཡང་བརྡ་བྱས་པ་མ་ཡིན་ཏེ། དེ་ནི་སྔར་མ་མཐོང་བ་ཡིན་
པའི་ཕྱིར་རོ། །དེས་ན་དེ་བཞིན་དུ་ཉེས་པས་མ་གོས་པ་ཉིད་ཀྱིས་ན་ཐོག་མ་ནས་ཡོངས་སུ་དག་པ་ཉིད་དོ། །དེའི་ཕྱིར་ཐ་སྙད་ཀྱི་དོན་དུ་དངོས་པོ་ཇི་ལྟ་བར་སྒྲའི་སྦྱོར་བ་མི་སྲིད་པའི་ཕྱིར་སྨྲ་བར་འདོད་པའི་གཞན་དབང་ཉིད་མ་གྲུབ་པ་མ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་དེ་ལྟར་ན་དེ་ཁོ་ན་ཉིད་དུ་བརྗོད་བྱ་ཡིན་པ་ཉིད་

བཀག་པ་ཡིན་གྱི་དངོས་པོའི་རང་གི་ངོ་བོ་ནི་མ་ཡིན་ནོ། །དེའི་ཕྱིར་བརྗོད་པའི་ཀུན་རྫོབ་ཏུ་བགྲང་བ་ལ་སོགས་པ་དང་མི་ལྡན་པས་སེམས་ཅན་མཐའ་ལས་འདས་པར་བསྟན་པ་ཞེས་བྱ་བར་འགྱུར་རོ། །བརྒྱ་བྱིན་གྱི་བསམ་པ་ཉིད་དེ་ལྟར་བཤད་དོ་བརྗོད་པར་འགྱུར་རོ་ཞེས་བསམས་སོ། །རྣམ་
གྲངས་འདིས་ཀྱང་ཞེས་བྱ་བ་ནི་སྔར་བཤད་པའི་སེམས་ཅན་མཐའ་ལས་འདས་པ་ཉིད་ཀྱི་རྣམ་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་གཞན་ཡོད་པར་ངེས་པར་གཟུང་བ་མཇུག་བསྡུ་བའི་དོན་དུ་སྨྲས་པ་ནི། ཀཽ་ཤི་ཀ་དེ་ལྟར་ཡང་ཞེས་བྱ་བ་ལ་སོགས་པའོ། །ཡང་ཞེས་བྱ་བ་ནི་ངེས་པར་གཟུང་
བའོ། །སེམས་ཅན་མཐའ་ཡས་པ་གཉིས་པས་རྐྱེན་གྱི་རྣམ་པ་དགག་པར་བྱས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་འབྲས་བུ་མེད་པ་མ་ཡིན་ཞེས་སྨྲས་པ་ནི། དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས་ཞེས་བྱ་བ་ལ་སོགས་པའོ། །ཚངས་པ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་གཙོ་
བོའོ། །སྐྱེ་དགུའི་བདག་པོ་ནི་འཇིག་རྟེན་སྐྱོང་བའོ། །དྲང་སྲོང་ནི་སྣ་ཚོགས་བཤེས་གཉེན་ལ་སོགས་པའོ། །ཇི་སྐད་དུ་བརྗོད་པའི་བསྟན་པས་ཇི་ཙམ་དུ་གཟུང་བ་དང་འཛིན་པའི་བདག་མེད་པ་རྟོགས་པ་ན་ཆེད་ཀར་བརྗོད་པས་ཆེད་དུ་བརྗོད་པ་སྟེ། རྟོགས་པས་དགའ་བའི་ཆེད་དུ་བརྗོད་དོ་ཞེས་སྨྲས་པར་
གྱུར་ཏོ། །དེ་ཉིད་ནི་ཨེ་མའོ་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དགེ་བའི་བཤེས་གཉེན་དུ་གྱུར་པས་བརྒྱ་བྱིན་ལ་སོགས་པས་འཕགས་པ་རབ་འབྱོར་ལ་བསྟོད་པ་ནི། དེ་བཞིན་གཤེགས་པ་འབྱུང་བ་ཞེས་བྱ་བ་སོགས་པ་སྨོས་པ་ཡིན་ཏེ། འདི་ལས་འབྱུང་བ་འམ་འདིས་འབྱུང་བས་འབྱུང་
བ་སྟེ་མཐོང་བའི་ལམ་མོ། །ལེགས་པར་སྨྲས་པས་ཞེས་པ་ཉེས་པ་མེད་པར་སྨྲ་བ་ལྷུར་བྱེད་པས། འབྲེལ་པས་བརྗོད་ཅིང་། རང་གི་མཚན་ཉིད་ཀྱིས་བསྟན་ཏེ། སྤྱིའི་མཚན་ཉིད་ཀྱིས་བཤད་ལ། དེ་གཉི་གས་རྣམ་པར་གཞག་གོ་ཞེས་བྱ་བའོ། །དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་
ཀྱིས་ཀུན་འབྱུང་གི་སྐད་ཅིག་མ་གཉིས་པའི་རྣམ་པ་བསྒོམ་པར་གྱུར་ཏོ་ཞེས་སྨྲས་པ་ནི། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །ད་སླན་ཆད་ཅེས་བྱ་བ་ནི་དེང་ནས་བརྩམས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །འདི་དང་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཅན་དང་ངོ་། །མ་བྲལ་བ་ཞེས་

བྱ་བ་ནི་ཐོབ་པ་ལས་མ་ཉམས་པས་སོ། །གནས་པ་ནི་མ་རྟོགས་པའི་དོན་རྟོགས་པའི་ཚུལ་གྱིས་སོ། །དེ་བཞིན་གཤེགས་པ་ལགས་པར་འཛིན་ཏོ་ཞེས་བྱ་བ་ནི། ངེས་པ་ཁོ་ནར་དེ་བཞིན་གཤེགས་པའི་གོ་འཕང་འཐོབ་པ་ཡིན་ནོ་ཞེས་འདོད་པའོ། །འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
གནས་པ་ནི་དོན་དམ་པར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཉིད་དུ་ངེས་པར་བཟུང་བའོ་ཞེས་དེ་ལྟར་ཆོས་ཐམས་ཅད་ལ་དམིགས་ན་ཀུན་འབྱུང་བ་ལ་ཆོས་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔར་གྱུར་པའི་གནས་
སྐབས་སུ་སྔོན་དོན་འདི་སྐུ་ཉམས་སུ་བསྟར་བ་ཉིད་ཀྱིས་རྗེས་སུ་བཞེད་པས་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྔོན་སྐུ་ཉམས་སུ་བསྟར་བ་ཉིད་ནི་ལྷའི་བུ་དག་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྒྱལ་པོའི་ཕོ་བྲང་འཁོར་ནི་རྒྱལ་པོའི་བཞུགས་གནས་སོ། །
ཚོང་འདུས་ནི་སྲང་ངོ་། །བྲམ་ཟེའི་ཁྱེའུ་ཞེས་བྱ་བ་ནི་རིགས་ཀྱི་བུ་ཞེས་བྱ་བ་དང་འདྲ་བས་ན་སྤྱིར་བོད་པའི་ཚིག་གམ་དེའི་ཚེ་ན་བཅོམ་ལྡན་འདས་ཀྱི་མཚན་དེ་ལྟ་བུ་ཡིན་པའོ། །མ་འོངས་པའི་དུས་ནི་མ་འོངས་པའི་ཚེ་ནའོ། །བསྐལ་པ་གྲངས་མེད་པ་ན་ཞེས་བྱ་བ་ནི་གྲངས་ཀྱི་ཚིགས་དྲུག་ཅུར་ཕྱིན་པ་ལ་
གྲངས་མེད་པ་ཞེས་བྱ་སྟེ། གྲངས་དེས་བཅད་པའི་བསྐལ་པ་ལ་ཞེས་བྱ་བའི་ཐ་ཚིག་གོ། །སྟེན་པ་ཉིད་ཕུན་སུམ་ཚོགས་པའི་ཁྱད་པར་ནི་ཤཱཀྱ་ཐུབ་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཤཱཀྱའི་རིགས་སུ་སྐྱེ་བ་བཞེས་པའི་ཕྱིར་དང་། སྐུ་དང་གསུང་དང་ཐུགས་མི་དགེ་བ་རྣམས་ལས་རྣམ་པ་ཐམས་
ཅད་དུ་བསྡམས་པའི་བདག་ཉིད་ཅན་གྱི་ཐུབ་པ་དང་ལྡན་པས་ཤཱཀྱ་ཐུབ་པའོ། །ཐུབ་པ་དང་ལྡན་པའི་སྟོན་པ་ཕུན་སུམ་ཚོགས་པ་ཉིད་ཀྱི་བར་ཆད་བྱེད་པ་ལྷའི་བུའི་བདུད་བཅོམ་པར་སྟོན་ཏེ། །དང་པོར་དེ་བཅོམ་པས་སྟོན་པ་ཕུན་སུམ་ཚོགས་པ་ཉིད་བརྙེས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བའི་ཚིག་གསུམ་གྱིས་ནི་སྟོན་པ་ཉིད་ཕུན་སུམ་ཚོགས་པ་སྟོན་ཏོ། །སྟོན་པ་ཉིད་ཕུན་སུམ་ཚོགས་པ་དེ་ཡང་རྣམ་པ་གཉིས་ཏེ། གསུང་བ་པོ་ཉིད་ཀྱི་མཚན་ཉིད་དང་། ཐུགས་སུ་ཆུད་པ་པོ་ཉིད་ཀྱི་མཚན་ཉིད་དོ། །དེ་ལ་ཆོས་དེ་རྣམས་ཇི་ལྟར་གནས་པ་

