Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 85

Văn bản gốc(Tây Tạng)

Trang 5 / 23 (50.000 ký tự/trang)
་སྐད་དུ་ཡང་། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་
ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །སའི་ཚོགས་ནི་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་རྒྱ་ཆེར་གསུངས་པས་དེ་ལས་གཟུང་བར་བྱའི། གཞུང་མངས་ཀྱིས་འཇིགས་པས་བདག་གིས་འདིར་རྒྱ་ཆེར་མ་བྲིས་སོ། །ཞར་ལ་འོངས་པས་ཆོག་གོ། །མཐོང་བ་དང་བསྒོམ་པའི་ལམ་གྱི་བདག་ཉིད་ཅན་
ཁོ་ན་སའི་ཚོགས་ཡིན་པས་དེའི་རྗེས་ལ་དེའི་མི་མཐུན་པའི་ཕྱོགས་སྤོང་བའི་གནས་སྐབས་ཀྱི་དབྱེ་བས་གཉེན་པོའི་ཚོགས་ཉིད་བསྟན་པར་བྱ་བའི་ཕྱིར་ཞུས་པ་གསུམ་པ་ལ་སོགས་པའི་ལན་གདབ་པའི་སྒོ་ནས་ཁམས་གསུམ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དང་པོར་དངོས་པོ་

ཙམ་དང་གཉེན་པོའི་རྟེན་ཅན་ཏེ་གཟུང་བའི་རྣམ་པར་རྟོག་པ་གཉིས་དང་། གང་ཟག་རྫས་སུ་ཡོད་པ་དང་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ཏེ། འཛིན་པའི་རྣམ་པར་རྟོག་པ་གཉིས་ནི་མཐོང་བའི་ལམ་ལ་སྤོང་བ་ཡིན་པས་མི་མཐུན་པའི་ཕྱོགས་ཀྱི་དབྱེ་བས་དེའི་
གཉེན་པོའི་གནས་སྐབས་རྟོགས་པར་འགྱུར་བའི་ཕྱིར། གོ་རིམས་བཞིན་གཉེན་པོའི་ཚོགས་སྟོན་པ་ལྷུར་བྱེད་པ། ཁམས་གསུམ་ནས་ངེས་པར་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ཚིག་བཞི་ནི་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་སྦྱར་བར་བྱའོ། །དེའི་འོག་ཏུ་དངོས་པོ་ཙམ་དང་གཉེན་པོའི་རྣམ་
པ་ལ་བརྟེན་པའི་གཟུང་བའི་རྣམ་པར་རྟོག་པ་གཉིས་དང་། གང་ཟག་རྫས་སུ་ཡོད་པ་དང་སྐྱེས་བུ་བཏགས་པར་ཡོད་པ་ལ་བརྟེན་པ་འཛིན་པའི་རྣམ་པར་རྟོག་པ་གཉིས་བསྒོམ་པའི་ལམ་ལ་སྤོང་བས། མི་མཐུན་པའི་ཕྱོགས་ཀྱི་དབྱེ་བས་དེའི་གཉེན་པོའི་གནས་སྐབས་སུ་རྟོགས་པའི་ཕྱིར་གཉེན་པོའི་ཚོགས་
གཞན་རྣམ་པ་བཞི་གྲངས་ཇི་ལྟ་བ་བཞིན་དུ་སྔར་བརྗོད་པའི་བྱ་བ་བཀག་པས་དོན་དམ་པའི་བདེན་པ་ལ་བརྟེན་ནས། སྟོན་པར་མཛད་པ་ནི་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གནས་པ་དགག་པ་ཉིད་གསལ་བར་བྱེད་པ་ནི་གནས་པ་མེད་པའི་ཚུལ་གྱིས་ཐམས་ཅད་མཁྱེན་པ་ཉིད་ལ་གནས་
པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལ་གནས་པ་ནི་དངོས་པོ་ལ་དམིགས་པ་སྟེ། སེམས་རབ་ཏུ་གནས་པའོ། །དེ་བཀག་པས་གནས་པ་མེད་པའོ། །འདིར་དཔྱད་པར་བྱ་སྟེ། གལ་ཏེ་རེ་ཞིག་གནས་པ་མེད་པ་ཙམ་ཡིན་ན་དེ་ལྟ་ན་ནི་མེད་པ་ཡིན་པའི་ཕྱིར་གཉེན་པོའི་ཕྱོགས་སུ་མི་རུང་ངོ་། །འོན་ཏེ་
གནས་པ་མ་ཡིན་ན་དེའི་ཚེ་མིག་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན། མངོན་པར་ཞེན་པ་མེད་པ་ལ་ཇི་ལྟར་བཤད་པའི་ཚུལ་ལྟར་ཚུལ་འདི་ལ་ཡང་བལྟ་བར་བྱ་བ་ཡིན་པས་རྒྱས་པར་མ་སྤྲོས་སོ། །དུས་གསུམ་པའི་དངོས་པོ་རྣམས་བཀག་པས་གང་ཡང་ངེས་པར་འབྱུང་བར་མ་གྱུར་
ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་དག་པའི་དོན་ལ་གོམས་པ་ངེས་པར་འབྱུང་བའི་ཕྱིར་ཇི་སྟེ་དེ་ལྟར་འགྱུར་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། གང་ངེས་པར་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཉི་ག་ཡང་ཞེས་བྱ་བ་ནི་བྱང་ཆུབ་

སེམས་དཔའ་གང་དང་ལམ་གང་གིས་ངེས་པར་འབྱུང་བ་དེ་དག་དེ་ཁོ་ན་ཉིད་དུ་ན་མེད་ཅིང་མི་དམིགས་པའོ། །ཉེ་བར་བསྡུ་བ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཀུན་རྫོབ་ཏུ་ནི་ཡོད་དོ་ཞེས་བྱ་བར་དགོངས་སོ། །དེ་སྐད་དུ་ཡང་། མཐོང་དང་བསྒོམ་པའི་ལམ་དག་ལ། །གཟུང་དང་འཛིན་
པའི་རྣམ་རྟོག་བརྒྱད། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་གསུངས་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་གོ་རིམས་ཀྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བར་ཐེག་པ་ཆེན་པོ་མ་ལུས་པ་སྙིང་རྗེ་ལ་སོགས་པ་རྣམས་ཀྱིས་རྗེས་སུ་བསྒྲུབས་པས། བྱང་
ཆུབ་ཆེན་པོ་ཐོབ་པར་བྱེད་པའི་ངོ་བོས་སྒྲུབ་པར་བྱེད་པའི་ཕྱིར་ན་སྙིང་རྗེ་ལ་སོགས་པའི་ཚོགས་ཡིན་པའི་ཕྱིར་ཚོགས་ཀྱི་སྒྲུབ་པ་ནི་རྣམ་པ་བཅུ་བདུན་ཡིན་ནོ། །དེ་ལྟར་ཚོགས་བསགས་པ་རྣམས་ནི་ཇི་ལྟར་འཕགས་པ་བྱམས་པས་བརྙེས་པ་ལྟར་ངེས་པར་འབྱུང་བ་ཡིན་པས་བཞི་པ་ངེས་པར་འབྱུང་བའི་སྒྲུབ་
པ་བརྗོད་པར་བྱའོ། །དེ་ཡང་ཡུལ་གྱི་དབྱེ་བས་རྣམ་པ་བརྒྱད་ཡོད་པ་ལས་དང་པོ་གཙོ་བོ་ཡིན་པས་ཆེད་དུ་བྱ་བའི་ངེས་པར་འབྱུང་བའོ། །དེ་ཡང་སེམས་ཅན་ཀུན་གྱི་མཆོག་ཉིད་ཀྱི། སེམས་ཆེན་པོ་ཉིད་ཀྱིས་ངེས་པར་འབྱུང་བ་དང་། སྤོང་བ་ཆེན་པོ་ཉིད་ཀྱིས་ངེས་པར་འབྱུང་བ་དང་། རྟོགས་པ་ཆེན་པོ་
ཉིད་ཀྱིས་ངེས་པར་འབྱུང་བ་སྟེ། རྣམ་པ་གསུམ་ཡོད་པ་དེ་བས་ན་ཆེད་དུ་བྱ་བའི་ངེས་པར་འབྱུང་བ་གསུམ་གྱི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དམིགས་པ་ཆེན་པོ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་
འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་འགྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་རྣམས་དང་ལྡན་པས། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་བྱ་བའི་ཆེན་པོ་ཉིད་བདུན་དང་ལྡན་པས་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་
དང་བཅས་པ་ནི་ཐེག་པ་ཆེན་པོ་ཡིན་ནོ། །ཐེག་པ་ཆེན་པོ་ནི་འཇིག་རྟེན་ན་རབ་ཏུ་གྲགས་པ་ཙམ་ཉིད་ཀྱི་དོན་མ་ཡིན་པར་མངོན་པར་བྱང་ཆུབ་པའི་འབྲས་བུ་ཅན་ཡིན་ཏེ་དེ་ཉིད་འཆིང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཐེག་པ་ཆེན་པོའི་གཉེན་པོ་བསྒོམ་པ་དོན་མེད་པར་འགྱུར་རོ། །དེ་བས་ན་ཡང་དག་པ་

མ་ཡིན་པའི་ཀུན་ཏུ་རྟོག་པ་ཙམ་ཉིད་ཡིན་པའི་ཕྱིར་ལོག་པར་སྣང་བའི་རང་བཞིན་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་དེའི་གཉེན་པོར་གྱུར་པ་ཉིད་ཀྱིས་མི་བདེན་པའི་དོན་ཉིད་དུ་རང་གི་ངོ་བོ་ཡོངས་སུ་ཤེས་པས་ཟིལ་གྱིས་མནན་ཏེ། གང་གི་ཕྱིར་བགྲོད་
པར་བྱ་བའི་གནས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ལ་སོགས་པ་ཆེན་པོ་ཉིད་དུ་ངེས་པ་ཁོ་ནར་འབྱུང་བ་དེའི་ཕྱིར་ཐེག་པ་ཆེན་པོ་ཞེས་བརྗོད་དོ་ཞེས་བྱ་བ་ནི་ངག་གི་དོན་ཏོ། མཉམ་པ་ཉིད་རྟོགས་པ་མེད་པར་ཆེད་དུ་བྱ་བའི་ངེས་པར་འབྱུང་བར་མི་འབྱུང་བས། དེའི་འོག་ཏུ་མཉམ་པ་ཉིད་ཀྱི་ངེས་པར་འབྱུང་བ་བསྟན་པར་
བྱ་བའི་ཕྱིར་ནམ་མཁའ་ལྟར་མཉམ་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ལྟ་བུའི་མཉམ་པ་ཉིད་སྟོང་པ་ཉིད་ཀྱིས་ཤེས་བྱའི་དཀྱིལ་འཁོར་མཐའ་དག་ཁྱབ་པའི་ཡེ་ཤེས་དྲི་མ་མེད་པ་ཡིན་ཞེས་བྱ་བའི་ཕྱིར་དེ་ནི་ཐེག་པ་ཆེན་པོ་ཡིན་ནོ། །སེམས་ཅན་གྱི་དོན་བྱ་བ་མེད་པར་བསོད་ནམས་བསགས་
པ་མི་སྲིད་པའི་ཕྱིར་མཉམ་པ་ཉིད་ཡང་དག་པར་རྟོགས་པར་མི་འགྱུར་བས། དེའི་འོག་ཏུ་སེམས་ཅན་གྱི་དོན་ངེས་པར་འབྱུང་བ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐེག་པ་ཆེན་པོ་ལ་སེམས་ཅན་གྱི་གོ་སྐབས་ཡོད་དོ་ཞེས་བརྗོད་པའི་ཕྱིར་ན་ཐེག་པ་ཆེན་པོ་དེས་དེ་དག་གི་དོན་དུ་ངེས་པར་འབྱུང་བར་བྱ་བ་ཡིན་
ནོ་ཞེས་བསྟན་ཏེ། དེ་ལྟ་མ་ཡིན་ན་དོན་བྱ་བས་སྟོང་ན་གོ་སྐབས་ཡོད་པར་མི་འཐད་པའི་ཕྱིར་རོ། །བཅོམ་ལྡན་འདས་གྲངས་འདིས་ན་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་བསྡུ་བའོ། །རྣམ་གྲངས་འདིས་ཞེས་བྱ་བ་ནི་དོན་གཞན་འདིས་སོ། །འབད་པ་ཡོད་ན་སེམས་ཅན་གྱི་དོན་མ་ཚང་བ་མེད་པ་རྫོགས་པར་མི་འགྱུར་
བས། དེའི་འོག་ཏུ་ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བ་བསྟན་པའི་ཕྱིར་འདི་ལ་འོང་བ་མ་མཐོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོང་བ་ནི་འདས་པ་ནས་སོ། །འགྲོ་བ་ནི་མ་འོངས་པར་རོ། །གནས་པ་ནི་ད་ལྟར་བྱུང་བ་སྟེ། འོང་བ་ལ་སོགས་པ་མེད་པས་ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བ་ཡིན་ནོ་ཞེས་
བྱ་བར་དགོངས་སོ། །རྟག་པ་དང་ཆད་པ་དང་བྲལ་བའི་གནས་སྐབས་རྟོགས་པ་མེད་པར་འབད་པ་མེད་པར་ངེས་པར་འབྱུང་བར་མི་འགྱུར་བས། དེའི་འོག་ཏུ་མཐའ་ལས་འདས་པའི་ངེས་པར་འབྱུང་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདི་ལྟར་

ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཚུལ་གྱིས་སོ། །སྔོན་གྱི་མཐའ་ནི་རྟག་པའོ། །ཕྱི་མའི་མཐའ་ནི་ཆད་པའོ། །དེ་ལས་འདས་པ་ཡང་མེད་དོ་ཞེས་བརྗོད་པ་ནི་དབུས་ཀྱང་མི་དམིགས་ཏེ་ཞེས་བྱ་བའོ། །འདི་ལྟར་ཞེས་གང་སྨྲས་པ་དེ་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཐེག་པ་དེ་ནི་ཞེས་བྱ་བ་ལ་
སོགས་པ་གསུངས་པ་ཡིན་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཀྱིས་ཐེག་པ་དེ་ནི་དུས་གསུམ་སྟོང་པ་ཉིད་ཡིན་པ་དེའི་ཕྱིར་ཐེག་པ་ཆེན་པོ་ལ་སྔོན་གྱི་མཐའ་ལ་སོགས་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཏོ། །ཆོས་ཉིད་དང་མི་འགལ་བའི་དོན་བརྗོད་
པས་ལེགས་སོ་ཞེས་ཤེས་པར་བྱ་བའི་ཕྱིར་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཉེ་བར་བསྡུ་བ་ནི་དེ་ལྟར་ན་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མཐའ་ལས་འདས་པའི་ངེས་པར་འབྱུང་བ་ཡང་ཐེག་པ་གསུམ་སོ་སོའི་ཁྱད་པར་ཅན་གྱི་གནས་སྐབས་ཐོབ་པ་མེད་པར་
རྫོགས་པར་མི་འགྱུར་བས་དེའི་འོག་ཏུ་ཐོབ་པའི་ངེས་པར་འབྱུང་བ་གསུངས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་བསླབས་པས་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལའོ། །ཐམས་ཅད་མཁྱེན་པ་ཉིད་ཐེག་པ་གསུམ་གྱི་བདག་ཉིད་ཅན་འཕགས་པའི་
གང་ཟག་ཐམས་ཅད་ཀྱི་རྟོགས་པའི་རྒྱུ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རྗེས་སུ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྒྲ་གཞན་དུ་གྱུར་པས་འཕགས་པ་གང་བོ་འཁྲུལ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་སྟེ་ཆེད་དུ་ཁྱོད་
སྤོབས་པར་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་དང་པོ་རྩོམ་པ་ན་བྱིན་གྱིས་བརླབས་པའོ། །རྟག་ཏུ་མཉམ་པར་གཞག་པ་མེད་པར་ཡེ་ཤེས་ཀྱི་མཐོང་བ་འཇུག་པ་མི་འབྱུང་བས་གཞན་དུ་ཡང་གྱུར་ཏམ་སྙམ་ནས། འཕགས་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ནི་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །
འགལ་བ་ནི་འདས་པའོ། །དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་ནི་ལོག་པར་སྟོན་པ་མི་འཐད་པས་རབ་འབྱོར་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྗེས་སུ་མཐུན་པར་ཞེས་བྱ་བ་ནི་ལུགས་དང་མཐུན་པ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་ཐེག་པ་ཆེན་པོའི་རང་བཞིན་ཡིན་