དེ་བཞིན་དུ་གསུངས་པས་ན་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། འདིས་ནི་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་གསུང་བ་པོ་ཕུན་སུམ་ཚོགས་པ་སྟོན་ཏོ། །རྟོགས་པ་པོ་ཉིད་ཕུན་སུམ་ཚོགས་པའི་མཚན་ཉིད་ཀྱང་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པའི་
དབྱེ་བས་རྣམ་པ་གཉིས་སོ། །དེ་རྣམས་བཅོམ་པས་ན་དགྲ་བཅོམ་ཞེས་བྱ་བ་འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་གསུངས་སོ། །དགྲ་ཡང་དགེ་བའི་ཆོས་ཐམས་ཅད་འཇོམས་པའི་དོན་གྱིས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སོ། །སྤངས་པ་ཕུན་སུམ་ཚོགས་པ་འདི་
སྔར་བརྗོད་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་དེ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ཡང་དག་པར་ཏེ་ཕྱིན་ཅི་མ་ལོག་པར་ཀུན་ནས་ཆོས་རྣམས་ཐུགས་སུ་ཆུད་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་སྟེ། འདིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་གསུངས་པ་ཡིན་ཏེ། ཆོས་ཐམས་
ཅད་ཕྱིན་ཅི་མ་ལོག་པར་མཁྱེན་པའི་ཡེ་ཤེས་ཐུགས་སུ་ཆུད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པ་ཉིད་དང་། ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པས་ནི་བཅོམ་ལྡན་འདས་ཀྱི་སྟོན་པ་
ཕུན་སུམ་ཚོགས་པ་ཐུན་མོང་མ་ཡིན་པ་ཡོངས་སུ་རྫོགས་པར་བརྗོད་པ་ཡིན་ནོ། །འདི་ལྟར་ཉོན་མོངས་པ་ཐམས་ཅད་མ་སྤངས་པས་ན་ཕྱི་རོལ་པ་རྣམས་ལ་ནི་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་ཉིད་ཡོད་པ་མ་ཡིན་ཏེ། དེ་བས་ན་འདི་དག་ནི་ཡང་དག་པའི་སྟོན་པ་མ་ཡིན་ནོ། །ཉན་ཐོས་དང་
རང་སངས་རྒྱས་ནི་ཉོན་མོངས་པ་ཐམས་ཅད་སྤངས་པས་ཡང་དག་པའི་སྟོན་པ་ཡིན་དུ་ཟིན་ཀྱང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཁོང་དུ་མ་ཆུད་པའི་ཕྱིར་རྣམ་པ་ཐམས་ཅད་པའི་སྟོན་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཇི་སྐད་དུ་བཤད་པའི་ཚུལ་གྱིས་ཡང་དག་པའི་སྟོན་པ་དང་རྣམ་པ་ཐམས་ཅད་པའི་
སྟོན་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྟོན་པ་ཉིད་ཕུན་སུམ་ཚོགས་པ་དེ་གང་གིས་ཐོབ་པ་དེ་སྟོན་པ་ནི་རིག་པ་དང་རྐང་པར་ལྡན་པ་ཞེས་བྱ་བ་ཡིན་ནོ། །འདིས་ནི་སྟོན་པ་ཉིད་ཕུན་སུམ་ཚོགས་པ་འཐོབ་པའི་རྒྱུ་སྟོན་པ་ཡིན་ནོ། །དེ་ལ་རིག་པ་ནི་ཡང་དག་པའི་ལྟ་བའོ། །ཡང་དག་པའི་རྟོག་པ་ལ་སོགས་

པའི་ཡན་ལག་ལྷག་མ་རྣམས་ནི་རྐང་པ་སྟེ་གང་གི་ཕྱིར་ཡང་དག་པའི་ལྟ་བས་དེ་ཁོ་ན་ཉིད་གཟིགས་ནས་ཡང་དག་པའི་རྟོག་པ་ལ་སོགས་པ་ཞབས་སུ་གྱུར་པས་བཞུད་པ་ཡིན་གྱི། གཞན་དུ་ན་མ་མཐོང་བ་དང་རྐང་པ་མེད་པ་ནི་འགྲོ་བར་མི་ནུས་སོ་ཞེས་བྱ་བར་དགོངས་སོ། །དེ་གཉིས་དང་ལྡན་པ་ནི་
བཅས་པའོ། །ཡང་ན་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ནི་རིག་པའོ། །ལྷག་པའི་སེམས་དང་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི་རྐང་པ་སྟེ། ཤེས་རབ་ཀྱི་སྔོན་དུ་ཡོངས་སུ་སྦྱོང་བར་གྱུར་པ་ཉིད་ཀྱིས་རྐང་པ་ཡིན་ཏེ་འགྲོ་བར་བྱེད་པ་ཡིན་པས་སོ། །རིག་པ་སྔར་སྨོས་པ་ནི་དེ་ཡོངས་སུ་
དག་པས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཡོངས་སུ་དག་པའི་ཕྱིར་རོ། །ཤེས་རབ་དེ་མིག་དང་འདྲ་བ་དེས་གཟིགས་ཏེ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དེ་གཉིས་ཀྱིས་རྐང་པ་ལྟར་བཞུད་ན། བགྲོད་པར་བྱ་བའི་གནས་སུ་ཕྱིན་པ་ཡིན་པའི་ཕྱིར་རིག་པ་དང་རྐང་པའི་ཕྱིར་རིག་པ་དང་རྐང་པའི་སྒྲས་བསླབ་པ་
གསུམ་སྟོན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་རྣམ་པ་གཉིས་པོ་དེ་ཡང་ཅི་འདྲ་བ་ཞིག་ཡིན་པ་དེ་ནི་བདེ་བར་གཤེགས་པ་ཞེས་བྱ་བ་འདིས་བསྟན་ཏོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ་
གཟུགས་བཟང་པོ་ཞེས་བྱ་བ་དང་འདྲའོ། །ཡང་ན་སླར་མི་ལྡོག་པར་ལེགས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ་རིམས་ནད་ལེགས་པར་བྱང་བ་དང་འདྲའོ། །ཡང་ན་མ་ལུས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ་བུམ་པ་ལེགས་པར་གང་བ་དང་འདྲའོ། །དོན་གསུམ་པོ་
འདི་དག་ནི་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་དང་། སློབ་པ་དང་། མི་སློབ་པ་རྣམས་ལས་ཁྱད་པར་དུ་བྱ་བའི་དོན་དུ་ཡིན་ནོ། །འདི་ལྟར་ཕྱི་རོལ་གྱི་འདོད་ཆགས་དང་བྲལ་བ་རྣམས་ནི་བདག་ཏུ་ཕྱིན་ཅི་ལོག་པས་མཛེས་པར་འགྲོ་བ་མ་ཡིན་ནོ། །སློབ་པ་རྣམས་ནི་འཁོར་བར་ཡང་སྐྱེ་བ་ལེན་པས་
ལེགས་པར་འགྲོ་བ་མ་ཡིན་ནོ། །མི་སློབ་པ་རྣམས་ནི་ཡང་ཤེས་བྱ་ཐམས་ཅད་ལ་ཤེས་པའི་གེགས་ཡོད་པས་མ་ལུས་པར་འགྲོ་བ་མ་ཡིན་ནོ། །སྟོན་པ་ཉིད་ཕུན་སུམ་ཚོགས་པ་འདིའི་ཕྲིན་ལས་ནི་རྣམ་པ་གཉིས་ལས། དང་པོ་འཇིག་རྟེན་སྐལ་བ་དང་ལྡན་པ་དང་སྐལ་བ་མེད་པ་རྣམས་

ལ་གཟིགས་པའི་ཕྲིན་ལས་སྟོན་པ་ནི་འཇིག་རྟེན་རིག་པ་ཞེས་བྱ་བ་ཡིན་ཏེ། སྐལ་བ་དང་ལྡན་པ་དང་སྐལ་བ་མེད་པའི་འཇིག་རྟེན་ཡོངས་སུ་མཁྱེན་པའི་ཕྱིར་ན། འདི་ལ་འཇིག་རྟེན་རིག་པ་ཞེས་བརྗོད་དོ། །འདི་ལྟར་སྟོན་པ་བཅོམ་ལྡན་འདས་ནི་སངས་རྒྱས་ཀྱི་སྤྱན་
གྱིས་སུ་ནི་རྒུད་སུ་ནི་དར་ཞེས་བྱ་བའི་རྣམ་པས་ཉིན་ལན་གསུམ་མཚན་ལན་གསུམ་དུ་གཟིགས་པ་ཡིན་ནོ། །གཉིས་པ་སྐལ་བ་དང་ལྡན་པ་རྣམས་འདུལ་བའི་ཕྲིན་ལས་ནི་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱ་བ་ཡིན་ཏེ། སྐལ་བ་དང་ལྡན་པ་དང་སྐལ་བ་མེད་པའི་འཇིག་རྟེན་རྣམས་ལ་
གཟིགས་ནས་སྐྱེས་བུ་གང་ཁོ་ན་བཅོམ་ལྡན་འདས་གདུལ་བྱ་གདུལ་བར་འོས་པ་འམ་འདུལ་བར་ནུས་པ་སྐལ་བ་དང་ལྡན་པ་དེ་འདུལ་བར་མཛད་ཅིང་། དེ་རྣམས་ཀྱི་ཁ་ལོ་སྒྱུར་བར་གྱུར་པའི་ཕྱིར་རོ། །འདུལ་བ་ནི་འཁོར་ལོས་སྒྱུར་བར་གྱུར་པ་སྟེ་ལམ་མ་ཡིན་པ་ལས་བཟློག་ནས་ཡང་དག་པའི་
ལམ་ལ་འཇོག་པར་བྱེད་པ་ཉིད་དང་ཡོན་ཏན་གྱི་ཁྱད་པར་སྐྱེད་པ་ཉིད་ཀྱིས་ན་རྟ་ལ་སོགས་པའི་ཁ་ལོ་སྒྱུར་བ་དང་འདྲའོ། །བླ་ན་མེད་པ་སྨོས་པ་ནི་ཁ་ལོ་སྒྱུར་བ་ཁྱད་པར་དུ་བྱེད་པའི་དོན་ཏོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་ཤས་ཆེ་བ་འཕགས་པ་མཛེས་དགའ་བོ་དང་སོར་ཕྲེང་
དང་སྟེང་རྒྱས་འོད་སྲུང་དང་རྒྱལ་པོ་ཆེན་པོ་ཀ་པི་ན་ལ་སོགས་པ་གདུལ་བྱའི་སྐྱེ་བོ་ཁ་ཅིག་གདུལ་དཀའ་བ་ཡིན་ཡང་འདུལ་བར་མཛད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །སྐལ་བ་དང་ལྡན་པའི་ཕྲིན་ལས་དེ་ཡང་གང་ལ་གནས་པ་དེ་སྟོན་པ་ནི་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ཡིན་
ནོ། །བཅོམ་ལྡན་འདས་མཐོ་རིས་དང་ཐར་པའི་ལམ་སྟོན་པར་མཛད་པས་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ཡིན་མོད་ཀྱི། །དེ་ལྟ་ན་ཡང་གང་ལ་འཕགས་པའི་བདེན་པ་བསྟན་པ་དང་དགེ་སྦྱོང་གི་འབྲས་བུ་འཐོབ་པར་གདམས་པ་དེ་ལ་བཅོམ་ལྡན་འདས་ཀྱི་སྟོན་
པའི་ཕྲིན་ལས་དོན་ཇི་ལྟ་བ་བཞིན་དུ་སྟོན་པ་གཙོ་ཆེར་གནས་པ་ཡིན་ལ་དེའི་སྣོད་ཀྱང་ལྷ་དང་མི་རྣམས་ཡིན་པས་དེའི་ཕྱིར་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་གསུངས་པ་ཡིན་ནོ། །ཡོན་ཏན་གྱི་བདག་ཉིད་ཆེ་བ་འདི་དག་གང་ལ་མངའ་བ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བས་

རང་གི་ངོ་བོ་བསྟན་པ་ཡིན་ནོ། །དེ་ལ་དངོས་པོའི་དོན་མ་ལུས་པར་ཐུགས་སུ་ཆུད་པས་མཆོག་ཏུ་གྱུར་པའི་བློ་མངའ་བས་ན་སངས་རྒྱས་སོ། །རྣམ་པ་དགུས་བློ་མཆོག་ཏུ་གྱུར་པ་ཡིན་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ལྷུན་གྱིས་གྲུབ་པའི་ཡེ་ཤེས་དང་། བསྟན་མི་དགོས་པའི་
ཡེ་ཤེས་དང་། ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་ཡེ་ཤེས་དང་། ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པའི་ཡེ་ཤེས་དང་། སེམས་ཅན་གྱི་དོན་མཛད་པར་རྣམ་པ་ཐམས་ཅད་དུ་སྤྱོད་པ་དང་། ཐུགས་རྗེ་ཕུན་སུམ་ཚོགས་པ་དང་། མི་ཟད་པ་ཕུན་སུམ་
ཚོགས་པ་དང་། ཟླ་མེད་པ་ཉིད་ཕུན་སུམ་ཚོགས་པའོ། །དབང་ཕྱུག་ཕུན་སུམ་ཚོགས་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །ལྷའི་བུ་དེ་རྣམས་དེ་བཞིན་གཤེགས་པའི་མཐུས་ཀུན་འབྱུང་གི་སྐད་ཅིག་མ་གསུམ་པའི་རྣམ་པ་རྟོག་པར་གྱུར་ཏོ་ཞེས་བརྗོད་པ་ནི་བཅོམ་ལྡན་འདས་ཞེས་བྱ་
བ་ལ་སོགས་པའོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པའོ། །བར་དུ་ཞེས་བྱ་བའི་ཚིག་གིས་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་བསྡུས་པ་ཡིན་ནོ། །སྒྲུབ་པར་བྱེད་པ་དང་ཞེས་བྱ་བ་ནི་འཛིན་པ་དང་སྤོང་བ་མེད་པ་དག་གི་ཚུལ་གྱིས་སྐྱེད་པར་
བྱེད་པའོ། །རྗེས་སུ་འཛིན་པ་ཞེས་བྱ་བ་ནི་བར་དུ་གཅོད་པར་བྱེད་པའི་ཆོས་ཐམས་ཅད་ཀྱི་སྐབས་མི་འབྱེད་པའི་ཚུལ་གྱིས་ཉེ་བར་སྟོན་པར་བྱེད་པའོ། །དེ་ཡང་རྒྱལ་བའི་ཡུམ་བར་མ་ལས་བཅོམ་ལྡན་འདས་དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་ལེན་མི་འདོར་བའི་ཚུལ་གྱིས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐུན་པར་ཡོངས་སུ་འཛིན་པ་ནི་ངོ་མཚར་ཆེའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ངོ་མཚར་ཏོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ན་སྐྱེ་བ་མེད་པའི་ངོ་བོ་ཉིད་ཡིན་ན་ཡང་ཀུན་རྫོབ་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཡང་དག་པར་སྐྱེད་པ་ཡིན་པས་བྱིས་པའི་སྐྱེ་བོ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་པའི་ཕྱིར་རོ། །ཤིན་ཏུ་ངོ་མཚར་ཏོ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་འཕགས་པའོ། །འདི་སྐད་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི་ཆོས་ཀྱི་དབྱིངས་ཀྱི་

ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ལ་མི་ལེན་པ་དང་མི་འདོར་བར་བསྒོམ་པ་ལ་སོགས་པ་ཡིན་ནོ་ཞེས་ཆོས་ཐམས་ཅད་ལ་དམིགས་པས་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེ་བར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་
རྟོགས་པའི་རྒྱན་གྱི་སྣང་བ་ལས་བརྒྱ་བྱིན་གྱི་ལེའུ་སྟེ་གཉིས་པའོ།། །།ཀུན་འབྱུང་གི་སྐད་ཅིག་མ་བཞི་པའི་རྣམ་པ་བསྟན་པར་བྱ་བའི་ཕྱིར་སོ་སོ་རང་རིག་པ་ཉིད་ཀྱིས་ན་འདོད་པའི་ཁམས་ན་སྤྱོད་པ་ལ་སོགས་པའི་ལྷའི་བུ་ལ་ལ་ནི་དཔང་དུ་བཞག་ནས་ཁ་ཅིག་ལ་བཀའ་སྩལ་ཏོ་ཞེས་
གསུངས་པ་ནི་ལྷའི་བུ་དག་ཞེས་བྱ་བ་ལ་སོགས་པའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་བྱ་བའི་སྒྲ་ནི་མཆོད་པའི་ཚིག་གོ། །སྐྱེས་པ་དང་བུད་མེད་དག་ཉེ་བར་གཟུང་བ་ནི་མ་ནིང་དང་མཚན་གཉིས་པ་སྟོན་པ་ལ་སོགས་པ་རྣམས་ལ་རྟོགས་པ་མེད་པར་བསྟན་པ་ཡིན་ནོ། །རིགས་ཀྱི་
ཁྱད་པར་མ་སྨོས་པ་ནི་རིགས་བཞི་ཆར་རྣམ་པར་དག་པ་ཡིན་པར་ཤེས་པར་བྱེད་པའི་དོན་ཡིན་ནོ། །རིགས་སྨོས་པ་ནི་དམ་པའི་ཆོས་ལ་རིགས་ཕུན་སུམ་ཚོགས་པ་དབང་དུ་བྱ་བར་ཤེས་པར་བྱ་བའི་དོན་ཡིན་ནོ། །བུ་དང་བུ་མོ་སྨོས་པ་ནི་རབ་ཏུ་བྱུང་བའི་སྐྱེ་བོ་དང་རྗེས་སུ་མཐུན་པའི་ཚུལ་ཤེས་པར་
བྱ་བའི་དོན་ཡིན་ནོ། །ཡང་འམ་ཞེས་སྨོས་པ་ནི་སྐྱེས་ནས་མྱོང་བ་དང་ལན་གྲངས་གཞན་དུ་མྱོང་བའི་སྐལ་བ་ཅན་དག་ཉེས་པས་རིགས་ངན་པ་ཡིན་ཡང་འདིར་སྐལ་བ་དང་ལྡན་པའི་དབང་དུ་བྱ་བར་ཤེས་པར་བྱ་བའི་དོན་ཡིན་ནོ་ཞེས་འཕགས་པ་རྣམ་པར་གྲོལ་སྡེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་འདི་ཞེས་བྱ་བ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བདག་ཉིད་ཅན་ནོ། །དེ་ལ་བདུད་ཅེས་བྱ་བ་ནི་ལྷའི་བུའི་བདུད་འདོད་པའི་ལྷའོ། །བདུད་ཀྱི་རིགས་ཀྱི་ལྷ་ནི་དེའི་ཕྱོགས་བྱེད་པ་ལྷའི་བུ་རྣམས་སོ། །གླགས་ལྟ་བ་ཞེས་བྱ་བ་ནི་བྱུང་ཟིན་པའི་གླགས་ལྟ་བའོ། །གླགས་ཚོལ་བ་ནི་ཞེས་བྱ་བ་ནི་ཕྱིས་འབྱུང་
བའི་གླགས་ཚོལ་བའི་ཕྱིར་ཏེ། གླགས་ཞེས་བྱ་བ་ནི་ཉེས་པ་དང་བུ་ག་ཞེས་བྱ་བའི་དོན་ཏོ། །མི་དང་ཞེས་བྱ་བ་ནི་མིའི་འགྲོ་བས་བསྡུས་པའི་སེམས་ཅན་རྣམས་སོ། །མི་མ་ཡིན་པ་རྣམས་ཞེས་བྱ་བ་ནི་སྲིན་པོ་ལ་སོགས་པའི་མི་མ་ཡིན་རྣམས་སོ། །ཡང་མི་འགྱུར་རོ་ཞེས་བྱ་བ་ལ་ཡང་ཞེས་བྱ་བའི་