ནོ་ཞེས་བྱ་བར་དགོངས་སོ། །ཆོས་ཟབ་མོ་རྣམ་པ་ཐམས་ཅད་དུ་སྟོན་པའི་ནུས་པ་བདག་ཉིད་ལ་ཡོད་པར་མ་མཐོང་བས། བཅོམ་ལྡན་འདས་སངས་རྒྱས་ཀྱི་མཐུས་ལགས་སོ་ཞེས་བྱ་བ་གསོལ་ཏོ། །ཐོབ་པའི་ངེས་པར་འབྱུང་བ་དེ་ཡང་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པ་
དང་དེ་གཉི་གའི་འབྲེལ་བ་བཀག་པའི་མཚན་ཉིད་ཅན་ཏེ། དེས་ན་ཐོབ་པར་བྱ་བ་བཀག་པའི་དབང་དུ་བྱས་ནས། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། གཞན་ཡང་ཞེས་བྱ་བའི་སྒྲའི་དོན་ནི་གོ་རིམས་ཀྱི་དོན་ཏོ། །མཐར་ཡང་ཞེས་བྱ་བ་ནི་བདུན་པའོ། །ཉེ་བར་མ་རྟོགས་ཞེས་བྱ་བ་ནི་ཐོབ་པར་བྱ་བ་
གཟུགས་ལ་སོགས་པའི་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་ཅུང་ཟད་ཀྱང་ཞེས་བྱ་བ་ལྷག་མ་སྟེ། ཐོབ་པར་བྱ་བའི་བྱང་ཆུབ་སེམས་དཔའ་དེ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པར་སྣང་བ་མ་ཡིན་ནམ་ཇི་ལྟར་ཡོད་པ་མ་ཡིན་སྙམ་དུ་དོགས་པ།
ཉེ་བར་མ་རྟོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། གཟུགས་སུ་མ་མཆིས་པས་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པ། །གང་ཕྱིར་ཆོས་ཡོད་མ་ཡིན་པ། །ཞེས་བྱ་བའི་ཚུལ་གྱིས་གང་གི་ཕྱིར་ཆོས་ཀྱི་དབྱིངས་བཞིན་དུ་དེའི་རང་བཞིན་དུ་གྱུར་པའི་
གཟུགས་ལ་སོགས་པ་མུ་མེད་པས་བྱང་ཆུབ་སེམས་དཔའ་མུ་མེད་པ་ཉིད་ཡིན་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཉེ་བར་མ་གཏོགས་པ་ཡིན་ནོ་ཞེས་བསམས་པའོ། །ཐོབ་པ་པོ་དགག་པའི་དབང་དུ་མཛད་ནས་གསུངས་པ་ནི་གཟུགས་བྱང་ཆུབ་སེམས་དཔའོ་ཞེས་བྱ་བ་ལ་སོགས་པའོ། །གཟུགས་ལ་
སོགས་པ་ནི་རིགས་པས་ཡོད་པ་མ་ཡིན་པས་དེའི་བདག་ཉིད་ཅན་ཐོབ་པ་པོའི་བྱང་ཆུབ་སེམས་དཔའ་ཉེ་བར་མི་དམིགས་སོ་ཞེས་བྱ་བར་བསམས་པའོ། །གལ་ཏེ་དེ་ལྟར་མི་དམིགས་ན་དེ་ཁོ་ན་ཉིད་ཡིན་ནོ་ཞེ་ན། འདི་ཡང་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཉེ་བར་མ་རྟོགས་པ་ཞེས་བྱ་བ་འདི་ཡང་མེད་དེ།
ཡུལ་མེད་པ་ལ་དགག་པའི་སྦྱོར་བ་མེད་པའི་ཕྱིར་རོ། །དངོས་པོ་མེད་པ་དེའི་ཕྱིར་མི་དམིགས་སོ། །དེ་ལྟར་སྤྱིར་བསྟན་ནས་བདག་ཉིད་ཀྱི་དབང་དུ་བྱས་ཏེ། བཅོམ་ལྡན་འདས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། དེ་ལྟར་ཞེས་བྱ་བ་ནི་ཐོབ་པར་བྱ་བ་དང་ཐོབ་པ་པོ་བཀག་པས་སོ། །ཐམས་ཅད་

འདི་ནི་གཉིས་ཏེ་དངོས་པོ་ཐམས་ཅད་དང་རྣམ་པ་ཐམས་ཅད་དོ་ཞེས་བྱ་བའི་ཚུལ་གྱིས་ན། འདིར་ཐམས་ཅད་ནས་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་དངོས་པོའི་རང་བཞིན་གྱིས་སོ། །ཐམས་ཅད་ཅེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོའི་རང་བཞིན་ན། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་ནང་
སྟོང་པ་ཉིད་ལ་སོགས་པའི་རྣམ་པའི་དབྱེ་བས་སོ། །ཡང་ཐམས་ཅད་ཅེས་བྱ་བ་ནི་སྤྱི་དང་སོ་སོའི་རྣམ་པའོ། །བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཆོས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཉིད་ཐོབ་པར་བྱ་བ་དང་ཐོབ་པ་པོའི་མཚན་ཉིད་ཀྱི་ཆོས་གཟུགས་ལ་སོགས་པའི་རང་བཞིན་ཏེ། དེ་དག་ནི་མི་
དམིགས་པར་གྱུར་པས་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེ་གཉི་གའི་འབྲེལ་པ་དགག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། རྣམ་པ་དང་ཐབས་དང་རྣམ་པ་མེད་པའི་ཤེས་པ་དག་གིས་སམ། མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་གྲངས་
ཇི་ལྟ་བ་བཞིན་དུ་ཡང་དག་པར་རྗེས་སུ་མ་མཐོང་ཞིང་མ་དམིགས་ནའོ། །དེ་ཉིད་བསྟན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཉེ་བར་བསྡུ་བའི་ཕྱིར་བཅོམ་ལྡན་འདས་བདག་གི་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །གང་ཞིག་ཅེས་བྱ་བ་ནི་ཐོབ་པ་པོ་བྱང་ཆུབ་
སེམས་དཔའོ། །གང་གིས་ཞེས་བྱ་བ་ནི་ཐོབ་པར་བྱ་བའི་ཐབས་ཀྱི་སྒོ་ནས་སོ། །གང་ལ་ཞེས་བྱ་བ་ནི་འབྲེལ་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་དེ། གང་གི་སྒྲ་ནི་སྤོང་བ་སྟོན་པར་བྱེད་པ་ཡིན་པས། གང་གང་གིས་གང་ལ་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། གང་
གི་ཕྱིར་བཅོམ་ལྡན་འདས་སངས་རྒྱས་ཞེས་བྱ་བ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཐོབ་པར་བྱ་བ་ནི་སངས་རྒྱས་ཀྱི་སྒྲས་བརྗོད་དེ། ཐོབ་པ་པོ་དང་འབྲེལ་པའི་ཚིག་ལྷག་མ་གཉིས་ཀྱིས་སྟོན་པའི་ཕྱིར་ཏེ། གང་གི་ཕྱིར་གང་ཞིག་སྐབས་སུ་བབ་པ་དེ་ཉིད་ཉེ་བར་བསྡུ་བ་ཡིན་ནོ། །དངོས་པོ་ཇི་
ལྟ་བ་བཞིན་སྒྲ་སྦྱོར་བའི་ཕྱིར་ན་མིང་ཙམ་དུ་ཡོད་པ་ལས་དོན་བདེན་པར་འགྱུར་རོ་སྙམ་ན་མིང་དེ་ཡང་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། དེ་སྔོན་མཐོང་བ་མེད་པའི་ཕྱིར། །སྒྲ་དོན་ཁྱད་པར་བརྗོད་བྱ་དང་། །རྗོད་བྱེད་དུ་ནི་འདོད་མིན་གྱི། །སྤྱི་ནི་ཉེ་བར་སྟོན་པ་ཡིན། །ཞེས་བྱ་བའི་ཚུལ་གྱིས་དངོས་པོ་

ཇི་ལྟ་བར་མིང་དེ་མངོན་པར་གྲུབ་པ་མེད་པའི་ཕྱིར་མ་སྐྱེས་པའོ། །ཇི་ལྟ་བུ་ཞེ་ན། ཇི་ལྟར་བདག་ཅེས་བྱ་བ་ལ་སོགས་པ་གསོལ་ཏོ། །དེ་ཉིད་བཤད་པ་ནི་བདག་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དོན་གྱི་བྱ་བའི་ནུས་
པ་མེད་པས་བོང་བུའི་རྭ་དང་འདྲ་བར་ཡང་དག་པའི་ཀུན་རྫོབ་ཏུ་ཡང་མངོན་པར་མ་གྲུབ་པ་ཉིད་ཀྱིས་ན་བདག་ནི་ཤིན་ཏུ་མེད་མོད་ཀྱི། དེ་ལྟ་ན་ཡང་བདག་ཅེས་ཐ་སྙད་འདོགས་སོ། །གལ་ཏེ་དེ་ལྟར་ཆོས་ཐམས་ཅད་རིགས་པས་ངོ་བོ་ཉིད་མེད་པ་ཡིན་ན་གཟུགས་དེ་གང་ཡིན་ཞེས་
རྟོག་པ་ལ། གང་གཟུང་དུ་མ་མཆིས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་མངོན་པར་མ་གྲུབ་པ་དེའི་ཕྱིར་དེ་ཁོ་ནར་གཟུང་བ་དང་འཛིན་པ་དང་བྲལ་བ་ཡིན་ཏེ། དེས་ན་གཟུགས་ལ་སོགས་པ་ནི་ཀུན་རྫོབ་ཏུ་མ་བརྟགས་གཅིག་པུ་ན་ཡིད་དགའ་བར་བྱེད་པ་ཡིན་ནོ། །
དེ་ལྟར་གཟུང་བ་དང་འཛིན་པའི་དངོས་པོར་མ་གྲུབ་ན་འོ་ན་ཆོས་དོན་དམ་པ་ཡིན་ནོ་སྙམ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་པས་ཆོས་ཐམས་ཅད་དངོས་པོ་མེད་པ་གང་ཡིན་པ་དེ་ཉིད་མངོན་པར་མ་གྲུབ་པ་ཡིན་ལ། མངོན་པར་མ་གྲུབ་པ་གང་ཡིན་པ་དེ་ནི་
རང་གི་མཚན་ཉིད་འཛིན་པ་དང་བྲལ་བས་དེ་ནི་ཆོས་མ་ལགས་སོ། །རབ་ཏུ་བསྒྲུབ་པའི་དོན་མཇུག་བསྡུ་བའི་ཕྱིར་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་ཞེས་པ་ནི་དེའི་ཕྱིར་རོ། །ཅི་ཞིག་ཅེས་བྱ་བའི་སྒྲ་ནི་སྤོང་བ་བརྗོད་པ་ཉིད་ཡིན་པའི་ཕྱིར་
མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ན་ནི་ཆོས་རྣམས་མངོན་པར་གྲུབ་པ་ཡིན་ནོ་ཞེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། དངོས་པོ་ཐམས་ཅད་ཀྱི་མངོན་པར་གྲུབ་པ་རབ་ཏུ་དགག་པ་ཡིན་པའི་ཕྱིར། མངོན་པར་མ་གྲུབ་པ་ལས་གཞན་པ་མངོན་
པར་གྲུབ་པའི་ཆོས་ནི་ཉེ་བར་མི་དམིགས་སོ། །ཆོས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལམ་གྱི་རང་བཞིན་ནོ། །སངས་རྒྱས་ཀྱི་ཆོས་ནི་ཐོབ་པར་བྱ་བའི་མཚན་ཉིད་རྣམས་སོ། །བྱང་ཆུབ་སེམས་དཔའི་ཆོས་ནི་ཐོབ་པ་པོ་བྱང་ཆུབ་སེམས་དཔར་བཏགས་པའི་རྒྱུ་མཚན་

གཟུགས་ལ་སོགས་པའོ། །གང་བྱང་ཆུབ་ཏུ་སྤྱོད་པ་མི་དམིགས་སོ་ཞེས་བྱ་བ་ནི། བྱང་ཆུབ་པའི་དོན་དུ་སྤྱོད་པའི་སྤྱིའི་ཆོས་གཞན་གང་ཡང་རུང་བ་གང་ཡིན་པ་དེ་ཡང་ཉེ་བར་མི་དམིགས་སོ་ཞེས། རྣམ་པར་དབྱེ་བ་བསྒྱུར་ལ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་ན་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སུ་ཞིག་མངོན་པར་བརྩོན་པར་འགྱུར་ཞེ་ན། གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྤྱོད་པའོ་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ཤེས་པས་སོ། །སྒོམ་པའོ་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ཤེས་པས་སོ། །ཉེ་བར་རྟོག་པ་ནི་
རིག་པས་རྣམ་པར་འཇོག་པའོ། །ངེས་པར་སེམས་པ་ནི་དྲན་པའི་ཤེས་པ་ལ་ངེས་པར་འཇོག་པ་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་མི་དམིགས་ན་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་རྟོག་ཅེས་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། བཅོམ་
ལྡན་འདས་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །གང་གི་ཕྱིར་དུས་གང་གི་ཚེ་གཟུགས་ལ་སོགས་པའི་ཆོས་འདི་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྟེ། དེའི་རྒྱུ་མཚན་དུ་ངོ་བོ་ཉིད་མེད་པའི་རྣམ་པར་ཡོངས་སུ་རྟོགས་པར་བྱེད་པ་དེའི་ཚེ་གཟུགས་ཉེ་བར་མི་རྟོགས་ཏེ་
མི་རིག་གོ། །དེ་ཉིད་ཀྱི་ཕྱིར་ཉེ་བར་མི་འཛིན་ཏེ་བདག་གིར་མི་བྱེད་དེ། གང་གི་ཕྱིར་སྐྱེ་བ་འམ་འགག་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །སྐྱེ་བ་དང་འཇིག་པ་མ་གཏོགས་པ་གཞན་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་བསམས་
པའོ། །བདག་ཉིད་གཅིག་ཡིན་ན་སྐྱེ་བ་མེད་པ་དང་འགག་པ་མེད་པ་དམིགས་པ་ཁོ་ན་གཟུགས་དམིགས་པ་ཡིན་ནམ། དེའི་ཕྱིར་ཇི་ལྟར་གཟུགས་ཉེ་བར་མ་གཏོགས་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། དེ་ནི་འདི་ལྟར་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། གང་གི་ཕྱིར་སྐྱེ་བ་མེད་པ་དང་འཇིག་པ་མེད་པ་གང་དག་ཡིན་པ་དེ་དག་ནི་གཟུགས་མ་ཡིན་ཏེ། ཀུན་རྫོབ་ཏུ་གཟུགས་ལྟ་བུར་སྣང་བའི་ཕྱིར་རོ། །དེ་ལ་དངོས་པོ་ཁོ་ན་སྐད་ཅིག་མར་གནས་པའི་ཆོས་མི་རྟག་པ་ནི་འཇིག་པའོ། །དེ་བཀག་

པས་འཇིག་པ་མ་མཆིས་པ་ཡིན་ཏེ། གང་གི་ཕྱིར་ཀུན་རྫོབ་ཏུ་སྣ་ཚོགས་པ་ཉིད་ཡིན་པ་དེས་ན་དེའི་ཕྱིར་སྐྱེ་བ་མེད་པ་དང་འཇིག་པ་མེད་པ་དང་གཟུགས་ནི་དོན་དམ་པར་སྐྱེ་བ་མེད་པ་དང་འཇིག་པ་མེད་པ་ཉིད་དུ་གནས་པའི་ཕྱིར་གཉིས་སུ་མེད་དེ། འདི་ནི་
སྐྱེ་བ་མེད་པ་ལ་སོགས་པ་དང་རང་བཞིན་གཅིག་ཉིད་ཡིན་ནོ། །གང་གི་ཕྱིར་གཉིས་སུ་བྱར་མེད་པ་སྟེ། གཉིས་ཀྱི་དངོས་པོར་བྱེད་པའི་ཚད་མ་དང་བྲལ་བས་སོ། །གལ་ཏེ་དེ་ལྟར་ཡིན་ན་གཟུགས་སུ་ཇི་ལྟར་བཏགས་ཞེ་ན་གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་
ཞེས་བྱ་བ་འདི་ནི་གཟུགས་རིགས་པས་མི་འཐད་པ་ལ་སོགས་པ་གཉིས་སུ་མ་མཆིས་པ་ལ་བརྗོད་པའི་ཀུན་རྫོབ་ཏུ་མིང་དུ་བགྱིས་པ་ལགས་ཏེ་བརྡར་བཏགས་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་མེད་པར་ཐོབ་པའི་ངེས་པར་འབྱུང་བར་མི་འགྱུར་བས་དེའི་
འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་དང་སྦྱར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི། རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་ལ་སྟེ། ངེས་པར་འབྱུང་བའི་དོན་དུ་ཞེས་བྱ་བ་ནི་ལྷག་མའོ། །ཆོས་ཐམས་ཅད་ནི་གཟུགས་ལ་སོགས་པ་རྣམས་སོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལ་སོགས་པའི་རྣམ་པར་རོ། །འདི་ནི་བྱ་བའི་ཁྱད་པར་ཏེ། དེ་ལྟར་
གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཡོངས་སུ་རྟོག་པ་ནའོ། །དེའི་ཚེ་ཞེས་བྱ་བ་ནི་མངོན་པར་རྟོགས་པའི་དུས་ནའོ། །གཟུགས་ལ་ཉེ་བར་མི་རྟོག་གོ་ཞེས་བྱ་བ་ལ་སོགས་པ་ནི། སྐབས་གཞན་གྱི་སྒོ་ནས་ཡང་བཟླས་པའི་ཕྱིར་ཟློས་པའི་ཉེས་པ་ཡོད་པ་མ་ཡིན་
ནོ། །དེ་ལྟ་ན་ནི་སེམས་ཅན་གྱི་དོན་དུ་དཀའ་བ་སྤྱོད་པ་ལ་སོགས་པ་མི་འཐད་དོ་ཞེས་བྱ་བའི་བསམ་པ་དང་ལྡན་པས་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །གང་གི་ཕྱིར་གཟུགས་ལ་སོགས་པ་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པ་དག་དང་གཉིས་སུ་མེད་པ་ཉིད་ཡིན་པའི་རྒྱུ་དེའི་

ཕྱིར་གཟུགས་ལ་ཉེ་བར་མི་རྟོག་ཅེས་བྱ་བ་ལ་སོགས་པ་ཇི་སྐད་སྨྲས་པའི་དོན་ཁོ་བོས་ཤེས་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཡང་སྐྱེ་བ་མེད་པ་ཡིན་ཏེ། དེ་ཡང་གཟུགས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་ཡིན་དུ་ཆུག་མོད་ཅེས་ཁས་བླངས་ན་ཉེས་པ་
བསྟན་པའི་དོན་དུ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ཞིག་ཅེས་བྱ་བའི་སྒྲ་ནི་སྤོང་བ་སྟེ། སྐྱེ་བ་མེད་པ་དང་འགག་པ་མེད་པའི་ཕྱིར་མི་སྤྱོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་རྣམས་ཀྱི་དོན་གྱིས་ཞེས་བྱ་བ་བགོས་པས་སྡུག་བསྔལ་བ་ཡིན་པ་དེ་དག་ཉམས་སུ་
མྱོང་བའི་དོན་དུ་སྤྲོ་བ་ཡང་ཅི་ཞིག་ཡོད་ཅིང་ཅིའི་དོན་དུ་ཡིན་ནོ་ཞེས་པའི་དོན་ཏེ། སེམས་ཅན་ལ་སོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་ཞེས་བྱ་བ་ལ་སོགས་པས་ནི་ལན་སྨྲས་པ་ཡིན་ནོ། །འདི་སྙམ་དུ་སེམས་ཏེ།
གལ་ཏེ་བྱང་ཆུབ་སེམས་དཔའ་ཡང་སྐྱེ་བ་མེད་པ་ཡིན་ན་དོན་དམ་པར་དཀའ་བ་སྤྱད་པ་སྤྱོད་པ་མེད་པར་འགྱུར་རོ་ཞེས་ཐལ་བ་བསྒྲུབས་ན་ནི་དེའི་ཚེ་དེ་ཁོ་ན་ཉིད་དུ་ན་སྤྱོད་པ་མི་འཐད་པས་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །འོན་ཏེ་ཀུན་རྫོབ་ཏུ་ཡིན་ན་འོ་ན་ནི་དེའི་ཚེ་བྱང་ཆུབ་སེམས་དཔའ་སྐྱེ་བ་
མེད་པ་མ་ཡིན་ཏེ། སྐྱེ་བར་སྣང་བའི་ཕྱིར་རོ། །དེས་ན་སྤྱོད་པ་ཇི་ལྟར་འགལ་ཞེས་བསམས་པ་ཡིན་ནོ། །ཀུན་རྫོབ་ཏུ་ཡང་དཀའ་བ་སྤྱོད་པ་ཇི་ལྟར་སྤྱོད་པ་ཡིན་ཞེས་ཀྱང་བསམ་པར་མི་བྱའོ་ཞེས་བརྗོད་པ་ནི་གང་ཞིག་དཀའ་བ་སྤྱོད་པའི་འདུ་ཤེས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །
དཀའ་བའི་འདུ་ཤེས་ཀྱིས་སྤྱོད་པ་ཞེས་བྱ་བ་འདིར་སྤྱད་དཀའ་བ་ལ་ཞེས་བྱ་བ་ནི་ལྷག་མའོ། །མགོ་གཏོང་བ་ལ་སོགས་པའི་སྤྱད་དཀའ་བ་རྣམས་བྱང་ཆུབ་སེམས་དཔའ་ཁོ་ནས་བྱེད་པ་མ་ཡིན་ནམ། ཇི་ལྟར་ན་དཀའ་བའི་འདུ་ཤེས་མེད་པ་ཡིན་སྙམ་པའི་དོགས་པ་དེ་ཅིའི་
ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་གི་ཕྱིར་དཀའ་བའི་འདུ་ཤེས་བསྐྱེད་ན་སེམས་ཅན་རྣམས་ཀྱི་དོན་བྱ་བར་མི་ནུས་ཏེ། ཡང་དག་པའི་སྤྱོད་པ་མི་རྫོགས་པའི་ཕྱིར་རོ། །དེ་བས་ན་གང་དཀའ་བའི་འདུ་

ཤེས་ཀྱིས་སྦྱིན་པ་ལ་སོགས་པ་ལ་སྤྱོད་པར་བྱེད་ན་དེ་སེམས་ཅན་གྱི་དོན་མི་བྱེད་པས་བྱང་ཆུབ་སེམས་དཔར་མི་འགྱུར་རོ་ཞེས་བྱ་བར་བསམས་པའོ། །འོ་ན་ཇི་ལྟར་ནུས་པར་འགྱུར་ཞེ་ན། འོན་ཀྱང་བདེ་བའི་འདུ་ཤེས་པ་ཉིད་དུ་བྱས་ནས་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། སྦྱིན་པ་ལ་སོགས་པ་ལ་སེར་སྣ་ལ་སོགས་པ་མེད་པས་བྱ་སླ་བའི་འདུ་ཤེས་ནི་བདེ་བའི་འདུ་ཤེས་སོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྤྱིར་མ་ལ་སོགས་པར་འདུ་ཤེས་བསྐྱེད་པའམ། ཁྱད་པར་དུ་སྐྱེས་པ་དང་བུད་མེད་དག་ལ་ན་ཚོད་ཆེ་ཆུང་གི་ཚད་
ཀྱིས་ཅི་རིགས་པར་མ་ལ་སོགས་པའི་འདུ་ཤེས་སུ་བྱས་ཤིང་གང་གི་ཚེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ན་དེའི་ཚེ་དོན་བྱ་བར་ནུས་སོ་ཞེས་བྱ་བར་བསམས་པའོ། །དེ་ཉིད་ཉེ་བར་བསྡུ་བར་བྱ་བའི་ཕྱིར་དེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བར་དུ་ཡང་ཞེས་བྱ་བ་འདིས་ནི་སྐྱེས་པ་དང་
བུད་མེད་རྣམས་ལ་ན་ཚོད་མཉམ་པའི་ཚད་ཀྱིས་མིང་པོ་དང་སྲིང་མོའི་འདུ་ཤེས་སུ་ཉེ་བར་བསྡུ་བའོ། །ཇི་ལྟར་ན་བདག་ཉིད་ཀྱི་འདུ་ཤེས་བསྐྱེད་པར་བྱ་ཞེ་ན། ཇི་ལྟར་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཏུ་ང་རྒྱལ་སྐྱེད་པ་ཉིད་ཀྱིས་རང་གི་རྒྱུད་ཉིད་བདག་ཡིན་ནོ། །
སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱ་ཞིང་བསལ་བར་བྱའོ་ཞེས་བྱ་བ་ནི། འདུ་བྱེད་ལ་སོགས་པའི་སྡུག་བསྔལ་རྣམས་ལས་ཐར་བར་བྱ་ཞིང་བསལ་བར་བྱའོ། །རྣམ་པ་གཞན་དག་ཀྱང་བདག་གིས་སེམས་ཅན་ཐམས་ཅད་ལ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་
ཡིན་ཏེ། ཡོངས་སུ་མི་གཏོང་ངོ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོའི་བསམ་པ་དང་སྦྱོར་བས་སོ། །ཐར་པར་བྱའོ་ཞེས་བྱ་བ་ནི་དེ་ལྟ་བུའི་བྱ་བ་རྫོགས་པར་བྱ་བས་སོ། །གང་གི་ཚེ་ཞེ་ན། བདག་གི་ལུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་ལུས་བརྒྱར་གཏུབས་
ཀྱང་ཞེས་བྱ་བ་ནི་དེ་རྣམས་ཉིད་ཀྱིས་བྱ་བར་ཤུགས་ཀྱིས་སྦྱར་ཏེ། གཞན་དུ་ན་ཕུལ་དུ་བྱུང་བ་ཅི་ཞིག་ཏུ་འགྱུར། ཆུང་ངུ་ན་ཞེས་བྱ་བ་ཐ་མ་ནའོ། །གནོད་སེམས་ཀྱང་མི་བསྐྱེད་དོ་ཞེས་བྱ་བ་ནི་ཞེ་སྡང་བར་མི་བྱ་བའོ། །དེ་ཉིད་མཇུག་བསྡུ་བ་ནི་དེ་ལྟར་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་བཤད་མ་ཐག་པའི་སེམས་དེ་ལྟར་རོ། །སྤྱོད་པ་ནི་སྦྱིན་པ་ལ་སོགས་པའོ། །གནས་ན་ཞེས་བྱ་བ་ནི་སྤྱོད་ལམ་རྣམ་བཞི་ལའོ། །དེ་ལྟར་ཀུན་རྫོབ་ལ་བརྟེན་པའི་སྤྱོད་པས་དཀའ་བའི་འདུ་ཤེས་མེད་པ་བསྟན་ནས་དོན་དམ་པའི་
བདེན་པ་བརྟེན་པ་བསྟན་པར་བྱ་བའི་ཕྱིར། ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ནས་བྱ་བ་ནི་མངོན་སུམ་ལ་སོགས་པའི་ཚད་མས་སོ། །ཐམས་ཅད་ནི་ཁྱབ་པ་དང་ཅིག་ཤོས་ཀྱི་ཚུལ་ལོ། །རྣམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་
སེམས་ཅན་དང་སྲོག་ལ་སོགས་པར་གྲགས་པའི་རྣམ་པས་སོ། །ཡང་ཐམས་ཅད་དུ་ཞེས་བྱ་བ་ནི་བྱེད་པ་པོ་ཉིད་ལ་སོགས་པའི་ཚུལ་ཏེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་ཇི་ལྟར་བདག་མེད་ཅིང་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱིས་ན་མི་དམིགས་ཏེ། ཆོས་ཐམས་ཅད་ཀྱང་
དེ་བཞིན་ནོ། །དེ་ཉིད་བསྟན་པ་ནི་དེ་བཞིན་དུ་ཞེས་པ་ལ་སོགས་པའོ། །ཆོས་ལ་ལྟོས་ནས་ནི་ཐམས་ཅད་ཅེས་བྱ་བ་རང་གི་མཚན་ཉིད་ལ་སོགས་པའི་ཚུལ་གྱིས་སོ། །ཐམས་ཅད་ནི་སྤྱིའི་མཚན་ཉིད་ལ་སོགས་པའོ། །རྣམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་
པའི་རྣམ་པས་སོ། །ཐམས་ཅད་དུ་ནི་རྣམ་པ་ཐམས་ཅད་དུ་སྟེ། དེའི་ཕྱིར་རྣམ་པ་གཞན་མེད་པས་སྒྱུ་མའི་སྐྱེས་བུ་ཁོ་ན་ལྟར་ཀུན་དུ་སྤྱོད་པར་བྱ་ཞིང་དེ་ལ་ཡང་དཀའ་བ་སྤྱོད་པའི་འཇིགས་པ་ཇི་ལྟར་ཡོད་ཅེས་བྱ་བར་བསམས་པའོ། །དེ་ལྟར་སྐྱེ་བ་མེད་པ་ལ་ཐལ་བ་སྤངས་ནས་
ཁས་ལེན་པ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུས་གང་ཡང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པས་བརྗོད་དོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་དོན་དམ་པར་ཞེས་བྱ་བར་བསམས་པའོ། །བྱང་ཆུབ་སེམས་དཔའ་སྐྱེ་བ་མེད་དོ་ཞེས་བརྗོད་པས་ཕྱོགས་གཅིག་པའི་སྟོང་པ་ཉིད་དུ་འགྱུར་རོ་ཞེས།
ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའི་ཆོས་ནི་བྱང་ཆུབ་སེམས་དཔར་བྱེད་པའི་ཆོས་ལམ་གྱི་རྣམ་པར་ཤེས་པ་ཉིད་ལ་སོགས་པའི་རང་བཞིན་ནོ། །བྱང་ཆུབ་སེམས་དཔའི་ཆོས་ཀྱང་སྐྱེ་བ་མེད་དེ་རིགས་པས་མཚུངས་