སྒྲ་ནི་སྔ་མ་ལ་ལྟོས་ནས་བསྡུ་བར་བྱས་པའོ། །ཡ་ང་བ་མ་སྤངས་པས་འཆི་བའི་དུས་བྱེད་པ་ནི་ཚེའི་ལྷག་མ་ཡོད་དུ་ཟིན་ཀྱང་རྐྱེན་འགའ་ཞིག་ཉེ་བས་འཆི་བའོ། །འདི་དག་ཐམས་ཅད་འབྱུང་བར་མི་འགྱུར་བ་ནི་བྱམས་པ་ལ་སོགས་པས་སེམས་ཀྱི་རྒྱུད་ལེགས་པར་བསྒོས་པའི་ཕྱིར་རོ་ཞེས་བྱ་བར་
དགོངས་སོ། །དེ་ཡང་རྒྱལ་བའི་ཡུམ་བར་མ་ལས་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་མི་དམིགས་པའི་སྦྱོར་བས་ཤིན་ཏུ་བསྒོམས་པའི་ཕྱིར་དེ་རྣམས་ལ་མི་དང་མི་མ་ཡིན་པ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་སྐད་དུ་ངོ་བོ་ཉིད་
མེད་པ་ལ་ལྷག་པར་མོས་པ་སྔོན་དུ་འགྲོ་བས་ཚད་མེད་པ་བཞི་བསྒོམ་པར་བྱའོ་ཞེས་དེ་ལྟར་ཆོས་ཐམས་ཅད་ལ་དམིགས་ན་ཀུན་འབྱུང་ལ་རྗེས་སུ་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་རྣམ་པར་གྲོལ་བའི་སྡེས་ཚད་མེད་པ་རྣམས་ཀྱིས་ནི་མཐོང་བའི་ལམ་གྱི་སྐད་
ཅིག་མ་བརྒྱད་པ་ལ་བྱང་ཆུབ་སེམས་དཔའི་དགོས་པ་བྱེད་དོ། །གཞན་དུ་ན་སྐད་ཅིག་མ་དགུ་པ་ལ་སེམས་ཅན་གྱི་ཁམས་ལ་ལྟོས་པ་མེད་པར་འགོག་པར་ལྟུང་བར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །འགོག་པའི་སྐད་ཅིག་མ་དང་པོའི་རྣམ་པ་བསྟན་པའི་ཕྱིར། ལྷའི་བུ་དག་གཞན་ཡང་ཞེས་བྱ་བ་
ལ་སོགས་པ་གསུངས་སོ། །ཡང་དག་པར་ཞུགས་པ་ནི་སྨོན་ལམ་ལ་སོགས་པའི་བསམ་པས་ཞུགས་པའོ། །འདི་ཞེས་བྱ་བ་ནི་མཐོང་བའི་ལམ་སྟོན་པར་བྱེད་པའོ། །རིགས་ཀྱི་བུ་དེའི་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་སྐད་ཅིག་མ་དགུ་པ་རྟོགས་པའིའོ། །ཉན་པ་པོ་སོགས་པའི་དོན་ཏུ་དྲུང་དུ་ཉེ་
བར་གྱུར་པར་འོང་བར་འདོད་ཅིང་དགའ་བར་གྱུར་ཏེ། དེ་ཉིད་ནི་སྟོང་པ་ཉིད་ཐམས་ཅད་ཤིན་ཏུ་བསྒོམས་པ་ཉིད་ཡིན་པའི་ཕྱིར་དོན་རྟོགས་པ་ཉིད་ཀྱིས་ན་མན་ངག་ཕྱིན་ཅི་མ་ལོག་པར་སྟོན་པར་ནུས་སོ་ཞེས་འདོད་དོ། །འཛིན་པ་དང་ཞེས་བྱ་བ་ལ་སོགས་པ་ནི་གོང་ནས་གོང་དུ་རྟོགས་པ་ཁྱད་པར་
དུ་རྟོགས་པའི་རྒྱུར་གྱུར་པ་ཁྱད་པར་ཅན་གྱི་འཛིན་པ་ལ་སོགས་པ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཉན་པར་འགྱུར་ཏེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཞེས་བྱ་བ་སྔ་མ་དང་སྦྱར་རོ། །ཉན་པ་ཡང་འགོག་པའི་བདེན་པ་མངོན་པར་རྟོགས་པའི་བདག་པོ་ལས་ཀུན་རྫོབ་ཏུ་སྟོན་པ་དང་

ཉན་པའི་རྣམ་པར་སྣང་བ་འམ། མངོན་པར་རྟོགས་པ་དེས་བསྐྱེད་པའི་ནུས་པ་དང་ལྡན་པས་ལངས་པ་ལ་སོགས་པའི་དྲུང་ལ་སོགས་པར་རིག་པར་བྱའོ། །ཕན་ཡོན་གཅིག་བསྟན་པས་རྣམ་པ་བསྟན་ནས། ཕན་ཡོན་གཞན་དག་བསྟན་པས་རྣམ་པ་དེ་ཉིད་བསྟན་པར་བྱ་བའི་
ཕྱིར། ལྷའི་བུ་དག་གཞན་ཡང་རིགས་ཀྱི་བུ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་ཞེས་བྱ་བའི་སྒྲ་ནི་བསྡུ་བ་སྟེ། ཕན་ཡོན་སྔར་བཤད་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་པ་འདི་ཡང་ཞེས་བྱ་བའི་ཐ་ཚིག་གོ། །དགོན་པ་ནི་གྲོང་ལས་གཞུ་འདོམ་ལྔ་བརྒྱས་ཐག་བསྲིངས་
པའི་གནས་སོ། །སོང་བ་ནི་ཕྱིན་པའོ་ཤིང་གཅིག་པུ་ཉིད་ནི་གནོད་སྦྱིན་ལ་སོགས་པས་གནས་བཅས་པ་ཉིད་ཀྱིས་ན་འཇིགས་པའི་རྒྱུ་ཡིན་པ་དེ་བས་ན་དེའི་རྩ་བ་ནི་ཤིང་དྲུང་ངོ་། །ཁྱིམ་སྟོང་པ་ནི་མི་ལ་སོགས་པ་མེད་པའི་ཁང་པའོ། །བླ་གབ་མེད་པ་ནི་སྟེང་གཡོགས་མེད་པའོ། །ལམ་ནི་གང་
དུ་སྐྱེ་བོ་ཆེན་པོ་འགྲོ་བའོ། །ལམ་གོལ་བ་ནི་ཇི་སྐད་དུ་བཤད་པ་ལས་བཟློག་པའི་ལམ་མོ། །འབྲོག་དགོན་པ་ནི་དགོན་པ་ལས་ཕར་འདས་པའོ། །དེ་དང་དེར་སོང་བ་ནི་དགོན་པ་ལ་སོགས་པ་དེ་དང་དེར་ཉེ་བར་བགྲོད་ཅིང་འགྲོ་བའོ། །དེ་ཉིད་སྤྱོད་ལམ་རྣམ་པ་བཞིས་བསྟན་པ་ནི། འགྲོ་བའམ་
ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཉལ་བ་ནི་གློས་ཕབ་པའོ། །འཇིགས་པ་ནི་མི་འདོད་པ་ཐོག་ཏུ་བབ་པར་དོགས་པའོ། །རེངས་པ་ཉིད་ནི་དེ་བཟློག་པའི་ཐབས་མི་ཤེས་པ་ཉིད་དོ། །མི་འབྱུང་ཞེས་བྱ་བ་ནི་མེད་པ་དག་མི་འབྱུང་བའོ། །མི་སྐྱེའོ་ཞེས་བྱ་བ་ནི་རྒྱུན་གྱིས་འཇུག་པ་མི་སྐྱེའོ་
ཞེས་བྱ་བར་སྔ་མ་རྣམས་སྦྱར་ཏེ། ཐམས་ཅད་སྟོང་པ་ཉིད་དུ་ཤིན་ཏུ་བསྒོམས་པའི་ཕྱིར་རོ་ཞེས་བྱ་བར་འདོད་དོ། །གཞན་དག་ལས་ཀྱང་བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་ལ་ཡོངས་སུ་རྟོག་པ་ནི་འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །
འདི་སྐད་དུ་གཟུགས་ལ་སོགས་པའི་རང་གི་ངོ་བོ་ནི་རང་བཞིན་གྱི་སྟོང་པ་ཉིད་ཡིན་ནོ་ཞེས་དེ་ལྟར་ཆོས་ཐམས་ཅད་ལ་དམིགས་པས་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །འགོག་པའི་སྐད་ཅིག་མ་གཉིས་པ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་

ལ་རྒྱལ་པོ་ཆེན་པོ་བཞིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་བཞི་ནི་ཡུལ་འཁོར་སྐྱོང་ལ་སོགས་པའོ། །དེ་ཁོ་ན་ཉིད་དུ་ན་ཐེག་པ་གསུམ་དང་སེམས་ཅན་དུ་དམིགས་པ་མེད་དུ་ཟིན་ཀྱང་། ཀུན་རྫོབ་ཏུ་ཉན་ཐོས་ལ་སོགས་པའི་ཐེག་པ་གསུམ་གྱིས་སེམས་
ཅན་འདུལ་བ་ནི་ངོ་མཚར་ཆེའོ། །བདེན་པ་གཉིས་ལ་བརྟེན་ནས་རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་གྲུབ་པར་བྱེད་པའི་ནུས་པའི་རྒྱུ་བསྟན་པ་འདིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ལ་སོགས་པའི་འབྲས་བུ་ནི་སངས་རྒྱས་ཉིད་ཡིན་པར་བསྟན་ཏོ། །ཞེས་གསང་བར་བྱའོ། །དེ་
བས་ན་འདི་སྐད་དུ་ཆོས་ཀྱི་དབྱིངས་སུ་བསྔོས་པའི་དགེ་བའི་རྩ་བའི་འབྲས་བུ་ནི་དེ་བཞིན་གཤེགས་པ་ཉིད་ཐོབ་པ་ཡིན་ནོ་ཞེས་དེ་ལྟར་ཆོས་ཐམས་ཅད་ལ་དམིགས་པས་འགོག་པ་ལ་ཆོས་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །བཅོམ་ལྡན་འདས་བདག་ཅག་གིས་ནི་ཞེས་བྱ་
བ་ལ་སོགས་པ་ལ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར་དང་། བདག་ཉིད་བསྟན་པ་ལ་ཕན་འདོགས་པ་ཉིད་ཤེས་པར་བྱ་བའི་ཕྱིར་དང་། བཅོམ་ལྡན་འདས་ཀྱི་བཀའ་དྲིན་གཟོ་བ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་འདིར་སྨྲས་པ་ཡིན་ནོ། །བསྲུང་བ་དང་ཞེས་བྱ་
བ་ལ་སོགས་པས་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་མི་དགེ་བའི་ལས་གསུམ་ཡོད་པས་ན་རིམ་པ་བཞིན་དེས་བྱས་པའི་ཉེ་བར་འཚེ་བ་བཟློག་པའི་སྒོ་ནས་བསྲུང་བ་དང་བསྐྱབ་པ་དང་སྦ་བར་བགྱིའོ་ཞེས་བརྗོད་དོ། །ཡང་ན་
གང་དུ་མི་དགེ་བ་ཁོ་ནའི་བྱ་བར་གཏོགས་ཀྱི་གཞན་དུ་མ་ཡིན་པའི་དཔེར་ན་དུས་མ་ཡིན་པར་འཆི་བ་དང་། མུ་གེ་དང་། རྡོ་རྗེའི་མེ་འབབ་པ་ལྟ་བུ་ལྷས་བྱས་པའི་རྒུད་པ་དང་། གང་དུ་སྲོག་ཆགས་རྣམས་ཀྱི་བྱ་བར་གཏོགས་ཀྱི་གང་གི་ཕྱིར་ལས་མེད་པར་འབྲས་བུ་འགའ་ཡང་ཡོད་པ་མ་ཡིན་པས་ན་ཡོད་དུ་
ཟིན་ཀྱང་ལྷའི་བྱེད་པར་མི་གཏོགས་པ། དཔེར་ན་འབྲུ་ལ་སོགས་པ་སྐྱེས་སུ་ཟིན་ཀྱང་ཕ་རོལ་གྱི་ཚོགས་ཀྱིས་གནོད་པ་བྱས་པས་མུ་གེ་བྱུང་བ་ལ་སོགས་པ་མིས་བྱས་པའི་རྒུད་པ་དང་། གང་དུ་གཉི་གའི་བྱེད་པར་གཏོགས་པ་ལྷ་དང་མིས་བྱས་པའི་རྒུད་པའོ། །ལས་ནི་འདི་ཙམ་དུ་ཟད་དེ་ལྷས་བྱས་