པའི་ཕྱིར་རོ། །དེ་ཉིད་བརྗོད་པ་ནི་བྱང་ཆུབ་སེམས་དཔའི་ཞེས་བྱ་བ་ལ་སོགས་པའོ། །གང་དྲིས་པ་དེ་ཁོ་ན་ལན་གདབ་པར་བྱའི། གཞན་དུ་ན་ཉན་པ་པོ་འབྱུང་བ་མེད་པའི་ངག་ཏུ་འགྱུར་རོ། །དེ་བས་ན་ཕྱོགས་གཅིག་པའི་སྟོང་པ་ཉིད་ཀྱི་
ལན་གདབ་པའི་ཕྱིར། འོན་ཏེ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་གོང་ནས་གོང་དུ་དྲིས་པ་དང་། ལན་སྨྲས་པས་སྟོང་པ་ཉིད་ནི་ཐམས་ཅད་ཀྱི་ཡུལ་ཡིན་པར་བརྗོད་པ་ཡིན་ནོ། །དེ་ལ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་ཉིད་དོ། །སངས་རྒྱས་སུ་བྱེད་པའི་
ཆོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་སོ། །འཕགས་པའི་ལམ་མ་སྐྱེས་པའི་བྱིས་པ་ནི་སོ་སོའི་སྐྱེ་བོའོ། །སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་དེ་དང་འབྲེལ་པ་འདོད་ཆགས་ལ་སོགས་པའོ། །དེ་ལྟར་རིམ་གྱིས་ཆོས་ཐམས་ཅད་སྐྱེ་བ་མེད་པར་
ཁས་ལེན་དུ་བཅུག་ནས་ཉེས་པ་འགལ་བའི་ཕྱིར་བརྗོད་པ་ནི་ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །འོ་ན་ཞེས་བྱ་བ་ནི་མི་བཟོད་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ཡིན་ནམ་ཞེས་བྱ་བ་ནི་ལྷག་མའོ། །གླེགས་བམ་ལ་ལ་ལས་ཐམས་ཅད་མཁྱེན་པ་ཉིད་འབད་པ་མེད་
པས་ཐོབ་བམ་ཟེར་བ་ནི་གསལ་བ་ཁོ་ནར་ཟད་དོ། །འདི་སྐད་དུ་གུས་པར་བྱས་པ་དང་རྒྱུན་མི་འཆད་པ་དང་ཡུན་རིང་པོར་བསྒོམས་པས་སྐྱེ་བ་མེད་པ་རྟོགས་པ་ན་སངས་རྒྱས་ཉིད་རྗེས་སུ་ཐོབ་པ་ཡིན་ནོ། །གལ་ཏེ་ཆོས་ཐམས་ཅད་མ་སྐྱེས་པ་ཁོ་ན་ཡིན་ན་ནི་དེའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
འབད་པ་མེད་པར་རྗེས་སུ་ཐོབ་པ་ཁོ་ན་ཡིན་ལ། དེ་ལྟ་ན་ནི་ལུས་ཅན་ཐམས་ཅད་གྲོལ་བར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་མ་སྐྱེས་པ་ལ་ཐོབ་པར་བྱ་བ་དང་ཐོབ་པ་པོ་ཆོས་ཡོད་ན་ནི་དེའི་ཚེ་འབད་པ་མེད་པར་ཐོབ་པ་ཞེས་བྱ་བ་འཐད་པ་ཞིག་ན། གང་གི་ཕྱིར་དེ་ལྟར་ནི་མ་ཡིན་ནོ་ཞེས་
བསམས་ནས་བརྗོད་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་མ་སྐྱེས་པའི་ཆོས་ལ་ཐོབ་པར་མི་འདོད་དོ་ཞེས་བྱ་བ་ལ་སོགས་པའོ། །རིགས་པས་མ་སྐྱེས་པའི་ཆོས་དད་པས་ཐོབ་པར་བྱ་བ་དང་ཐོབ་པ་པོའི་སྦྱོར་བའི་གནས་སྐབས་སུ་ཐོབ་པར་ཏེ་འཛིན་པར་མི་འདོད་ལ་དངོས་གཞིའི་གནས་སྐབས་

སུ་མངོན་པར་རྟོགས་ཤིང་ཁོང་དུ་ཆུད་པར་ཡང་མི་འདོད་དོ། །དེ་ཉིད་བརྗོད་པ་ནི་མ་སྐྱེས་པའི་ཆོས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཐོབ་པ་པོའི་ཆོས་མ་སྐྱེས་པས་ཐོབ་པར་བྱ་བའི་མཚན་ཉིད་ཀྱི་ཐོབ་པ་མ་སྐྱེས་པ་འཐོབ་པར་མི་འགྱུར་ཏེ། གཉི་ག་དངོས་པོ་མེད་པ་
ཉིད་ཡིན་པའི་ཕྱིར་རོ། །འོ་ན་གང་རུང་ཞིག་མ་སྐྱེས་པས་ན་ཐོབ་པ་འཐོབ་པར་འགྱུར་རོ་ཞེས་སྨྲས་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་མ་སྐྱེས་པའི་ཆོས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །འོན་ཏེ་ཞེས་བྱ་བའི་སྒྲ་ནི་ཕྱོགས་གཞན་སྟོན་པར་བྱེད་པའོ། །སླར་དྲིས་པའི་ཚུལ་གྱིས་ལན་
གྱི་དོན་བརྗོད་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་ཞེས་བྱ་བ་ལ་སོགས་པའོ། །སྐྱེ་བ་ནི་ཡོད་པ་མ་ཡིན་པའི་ཕྱིར་ཅི་མ་སྐྱེས་པའི་ཆོས་སྐྱེས་སོ་ཞེས་བརྗོད་དམ། དེ་ལྟའོ་ཞེ་ན། བརྗོད་ལ་རག་སྟེ་མིང་གཞན་དུ་བྱ་བས་དངོས་པོ་གཞན་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ། །དེ་བས་ན་སྐྱེས་པའི་ཆོས་
ཀྱིས་ཐོབ་པ་མ་སྐྱེས་པ་འཐོབ་པར་ཇི་ལྟར་འགྱུར། འོན་ཏེ་མ་སྐྱེས་པའི་ཆོས་ཁོ་ན་མ་སྐྱེས་པ་ཡིན་ནོ་ཞེས་ཁྱོད་ཀྱིས་བརྗོད་པ་ཡིན་ན། དེ་ལྟ་ན་ཡང་ཉེས་པ་ཁོ་ན་ཡིན་ཏེ། མ་སྐྱེས་པའི་ཆོས་གང་ཡིན་པ་དེ་ནི་མ་སྐྱེས་པ་ཁོ་ན་ཡིན་ཏེ། མེད་པ་ཁོ་ན་ཡིན་པ་དེས་ན་མ་སྐྱེས་པའི་ཆོས་
ཀྱིས་ཐོབ་པ་སྐྱེས་པ་འཐོབ་པར་ཅི་ལྟར་འགྱུར་འདི་སྐད་དུ། དེ་ཁོ་ན་ཉིད་དུ་ན་ཐོབ་པར་བྱ་བ་དང་ཐོབ་པ་པོ་དག་མེད་པའི་ཕྱིར་འབད་པ་མེད་པར་འཐོབ་པར་འགྱུར། ཀུན་རྫོབ་ཏུ་ཡང་འབད་པ་ཆེན་པོས་དུས་རིང་པོར་རྒྱུན་མི་འཆད་པར་བསྒོམས་པས་ས་བརྒྱད་པ་ལ་སོགས་པར་ཡེ་ཤེས་
ལྷུན་གྱིས་གྲུབ་པར་འཇུག་པ་འཐོབ་པའི་ཕྱིར་གང་གིས་ལུས་ཅན་ཐམས་ཅད་གྲོལ་བར་འགྱུར་བ་འབད་པ་མེད་པར་འཐོབ་པར་ཇི་ལྟར་འགྱུར་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་ནས་སྐྱེ་བ་དང་སྐྱེ་བ་མེད་པ་རྣམ་པར་གནས་པ་ཡིན་ན་ཁྱོད་ལ་
ཡང་བརྒལ་ཞིང་བརྟག་པ་འདི་ཉིད་དོ་སྙམ་པའི་བསམ་པས་བརྗོད་པ་ནི། སྐྱེ་བའི་ཆོས་ཉིད་མི་སྐྱེ་བ་ཡིན་ནམ་འོན་ཏེ་མི་སྐྱེ་བའི་ཆོས་མི་སྐྱེ་བ་ཡིན་ཞེས་བྱ་བའོ། །དེ་ཁོ་ན་ཉིད་ནི་བརྗོད་པའི་ཀུན་རྫོབ་ཏུ་ཡང་ངག་ཏུ་བརྗོད་པ་དང་བྲལ་བ་ཡིན་ནོ་སྙམ་དུ་བསམས་ནས་བརྗོད་པ་ནི།

ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་བའི་ཆོས་སམ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་གཉི་ག་བརྫུན་པ་ཉིད་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་དུ་སྨྲ་བར་མི་སྤོབས་སོ་ཞེས་བྱ་བར་བསམས་པའོ། །མ་སྐྱེས་པ་ནི་དོན་དམ་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་
བསམ་པས་བརྗོད་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཁྱོད་ཀྱིས་སྐྱེ་བ་མེད་པའི་ཆོས་ལ་ཡང་ཞེས་བྱ་བའོ། །དོན་དམ་པ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་སྐྱེ་བ་མེད་པ་འདི་ལ་དོན་དམ་པ་ཞེས་བརྗོད་དོ་ཞེས་སྨྲས་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་བ་མེད་པ་ཉིད་བརྗོད་པ་ཡིན་ལ་ཞེས་བྱ་
བའོ། །སྐྱེ་བ་མེད་པ་ཉིད་ཡིན་ན་ཡང་བརྗོད་པར་བྱ་བས་ན་བརྗོད་པ་ནི་སྤྲོས་པ་སྟེ་རྣམ་པར་རྟོག་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་མངོན་པར་རྟོགས་པའི་དུས་སུ་ཅི་ཞིག་ཏུ་སྣང་ཞེ་ན། ཉིད་བརྗོད་པ་ཡིན་ལ་ཞེས་བྱ་བའོ། །སྐྱེ་བ་མེད་པ་ཡིན་ན་ཡང་བརྗོད་པར་བྱ་བས་ན་བརྗོད་པ་ནི་སྤྲོས་པ་
སྟེ། རྣམ་པར་རྟོག་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མངོན་པར་རྟོགས་པའི་དུས་སུ་ཅི་ཞིག་ཏུ་སྣང་ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་བ་མེད་པ་ཉིད་སོ་སོར་སྣང་བ་ཡིན་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། རྟོག་པ་ཐམས་ཅད་ལས་རྣམ་པར་གྲོལ་ཞིང་གཟུང་བར་བྱ་བ་མ་ཡིན་པའི་སྐྱེ་བ་མེད་པ་ཉིད་
གཟུང་བར་སྣང་ཞིང་འཛིན་པ་མ་ཡིན་པ་ཉིད་འཛིན་པར་སྣང་ངོ་། །ཡང་ཇི་ལྟར་ན་དེ་ལྟ་བུའི་ངོ་བོ་ཉིད་མ་ཡིན་དུ་ཟིན་ཀྱང་དེ་ལྟ་བུའི་ངོ་བོ་ཉིད་དུ་སོ་སོར་སྣང་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཁོ་ན་བཞིན་དུ་ཤིན་ཏུ་སོ་སོར་སྣང་བ་ཉིད་དོ་ཞེས་བྱ་བ་གསུངས་ཏེ། དེ་ཁོ་ན་བཞིན་དུ་སྟེ་ཇི་
ལྟར་མཐོང་བ་བསྙོན་པར་མི་ནུས་པའི་ཕྱིར་ཀུན་རྫོབ་ཏུ་ཇི་ལྟ་བུ་ཡིན་ཡང་རུང་བར་འགྱུར་རོ། །ཡང་ན་དེ་ཁོ་ན་བཞིན་དུ་སྟེ། རྣམ་པར་མ་དཔྱད་པའི་རང་བཞིན་དུ་བརྫུན་པ་ཁོ་ན་སོ་སོར་སྣང་བ་ཡིན་ནོ། །ཤིན་ཏུ་སོ་སོར་སྣང་བའོ་ཞེས་བྱ་བ་ནི་རྟག་པ་དང་ཆད་པ་དང་བྲལ་བའི་རང་བཞིན་
དུ་སོ་སོར་སྣང་བའོ། །ཆོས་ཀྱི་དེ་ཁོ་ན་ཉིད་ཡང་དག་པར་བཤད་པས་བསྟོད་པའི་ཕྱིར་བརྗོད་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ནི་ཆོས་སྟོན་པའི་ཞེས་བྱ་བ་ལ་སོགས་པའོ། །གཞག་པར་བྱའོ་ཞེས་བྱ་བ་ནི་གཟུང་བ་བྱ་བའོ། །ཉན་ཐོས་རྣམས་ཀྱང་ཆོས་ཀྱི་སྤྲིན་གྱི་རྟོགས་

པ་མེད་པ་མ་ཡིན་ནམ། ཇི་ལྟར་འདི་ལྟར་སྟོན་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། འདི་ལྟར་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །གང་དང་གང་ལ་ཞེས་བྱ་བ་ནི་འདུན་པ་ལའོ། །དེ་དང་དེ་ལ་ཞེས་བྱ་བ་ཡང་དེ་དང་
འདྲ་སྟེ། གང་དང་གང་ལ་ཡོངས་སུ་དྲིས་པ་དེ་དང་དེ་ལ་ལན་བཏབ་པས་ངེས་པར་འབྱུང་བས་རང་གི་རྟོགས་པའི་མཚན་ཉིད་ཀྱི་ཆོས་ཉིད་ལས་ཀྱང་མི་གཡོ་སྟེ་གནས་པའི་ཕྱིར་རོ། །ལུང་གི་རང་བཞིན་གྱི་ཆོས་ཉིད་དེ་རྟོགས་པའི་ཆོས་དང་འགལ་བར་མི་བྱེད་དོ་
ཞེས་བྱ་བ་རྟག་ཏུ་མཉམ་པར་གཞག་པའི་ཤེས་པ་མེད་ཀྱང་ཞེས་བྱ་བ་ནི་ལྷག་མའོ། །དེ་བཞིན་གཤེགས་པའི་བྱིན་རླབས་ཡིན་པར་བསྟན་པའི་ཕྱིར། ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་བཞིན་
གཤེགས་པའི་ཉན་ཐོས་མི་གནས་པའི་ཆོས་ཅན་རྣམས་ཀྱི་ཞེས་བྱ་བ་མངོན་པར་ཞེན་པ་མེད་པའི་ཆོས་ཅན་རྣམས་ཀྱིའོ། །ཆོས་ཉིད་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངེས་པ་ཉིད་དོ། །ཆོས་ཉིད་དེ་གང་ཡིན་ཞེ་ན། དེ་དག་གང་དང་གང་
ཞེས་བྱ་བ་ལ་སོགས་པའོ། །གཟུགས་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པོའི་དམིགས་པ་ཡོད་དུ་ཟིན་ཀྱང་ཇི་ལྟར་ན་ཉན་ཐོས་མི་གནས་པའི་ཆོས་ཅན་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་བརྗོད་པ་ནི་འདི་ལྟར་གང་ཞེས་བྱ་བ་ལ་སོགས་པའོ། །
གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་ཆོས་ཐམས་ཅད་མི་གནས་པའི་ཕྱིར་ཏེ། གནས་པར་འོས་པ་མ་ཡིན་པའི་ཕྱིར། མི་གནས་པའི་ཆོས་ཅན་གྱི་ཉན་ཐོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པའི་དོན་དུ་བྱིན་གྱིས་བརླབས་པ་ཁོ་ན་སྟེ། དེ་ལྟ་མ་ཡིན་
ན་སྟོན་པ་མི་འཐད་པའི་ཕྱིར་རོ། །གང་ཟག་བདག་མེད་པར་རྟོགས་པ་ཙམ་གྱིས་ནི་རྣམ་པ་འདི་ལྟ་བུའི་ཆོས་ལ་མོས་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །རྣམ་པ་ཐམས་ཅད་མཁྱེན་པའི་