པ་དང་མིས་བྱས་པ་སྟེ། ཇི་སྐད་དུ་འཇིག་རྟེན་ནི་ལྷ་དང་མིའི་ལས་ཀྱིས་འཚེ་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དེ་ལས་ཟློག་པར་བྱེད་པས་གོ་རིམས་བཞིན་དུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་ཞེས་བགྱི་བ་ཞེས་སྨོས་པ་ཡིན་ནོ། །བགྱིའོ་ཞེས་པ་ནི་བགྱིད་དོ་ཞེས་
པའོ། །འགོག་པའི་སྐད་ཅིག་མ་གསུམ་པའི་དོན་དུ་འབྲེལ་བ་རྩོམ་པས་དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། །ཚེ་འདི་ལ་ཞེས་བྱ་བ་ནི་ད་ལྟར་གྱི་སྐྱེ་བས་བསྡུས་པའོ། །ཡོན་ཏན་ནི་ཕན་ཡོན་ནོ། །འདི་དག་ཞེས་བྱ་བ་ནི་བཤད་མ་ཐག་པའི་བསྲུང་བ་དང་བསྐྱབ་
པ་དང་སྦ་བའི་གྲངས་ཀྱི་མཆོད་པ་འདི་དག་གོ། །འཐོབ་ཅིང་ཞེས་བྱ་བ་ནི་སྦྱོར་བའི་གནས་སྐབས་སུའོ། །ཡོངས་སུ་འཛིན་པར་འགྱུར་བ་ཞེས་བྱ་བ་ནི་འཇུག་གི་གནས་སྐབས་སུའོ། །དེ་ལྟར་འབྲེལ་པ་བརྗོད་ནས་རྣམ་པ་བསྟན་པའི་ཕྱིར་ཞུས་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་
ནོ། །ཡང་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་ན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་དག་པར་བཟུང་བར་འགྱུར་རམ་ཞེས་བརྗོད་པར་བྱ་བ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཞེས་སྨོས་པ་ནི་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཕལ་པའི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་
ཡང་བསྡུས་པའི་ཕྱིར་རོ་སྙམ་དུ་བསམས་ནས་སྨྲས་པ་ཡིན་ནོ། །ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟོགས་པ་ལས་ནི་གཙོ་བོའི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་དེ་བས་ན་དེས་རྣམ་པར་བྱང་བའི་ཆོས་ཐམས་ཅད་བསྡུས་པའི་ཕྱིར་རོ་ཞེས་བྱ་བའི་དགོངས་པ་དང་ལྡན་པས་བཅོམ་ལྡན་འདས་ཀྱིས་ཀཽ་ཤི་ཀ་དེ་དེ་
བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉེན་པོའི་ཕྱོགས་རྣམ་པ་ཐམས་ཅད་བསྡུས་པ་ཡིན་ནོ་ཞེས་དེ་ལྟར་ཆོས་ཐམས་ཅད་ལ་དམིགས་ན་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེའོ་ཞེས་བརྗོད་པ་ཡིན་ནོ། །འགོག་པའི་
སྐད་ཅིག་མ་བཞི་པའི་རྣམ་པ་བསྟན་པའི་ཕྱིར། ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེགས་པར་རབ་ཏུ་ཉོན་ལ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཡང་ན་ཐོག་མ་ཁོ་ནར་རེ་ཞིག་དད་པའི་རྒྱུ་ཡིན་པས་དགེ་བ་དེའི་ཕྱིར་ལེགས་པར་ཉོན་ཅིག་པའོ། །གང་གི་ཕྱིར་བར་

དུ་དགེ་བའི་རྒྱུ་ཉིད་ཀྱི་དགེ་བ་ཡིན་པ་དེའི་ཕྱིར་རབ་ཏུ་ཉོན་ཅིག་པའོ། །གང་གིས་ཐ་མར་རྣམ་པར་གྲོལ་བའི་རྒྱུ་ཉིད་ཀྱིས་དགེ་བ་ཡིན་པ་དེས་ན་ཚུལ་བཞིན་དུ་ཡིད་ལ་ཟུང་ཤིག་པའོ། །ཡང་ན་ཉེས་པ་ཆུང་ངུ་དང་བར་མ་དང་ཆེན་པོ་རྣམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་གོ་རིམས་བཞིན་དུ་ལེགས་པར་ཉོན་
ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་ན་ཚིག་འབྲུ་དང་། དོན་དང་། གཉི་ག་ངེས་པར་འཛིན་པ་ཡིན་པའི་ཕྱིར། གྲངས་ཇི་ལྟ་བ་བཞིན་དུ་ལེགས་པར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆོས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ནི་མདོ་སྡེ་ལ་སོགས་པའོ། །
རྩོད་པ་ནི་འགལ་བ་གཟུང་བར་སེམས་པའོ། །རྒོལ་བ་ནི་དེ་ནས་ཚིག་འགལ་བར་གོ་བར་བྱེད་ཅིང་རྩོད་པར་བྱེད་པའོ། །དེ་ལྟར་རྣམ་པ་གཉིས་ཀྱིས་འགལ་བར་བྱེད་པ་སྟེ། མི་འགྲིག་པར་བྱེད་པའོ། །ཡང་ན་ཡིག་འབྲུ་དང་། དོན་དང་། གཉི་ག་མི་འགྲིག་པར་བྱེད་པས་ན་རྩོད་པར་འདོད་པ་
ལ་སོགས་པའི་ཚིག་གསུམ་གསུངས་པ་ཡིན་ནོ། །འདོད་པ་ཞེས་བྱ་བའི་དེ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་རྒྱལ་བའི་ཡུམ་སྒོམ་པ་ལ་མངོན་པར་དགའ་བ་ལས་བརྩམས་ཏེ་ཞེས་བྱ་བ་ནི་ཁོང་ནས་དབྱུང་སྟེ། གང་གི་ཕྱིར་དེ་ཉིད་ཀྱི་ཕན་ཡོན་བརྗོད་པའི་དབང་དུ་མཛད་དེ། འོག་ནས་དེའི་རྩོད་པའི་
གཞི་སྐྱེས་པ་དང་མ་སྐྱེས་པ་དེ་དག་ནུབ་པར་འགྱུར་ཞིང་གནས་པར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ནུབ་པར་འགྱུར་ཞིང་ཞེས་བྱ་བ་ནི་མི་སྣང་བར་གྱུར་པའོ། །གང་གི་ཕྱིར་གནས་པར་མི་འགྱུར་རོ་ཞེས་བྱ་བ་རིགས་པས་གནས་པ་ཐོབ་པར་མི་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་དེ་
དག་གི་བསམ་པ་རྫོགས་པར་མི་འགྱུར་ཏེ། ཡིད་ལ་རེ་བ་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་པར་མི་འགྱུར་རོ། །རྟོག་པ་སྐྱེས་པ་གཞན་གྱི་ཕྱིར་ལན་བཏབ་པ་མེད་པར་ཇི་ལྟར་ནུབ་པར་འགྱུར་སྙམ་དུ་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཀཽ་ཤི་ཀ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་
སོ། །འདིས་ནི་འདི་སྐད་དུ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་པའི་གང་ཟག་གི་བྱིན་གྱིས་བརླབས་ཀྱིས་རང་ཉིད་ཁོ་ནས་དེ་རྣམས་ལ་ལན་འབྱུང་བར་འགྱུར་བ་འདི་ནི་ཆོས་ཉིད་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །འཛིན་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཡང་ན་བསྡུས་པ་ཉན་པ་པོ་