ངེས་པར་འབྱུང་བ་དེ་ཡང་ཁྱད་པར་གྱི་ལམ་ལ་སོགས་པ་མེད་པར་མི་འབྱུང་བས། དེའི་འོག་ཏུ་ལམ་གྱི་ངེས་པར་འབྱུང་བ་བསྟན་པར་བྱ་བའི་ཕྱིར་བརྗོད་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ལེགས་སོ་ལེགས་སོ། །ཞེས་བྱ་བ་ལ་
སོགས་པའོ། །རབ་འབྱོར་ལེགས་སོ་ལེགས་སོ་ཞེས་བྱ་བ་ནི། དོན་ལེགས་པར་སྨྲས་པ་ཉིད་ཀྱིས་སོ། །འོན་ཀྱང་གང་གིས་བྱང་ཆུབ་རྟོགས་པར་འགྱུར་བ་ཆོས་ཐམས་ཅད་ལ་མི་གནས་པའི་ཕ་རོལ་ཏུ་ཕྱིན་པ་འདི་གང་ཡིན། རང་གི་ངོ་བོ་བསྟན་པར་བྱ་བའི་ཕྱིར། ཤཱ་རིའི་
བུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ལམ་གྱི་མཚན་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་ཆོས་ཐམས་ཅད་ལ་མི་བརྟེན་པ་ཉིད་ཀྱིས་ན། ཆོས་ཐམས་ཅད་ལ་མི་གནས་པའི་
ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་བརྗོད་དོ། །ཐེག་པ་ཐམས་ཅད་ནི་ཐེག་པ་གསུམ་གྱིས་བསྡུས་པའོ། །དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལམ་གྱི་བདག་ཉིད་ཅན་ལ་སུ་ཞིག་ངེས་པར་འབྱུང་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དེ་ལྟར་
ཞེས་བྱ་བ་ནི་བཤད་མ་ཐག་པའི་རིམ་པས་སོ། །སེམས་ཞུམ་པ་ནི་སེམས་འཁུམས་པའོ། །དེ་ཉིད་ནི་ནེམ་ནུར་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ཏེ། ནེམ་ནུར་དུ་གྱུར་པ་ནི་ཐེ་ཚོམ་དུ་གྱུར་པའི་ཤེས་པ་སྟེ། ཅི་འདི་ཡིན་ནམ། གཞན་ཡིན་ཞེས་
ལམ་གཞན་འདོད་པར་གྱུར་པའི་ཕྱིར་རོ། །རྨོངས་པ་ནི་མི་ཤེས་པ་སྟེ། དེའི་རང་གི་ངོ་བོ་མི་རྟོགས་པའོ། །སེམས་གཞན་པ་ཉིད་དུ་འགྱུར་བ་ནི་ལོག་པའི་ཤེས་པ་སྟེ། ལོག་པར་རྟོགས་པའོ། །འདི་ཐམས་ཅད་ནི་མ་རིག་པ་ཡིན་པས་ན། བསྒོམས་པས་སྤང་
བར་བྱ་བར་བསྟན་ཏོ། །གནས་པ་འདི་ལྟ་བུས་གནས་ཤིང་ཞེས་བྱ་བ་ནི། ལམ་གྱི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པས་སྤྱོད་ལམ་རྣམ་པ་བཞིའི་སྒོ་ནས་སེམས་ལས་སུ་རུང་བ་ཉིད་རྫོགས་པར་བྱེད་པའི་ཕྱིར་རོ། །ཡིད་ལ་བྱེད་པ་འདི་དང་མ་

བྲལ་བ་ཡིན་ནོ། །ཞེས་བྱ་བ་ནི་ལམ་གྱི་བདག་ཉིད་ཅན་གྱི་ནང་དུ་ཡང་དག་པར་འཇོག་པའི་གནས་སྐབས་སུའོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འབད་པ་དམིགས་པ་ལ་སེམས་འཛིན་པའི་ལས་ཅན་མ་ཡིན་ནམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
གནས་པ་ནི། དེ་ལས་བཟློག་པའི་རང་བཞིན་ཅན་ཡིན་ན། འདི་གཉིས་ལྷན་ཅིག་གནས་པར་ག་ལ་རུང་། ཞེས་བྱ་བའི་བསམ་པས་སྨྲས་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པས་གནས་
པ་གང་ཡིན་པ་དེ་ཇི་ལྟར་ཡིད་ལ་བྱེད་པ་དང་མ་བྲལ་བར་འགྱུར་ཏེ། ཕན་ཚུན་འགལ་བ་ཡིན་པའི་ཕྱིར་དེ་ལྟར་མི་རུང་ངོ་། །ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་
ཡིད་ལ་བྱེད་པ་དང་མ་བྲལ་ན་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཡིན་ལ། འོན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་གནས་པ་དང་མ་བྲལ་ན། དེའི་ཚེ་ཡིད་ལ་བྱེད་པ་དང་བྲལ་བ་ཡིན་ནོ། །འོན་ཏེ་འགལ་བ་དག་ཀྱང་གཅིག་ལ་ལྷན་ཅིག་གནས་པར་འདོད་ན།
དེའི་ཚེ་ཧ་ཅང་ཐལ་བར་འགྱུར་རོ། །ཞེས་སྨྲས་པ་ནི། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ལམ་གྱི་ངེས་པར་འབྱུང་བའི་གནས་སྐབས་སུ་ཡིད་ལ་བྱེད་པ་དང་མ་བྲལ་བ་ཡིན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་
མ་བྲལ་བར་འདོད་ན། དེ་ལྟར་གྱུར་ན་ནི་སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་དང་མི་འབྲལ་བར་འགྱུར་ཏེ། དེ་རྣམས་ལ་ཡིད་ལ་བྱེད་པ་ཡོད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་འབད་པ་དུ་མས་
བསྒྲུབ་པར་བྱ་བ་མ་ཡིན་ནམ། དེས་ན་ཇི་ལྟར་ན་སེམས་ཅན་ཐམས་ཅད་དེ་དང་མི་འབྲལ་བ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བས་བསུ་ནས་སྨྲས་པ་ནི། སེམས་ཅན་ཐམས་ཅད་ཀྱང་ཞེས་བྱ་བ་ལ་སོགས་པའོ། །ཡིད་ལ་བྱེད་པ་

དང་ཞེས་བྱ་བ་འདིར་མི་འགལ་བས་སོ། །ཞེས་བྱ་བ་ནི་ལྷག་མའོ། །འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་དུ་ཟིན་ཀྱང་། དེ་དང་འགལ་བའི་ཕྱིན་ཅི་ལོག་ཏུ་འཇུག་པའི་ཡིད་ལ་བྱེད་པ་ཡོད་པས། སེམས་
ཅན་ཐམས་ཅད་ལ་རྣམ་པར་གཞག་པ་མ་ཡིན་ནོ། །ཡང་གང་གི་ཚེ་ཁྱོད་ལམ་གྱི་ངེས་པར་འབྱུང་བའི་གནས་སྐབས་སུ་གཉི་ག་ལྷན་ཅིག་གནས་པས་འགལ་བར་ཁས་མི་ལེན་པ་དེའི་ཚེ། རེས་འགའ་བའི་འགལ་བ་མི་འཐད་པས། གང་གི་ཕྱིར་སེམས་ཅན་
ཐམས་ཅད་མི་འགལ་བའི་ཡིད་ལ་བྱེད་པ་དང་མ་བྲལ་བ་ཡིན་པ་དེའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་འབྲལ་བ་ཉིད་དུ་ཐལ་བར་འགྱུར་རོ། །ཞེས་བསམས་པ་ཡིན་ནོ། །ཡིད་ལ་བྱེད་པ་སྒྲ་ཇི་བཞིན་པ་ཉིད་ཡིན་ན་ཉེས་པ་འདིར་འགྱུར་རོ་ཞེས་བརྗོད་པ་ནི།
ཤཱ་རིའི་བུ་ལེགས་སོ་ལེགས་སོ། །ཞེས་བྱ་བ་ལ་སོགས་པའོ། །འོན་ཀྱང་ཡིད་ལ་མི་བྱེད་པ་ཉིད་ཡིད་ལ་བྱེད་པ་ཡིན་པར་མངོན་པར་འདོད་དོ། །དེ་ལ་ཡང་གལ་ཏེ་སྒྲའི་འཇུག་པ་ཙམ་གྱིས་ཀླན་ཀ་ཚོལ་བར་བྱེད་ན། དེའི་ཚེ་ཁྱོད་ལ་ཡང་ཀླན་ཀ་ཡོད་དོ། །
ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་གི་ཕྱིར་ཚེ་དང་ལྡན་པ་ཤཱ་རིའི་བུས་ཡིད་ལ་བྱེད་པའི་མཚན་ཉིད་ཀྱི་དོན་ཁོ་ན་ཡང་དག་པར་ཚིག་ཏུ་བརྗོད་པ་སྟེ། སྒྲ་ཇི་བཞིན་པའི་དོན་བརྗོད་པ་ཁོ་ནར་ཡོངས་སུ་བཟུང་བ་དེའི་ཕྱིར་འདི་ལྟ་བུའི་རིགས་ཅན་གྱི་ངག་ཕྱི་མ་
རྣམས་སུ་ཁྱོད་ལ་ཡང་སླར་དྲི་བར་བྱའོ། །འདིས་ནི་སྒྲའི་དོན་སྒྲ་ཇི་བཞིན་པར་བཟུང་ན་ཉེས་པ་མཚུངས་པར་འགྱུར་རོ། །ཞེས་སྟོན་ཏོ། །ཡང་ཇི་ལྟར་ན་ཡིད་ལ་བྱེད་པ་མེད་པ་ཉིད་ཡིད་ལ་བྱེད་པ་ཡིན་གྱི། སྒྲ་ཇི་བཞིན་མ་ཡིན་སྙམ་པའི་དོགས་པ་
དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བས་བསུ་ནས་སྨྲས་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་ཞེས་བྱ་བ་སྲོག་ཆགས་རྣམས་ནི་སྒྱུ་མ་དང་འདྲ་བ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ལ། རྒྱུ་དེས་ན་དེ་དང་ཐ་མི་དད་པའི་

ཕྱིར། ཡིད་ལ་བྱེད་པ་ངོ་བོ་ཉིད་མེད་པ་ཉིད་དོ། །སེམས་ཅན་དེ་ཁོ་ན་ཉིད་དུ་མེད་པ་ནི། སེམས་ཅན་དངོས་པོ་མེད་པ་ཉིད་དོ། །སེམས་ཅན་དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་པ་ལ་སོགས་པས་དབེན་པ་ཉིད་ནི་སེམས་ཅན་དབེན་པ་ཉིད་དོ། །སེམས་ཅན་བསམ་ལས་འདས་པ་
ཉིད་ནི་སེམས་ཅན་བསམ་གྱིས་མི་ཁྱབ་པ་ཉིད་དོ། །སེམས་ཅན་གྱི་རྟོག་པ་མེད་པ་ཉིད་ནི་སེམས་ཅན་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་དོ། །སེམས་ཅན་ཡང་དག་པ་མ་ཡིན་པའི་དོན་བརྫུན་པའོ་ཞེས་མངོན་པར་བྱང་ཆུབ་པ་ཉིད་ནི། སེམས་ཅན་ཡང་དག་པ་མ་ཡིན་
པར་མངོན་པར་བྱང་ཆུབ་པ་ཉིད་དོ། །ཚིག་དྲུག་པོ་འདི་དག་ནི་གོ་རིམས་བཞིན་དུ་ངེས་པར་འབྱེད་པའི་ཆ་བཞི་དང་མཐོང་བ་དང་བསྒོམ་པའི་ལམ་གྱི་གནས་སྐབས་སུ་གཟུང་བར་བྱའོ། །དེ་ལྟར་ན་རིག་པས་ཡིད་ལ་བྱེད་པ་མེད་པ་ཉིད་ཡིད་ལ་བྱེད་པ་ཡིན་ནོ་ཞེས་བརྗོད་
ནས་མཇུག་བསྡུ་བར་བྱ་བའི་ཕྱིར་སྨྲས་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་འདི་ལྟ་བུའི་རང་བཞིན་ཏེ། བཤད་མ་ཐག་པའི་རང་བཞིན་ཅན་གྱི་ཡིད་ལ་བྱེད་པ་འདི་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་ལམ་
གྱིས་ངེས་པར་འབྱུང་བའི་མཚན་ཉིད་ཀྱི་གནས་པ་འདིས་གནས་པར་འདོད་དེ། ཕྱིན་ཅི་མ་ལོག་པར་འཇུག་པའི་ཕྱིར་རོ། །དེས་ན་དེ་ལྟར་ངེས་པར་འབྱུང་བར་བྱ་བའི་གཞི་འདི་རྣམས་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་མེད་པས་ཆོས་ཐམས་ཅད་དམིགས་སུ་མེད་པས་
ངེས་པར་འབྱུང་བའི་ཕྱིར་དེ་ལྟ་བུའི་བརྒྱད་པོ་འདི་དག་ཉིད་ཀྱིས་ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བའི་སྒྲུབ་པར་ཤེས་པར་བྱའོ། །དེ་སྐད་དུ་ཡང་། ཆེད་དུ་བྱ་དང་མཉམ་ཉིད་དང་། །སེམས་ཅན་དོན་དང་འབད་མེད་དང་། །མཐའ་ལས་འདས་པར་ངེས་འབྱུང་དང་། །ཐོབ་པའི་མཚན་ཉིད་ངེས་འབྱུང་
དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ། །རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་སྒྲུབ་པ་ཡིན་ཞེས་བྱ། །ཞེས་གསུངས་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པའི་ལེའུ་ཞེས་བྱ་བ་ནི། རྣམ་པ་མ་ལུས་

པས་དངོས་པོ་མཐའ་དག་ཡོངས་སུ་ཤེས་པའི་ཕྱིར་ན་དེ་བཞིན་གཤེགས་པ་དང་འབྲེལ་པར་རྗེས་སུ་བསྒྲུབ་པར་བྱ་བ་ཉིད་ཀྱི་སྤྱོད་པར་གྱུར་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཁོ་ན་སེམས་བསྐྱེད་པ་ལ་སོགས་པའི་རང་བཞིན་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱི་སྒོ་ནས་འདིར་
ཡང་དང་ཡང་དུ་བཟླས་པའི་ཕྱིར་ན་གཞུང་འདི་ལེའུ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྤྱོད་པའི་ལེའུ་ཞེས་བྱ་བ་སྟེ་དང་པོའོ།། །།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་
ལམ་ཤེས་པ་ཉིད་ཡོངས་སུ་ཤེས་པ་མེད་ན་མ་ཡིན་པས་ལམ་ཤེས་པ་ནི་དེའི་ཚེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེའི་ཚེ་ཞེས་བྱ་བ་ནི་ལམ་ཤེས་པ་ཉིད་སྟོན་པའི་དུས་སུའོ། །ཡང་ཞེས་བྱ་བ་ནི་སླར་ཡང་བརྒྱ་བྱིན་འཁོད་པར་གྱུར་ཏེ་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་བུ་ཞེ་ན་ལྷ་
རྣམས་ཀྱི་དབང་པོ་ཞེས་བྱ་བ་སྨོས་ཏེ་བདག་པོའོ། །ཇི་སྐད་དུ་ཉེ་བར་བཤད་པའི་འཁོར་དེ་ཉིད་དུ་ཉེ་བར་འདུས་པ་ནི་ལུས་ལ་སོགས་པ་མ་གཡེངས་པར་བྱས་པས་སམ། ལེགས་པར་ཕྱག་འཚལ་བ་བྱས་ནས་འཁོད་པར་གྱུར་པ་ནི་རང་གི་སྟན་ལ་ལེགས་པར་འདུག་པའོ། །འཇིག་རྟེན་སྐྱོང་བ་བཞི་
ནི་རྣམ་ཐོས་སྲས་དང་། ཡུལ་འཁོར་སྐྱོང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་ངོ་། །མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་ཀུན་ནས་བདག་པོར་གྱུར་པ་ནི་མི་མཇེད་ཀྱི་བདག་པོ་སྟེ། གཙོ་བོར་གྱུར་པའི་ལྷའི་བུའོ། །ཚངས་པ་ཡང་ཁ་ཅིག་ན་རེ་བསམ་གཏན་བཞི་པར་བྱུང་བ་ཡིན་ཏེ།
འཇིག་པའང་མེ་དང་ཆུ་དང་ནི། །རླུང་གིས་རྣམ་པ་གསུམ་དུ་འགྱུར། །ཞེས་བྱ་བའི་ཚུལ་གྱིས་གོ་རིམས་བཞིན་དུ་དང་པོ་ལ་སོགས་པ་བསམ་གཏན་གསུམ་ནི་འཇིག་པས་དེ་ཉིད་ནི་ཡུན་རིང་པོར་གནས་པའི་ཕྱིར་བདག་ཉིད་དུ་མངོན་པར་རློམ་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ནི་གཞན་དུ་
འཆད་དོ། །འོད་གསལ་གྱི་ལྷའི་རིས་ལས་སེམས་ཅན་འགའ་ཞིག་ཤི་འཕོས་ཏེ་ཚངས་པའི་གཞལ་མེད་ཁང་སྟོང་པར་གཅིག་པུ་ཞིག་སྐྱེས་པ་དང་། ཀྱེ་མའོ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་ན་ཅི་མ་རུང་སྙམ་དུ་སྨོན་པའི་རྗེས་ཐོགས་ལ། བསོད་ནམས་ལ་སོགས་པ་ཟད་པ་གཞན་ཞིག་བྱ་རོག་

དང་ཏ་ལའི་ཚུལ་དུ་དེར་སྐྱེས་པ་དང་། ང་ནི་འདིའི་དབང་ཕྱུག་ཡིན་ནོ་ཞེས་མངོན་པར་རློམ་པས་བསམ་གཏན་དང་པོའི་ས་གསུམ་པ་ལ་མི་མཇེད་ཀྱི་བདག་པོ་ཚངས་པའོ་ཞེས་འཆད་དོ། །དེར་དེ་ལྟ་བུའི་འཁོར་དུ་འདུས་པ་རྣམས་ལམ་ཤེས་པ་ཉིད་སྐྱེ་བར་རུང་བ་ཉིད་དུ་བསྒྲུབ་པའི་ཕྱིར། དེ་བཞིན་
གཤེགས་པའི་རང་བཞིན་གྱི་འོད་རྣམས་ཀྱིས་ལྷ་ལ་སོགས་པའི་རང་གི་རྣམ་པར་སྨིན་པ་ལས་སྐྱེས་པའི་འོད་དྲི་མ་ཅན་ལྟ་བུར་མོག་མོག་པོར་མཛད་པ་ནི་ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་ལ་རྟོགས་པ་སྐྱེའོ་ཞེས་ཤེས་པར་བྱ་བའི་ཕྱིར་མཛད་དོ། །དེའི་ཕྱིར་ཚིག་ཟུར་གྱིས་རྟེན་བརྗོད་པ་ནི། ལྷའི་བུ་
རྣམས་ཀྱི་འོད་གང་ཡོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རང་གི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ཞེས་བྱ་བ་ནི་རང་གི་དགེ་བའི་ལས་ཀྱི་བག་ཆགས་ལས་ངེས་པར་བྱུང་བའོ། །འོད་ནི་འོད་ཟེར་གྱི་སྣང་བའོ། །ཀྱང་ཞེས་བྱ་བའི་སྒྲ་ནི་ལུས་ལ་སོགས་པ་ཡང་ངོ་། །སངས་
རྒྱས་ཀྱི་མཐུ་དང་ཞེས་བྱ་བ་ལ་སོགས་པ་ལ། ཁ་ཅིག་ན་རེ་མཐུ་ནི་ནུས་པའི་ཁྱད་པར་གྱིས་སོ། །གཟི་བརྗིད་ནི་འོད་ཀྱི་ཚུལ་གྱིས་སོ། །བྱིན་གྱི་རླབས་ཀྱི་ཞེས་བྱ་བ་ནི་དགོངས་པས་སོ་ཞེས་འཆད་དོ། །གཞན་དག་ནི་མཐུ་ལ་སོགས་པའི་ཚིག་གསུམ་པོ་འདི་དག་སྐུ་དང་གསུང་དང་ཐུགས་
ཀྱི་མཛད་པའི་འོད་ཟེར་གྱི་དབྱེ་བ་ལས་གྱུར་པ་ཡིན་ནོ་ཞེས་འཆད་དོ། །ཟིལ་གྱིས་མནན་ཏེ་ཞེས་བྱ་བ་ནི་མོག་མོག་པོར་དྲི་མ་ཅན་དུ་མཛད་པར་གྱུར་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟེ། དེ་ལྟར་མོག་མོག་པོར་མཛད་པས་འཇིག་རྟེན་སྐྱོང་བ་ལ་
སོགས་པ་མངོན་པའི་ང་རྒྱལ་བསལ་བའི་རྗེས་ཐོགས་ལའོ། །འདི་རྣམས་ཞེས་བྱ་བ་ནི་མངོན་དུ་གྱུར་པའི་ཚུལ་ལོ། །རབ་འབྱོར་ལས་ཞེས་བྱ་བ་ནི་ཐད་ནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ལམ་ཤེས་པ་ཉིད་ཀྱི་བདག་ཉིད་ཅན་ནོ། །གང་དང་འབྲེལ་པ་ཞེ་ན། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉེ་བར་བསྟན་པ་དང་ཞེས་བྱ་བ་ལ་སོགས་པ་ལ་མཉན་པའི་སྐབས་སུ་གཞུང་འཛིན་པའི་ཕྱིར་སློབ་པ་ནི་ཉེ་བར་བསྟན་པའོ། །བསམ་པའི་སྐབས་སུ་ངེས་པར་གཟུང་བའི་དོན་མི་བརྗེད་པའི་ཕྱིར་གདམས་པའོ། །སྒོམ་

པའི་སྐབས་སུ་སྔོན་མེད་པ་སྐྱེད་པའི་ཕྱིར་རྗེས་སུ་བསྟན་པའོ། །ཉན་པར་འདོད་ན་ཞེས་བྱ་བ་ནི་ཐོས་པའི་ཤེས་པས་ངེས་པར་བྱ་འདོད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་དག་ཇི་ལྟར་ཉན་པར་འདོད་ཅེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་པར་བགྱི་བ་ལ་སོགས་པ་ཚིག་གསུམ་ནི་གོ་རིམས་བཞིན་དུ་མཉན་པ་ལ་སོགས་པའི་གནས་སྐབས་སུ་ཤེས་པར་བྱའོ། །དེ་ལྟར་གསོལ་བ་བཏབ་པ་དང་། འཕགས་པ་རབ་འབྱོར་གྱིས་མངོན་པའི་ང་རྒྱལ་མེད་པ་ཉིད་དང་བྱང་ཆུབ་ཏུ་སེམས་
བསྐྱེད་པ་ནི་ལམ་ཤེས་པ་ཉིད་རྟོགས་པའི་སྐལ་བ་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་ཡུལ་ངེས་པ་བསྟན་པའི་སྒོ་ནས། ཀཽ་ཤི་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་ཉན་པར་འདོད་པའི་རྒྱུ་དེའི་ཕྱིར་བསྟན་པར་བྱ་ཞིང་བཤད་པར་བྱའོ། །སེམས་ཞེས་བྱ་བ་ནི་སྟོང་པ་ཉིད་
དང་སྙིང་རྗེའི་སྙིང་པོ་ཅན་ནོ་ཞེས་བྱ་བར་བསམས་པའོ། །ཐེག་པ་གསུམ་རྣམ་པར་གཞག་པ་ནི་དགོངས་པ་ཅན་ཡིན་གྱི་མཚན་ཉིད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་སྐྱེ་བོ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་འདོད་ཆགས་དང་བྲལ་བ་དང་
ཅིག་ཤོས་ཀྱི་རྣལ་འབྱོར་པས་ཀྱང་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་ལམ་ཤེས་པ་ཉིད་བསྒོམ་པར་བྱ་བ་ཡིན་ནོ། །ཞེས་ཁྱད་པར་བསྟན་པའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པར་ཞུགས་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྣོད་དུ་མ་གྱུར་པ་ཉིད་ཀྱིས་རིགས་མ་ངེས་པ་
རྣམས་ཐོག་མ་ཉིད་དུ་བྱང་ཆུབ་ཆེན་པོར་དྲང་བར་བྱ་བའི་དོན་དང་། རབ་ཏུ་ཞུགས་པ་གཞན་རྣམས་ཀྱང་ཡང་དག་པར་གཟུང་བའི་དོན་ཡིན་ནོ་སྙམ་པས་དགོངས་པ་ཅན་གྱི་ཚིག་བརྗོད་པ་ནི་གང་དག་ཞེས་བྱ་བ་ལ་སོགས་པའོ། །ཞེས་བྱ་བའི་སྒྲ་ནི་ངེས་པར་བཟུང་བ་སྟེ་གང་དག་ཡང་དག་པ་ཉིད་དུ་ངེས་པ་ལ་ཞུགས་
ཤིང་རང་གི་ཉན་ཐོས་ཀྱི་མཐོང་བ་ལ་སོགས་པའི་ལམ་ལ་ཞུགས་པ་དེ་དག་ནི་འགྲོ་ལ་ཕན་ཕྱིར་སངས་རྒྱས་གྲུབ་པར་ཤོག །ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐལ་བ་མེད་ཅིང་སྣོད་དུ་མ་གྱུར་པ་ཡིན་ནོ། །གང་དུ་བྱིས་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་ནུས་ན་འཕགས་

པའི་ལམ་རྟོགས་པའི་ཉན་ཐོས་རྣམས་ཀྱིས་ཇི་ལྟར་མི་ནུས་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། དེ་དག་གིས་ནི་འཁོར་བའི་རྒྱུན་གྱི་མཚམས་བཅད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཁམས་གསུམ་པར་སྐྱེ་བར་བྱེད་པའི་ཉོན་མོངས་པའི་སྒྲིབ་པ་རང་གི་
ལམ་གྱིས་མ་ལུས་པར་བསྲེགས་པས་ཉན་ཐོས་ཆེན་པོ་དེ་དག་ནི་འཁོར་བའི་རྒྱུན་ལས་ཏེ། སྐྱེ་བ་རྗེས་སུ་འབྲེལ་པ་ལས་མཚམས་བཅད་པ་ཞེས་བྱ་བ་མི་སྐྱེ་བའི་ངེས་པ་བྱས་པ་དེ་བས་ན་དེ་དག་ཡང་དང་ཡང་དུ་སྟེ། བསྐྱར་ཞིང་འཁོར་བར་སྐྱེ་བ་ལེན་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐལ་བ་མེད་དོ། །ཞེས་བྱ་བར་སྦྱར་རོ། །འདི་སྐད་སྟོན་ཏེ། ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཞེས་གསུངས་པས་
ཡང་སྐྱེ་བ་བླངས་པར་གྱུར་ན་ནི་སྦྱིན་པ་ལ་སོགས་པས་སེམས་ཅན་གྱི་དོན་བྱ་བ་ལ་བསླབས་པས། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་གོ་འཕང་ཐོབ་པར་བྱེད་པ་ཉེ་བར་སྐྱེ་བར་འགྱུར་རོ། །དེ་བས་ན་ཉན་ཐོས་ཆེན་པོ་རྣམས་ཀྱིས་ནི་ཉོན་མོངས་པ་བཅད་པ་ཉིད་ཀྱིས་ཡང་སྐྱེ་བ་
ཞེས་བྱ་བ་རྩ་བའི་རྒྱུ་ལྡོག་པའི་ཕྱིར་དེ་ལྟ་བུའི་སེམས་ཀྱི་རིན་པོ་ཆེ་འབྲས་བུའི་བདག་ཉིད་ཅན་སྐྱེད་པར་མི་ནུས་ཏེ། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་བྱིས་པའི་སྐྱེ་བོ་ནི་ཇི་སྐད་དུ་བཤད་པའི་རྒྱུ་མ་ཚང་བ་མེད་པས་ནུས་པ་ཉིད་ཡིན་ནོ། །ཞེས་བརྗོད་པ་ཡིན་ནོ། །ཚིག་འདི་ནི་རིག་པའི་
རང་བཞིན་ཉིད་ཡིན་པས་ཇི་ལྟར་ན་དགོངས་པ་ཅན་ཡིན་ཞེ་ན། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འོན་ཀྱང་ཞེས་བྱ་བའི་ཚིག་གི་ཕྲད་ནི་གནས་སྐབས་ཀྱིས་དེ་ནས་ཀྱི་སྒྲའི་དོན་ལ་འཇུག་གོ། །དེ་དག་གིས་ཞེས་བྱ་བ་ནི་ཉན་ཐོས་ཆེན་པོ་རྣམས་ཀྱིས་སོ། །རྗེས་སུ་ཡི་རང་བར་བྱའོ་ཞེས་བྱ་
བ་ནི་འོག་ནས་བཤད་པའི་རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་པས་རྗེས་སུ་ཡི་རང་བར་བྱའོ། །ཁྱེད་ཅི་ཞིག་ལ་རྗེས་སུ་ཡི་རང་ཞེ་ན། གལ་ཏེ་བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཉན་ཐོས་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ན་