འཛིན་པའོ། །ཡིད་ལ་བྱེད་པ་ནི་འཆང་བའོ། །གླེགས་བམ་འདོན་པས་ན་ཀློག་པའོ། །གཞུང་དོན་འཛིན་པས་ན་ཀུན་ཆུབ་པར་བྱེད་པའོ། །མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་དང་མི་འགལ་བའི་དོན་སྟོན་པའི་ཕྱིར་རམ། ཡང་ན་ཀུན་བརྟགས་པ་ལ་སོགས་པའི་
ཚིག་གི་དོན་རྣམ་པ་གསུམ་སྐྱེ་བ་མེད་པར་སྟོན་པས་ན། གོ་རིམས་བཞིན་དུ་རབ་ཏུ་འདོན་པ་དང་ཉེ་བར་སྟོན་པར་འགྱུར་བ་ཡིན་ནོ། །ལུང་འབོགས་པ་ནི་བཀླགས་པ་ཙམ་དུ་ཉེ་བར་བསྟན་པའི་ཕྱིར་རོ། །ཁ་ཏོན་དུ་བྱེད་པ་ནི་ནམ་གྱི་ཆ་སྟོད་ལ་སོགས་པར་བྱེད་པའི་ཕྱིར་རོ། །འཛིན་པ་ལ་སོགས་པ་
ནི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ལ་སོགས་པའི་བསམ་པའི་བྱེ་བྲག་གིས་ཡང་དག་པར་བསྒྲུབ་པར་བྱ་བ་ཡིན་ནོ། །རྩོད་པའི་གཞི་ཞེས་བྱ་བ་ནི་རྒོལ་བའི་གནས་སོ། །ཉེ་བར་བསྡུ་བའི་ཕྱིར་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཀྱང་ཞེས་བྱ་བའི་སྒྲ་ནི་འོག་
ནས་བཤད་པའི་ཡོན་ཏན་འབའ་ཞིག་ཏུ་མ་ཟད་པའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉེ་བར་འཚེ་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟི་བརྗིད་དང་སྟོབས་དང་ལྡན་པ་ཉིད་དུ་བསྟན་ནས། དཔེས་ཀྱང་ལེགས་པར་བསྟན་པར་བྱ་བའི་ཕྱིར། ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། གླེགས་བམ་ལ་ལ་ལས་ཡོངས་སུ་བརྟག་པ་བཟུང་བ་སྟེ་ཞེས་གསུངས་པ་ནི་རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་དུ་འཕགས་པ་སྲིད་པའི་དབང་དུ་མཛད་པ་ཡིན་ཏེ་འདིས་ནི་དེ་རྙེད་དཀའ་བ་ཉིད་དུ་སྟོན་ཏོ། །དུག་ཐམས་ཅད་ཞི་བར་བྱེད་པའི་ཞེས་བྱ་བ་ནི། མི་རྒྱུ་བ་ལ་
སོགས་པའི་དུག་རྣམས་སེལ་བ་ཡིན་པའི་ཕྱིར་རང་གི་ངོ་བོ་བསྟན་ཏོ། །སྐྱེ་བོ་སྦྲུལ་གདུག་པ་ཞེས་བྱ་བ་ནི་མཆེ་བའི་དུག་ཅན་གྱི་སྲོག་ཆགས་སོ། །བཀྲེས་ཤིང་ཞེས་བྱ་བ་ལ་སོགས་པ་ལ་བཀྲེས་པ་ནི་བཀྲེས་པས་ཡོངས་སུ་གདུངས་ཀྱང་འགའ་ཞིག་ལྷ་མཆོད་པ་ལ་འཇུག་པ་དང་འདྲ་བར་ཁ་ཟས་
དགོས་པ་མེད་པ་དེ་རྣམ་པར་དགར་བར་བྱ་བའི་ཕྱིར་ཟས་འདོད་དེ་ཞེས་སྨོས་པ་ཡིན་ནོ། །དེ་ལྟ་བུ་དག་ཡིན་ན་ཡང་རང་བཞིན་བསྟན་པ་དག་ནི་ཁ་ཟས་ཚོལ་བར་མི་བྱེད་པས་དེ་ལས་དགར་བའི་ཕྱིར་ཟས་ཚོལ་བ་ཞིག་གིས་ཞེས་སྨོས་པ་ཡིན་ནོ། །སྲོག་ཆགས་སུ་གྱུར་པ་འགའ་ཞིག་ཅེས་བྱ་བ་ནི་སེམས་ཅན་

གྱི་གྲངས་སུ་ཆུད་པ་སྟེ། སྦལ་པ་ལ་སོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དྲི་ཞེས་བྱ་བ་ནི་སྲོག་ཆགས་སུ་གཏོགས་པ་དེའི་དྲི་བསྐུ་བ་ལ་སོགས་པའོ། །ཕྱོགས་སུ་འབྲང་ཞིང་ཞེས་བྱ་བ་ནི་བློས་བཟའ་བ་ཉིད་དུ་བདག་གིར་བྱས་ནས་སོ། །བསྙགས་པ་དང་ཞེས་བྱ་བ་ནི་ཕྱི་བཞིན་དུ་རྗེས་སུ་སྙེག་ཅིང་
འགྲོ་བས་སོ། །ཕྱིར་ལྡོག་གོ་ཞེས་བྱ་བ་ནི་སླར་ལྡོག་པར་བྱེད་པའོ། །གང་དུ་སྲོག་ཆགས་ཀྱི་དྲིས་མི་ལྡོག་པ་དེར་སྨན་གྱི་དྲིས་ཅི་ལྟར་ཕྱིར་ལྡོག་པ་ཡིན་སྙམ་དུ་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཀཽ་ཤི་ཀ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་དོན་ནི་ཀུན་རྫོབ་ཏུ་ཡང་རྒྱུ་དང་
འབྲས་བུར་གྱུར་པ་ཉིད་ཀྱིས་ན་སྨན་དེ་ཉིད་ལ་སྦྲུལ་གདུག་པ་ཟིལ་གྱིས་གནོན་པ་དེ་ལྟ་བུའི་སྨན་གྱི་ཡོན་ཏན་ཡོད་པས་སྦྲུལ་གདུག་པ་ཟིལ་གྱིས་གནོན་པ་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ། །དེ་ལྟར་ན་སྨན་དེ་ནི་མཐུ་ཆེན་པོ་དང་ལྡན་པ་ཡིན་ཏེ། ཐ་དད་ཡིན་ཡང་རང་བཞིན་གྱིས། །ངེས་ཏེ་དབང་པོ་ལ་སོགས་བཞིན། །ཞེས་
བྱ་བ་འདི་ཡིན་ནོ། །འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་ཕྱི་དང་ནང་གི་ཉེ་བར་འཚེ་བ་ཞི་བར་བྱེད་པ་ཡིན་ནོ་ཞེས་དེ་ལྟར་ཆོས་ཐམས་ཅད་ལ་དམིགས་པས་འགོག་པ་ལ་རྗེས་སུ་ཤེས་པ་སྐྱེའོ་ཞེས་བརྗོད་པ་ཡིན་ནོ། །ལམ་གྱི་སྐད་ཅིག་མ་དང་པོའི་རྣམ་པ་བསྟན་པའི་ཕྱིར། ཀཽ་ཤི་ཀ་དེ་བཞིན་དུ་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། གང་ཡིན་པ་དེ་དག་ཅེས་བྱ་བ་ནི་ཚིག་གི་ཕྲད་ཕྱིར་བསྡུ་ན་གང་ཡང་རུང་བ་ཞེས་བྱ་བའི་དོན་ལ་འཇུག་གོ། །གཟི་བརྗིད་དང་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནུས་པ་ཉིད་དུ་གྱུར་པའི་གཟི་བརྗིད་དང་སྟོབས་དང་མཐུ་དང་སྟོབས་བསྐྱེད་པ་ཞེས་བྱ་བས་གོ་རིམས་
བཞིན་དུ་སྦྱོར་བ་དང་མཐོང་བ་དང་སྒོམ་པ་དང་ཁྱད་པར་གྱི་ལམ་བསྟན་ཏོ། །དེ་ཉིད་ནས་ཞེས་བྱ་བ་ནི་གང་ནས་སྐྱེ་བ་ཉིད་ནས་ཞེས་བྱ་བའི་ཐ་ཚིག་གོ། །མེད་ཅིང་ཉེ་བར་ཞི་བར་འགྱུར་བ་ལ་འཕེལ་བར་མི་འགྱུར་ཏེ་ཞེས་བྱ་བ་ནི། གོ་རིམས་བཞིན་དུ་ཐོས་པ་དང་བསམ་པ་དང་སྒོམ་པའི་དུས་སུ་རིག་པར་བྱ་
འམ། སྦྱོར་བ་ལ་སོགས་པའི་གནས་སྐབས་སུ་གཟུང་ངོ་། །དེ་ཉིད་བསྟན་པའི་ཕྱིར་གང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དང་གང་ཉིད་ནས་ཞེས་བྱ་བ་ནི་རྒོལ་བའི་དབང་དུ་བྱས་པའི་གནས་གང་དང་གང་ཡིན་པ་ཉིད་ནས་ཞེས་བྱ་བའི་ཐ་ཚིག་གོ། །འགག་ཅིང་ནུབ་པར་འགྱུར་ལ་གནས་

པར་མི་འགྱུར་རོ་ཞེས་བྱ་བའི་ཚིག་གསུམ་ནི་མེད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་དང་ཐ་མི་དད་དོ། །རྣམ་པར་རྟོག་པ་སྐྱེས་པ་གཞན་གྱིས་བཟློག་པ་མེད་པར་ཅི་ལྟར་ན་མི་འབྱུང་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བས་བསུ་ནས་སྔ་མ་བཞིན་དུ་ལན་གདབ་པར་བྱ་བའི་
ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཞེ་སྡང་ལ་སོགས་པ་བསྡུའོ། །བར་ཞེས་བྱ་བ་འདིས་ནི་དྲན་པ་ཉེ་བར་གཞག་པ་ལ་མངོན་པར་ཞེན་པ་ལ་སོགས་པ་ཡོངས་སུ་བསྡུའོ། །མྱ་ངན་ལས་འདས་པ་ཉིད་དུ་
འཛིན་པ་ཞེས་བྱ་བ་ནི་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་མངོན་པར་ཞེན་པའོ། །མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པ་ལ་སོགས་པ་མངོན་དུ་རྒྱུ་བ་རྩ་ནས་འབྱིན་པ་ན་ཉེ་བར་ཞི་བར་བྱེད་པའོ། །འདོད་ཆགས་ལ་སོགས་པའི་བག་ཆགས་མ་ལུས་པར་ཀུན་ཏུ་འཇོམས་
པར་བྱེད་པས་འཕེལ་བར་བྱེད་པ་མ་ཡིན་ནོ། །འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ཉིད་ཀྱིས་འདོད་ཆགས་ལ་སོགས་པ་དང་མྱ་ངན་ལས་འདས་པར་མངོན་པར་ཞེན་པ་ཞི་བ་ཡིན་ནོ་ཞེས་དེ་ལྟར་ཆོས་ཐམས་ཅད་ལ་དམིགས་ན་ལམ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བར་འགྱུར་རོ་
ཞེས་བརྗོད་པ་ཡིན་ནོ། །ལམ་གྱི་སྐད་ཅིག་མ་གཉིས་པའི་རྣམ་པ་བསྟན་པའི་ཕྱིར། ཀཽ་ཤི་ཀ་རྒྱལ་པོ་ཆེན་པོ་བཞི་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བསྲུང་བ་དང་བསྐྱབ་པ་དང་སྦ་བར་བྱེད་དོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཡང་ན་ལྷས་བྱས་པ་དང་། འབྱུང་བ་ལས་གྱུར་པ་
དང་། ནང་གི་བདག་ཉིད་ཅན་གྱི་བར་དུ་གཅོད་པའི་དབང་དུ་མཛད་ནས་གོ་རིམས་བཞིན་དུ་བསྲུང་བ་དང་བསྐྱབ་པ་དང་སྦ་བར་བྱེད་པ་དག་ཤེས་པར་བྱའོ། །ཡང་ན་འཕངས་པ་རྣམ་པ་གསུམ་སྟེ། རང་གི་རྐྱེན་ལས་བྱུང་བ་དང་། སེམས་ཅན་གཞན་དུ་བགྲང་བའི་རྐྱེན་ལས་བྱུང་བ་དང་། ཕ་
རོལ་སེམས་ཅན་དུ་བགྲང་བ་མ་ཡིན་པའི་རྐྱེན་ལས་བྱུང་བ་དང་། དེ་སེལ་བར་བྱེད་པས་གོ་རིམས་བཞིན་དུ་བསྲུང་བ་དང་བསྐྱབ་པ་དང་སྦ་བ་ཡིན་པར་ཤེས་པར་བྱའོ། །འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ལ་འཇུག་པ་ལ། དེ་བཞིན་གཤེགས་པ་ལ་སོགས་པས་རྣམ་པ་ཐམས་

ཅད་དུ་བསྲུང་བ་དང་བསྐྱབ་པ་དང་སྦ་བ་བྱེད་པར་འགྱུར་རོ་ཞེས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་ཐམས་ཅད་ལ་དམིགས་ན་ལམ་ལ་ཆོས་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །ལམ་གྱི་སྐད་ཅིག་མ་གསུམ་པའི་རྣམ་པ་བསྟན་པའི་ཕྱིར། ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། ཚིག་གཟུང་བར་འོས་པར་འགྱུར་ཞེས་བྱ་བ་ནི་རང་ཉིད་བརྩེ་བས་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པ་ལས་སྔོན་དུ་འགྲོ་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་ནས་གཞན་དག་དེ་ལ་རབ་ཏུ་འཇོག་པའི་ཕྱིར་དང་། རང་ཉིད་གནས་པ་རྣམས་ཀྱི་བསྔགས་པ་
བརྗོད་ཅིང་མཐུན་པས་དགའ་བར་བྱེད་པའི་ཕྱིར་ཚིག་གཟུང་བར་འོས་པ་ཡིན་ནོ། །ཞེས་བྱ་བའི་དོན་འདི་ཡིན་པར་ཤེས་པར་བྱ་སྟེ་གཞན་དུ་ནི་ཚིག་གཟུང་བར་འོས་པ་མི་སྲིད་པའི་ཕྱིར་རོ། །སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ཀྱང་བདག་ཀྱང་སྲོག་གཅོད་པ་སྤོང་བར་འགྱུར་ཞེས་བྱ་བ་ནས་བརྩམས་ཏེ། གཞན་
རྣམས་ལ་ཡང་དེའི་བསྔགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་དེ་ལྟར་ན་ཚིག་གཟུང་བར་འོས་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའི་བར་དུ་གསུངས་པ་ཡིན་ནོ། །ཚིག་འཇམ་པར་འགྱུར་ཞེས་བྱ་བ་ནི་མཉན་ན་བདེ་བར་བྱེད་པ་ཡིན་པའི་ཕྱིར་རོ། །ཚིག་རན་པར་འགྱུར་ཞེས་བྱ་བ་ནི་ཇི་ཙམ་གྱིས་
དོན་བརྡ་སྤྲོད་པར་གྱུར་པ་དེ་ཙམ་ཞིག་སྨྲ་བ་ཡིན་པའི་ཕྱིར་རོ། །ཚིག་འཆལ་པ་མེད་པར་འགྱུར་ཞེས་བྱ་བ་ནི་མདོར་བསྡུས་ནས་སྨྲ་བ་ལ་མཁས་པ་ཡིན་པའི་ཕྱིར་རོ། །ཁྲོ་བས་ཟིལ་གྱིས་གནོན་པར་མི་འགྱུར། ང་རྒྱལ་གྱིས་ཟིལ་གྱིས་གནོན་པར་མི་འགྱུར་རོ་ཞེས་བྱ་བ་ནི་གནོད་པའི་རྒྱུ་ཉེ་བར་
གནས་པ་ལ་ཁོང་ཁྲོ་བའི་ཐ་བའི་སེམས་ཀྱིས་མནར་སེམས་པ་ནི་ཁྲོ་བའོ། །འཇིག་ཚོགས་ལ་ལྟ་བ་ལ་བརྟེན་པའི་སེམས་ཀྱི་དྲེགས་པ་ནི་ང་རྒྱལ་ལོ། །གཉེན་པོ་མེད་པར་ཉེས་པ་དང་བྲལ་བར་མི་འགྱུར་བ་མ་ཡིན་ནམ་ཇི་ལྟར་དེ་ལ་འདི་ལྟ་བུའི་ཡོན་ཏན་སྐྱེ་བ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན།
ཞེས་བྱ་བས་བསུ་ནས། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཉེས་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་ལ། དེ་ཡང་དེས་སྒོམས་སོ་ཞེས་བྱ་བར་འདོད་དོ། །ཡོངས་སུ་དུལ་བར་བྱེད་དོ་ཞེས་བྱ་བ་ནི་སྲོག་གཅོད་པ་སྤངས་པ་ལ་སོགས་པ་ལ་རབ་ཏུ་

འཇོག་པའི་ཕྱིར་རོ། །ཡོངས་སུ་འདུད་པར་བྱེད་ཅེས་བྱ་བ་ནི་ཚིག་རན་པ་ལ་སོགས་པས་སེམས་ཅན་གྱི་ཡུལ་ལ་ཡོངས་སུ་འདུད་པར་བྱེད་པའི་ཕྱིར་རོ། །ཁོན་དུ་འཛིན་པ་ཞེས་བྱ་བ་ནི། དགྲ་བོར་འཛིན་པའི་བག་ལ་ཉལ་མི་འདོར་བ་སྟེ། གནོད་སེམས་ཀྱི་ཆ་ཉིད་ནི་
ཁོན་དུ་འཛིན་པ་ཡིན་ནོ། །གནོད་སེམས་ཞེས་བྱ་བ་ནི་སེམས་ཅན་རྣམས་དང་སྡུག་བསྔལ་དང་སྡུག་བསྔལ་གྱི་གནས་སུ་གྱུར་པའི་ཆོས་རྣམས་ལ་མནར་སེམས་པར་བྱེད་པ་ནི་གནོད་སེམས་སོ། །བག་ལ་ཉལ་ཞེས་བྱ་བ་ནི་ཞེ་སྡང་གི་ཆ་དགྲར་འཛིན་པའི་སེམས་ཀྱི་རྒྱུན་ནི་བག་ལ་ཉལ་
བའོ། །འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་གཟུང་བའི་སྟོབས་ཉིད་ཀྱིས་འཚང་རྒྱ་བ་ཉིད་དུ་མངོན་པར་འདོད་པས་རང་ཉིད་སྲོག་གཅོད་པ་སྤོང་བ་ལ་སོགས་པ་སྔོན་དུ་འགྲོ་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་ནས། །དེ་ཉིད་ལ་གཞན་དག་གཞག་པར་བྱའོ་ཞེས་དེ་ལྟར་
ཆོས་ཐམས་ཅད་ལ་དམིགས་ན་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེ་བར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །ལམ་གྱི་སྐད་ཅིག་མ་བཞི་པའི་རྣམ་པ་བསྟན་པའི་ཕྱིར། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་སྤྱོད་པ་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་
པས་གནས་པའོ། །དྲན་པ་དང་ཞེས་བྱ་བ་ནི་འདྲིས་པའི་དངོས་པོ་ལ་སེམས་ཀྱིས་མ་བརྗེད་པའོ། །བྱམས་པ་ནི་ཞེ་སྡང་མེད་པ་སྟེ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་ཤིན་ཏུ་གཅེས་པར་འཛིན་པ་ཉིད་དོ། །འདི་དག་གིས་སྦྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་མི་དམིགས་
པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་བ་ཡིན་པས་གཉི་ག་སྨོས་སོ། །བྱམས་པའི་བྱ་བ་ཉིད་ནི་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དབང་པོ་རྣམས་འཁྲུགས་ཤིང་
ཞེས་བྱ་བ་ནི་གནོད་སེམས་ཀུན་ཏུ་སྤྱོད་པས་མིག་ལ་སོགས་པའི་རྣམ་པར་འགྱུར་བ་བསྐྱེད་པ་ཡིན་པའི་ཕྱིར་རོ། །བཞིན་གྱི་མདོག་ཀྱང་འགྱུར་ན་ཞེས་བྱ་བ་ནི་རང་གི་ངོ་བོ་འགྱུར་ཞིང་ཚིག་པར་འགྱུར་བའོ། །ཁྲོ་བའི་དབང་དུ་འགྲོ་བ་ཞེས་བྱ་བ་ནི་དེའི་ཁ་ན་ལས་པ་ཉིད་དོ། །འདི་སྐད་དུ་སྦྱིན་པ་ལ་སོགས་པ་མི་ཟད་པར་