དེ་ལ་བདག་རྗེས་སུ་ཡི་རང་ངོ་ཞེས་བྱ་བར་སྦྱར་རོ། །ཁྱེད་སྤངས་ནས་ཇི་ལྟར་རྗེས་སུ་ཡི་རང་ཞེ་ན། དེ་དག་གི་དགེ་བའི་ཕྱོགས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ཁོ་བོས་གདུལ་བྱའི་ཁྱད་པར་ལ་ལྟོས་ཏེ་སྔར་དགོངས་པ་ཅན་གྱི་ཚིག་སྨྲས་པར་གྱུར་པ་དེ་ལྟ་ན་
ཡང་ཉན་ཐོས་རྣམས་ཀྱི་དགེ་བའི་རྩ་བ་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་འཚང་རྒྱ་བར་འགྱུར་བ་ཉིད་ལ་བར་ཆོད་དེ་མི་སྲིད་པ་དེ་ཉིད་དུ་བྱས་པས་གེགས་སུ་གྱུར་པ་མི་བྱེད་དོ། །ཇི་ལྟར་མི་བྱེད་ཅེ་ན། ཁྱད་པར་དུ་འཕགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཁྱད་པར་དུ་འཕགས་
པའི་དགེ་བའི་བཤེས་གཉེན་ལ་སོགས་པ་རྣམས་ལས་ཤིན་ཏུ་ཆེས་ཁྱད་པར་དུ་འཕགས་པ་ཁོ་ནའི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཆོས་རྣམས་ལྷག་པར་དམིགས་པར་བྱ་ཞིང་རེ་བར་བྱའོ། །ཡང་སྲིད་པའི་ཉོན་མོངས་པ་བསྲེགས་པའི་ཉན་ཐོས་དང་རང་རྒྱལ་བ་རྣམས་ཀྱང་འགྲོ་བ་དེ་དང་དེར་སྐྱེ་བར་
ཇི་ལྟར་མི་འགལ་ཞེས་ནི་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་གང་ཞིག་སྐྱེ་བོ་གཞན་གྱིས་དཀྲི་བར་བྱ་བ་མ་ཡིན་པ་མངོན་པར་དགའ་བ་སྔོན་དུ་བཏང་ནས་དམན་པའི་གནས་ཡོངས་སུ་འཛིན་པ་དེ་ནི་བདག་ལ་ཆགས་པ་དང་ལྡན་པས་སྡུག་བསྔལ་དང་བདེ་བ་འདོར་བ་དང་ཐོབ་པར་འདོད་པ་སྔོན་དུ་འགྲོ་བ་ཅན་ཡིན་
ཏེ། དཔེར་ན་བུད་མེད་ཀྱི་རོ་ཡོངས་སུ་འཛིན་པའི་འདོད་པ་ཅན་བཞིན་ནོ། །དེ་བཞིན་དུ་མངལ་གྱི་གནས་འཛིན་པ་འདི་ཡང་སྐྱེ་བའི་དབང་ཕྱུག་ལ་སོགས་པས་བྱིན་གྱིས་མ་བརླབས་པར་མངོན་པར་དགའ་བ་སྔོན་དུ་འགྲོ་བས་དམན་པའི་གནས་ཡོངས་སུ་འཛིན་པ་ཡིན་ནོ། །ཞེས་བྱ་བའི་རང་བཞིན་
གྱི་གཏན་ཚིགས་ཀྱིས་ཁམས་གསུམ་པ་བསྐྱེད་པར་བྱ་བ་ལ་ཉོན་མོངས་པ་རྣམས་ཀྱི་ནུས་པ་བསྒྲུབས་པ་ཡིན་ནོ། །ཉན་ཐོས་ཆེན་པོ་ཕུང་པོ་དང་བཅས་པ་དང་། ཕུང་པོ་མེད་པའི་མིང་ཅན་གྱི་བྱང་ཆུབ་གཉིས་ཐོབ་ནས་སྙིང་རྗེ་ཆེན་པོ་དང་ཤེས་རབ་དང་བྲལ་བས་སྲིད་པ་ལས་སྐྲག་པའི་ཡིད་ཅན་
མྱ་ངན་ལས་འདས་པ་མེད་ཀྱང་སྔོན་གྱི་ཤུགས་ཀྱིས་འཕངས་པའི་ཚེ་ཟད་པ་ན་མར་མེ་ཤི་བ་ལྟ་བུར་མྱ་ངན་ལས་འདས་པ་ཞེས་མིང་དུ་བྱས་པ། ཁམས་གསུམ་པའི་སྐྱེ་བ་ལས་འདས་པ་རྣམས་ནི་འཆི་འཕོ་བའི་སེམས་ཀྱི་དེ་མ་ཐག་ཏུ་ཟག་པ་མེད་པའི་དབྱིངས་ལ་མཉམ་པར་བཞག་བཞིན་པ་ཁོ་

ནར་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་པདྨའི་སྦུབས་སུ་སྐྱེའོ། །དེ་ནས་དེ་དག་འོད་དཔག་མེད་ལ་སོགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཉི་མའི་འོད་ཟེར་རྣམས་ཀྱིས་ཉོན་མོངས་པ་ཅན་མ་ཡིན་པའི་མུན་པ་བསལ་བའི་དོན་དུ་སད་པར་མཛད་པས། བྱང་ཆུབ་
ཏུ་སེམས་བསྐྱེད་ནས་ཐར་པའི་གནས་སྐབས་སུ་དམྱལ་བ་ལ་སོགས་པར་རྒྱུ་བ་བཞིན་དུ་འགྲོ་བར་འགྲོ་བའི་རིམ་གྱིས་བྱང་ཆུབ་ཀྱི་ཚོགས་བསགས་ནས་འཇིག་རྟེན་གྱི་བླ་མར་འགྱུར་རོ་ཞེས་ལུང་ལས་ངེས་པ་ཡིན་ནོ། །དེས་ན་རྒྱུ་ཡང་ལས་དང་སྲིད་པའི་ཉོན་མོངས་པ་ལོག་པས་འབྲས་བུ་ཁམས་
གསུམ་པའི་སྐྱེ་བ་ལྡོག་པར་འགྱུར་གྱི། ཟག་པ་མེད་པའི་དབྱིངས་སུ་སྐྱེ་བ་ནི་མ་ཡིན་པའི་ཕྱིར་ཇི་ལྟར་འགལ། དེ་བས་ན་ཐེག་པ་ཐམས་ཅད་ནི་རྣམ་པ་ཐམས་ཅད་དུ་ཐེག་པ་ཆེན་པོར་གཞོལ་བར་བཤད་པ་ཉིད་རིགས་པ་ཡིན་པར་ཤེས་སོ། །དེ་ལྟ་ན་ཡང་དམ་པའི་ཆོས་པདྨ་དཀར་པོ་དང་
བདེན་པ་པོའི་ལེའུ་ལ་སོགས་པ་ལས་གསུངས་པ་ལེགས་པར་དྲངས་པར་འགྱུར་ཏེ། ཤཱ་རིའི་བུ་ཁྱེད་མ་འོངས་པའི་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བ་དང་། དེ་བཞིན་དུ་ཐེག་པ་ནི་གཅིག་སྟེ་གཉིས་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འགའ་
ཞིག་གི་སྐྲག་པ་ཡོངས་སུ་སྤང་བའི་ཕྱིར་ཆོས་བཅུ་པ་དང་དཀོན་མཆོག་སྤྲིན་ལ་སོགས་པ་ལས་ཐེག་པ་གཅིག་ཏུ་བསྟན་པའི་དོན་ནི་དྲང་བའི་དོན་ཡིན་ནོ་ཞེས་བཅོམ་ལྡན་འདས་ཉིད་ཀྱིས་གསལ་བར་མཛད་དོ། །ལང་ཀར་གཤེགས་པ་ལས་ཀྱང་བློ་གྲོས་ཆེན་པོ་ཉན་ཐོས་ཀྱི་ཐེག་པས་གྲོལ་བ་
མ་ཡིན་གྱི། འོན་ཀྱང་དེ་དག་གི་ཐེག་པ་ཆེན་པོའི་མཐར་ཐུག་པ་ཉིད་ཡིན་ནོ་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་འཕགས་པ་ནཱ་གརྫུ་ནའི་ཞལ་སྔ་ནས་དང་། དེའི་ལུགས་ཀྱི་རྗེས་སུ་འབྲང་བ་ཐེག་པ་གཅིག་གི་ཚུལ་དུ་སྨྲ་བ་རྣམས་ཀྱིས་གསུངས་པ་ནི། བྱང་ཆུབ་རྣམ་པ་གཉིས་
ཐོབ་ནས། །སྲིད་པས་སྐྲག་ཡིད་དེ་དག་ནི། །ཚེ་ཟད་ལ་དགའ་མྱ་ངན་ལས། །འདས་ཐོབ་འདུ་ཤེས་ཅན་དུ་འགྱུར། །དེ་ལ་མྱ་ངན་འདས་ཡོད་མིན། །འོན་ཀྱང་སྲིད་གསུམ་ཁམས་སུ་ནི། །སྐྱེ་བ་དེ་ལ་ཡོད་མ་ཡིན། །ཟག་མེད་དབྱིངས་གནས་དེ་དག་ཀྱང་། །མི་ཤེས་ཉོན་

མོངས་མི་སྤང་ཕྱིར། །ཕྱིས་ནི་སངས་རྒྱས་ཀྱིས་བསྐུལ་ནས། །བྱང་ཆུབ་ཀྱི་ནི་ཚོགས་བསགས་ཏེ། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་རྣམ་པ་ཐམས་ཅད་དུ་ཡིད་དུ་འོང་བའི་དེ་ཁོ་ན་ཉིད་འདི་བསྟན་པས་འཕགས་པ་
རབ་འབྱོར་ལ་གུས་པ་སྐྱེས་པ་རྣམས་ཀྱི་རབ་ཏུ་དང་བ་འཕེལ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱོད་ཡུལ་ཡིན་ན་ཡང་དོན་འདི་ལྟ་བུ་མངོན་སུམ་བཞིན་དུ་རྣམ་པར་གསལ་བའི་ཚིག་གིས་བཤད་དོ་ཞེས་ངོ་མཚར་དུ་གྱུར་པས་ལེགས་
སོ་ལེགས་སོ་ཞེས་ལན་གཉིས་གསུངས་པ་ཡིན་ནོ། །བརྗོད་པར་འདོད་པ་གསལ་བ་ཁོ་ནར་སྟོན་པས་རབ་ཏུ་དགྱེས་ཏེ། ཡང་ལེགས་སོ་ཞེས་བྱ་བ་གསུངས་ཏེ། བརྗོད་པ་གང་ཡིན་པ་འདི་ནི་མཛེས་པ་ཁོ་ནའོ་ཞེས་བྱ་བ་ཡིན་ནོ། །གང་ཞེས་བྱ་བའི་སྒྲ་ནི་ཚིག་གི་ཕྲད་དེ་གང་གི་ཕྱིར་
ཞེས་བྱ་བའི་དོན་ལ་འཇུག་པའོ། །གླེགས་བམ་ལ་ལ་ལས་ནི་གང་གི་ཕྱིར་ཞེས་ཟེར་ཏེ། གང་གི་ཕྱིར་ཁྱེད་ཐེག་པ་གཅིག་ཏུ་སྟོན་པས་བྱང་ཆུབ་སེམས་དཔའ་རྣམས་ལ་རང་གི་ཕྱོགས་བསྟན་པར་བྱེད་པས་སྤྲོ་བར་བྱེད་པ་ཡང་ལེགས་སོ་ཞེས་བྱ་བའོ། །འཕགས་པ་ཐོགས་མེད་ཀྱི་ཞལ་
སྔ་ནས་དང་དེའི་གཞུང་གི་རྗེས་སུ་འབྲང་བ་ཐེག་པ་སྣ་ཚོགས་སུ་སྨྲ་བ་རྣམས་ནི་གཞན་དུ་འཆད་དེ་གང་དག་ཡང་དག་པ་ཉིད་དུ་ངེས་པ་ལ་ཞུགས་ལ་ཞེས་བྱ་བ་ལ་སོགས་པའི་ཚིག་ནི་ངེས་པའི་དོན་ཡིན་ལ། འོན་ཀྱང་ཞེས་བྱ་བ་ལ་སོགས་པའི་ཚིག་ནི་དྲང་བའི་དོན་ཡིན་ཏེ། དེ་བས་ན་ཁྱབ་པའི་དོན་ནི་
སངས་རྒྱས་ཀྱི་རིགས་ཅན་གྱི་དབང་དུ་བྱས་པ་ཡིན་ནོ། །དེ་བཞིན་དུ། ཁ་ཅིག་དག་ནི་དྲང་ཕྱིར་དང་། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་བྱ་བ་ལ་སོགས་པ་ནི་མདོ་སྡེ་གཞན་དང་འགལ་བ་ཡོངས་སུ་བསལ་བ་ཡིན་ནོ་ཞེས་སོ། །
སྔར་གྱི་ཐེག་པ་གཅིག་ཏུ་སྟོན་པའི་ཕྱོགས་ལ་ནི་གང་དག་ཉན་ཐོས་ལ་སོགས་པའི་བྱང་ཆུབ་རྟོགས་པ་སྔོན་དུ་འགྲོ་བས་བྱང་ཆུབ་ཆེན་པོ་རྟོགས་པར་འགྱུར་བ་དེ་དག་ནི་དུས་དེ་ཙམ་ལ་བརྟེན་ནས་ཉན་ཐོས་ལ་སོགས་པའི་རིགས་སུ་བསྟན་པ་ཡིན་ལ། དང་པོ་ཁོ་ནར་རབ་ཏུ་དགའ་བ་ལ་སོགས་པའི་ས་