བྱེད་པས་དྲན་པ་ལ་སོགས་པའི་སྟོབས་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ་ཞེས་དེ་ལྟར་ཆོས་ཐམས་ཅད་ལ་དམིགས་ན་ལམ་ལ་རྗེས་སུ་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །འདི་སྐད་དུ་བཤད་པའི་རྣམ་པ་ཚིག་གཞན་གྱིས་བསྟན་པ་རྣམས་ཀྱིས་སྐད་ཅིག་མ་བཅུ་
དྲུག་སྐྱེ་བར་འགྱུར་རོ་ཞེས་བྱ་བ་འདི་ལ་སོམ་ཉིར་མི་བྱའོ། །དེ་སྐད་དུ་ཡང་། དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་རྟེན་པ་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང་། །ཆེན་པོ་ཚད་མ་མེད་བཅས་དང་། །ཚད་མེད་པ་དང་མཐའ་མེད་དང་། །དེར་གནས་གཟུགས་ལ་སོགས་པ་ལ། །
སངས་རྒྱས་ཉིད་དུ་ངེས་འཛིན་དང་། །བླང་མེད་དོར་བ་མེད་སོགས་དང་། །བྱམས་ལ་སོགས་དང་སྟོང་ཉིད་དང་། །སངས་རྒྱས་ཉིད་ནི་ཐོབ་པ་དང་། །རྣམ་པར་བྱང་ཀུན་ཡོངས་བསྡུས་དང་། །ཉམ་ང་བ་དང་ནད་ཀུན་སེལ། །མྱ་ངན་འདས་འཛིན་ཞི་ཉིད་དང་། །སངས་རྒྱས་རྣམས་ཀྱིས་བསྲུངས་ལ་
སོགས། །སྲོག་མི་གཅོད་པ་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། །ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་གསུངས་པ་ཡིན་ནོ། །མཐོང་བའི་ལམ་དེའི་ངེས་པར་
འབྱེད་པའི་ཆ་དང་མཐུན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པར་བཤད་པ་ལས་གཟུང་བར་བྱའོ། །གལ་ཏེ་དེ་ལྟ་ཡིན་ན་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་ཀྱང་དེར་སྨོས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བ་ལ་སོགས་པའི་ལམ་བསྟན་པ་ཡིན་པའི་ཕྱིར་ཡང་ཅིའི་ཕྱིར་བསྟན་ཅེ་ན་
བརྗོད་པར་བྱ་སྟེ། རྒྱུ་དང་འབྲས་བུ་མ་ལུས་པར་ཐུགས་སུ་ཆུད་པ་ལ་ལྟོས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བརྗོད་པ་ཡིན་པས་རྒྱལ་བའི་སྲས་རྣམས་ཀྱི་ལམ་ནི་དེ་ལས་གསུངས་པ་མ་ཡིན་ནོ་ཞེས་དོགས་པ་བསལ་བར་བྱ་བའི་ཕྱིར། དེ་ཉིད་
ལས་རྒྱུ་ཙམ་ཞིག་དྲངས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བ་ལ་སོགས་པ་ལམ་གྱི་བདག་ཉིད་ཅན་ལམ་ཤེས་པ་ཉིད་ལོགས་ཤིག་ཏུ་བཞག་པ་ཡིན་ནོ། །ཚིག་ལེའུར་བྱས་པའི་རྗེས་སུ་འབྲངས་ཏེ་རྣམ་པའི་གཞུང་དང་མཐུན་པར་སྦྱར་རམ་མ་སྦྱར་ཞེས་དེ་ལྟར་མཁས་པ་རྣམས་

ཀྱིས་དཔྱད་པར་བྱའོ། །དེ་ལ་ཡང་འཕགས་པ་རྣམ་པར་གྲོལ་བའི་སྡེ་ལ་སོགས་པའི་བཤད་པ་བསྟན་ནས་རང་གི་ནུས་པས་བསྟན་པ་ཉིད་ཡིན་ནོ། །ཁ་ཅིག་ནི་དོན་གཞན་ལ་དགོངས་པ་ཇི་སྐད་དུ་བརྗོད་པའི་གཞུང་གི་ཚོགས་ཀྱི་རྣམ་པའི་དོན་མ་བཤད་པར་འདིར་མཐོང་
བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་དག་ཉེ་བར་མཚོན་པ་འབའ་ཞིག་མཛད་པར་ཟད་དེ། བཤད་པ་དང་མ་བཤད་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པའི་དོན་སྟོན་པ་ལྷུར་ལེན་པའི་གཞུང་ཡང་དེ་བཞིན་དུ་བལྟ་བར་བྱའོ་ཞེས་ཟེར་རོ། །གཞན་དག་ན་རེ་དེ་དག་གིས་ནི་སྒོམ་པའི་
གོ་རིམས་ལ་སོགས་པ་མ་བསྟན་པའི་ཕྱིར་མངོན་པར་རྟོགས་པའི་རིམ་པ་ཅུང་ཟད་ཀྱང་མ་བསྟན་ལ། མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་དོན་ཡང་ཇི་ལྟར་བཤད་པར་བྱ་ཞེས་ཟེར་རོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཚོགས་ཀྱི་རྩ་བ་ནི་དངོས་པོ་ལ་མངོན་པར་ཞེན་
པ་ཡིན་ལ། དེ་དང་འགལ་བ་ཡང་བདག་མེད་པ་གོམས་པ་ཡིན་ཏེ། དེ་བས་ན་དེ་མེད་པར་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པར་ཇི་ལྟར་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ཇི་སྐད་དུ་བཤད་པའི་ཚུལ་གྱིས་བདག་མེད་པ་སྟོན་པ་ལྷུར་བྱེད་པ་རྣམ་པ་བཅུ་དྲུག་པོ་འདི་དག་ཐམས་ཅད་
གདུལ་བྱའི་སྐྱེ་བོ་ཉེ་བ་ལ་ཕན་པ་སྐྱེད་པར་བཞེད་པ་ཉིད་ཀྱིས་དེ་ལྟར་ཇི་སྐད་དུ་གསུངས་པའི་ཚུལ་རྣམ་པ་སྣ་ཚོགས་ཀྱིས་བསྟན་པ་ཡིན་དུ་ཟིན་ཀྱང་ཡང་དག་པར་གོམས་པར་གྱུར་པ་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་མཐོང་བའི་ལམ་སྐྱེད་པར་འགྱུར་བ་ཡིན་ནོ་ཞེས་ངེས་པར་བྱ་སྟེ་གཞན་དག་
ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །མཐོང་བའི་ལམ་གྱི་མཇུག་ཐོགས་སུ་བསྒོམ་པའི་ལམ་བརྗོད་པར་བྱ་བ་ཡིན་པ་ལས་བརྗོད་པར་བྱ་བ་ཉུང་བ་ཉིད་དང་གདུལ་བྱ་འབྲས་བུ་ལ་གཞོལ་བ་ཉིད་ཀྱིས་འཇུག་པའི་ཕྱིར་རེ་ཞིག་བསྒོམ་པའི་ལམ་གྱི་བྱེད་པ་བསྟན་པ་ནི། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་
པ་སྨོས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འོག་ནས་འཆད་པའི་བསྒོམ་པའི་ལམ་མོ། །ཡོངས་སུ་དུལ་བའི་སླད་དུ་ཉེ་བར་གནས་པ་ཞེས་བྱ་བ་ནི་ཉོན་མོངས་པའི་རྣམ་པ་ཐམས་ཅད་རང་དབང་དུ་བྱེད་པའི་ཕྱིར་རྣམ་པ་ཐམས་ཅད་དུལ་བའི་དོན་གྱིས་ན། ཡོངས་སུ་དུལ་བའི་རྒྱུ་མཚན་དུ་

མངོན་དུ་ཕྱོགས་པར་གྱུར་པ་ཞེས་བྱ་བ་ནི་དང་པོ་དུལ་བའི་བྱེད་པ་ཡིན་ནོ། །ཁེངས་པ་མ་མཆིས་པའི་ཞེས་བྱ་བ་ནི་དུལ་བའི་རྗེས་ལ་ཅུང་ཟད་ཙམ་གྱི་རྟོགས་པས་ཁྱད་ཞུགས་པར་གྱུར་པ་ལ་བདག་ཏུ་རློམ་པ་བཀག་པས་བདག་ལ་བསྟོད་པ་སྤོང་བའི་ཕྱིར་ཐམས་ཅད་ནས་འདུད་པའི་དོན་གྱིས་ཡོངས་སུ་འདུད་
པ་ཞེས་བྱ་བ་ནི་གཉིས་པ་འདུད་པའི་བྱེད་པའོ། །དེའི་འོག་ཏུ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་གནོན་པ་ཞེས་བྱ་བ་གསུམ་པ་ཉོན་མོངས་པ་ལས་རྒྱལ་བའི་བྱེད་པ་བསྟན་པའི་ཕྱིར་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་འཛིན་པར་
འགྱུར་ཞེས་བྱ་བ་ནི་དེ་བཞིན་དུ་འོག་ནས་བཤད་པའི་བསྒོམ་པའི་ལམ་གྱི་རིམ་གྱིས་སོ། །གཡུལ་འགྱེད་པའི་ཚེ་ཞེས་བྱ་བ་ལ་སོགས་པ་ལ། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་དང་ལྷན་ཅིག་གཡུལ་འགྱེད་པ་ལ་འཇུག་པའི་ཚེ་ཆེན་པོའི་ཆེན་པོ་ལ་སོགས་པ་མི་མཐུན་པའི་ཕྱོགས་གསུམ་ཚན་
དང་པོའི་ཆུང་ངུའི་ཆུང་ངུ་ལ་སོགས་པའི་གཉེན་པོའི་ཕྱོགས་རྣམས་ཀྱི་རྣམ་པ་དང་པོ་རྣམས་རྟོག་པས་གཡུལ་གྱི་ཐོག་མར་ཞུགས་པར་གྱུར་ན་སྟེ་ཞུགས་པ་ཡིན་ནའོ། །གཡུལ་དུ་འཇུག་པ་ལ་སོགས་པའི་ཚིག་གསུམ་ནི་གྲངས་ཇི་ལྟ་བ་བཞིན་དུ་འབྲིང་གི་ཆེན་པོ་ལ་སོགས་པ་མི་མཐུན་པའི་ཕྱོགས་སུམ་
ཚན་གཉིས་པའི་འབྲིང་གི་ཆུང་ངུ་ལ་སོགས་གཉེན་པོའི་ཕྱོགས་ཀྱི་རྣམ་པ་གཉིས་པ་རྣམས་རྟོགས་པ་དང་སྦྱར་ཏེ་བརྗོད་པར་བྱའོ། །གཡུལ་གྱི་ནང་དུ་འགྲོ་བའམ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཆུང་ངུའི་ཆེན་པོ་གཉེན་པོའི་གཉེན་པོའི་ཕྱོགས་ཆེན་པོའི་ཆུང་ངུ་ཐོབ་པས་སོ། །འགྲེང་ངམ་ཞེས་བྱ་བ་ནི་མི་
མཐུན་པའི་ཕྱོགས་ཆུང་ངུའི་འབྲི