རྟོགས་པའི་རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་ལ་བརྟེན་པ་རྣམས་ནི་ཐེག་པ་ཆེན་པོའི་རིགས་ཅན་ཡིན་པའི་ཕྱིར་རིགས་ཀྱི་དབྱེ་བ་དང་འགལ་བ་མེད་དོ། །ཞར་ལ་འོངས་པས་ཆོག་གོ། །ད་ནི་ལམ་ཤེས་པ་ཉིད་ཀྱི་རང་བཞིན་དང་བྱེད་པ་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་བདག་ཅག་
གིས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཕན་བཏགས་ཟིན་པ་དྲན་པ་མཁས་པ་ནི་བཀའ་དྲིན་གཟོ་བའོ། །ཁྱད་པར་གྱི་ལམ་ལ་སོགས་པས་དགོས་པ་ཡོངས་སུ་མ་རྫོགས་པ་ཡིན་པའི་ཕྱིར་ཕན་པ་མཛད་བཞིན་པ་མ་ཡིན་ནམ། ཅིའི་ཕྱིར་དེ་ལྟར་སྨྲས་སྙམ་པའི་དོགས་པ་དེ་ཅིའི་སླད་
དུ་ཞེ་ན་ཞེས་བྱ་བས་བསུ་ནས། བརྗོད་པ་ནི་བཅོམ་ལྡན་འདས་སྔོན་གྱི་ཞེས་བྱ་བ་ལ་སོགས་པའོ། །བདག་ཅག་རྣམས་ཀྱི་དོན་དུ་ཞེས་བྱ་བ་ནི་བདག་ཅག་གི་དགོས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། ཉན་ཐོས་ཀྱི་ཐེག་པ་སྔོན་དུ་འགྲོ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་རོ་ཞེས་བྱ་བར་
འདོད་དོ། །ཇི་ལྟར་ཞེས་བྱ་བ་ནི་བདག་ཅག་རྣམས་ཀྱི་དོན་དུ་ཞེས་བྱ་བར་སྦྱར་རོ། །ཡང་ན་ཇི་ལྟར་གདམས་པའོ། །བྱང་ཆུབ་ཀྱི་ཕྱིར་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་རོ། །ཚངས་པར་སྤྱད་པ་ནི་མི་ཚངས་པར་སྤྱོད་པ་ལས་ལྡོག་པ་སྟེ། ཚུལ་གནས་ཐོས་དང་བསམ་ལྡན་པས། །
སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་བྱ་བའི་ཚུལ་གྱིས་སོ། །འདིས་ནི་ཅི་རིགས་པར་བསླབ་པའི་གཞི་ལྔ་ལ་སོགས་པ་དང་ལྡན་པ་ཉིད་དུ་སྟོན་ཏོ། །སྤྱོད་པ་ན་ཞེས་བྱ་བ་འཁོར་བ་ཇི་སྲིད་པར་སེམས་ཅན་རྣམས་ཀྱི་དོན་བྱ་བ་ལ་འཇུག་པ་ཉིད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ལམ་ཤེས་པ་ཉིད་
ཀྱིས་ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་སྤོང་བར་མི་བྱེད་པ་ཞེས་བྱ་བ་ནི་འདིའི་རང་བཞིན་ཡིན་པས་ཉོན་མོངས་པ་རྣམས་དབང་དུ་བྱས་ནས་དུས་ཡུན་རིང་པོར་སྒྲུབ་པར་བྱེད་པ་ན་ཞེས་བྱ་བ་འདིས་ནི་རང་བཞིན་སྟོན་པ་ཡིན་ཏེ། གཞན་དུ་ན་བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་མི་འགྱུར་རོ་
ཞེས་བྱ་བར་འདོད་དོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ལ་གདམས་ཤིང་ཞེས་བྱ་བ་ནི། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་གདམས་པ་ཇི་ལྟ་བས་གདམས་པ་བྱས་ནས་ཏེ། གདམས་ཤིང་གདམས་པ་བྱས་ནས་གདམས་པ་བྱས་པས་ཞེས་བྱེ་བྲག་ཏུ་བཤད་པས་སོ། །

མདོ་ལ་ལ་ནས་འདི་སྐད་སྟོན་ཏེ། གདམས་པ་ཕོག་ཅིང་ཞེས་བྱ་བ་ནི་གོ་སླའོ། །རྗེས་སུ་བསྟན་ཏེ་ཞེས་བྱ་བ་ནི་རྗེས་སུ་བསླབས་ནས་སོ། །དེ་ལ་ཞེས་བྱ་བ་ནི་ཉན་ཐོས་དེ་རྣམས་ལ་སྟེ། གནས་སྐབས་འགའ་ཞིག་ཏུའོ། །སྤྱད་པས་ཞེས་བྱ་བ་ནི་ཇི་སྐད་
དུ་བཤད་པའི་རང་བཞིན་ཅན་གྱི་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་དང་། ཤེས་རབ་དང་ཐབས་ལ་མཁས་པས་སྦྱིན་པ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་བཟུང་བ་དང་། ཡང་དག་པར་འཛིན་དུ་མ་བཅུག་པ་དང་། ཡོངས་སུ་མ་གྲོལ་བའི་སེམས་ཅན་རྣམས་གོ་རིམས་བཞིན་དུ་ཡོངས་
སུ་བཟུང་བ་དང་། ཡང་དག་པར་འཛིན་དུ་བཅུག་པ་དང་། ཡོངས་སུ་གྲོལ་བ་ལ་སོགས་པའི་ལས་མཛད་ཅིང་ཚོགས་བསགས་པ་ཞེས་བྱེད་པ་བསྟན་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྟོགས་པ་མི་འཐད་པའི་ཕྱིར་རོ། །ཁ་ཅིག་ལས་ནི་གདམས་པ་ཕོག་ཅིང་ཞེས་འདོན་པ་ནི་གོ་སླའོ། །
བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་བསྐྱེད་ཅིང་ཐུགས་སུ་ཆུད་པ་ཡིན་ནོ། །དེ་ལྟར་དཔེ་བསྟན་ནས་དཔེ་ཅན་གྱི་དོན་སྨྲས་པ་ནི་བཅོམ་ལྡན་འདས་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དེ་དང་འདྲ་བར་ཞེས་བྱ་བའི་ཐ་ཚིག་གོ། །ཀྱང་ཞེས་བྱ་བའི་སྒྲ་ནི་
བཅོམ་ལྡན་འདས་འབའ་ཞིག་ཏུ་མ་ཟད་ཀྱི་བདག་ཅག་ཉན་ཐོས་ཆེན་པོ་རྣམས་ཀྱིས་ཀྱང་གདམས་པ་དང་རྗེས་སུ་བསྟན་པ་དག་ཉིད་ཀྱིས་རྗེས་སུ་གཟུང་བ་དང་ཡོངས་སུ་གཏད་པའི་ཚུལ་གྱིས་རྗེས་སུ་གཟུང་བར་བགྱི་ཞིང་རྗེས་སུ་བསྐོར་བར་བགྱིའོ། །དེ་བཞིན་དུ་གོང་ནས་གོང་དུ་ཡོངས་སུ་སྨིན་པར་
བྱ་བའི་དོན་དུ་ཡང་དག་པར་ཡོངས་སུ་གཟུང་བར་བགྱིའོ། །ཡང་དག་པར་ཡོངས་སུ་བསྐོར་བ་ཡང་བགྱིའོ། །ཡང་ཞེས་བྱ་བའི་སྒྲ་ནི་ངེས་པར་བཟུང་བའི་དོན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་ཉན་ཐོས་རྣམས་ཀྱིས་རྗེས་སུ་བཟུང་བ་ལྟར་ཉན་ཐོས་ཁྱེད་
རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་གཞན་དག་དེ་བཞིན་དུ་རྗེས་སུ་གཟུང་བར་བྱའོ་ཞེས་བྱ་བ་འདི་ལ་འབྲེལ་པ་ཅི་ཞིག་ཡོད་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན། ཞེས་བྱ་བས་བསུ་ནས་བརྗོད་པ་ནི་བཅོམ་ལྡན་འདས་བདག་ཅག་གིས་ཀྱང་འདི་ལ་ཞེས་བྱ་བ་ལ་སོགས་པའོ། །བསམ་པ་ནི་འདི་

ཡིན་ཏེ། ཇི་ལྟར་ཉན་ཐོས་རྣམས་ཀྱིས་རང་གི་སངས་རྒྱས་རྣམས་ལ་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་བདག་ཅག་རྣམས་ཀྱི་དོན་དུ་ཚངས་པར་སྤྱད་པ་སྤྱོད་དོ་ཞེས་སྔར་མཛད་པའི་ཕན་བཏགས་པ་ཁོང་དུ་ཆུད་པས་དེ་རྣམས་ལ་སླར་བཀའ་དྲིན་དུ་གཟོ་བའི་བསམ་པས་དེ་རྣམས་ཀྱི་དྲུང་དུ་
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་བདག་ཅག་རྣམས་ཀྱི་དོན་དུ་ཚངས་པར་སྤྱད་པ་སྤྱོད་པ་ན་མཆོག་ཏུ་བྱམས་པའི་ཤཱཀྱ་ཐུབ་པས་རྗེས་སུ་བཟུང་བ་ཡིན་ནོ། །དེ་བཞིན་དུ་བདག་ཅག་ཉན་ཐོས་ཆེན་པོ་རྣམས་ཀྱིས་ཀྱང་། ཤཱཀྱའི་རྒྱལ་པོ་བྱང་ཆུབ་སེམས་དཔའི་གནས་
སྐབས་སུ་བདག་ཅག་རྣམས་ཀྱི་དོན་དུ་ཚངས་པར་སྤྱད་པ་སྤྱོད་པར་གྱུར་ཏོ་ཞེས་བགྱི་བ་སྔོན་གྱི་ཕན་པ་མཛད་པ་ཁོང་དུ་ཆུད་པས་བཅོམ་ལྡན་འདས་ལ་བཀའ་དྲིན་གཟོ་བའི་བསམ་པས་ཁྱེད་ཀྱི་དྲུང་དུ་མ་འོངས་པའི་སེམས་ཅན་རྣམས་ཀྱི་དོན་དུ་ཚངས་པར་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་
མཆོག་ཏུ་བྱམས་པ་རྣམས་རྗེས་སུ་གཟུང་བར་བགྱིའོ། །དེ་ལྟར་ན་བདག་ཅག་རྣམས་བཅོམ་ལྡན་འདས་བཀའ་དྲིན་གཟོ་བ་ཡིན་ནོ། །དེ་ལྟར་རྗེས་སུ་བཟུང་བས་ཅིར་འགྱུར་ཞེ་ན། མྱུར་དུ་བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ནི་རྟོགས་
པར་འགྱུར་བའོ། །ལ་ལ་ལས་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་ཟེར་ཏེ། དེ་ལ་ཁ་ཅིག་དེ་ནི་རྗེས་སུ་བཟུང་བས་དེ་ཉིད་ཀྱི་ཚེ་ཁོ་ན་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་པས་དཔྱད་པར་བྱའོ་ཞེས་ཟེར་རོ། །གཞན་དག་ནི་རྒྱུ་མ་ཚང་བ་མེད་པ་ཚོགས་པས་འབྲས་བུ་འབྱུང་བ་བརྗོད་
པར་འདོད་པ་ན་ད་ལྟར་བ་བརྗོད་པ་ཡིན་ནོ་ཞེས་ཟེར་རོ། །མོག་མོག་པོར་བྱེད་པ་ལ་སོགས་པ་ནི་ཇི་སྐད་དུ་བརྗོད་པ་དེ་ཁོ་ན་ལྟར་རྟོགས་པར་བྱ་སྟེ། དེ་སྐད་དུ་ཡང་། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པར་མཛད་དང་། །ཡུལ་ངེས་པ་དང་ཁྱབ་པ་དང་། །རང་བཞིན་
དང་ནི་དེ་ཡི་ལས། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟར་རྟེན་ལ་སོགས་པ་བརྗོད་ནས་ཉན་ཐོས་ཀྱི་ལམ་གྱི་དོན་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ལམ་ཤེས་པ་ཉིད་ཀྱི་སྐབས་སུ་རང་གི་ལམ་

གྱི་མཐར་ཐུག་པར་ཕྱིན་པར་བྱས་ནས་ཐེག་པ་གཞན་གྱིས་འདུལ་བའི་སེམས་ཅན་རྣམས་ཀྱི་དོན་དུ་མངོན་དུ་མ་བྱས་པར་ཡང་རྒྱུ་དང་བཅས་པའི་ལམ་སྟོན་པ་དང་། འདྲིས་པར་བྱས་པ་ལ་མཁས་པ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔས་ལམ་ཐམས་ཅད་
རྫོགས་པར་བྱ་དགོས་པ་དེའི་ཕྱིར་ཁོ་བོས་ཁྱེད་ལ་ཉན་ཐོས་ཀྱི་ལམ་བཤད་པར་བྱ་སྟེ། ཀཽ་ཤི་ཀ་ཉོན་ཅིག་ཅེས་བྱ་བར་སྦྱར་རོ། །སློབ་དཔོན་དབྱིག་གཉེན་གྱིས་ལེགས་པར་ཉོན་ལ་ཞེས་གསུངས་པ་ནི། ཇི་ལྟར་ལྷ་རྣམས་ཀྱིས་ཆར་ཕབ་ཀྱང་། སྣོད་ཁ་སྦུབ་པ་ལ་ཅུང་ཟད་ཀྱང་མི་འཇུག་
གོ། །དེ་བཞིན་དུ་ཁྱོད་ཁ་ཐུར་དུ་ལྟ་ཞིང་ཁོང་དུ་མ་ཆུད་པས་མ་ཉན་ཅིག་ཅེས་བྱ་བ་ཡིན་ནོ། །རབ་ཏུ་ཞེས་གསུངས་པས་ནི་ཇི་ལྟར་སྣོད་མི་གཙང་བ་ཟེད་པ་ལ་ཆུ་གང་ཞིག་ཆུད་པ་དེ་ཐམས་ཅད་མི་གཙང་བར་འགྱུར་ཞིང་དགོས་པ་མི་བྱེད་དོ། །དེ་བཞིན་དུ་ཁྱེད་ལོག་པར་རྟོགས་པས་ཉན་ཅིང་
མི་གཙང་བར་བྱེད་པས་མ་ཉན་ཅིག་ཅེས་བྱ་བ་ཡིན་ནོ། །ཡིད་ལ་ཟུང་ཤིག་ཅེས་གསུངས་པ་ནི་ཇི་ལྟར་སྣོད་གཙང་མ་བུ་ག་ཅན་ཟེད་པར་ཆུ་ཞུགས་ཀྱང་གནས་པར་མི་བྱེད་དོ། །དེ་བཞིན་དུ་ཁྱེད་རྟོགས་པ་མི་བརྟན་པས་མ་ཉན་པར་ཅི་ནས་ཀྱང་ཤིན་ཏུ་གསལ་བར་ཁོང་དུ་ཆུད་པའི་སྒོ་ནས་
སེམས་བརྟན་པར་གྱུར་པ་དེ་ལྟར་ཉོན་ཅེས་བྱ་བ་ཡིན་ཏེ། དེ་ལྟར་ན་ཐོས་པ་འབྲས་བུ་དང་བཅས་པ་ཡིན་ནོ། །ཞེས་བཤད་དོ། །འཕགས་པ་ལྷས་ནི་གཟུ་བོར་གནས་པ་དང་དོན་དུ་གཉེར་བར་གྱུར་པས་ཉོན་ཅིག་ཅེས་བྱ་བ་ནི་གོ་རིམས་བཞིན་དུ་ལེགས་པ་དང་རབ་ཏུ་ཞེས་བྱ་བ་གསུངས་པ་ཡིན་
ནོ། །དེ་བཞིན་དུ་རྣམ་པར་དཔྱད་པ་པོར་གྱུར་པས་ངེས་པར་རྟོགས་ཤིག་ཅེས་བྱ་བ་ནི་ཡིད་ལ་ཟུང་ཤིག་ཅེས་གསུངས་པ་ཡིན་ཏེ། འདིས་ནི་ཉན་པ་པོའི་མཚན་ཉིད་བསྟན་པ་ཡིན་ནོ་ཞེས་འཆད་དོ། །ཁོ་བོས་ཁྱེད་ལ་བཤད་པར་བྱའོ་ཞེས་བྱ་བ་ནི་ཁྱེད་ལ་ཕན་གདགས་པར་བྱ་བའི་ཕྱིར་བསྟན་པར་
བྱའོ། །ཞེས་བྱ་བའོ། །ཁྱེད་ཇི་ལྟར་འཆད་ཅེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རྣམ་པ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ཉན་ཐོས་ཀྱི་ལམ་གྱི་རང་བཞིན་ལ་གནས་པར་བྱ་ཞིང་བསྒྲུབ་པར་བྱའོ། །དེ་ལྟར་ཁས་བླངས་ནས་ད་ནི་ཀཽ་ཤི་ཀ་ཞེས་བྱ་བ་

ལ་སོག