Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 85
Văn bản gốc(Tây Tạng)
Trang 6 / 23 (50.000 ký tự/trang)
ས་པ་གསུངས་པ་ལ། སྟོང་པ་ཉིད་ལ་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པའི་འཕགས་པའི་བདེན་པ་བཞི་དང་འབྲེལ་པའི་རྣམ་པ་རྣམས་མི་དམིགས་པ་ལའོ། །སྤྱིར་བཤད་པ་ཡིན་དུ་ཟིན་ཀྱང་ཁྱད་པར་དུ་ཁོང་དུ་ཆུད་པ་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱི་མན་ངག་ལ་སོགས་པའི་རྗེས་སུ་ འབྲངས་པ་ཡིན་པའི་ཕྱིར་འདིར་སོམ་ཉི་མི་བྱའོ། །དེའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། དེ་ལ་སྐྱེ་བ་དང་འཇིག་པའི་ཆོས་ཉིད་ཀྱིས་ན་མི་རྟག་པ་ཉིད་དོ། །ཟག་པ་དང་བཅས་པའི་དངོས་པོ་རྣམས་ནི་རྗེས་སུ་མི་མཐུན་པ་ཉིད་ཀྱིས་ན་སྡུག་བསྔལ་བ་ཉིད་དོ། །དེ་ལྟར་བྱས་ན་འཕགས་པའི་ ལམ་ཡང་མི་རྟག་པ་ཡིན་མོད་ཀྱི། ཟག་པ་མེད་པ་ཉིད་ཡིན་པའི་ཕྱིར་འཕགས་པ་རྣམས་ལ་མི་མཐུན་པ་མ་ཡིན་པས་འདི་སྡུག་བསྔལ་ཉིད་དུ་ཐལ་བར་མི་འགྱུར་རོ། །བདག་གཞན་གྱི་སྟོང་པ་ཉིད་ཡིན་པའི་ཕྱིར་བདག་མེད་པ་ཉིད་དོ། །རང་ཉིད་བདག་མ་ཡིན་པ་ཉིད་ཀྱིས་ན་ཞི་བ་ཉིད་དོ་ཞེས་ བྱ་བ་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པའོ། །འབྲས་བུའི་ས་བོན་དང་འདྲ་བར་རྒྱུའི་རྩ་བར་གྱུར་པ་ཉིད་ཡིན་པའི་ཕྱིར་ནད་ཉིད་དོ། །སྡུག་བསྔལ་ཀུན་འབྱུང་བ་ཉིད་ཡིན་པའི་ཕྱིར་འབྲས་ཉིད་དོ། །སྡུག་བསྔལ་གྱི་རྐྱེན་ཡིན་པའི་ཕྱིར་ཟུག་རྔུ་ཉིད་དོ། །སྡུག་བསྔལ་བརྒྱུད་མར་རབ་ཏུ་འབྱུང་ བ་ཉིད་ཀྱིས་ན་ཤིན་ཏུ་འཇོམས་པའི་ཕྱིར་སྡིག་པ་ཞེས་བྱ་བ་ནི་ཀུན་འབྱུང་གི་བདེན་པའི་རྣམ་པའོ། །ཕྱིར་རྒོལ་བར་གྱུར་པ་ཉིད་ཡིན་པའི་ཕྱིར་ཕ་རོལ་ཉིད་དོ། །ཕྱིར་རྒོལ་བའི་དངོས་པོས་རབ་ཏུ་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་འཇིག་པའི་ཆོས་ཅན་ཉིད་དོ་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་ འབྱུང་བ་དེ་དག་ཉིད་ལ་སོ་སོར་ཡིད་འབྱུང་བའི་རྣམ་པའོ། །རང་གི་ངོ་བོར་གནས་པ་མེད་པ་ཉིད་ཀྱི་ཕྱིར་གཡོ་བ་ཉིད་དོ། །རྒྱུ་ལ་ལྟོས་པ་མེད་པར་རང་བཞིན་གྱིས་འཇིག་པ་ཉིད་ཡིན་པའི་ཕྱིར་རབ་ཏུ་འཇིག་པ་ཉིད་དོ་ཞེས་བྱ་བ་ནི་དེ་དག་ཉིད་ལ་སོ་སོར་འདོད་ཆགས་དང་བྲལ་བའི་རྣམ་པའོ། ། འདི་དང་གཞན་གྱི་གནོད་པའི་གནས་སུ་གྱུར་པ་ཡིན་པའི་ཕྱིར་འཇིག་པའོ། །སྲིན་པོ་ལ་སོགས་པའི་འཚེ་བས་གླགས་ཐོབ་པ་ཡིན་པའི་ཕྱིར་འགོ་བའི་ནད་ཉིད་དོ། །འབྱུང་བ་ཆེན་པོ་འཁྲུགས་པ་དང་ཐོག་འབབ་པ་ལ་སོགས་པའི་གནོད་པའི་གནས་སུ་གྱུར་པ་ཉིད་ཡིན་པའི་ཕྱིར་ཉེ་ བར་འཚེ་བ་ཉིད་དོ་ཞེས་བྱ་བ་ནི་དེ་དག་ཉིད་ལ་སོ་སོར་འགོག་པའི་རྣམ་པའོ། །དེ་ལྟར་བྱས་ན་འཕགས་པ་ཉན་ཐོས་རྣམས་ཡིད་འབྱུང་བ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པའི་ཕྱིར་ཞུགས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་ལུང་གི་དོན་བཤད་པར་ འགྱུར་རོ། །ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་ན་བདག་མེད་པ་ཉིད་དོ། །སྡུག་བསྔལ་རབ་ཏུ་ཞི་བ་ཉིད་ཀྱིས་ན་ཞི་བ་ཉིད་དོ། །བདེ་བ་དང་གཙང་བའི་དངོས་པོ་ཉིད་ཀྱིས་ན་དབེན་པ་ཉིད་དོ། །རྟག་པ་དང་ཕན་པའི་དངོས་པོ་ཉིད་ཀྱིས་ན་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ དང་མངོན་པར་འདུ་བྱ་བ་མེད་པ་ཉིད་དོ། །ཞེས་བྱ་བ་ནི་འགོག་པའི་བདེན་པའི་རྣམ་པའོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་ཐོབ་པར་བྱེད་པ་ཉིད་ཀྱིས་ན་ལམ་ཉིད་དོ། །ཉོན་མོངས་པ་མ་ལུས་པའི་གཉེན་པོའི་ཚོགས་སུ་གྱུར་པས་ན་རིག་པ་ཉིད་དོ། །སེམས་ཀྱི་ཕྱིན་ཅི་མ་ལོག་པ་ཉིད་ དུ་སྒྲུབ་པའི་དོན་གྱིས་ན་སྒྲུབ་པ་ཉིད་དོ། །མངོན་པར་ཞེན་པ་མེད་པས་རྟག་པའི་གནས་སུ་འགྲོ་བ་ཡིན་པའི་ཕྱིར་ངེས་པར་འབྱིན་པ་ཉིད་དོ་ཞེས་བྱ་བ་ནི་ལམ་གྱི་བདེན་པའི་རྣམ་པའོ། །དེ་ལྟར་རིམ་པ་འདིས་ན་ཐེག་པ་ཆེན་པོར་རྣམ་པ་ལ་ལ་ནི་རྣམ་གྲངས་ཀྱིས། ལ་ལ་ནི་རང་གི་ངོ་བོ་ཉིད་དུ་ བསྟན་པ་ཡིན་པས་ཉན་ཐོས་ཀྱི་ལམ་མ་ཡིན་པ་ཉིད་དུ་ཐལ་བར་མི་འགྱུར་རོ། །དེ་བས་ན་ལམ་ཤེས་པའི་སྐབས་སུ་བྱང་ཆུབ་སེམས་དཔས་འཕགས་པའི་བདེན་པ་དང་འབྲེལ་པ་འདི་རྣམས་ཀྱི་ངོ་བོ་ཉིད་མི་དམིགས་པར་བསྒོམས་པས་ཉན་ཐོས་ཀྱི་ལམ་ཤེས་པར་བྱ་བ་ཡིན་ནོ། །མདོར་བསྡུས་ པ་འདིའི་དོན་ནི་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་གསལ་བ་ཁོ་ནར་འབྱུང་བ་ཉིད་ཡིན་པའི་ཕྱིར་ལོག་པར་ཁོང་དུ་ཆུད་པར་མི་བྱའོ། །དེ་སྐད་དུ། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། ། ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཉན་ཐོས་ཀྱི་ལམ་བརྗོད་ནས་དྲོ་བའི་དོན་སྟོན་པ་ནི། ཀཽ་ཤི་ཀ་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གང་གི་ཕྱིར་བདེན་པ་བཞི་ཡོངས་སུ་ཤེས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྟོགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་བྱང་ ཆུབ་སེམས་དཔས་དྲོ་བ་རྟོགས་པར་བྱ་བའི་དོན་དུ་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་དང་། ཚོར་བ་ལ་སོགས་པ་ཡང་དེ་བཞིན་ཏེ། གཟུགས་ཀྱི་ངོ་བོ་ཉིད་གང་ཡིན་པ་དང་། ཚོར་བ་ལ་སོགས་པའི་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་དབྱེར་མེད་པར་བསྒོམ་པར་ བྱའོ། །དོན་འདི་ཡང་གོ་ཆ་ཆེན་པོ་བགོས་པར་གྱུར་པ་ཞེས་བྱ་བ་འདིས་བསྟན་པ་ཡིན་ནོ། །དེ་ཡང་རྒྱལ་བའི་ཡུམ་བར་མ་ལས། ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་གོ་ཆ་ཆེན་པོ་བགོས་པ་ལགས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ཆོས་ཐམས་ཅད་ དབྱེར་མེད་པ་ཉིད་དུ་རྟོགས་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་སྐད་དུ་ཡང་། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་སོགས་ཕུང་པོ་སྟོང་ཉིད་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད་པས། །དྲོ་བ། ཞེས་གསུངས་པ་ཡིན་ནོ། །རྩེ་མོ་བསྟན་པའི་ཕྱིར་ གཟུགས་ལ་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དམིགས་པའི་ཚུལ་གྱིས་ཞེས་བྱ་བར་བསམས་པའོ། །མིག་ལ་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་དང་། དྲན་པ་ཉེ་བར་གཞག་པ་ལ་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་དང་། རྒྱུན་དུ་ཞུགས་པའི་ འབྲས་བུ་ལ་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པས་ནི། གོ་རིམས་བཞིན་དུ་ཟག་པ་དང་བཅས་པ་དང་། གཉི་ག་དང་། ཟག་པ་མེད་པ་ཉིད་ཀྱི་ཕུང་པོ་ལྔ་པོ་འདི་རྣམས་ཀྱི་རབ་ཏུ་དབྱེ་བ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་འདྲེས་ཀྱི་དོན་ཡིན་ནོ། །ཁམས་ལ་སོགས་པའི་རང་གི་ངོ་བོའི་ མཚན་ཉིད་ནི་རབ་ཏུ་གྲགས་པ་ཡིན་པའི་ཕྱིར་མ་བྲིས་སོ། །ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་ཞེས་བྱ་བ་འདིར་བར་དང་ཞེས་སྨོས་པས་ནི་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་ལ་སོགས་པ་ལ་བསྒྲེ་བ་ཡིན་ནོ། །ཐ་ན་སངས་རྒྱས་ཉིད་ལ་གནས་པར་མི་བྱའོ་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཉིད་ལའོ། །གལ་ཏེ་རྟེན་གྱི་བདག་ཉིད་ཅན་གྱི་གཟུགས་ལ་སོགས་པ་ལ་གནས་པར་མི་བྱ་ན། དེ་ལྟ་ན་ནི་འོ་ན་ཚིག་ཐམས་ཅད་ནི་ལྡོག་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་གཟུགས་ལ་སོགས་པའོ། །དེའི་བདག་ཉིད་ཀྱིས་གནས་པ་འཐོབ་པར་འགྱུར་རོ་ཞེས་འགའ་ ཞིག་རྟོག་པ་དགག་པར་བྱ་བའི་ཕྱིར། དེ་ལྟར་ན་གཟུགས་སོ་ཞེས་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལྟར་ན་ཞེས་བྱ་བའི་སྒྲ་ནི་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ནའི་སྒྲ་ནི་སྔ་མ་བཞིན་ནོ། །ངག་གི་དོན་ནི་འདི་ཡིན་ཏེ། གང་གི་ ཕྱིར་རིགས་པས་དམིགས་སུ་མེད་པར་བསྒོམ་པ་ན་གཟུགས་ལ་སོགས་པར་ཡོད་པ་མ་ཡིན་པས་ན་རྟེན་དུ་བསྒོམ་པ་མི་འཐད་པའི་རྒྱུ་དེའི་ཕྱིར། རང་གི་ངོ་བོ་དང་བྲལ་བ་ལ་དེའི་བདག་ཉིད་དང་གཞན་པར་ཁས་བླང་བའི་ངོ་བོར་རིགས་པ་མ་ཡིན་ནོ་ཞེས་སོ། །གདུལ་བྱའི་སྐྱེ་བོ་ཉི་བ་རྣམས་ཀྱི་ཕྱིན་ ཅི་ལོག་བསལ་བར་འདོད་པས་ཅི་ཞིག་ལྟར་རྟེན་གྱི་ངོ་བོར་བསྟན་པས་ན་ལྡོག་པའི་འབྲས་བུ་ཅན་དུ་ཡང་ཁས་བླང་བར་མི་བྱའོ། །དེ་བས་ན་རྩེ་མོ་གཏོགས་པར་བྱ་བའི་ཕྱིར་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་དུ་མི་དམིགས་པར་བསྒོམ་པར་བྱའོ། །དེ་སྐད་དུ་ཡང་། དེ་དག་མི་དམིགས་པས། རྩེ་མོར་གྱུར་པ་ དག་ཏུ་འདོད། །ཅེས་གསུངས་པ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་བ་འདིར་བར་དུ་ཞེས་བྱ་བའི་ཚིག་གིས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བསྡུའོ། །རྣམ་པར་ཤེས་པའི་ཁམས་སོ་ཞེས་བྱ་བ་འདིར་བར་དུ་ཞེས་བྱ་བ་སྨོས་པས་ནི་ཆུའི་ཁམས་ལ་སོགས་ པ་ཡོངས་སུ་བསྡུའོ། །བཟོད་པ་བསྟན་པར་བྱ་བའི་ཕྱིར། གཟུགས་རྟག་པ་དང་མི་རྟག་པའོ་ཞེས་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མི་རྟག་པ་ལ་སོགས་པའི་ཚིག་ནི་བཤད་ཟིན་ཏོ། །དེ་ལས་བཟློག་པས་རྟག་པ་ལ་སོགས་པའི་ཚིག་ཏུ་བརྗོད་པར་བྱའོ། ། མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་དབྱེ་བས་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཉེ་བར་བཟུང་བར་བྱས་པ་ནི་གཙོ་བོ་ཡིན་པའི་ཕྱིར་མངོན་པར་ཞེན་པ་ཐམས་ཅད་ལས་བཟློག་པར་བྱ་བའི་ཕྱིར་རོ། །གཟུགས་སྡུག་པ་དང་མི་སྡུག་པ་ཞེས་བྱ་བ་ལ། སྡུག་པ་ནི་བསྔགས་པའོ། །མི་སྡུག་པ་ནི་ མི་བསྔགས་པའོ། །འདི་དག་ཀྱང་བདེན་པ་ལྷག་མ་རྣམས་ཀྱི་རྣམ་པ་ཉེ་བར་མཚོན་པ་ལྷུར་བྱེད་པ་ཡིན་ནོ། །གལ་ཏེ་དེ་ལྟར་རྣམ་པ་ཐམས་ཅད་དང་བྲལ་ན་དེ་ལྟ་ན་ནི་ངོ་བོ་ཉིད་ཀྱིས་སྟོང་པ་ཁོ་ནར་འགྱུར་རོ་ཞེས་དོགས་པ་བསལ་བར་བྱ་བའི་ཕྱིར་གཟུགས་སྟོང་པའོ་ཞེས་དམིགས་པས་ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། སྟོང་པ་མ་ཡིན་པའི་དངོས་པོ་བཀག་པས་སྟོང་པ་ཞེས་བྱ་བར་བརྗོད་དོ། །དེ་བས་ན་ཇི་སྐད་དུ་བཤད་པའི་ཚུལ་གྱིས་དངོས་པོ་མེད་པ་ཡིན་པའི་ཕྱིར། ཡུལ་མེད་པ་ལ་དགག་པ་རིགས་པ་མ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །འདི་སྐད་དུ། བཟོད་པ་རྟོགས་པར་བྱ་བའི་ཕྱིར་ གཟུགས་ལ་སོགས་པ་ལ་རྟག་པ་དང་མི་རྟག་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པས་དམིགས་པའི་ཚུལ་གྱིས་གནས་སྐབས་ཐམས་ཅད་དུ་གནས་པར་མི་བྱའོ་ཞེས་དེ་ལྟར་བསྒོམ་པར་བྱའོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང་། དེ་ལ་རྟག་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་བཟོད་ པ་རྣམས། །ཞེས་གསུངས་པ་ཡིན་ནོ། །ཆོས་ཀྱི་མཆོག་བསྟན་པའི་ཕྱིར་རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཞེས་བྱ་བ་ནི་འབྲས་བུ་སྟེ། དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་པའི་རང་བཞིན་ཡིན་པའི་ཕྱིར་ལམ་ནི་འདུས་མ་བྱས་ལས་ རབ་ཏུ་སྐྱེས་པ་འབྲས་བུ་ཉིད་ཡིན་པའོ། །དེ་ལྟར་སྤྱིར་མངོན་པར་ཞེན་པ་བཀག་པའི་དོན་བསྟན་ནས་ཁྱད་པར་བསྟན་པའི་ཕྱིར། རྒྱུན་དུ་ཞུགས་པ་སྦྱིན་པའི་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསོད་ནམས་ཀྱི་ཞིང་ཁྱད་པར་ཅན་ཡིན་པ་ཉིད་ཀྱིས་ན་གཙོར་སྦྱིན་པར་འོས་པ་ཉིད་ཡིན་ པའི་ཕྱིར་སྦྱིན་པའི་གནས་སོ། །རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པའོ་ཞེས་བྱ་བའི་ལྷག་མ་ལུས་པས་རེ་ལྟར་ཏེ་མཆོག་ཏུ་ཐོགས་ཀྱང་འཁོར་བའི་གནས་སུ་ལན་བདུན་གྱི་བར་དུ་གཞོལ་བ་ཡིན་ནོ། །ཡོངས་སུ་མཐར་མ་ཕྱིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། བྱ་བ་ཡོངས་སུ་མ་རྫོགས་ པའི་ཕྱིར་མིའི་འཇིག་རྟེན་འདིར་ལན་ཅིག་འོངས་ཏེ་ཕྱིན་པར་གྱུར་ནས་སྡུག་བསྔལ་ཏེ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་མཐར་བྱེད་ཅིང་རྣམ་པར་འཇིག་པར་བྱེད་པའོ། །དེ་ཉིད་དུ་ཞེས་བྱ་བ་ནི་སྲིད་པ་བར་མའི་གནས་སྐབས་སུའོ། །འདི་ཉིད་དུ་ཞེས་བྱ་བ་ནི་དགྲ་བཅོམ་པ་སྐྱེ་བ་གང་དུ་སྐྱེས་པ་དེ་ཉིད་ དུ་ཞེས་བྱ་བའི་ཐ་ཚིག་གོ། །ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞེས་བྱ་བ་ལ། ཕུང་པོ་ནི་ལུས་སོ། །འདོད་ཆགས་ལ་སོགས་པ་ཐམས་ཅད་སྤངས་པའི་ཕྱིར་ལྷག་མ་ཉིད་དུ་གྱུར་པའི་ལྷག་མ་དེ་མྱ་ངན་ལས་འདས་པ་གང་ལ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་དུ་རྣམ་ པར་རྟོག་པ་ཐམས་ཅད་འགགས་པ་དེ་ནི་མྱ་ངན་ལས་འདས་པ་སྟེ་དེ་བཞིན་ཉིད་དོ། །དེ་ཉིད་ནི་དབྱིངས་ཏེ། དེ་ལ་དམིགས་པའི་དངོས་པོས་འཕགས་པ་རྣམས་སྐྱེད་པའི་རྒྱུ་ཡིན་ཏེ། དེ་བས་ན་དབྱིངས་དེར་ཞེས་བྱ་བར་སྦྱར་རོ། །རྒྱུན་དུ་ཞུགས་པ་ཞེས་བྱ་བ་ལ་སོགས་པས་འབྲས་བུ་ ལ་གནས་པ་རྣམ་པ་བཞི་སྨོས་པས་མེད་ན་མི་འབྱུང་བའི་ཕྱིར་ཞུགས་པའི་གནས་སྐབས་བཞི་ཡང་གཟུང་བར་བྱའོ། །དེས་ན་ཉན་ཐོས་ཀྱི་ས་རྣམ་པ་བརྒྱད་དུ་འགྱུར་རོ། །གང་ཟག་གང་གིས་ཉོན་མོངས་པའི་རྣམ་པ་ཇི་ཙམ་སྤངས་པས་ཞུགས་པ་ཉིད་ལ་སོགས་པར་རྣམ་པར་གཞག་པ་ནི་སྔར་ བཤད་པ་ཉིད་ཡིན་པའི་ཕྱིར་སླར་ཉེ་བར་བཀོད་པ་མ་བྱས་སོ། །རང་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་མདོར་བསྟན་པའི་ཚིག་འཆད་པ་ནི། རང་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བདག་ཉིད་གཅིག་པུའི་རྒྱུར་གྱུར་པའི་ཕྱིར་རང་གི་བྱང་ཆུབ་རྟོགས་པ་རང་ཉིད་ཡིན་ པས་ན་རང་སངས་རྒྱས་སོ། །ཉན་ཐོས་ཀྱང་དེ་ལྟར་ཐལ་བར་ནི་མི་འགྱུར་ཏེ། དེ་ནི་གཞན་གྱིས་ཉེ་བར་བསྟན་པ་ལ་ལྟོས་པའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡང་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། དེ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཆེད་དུ་མཛད་པས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །འདིས་ནི་ས་དགུ་པ་རང་སངས་རྒྱས་ཀྱི་ས་བཤད་པ་ཡིན་ནོ། །ཉན་ཐོས་ཀྱི་ས་ལས་འདས་ནས་ཞེས་བྱ་བ་ནི་གཟུང་བའི་དོན་གྱི་རྣམ་པར་རྟོག་པ་སྤངས་པས་དེ་ལ་བརྒལ་ནས་སོ། །སངས་རྒྱས་ཀྱི་ས་མ་ཐོབ་པ་ནི་འཛིན་པའི་དོན་གྱི་རྣམ་ པར་རྟོག་པ་མ་སྤངས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་མ་རྟོགས་པར་རོ། །དེ་བཞིན་དུ་སངས་རྒྱས་སྦྱིན་པའི་གནས་སོ་ཞེས་གནས་པར་མི་བྱའོ་ཞེས་བྱ་བའི་ཚིག་རྣམ་པར་དབྱེ་བའི་ཕྱིར། སངས་རྒྱས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སོ་སོའི་སྐྱེ་ བོའི་ས་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་སའོ། །གཞལ་དུ་མེད་པར་ཞེས་བྱ་བ་ལ་སོགས་པ་ལ། མངོན་སུམ་ལ་སོགས་པའི་ཚད་མས་གཞལ་བར་མི་ནུས་པའི་ཕྱིར་གཞལ་དུ་མེད་པའོ། །གཅིག་ཉིད་ལ་སོགས་པ་གྲངས་དང་བྲལ་བའི་ཕྱིར་གྲངས་མེད་པའོ། །འདིས་ནི་འདུལ་བ་ལ་སོགས་ པ་གང་ལ་ལ་དག་ཏུ་རབ་ཏུ་བཟང་གི་མཐར་ཐུག་པ་སོ་སོར་ངེས་པའི་སེམས་ཅན་གྱི་དོན་མཛད་པར་ལ་ལར་གསུངས་པ་ནི་དགོངས་པ་ཅན་ཡིན་པར་བསྟན་ཏོ། །ཡང་ན་འཇིག་རྟེན་གྱི་ཁམས་འདིར་དོན་གྱི་བྱ་བ་མཛད་པའི་དབང་དུ་བྱས་ནས་དེ་སྐད་བཤད་པ་ཡིན་གྱི། གཞན་དུ་ན་སྤྲུལ་པའི་སྤྲིན་ རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་གྱི་དོན་མཛད་པ་ཡིན་པའི་ཕྱིར་གྲངས་མེད་པ་ལ་སོགས་པའི་ཚིག་དང་མི་འགལ་བ་ཡིན་ནོ། །ཡང་ན་ཁྱད་པར་དུ་འཕགས་པ་ཐེག་པ་ཆེན་པོའི་མིང་ཅན་གྱི་ཐེག་པའི་ཁྱད་པར་ཟབ་མོ་ཉིད་ལ་སོགས་པ་དང་ལྡན་པ་འདི་ནི་གཞན་ཁོ་ ན་ཡིན་ཏེ། དེས་ན་འདིར་མི་མཐུན་པ་ཁོ་ནར་བསྟན་པ་ཡིན་པའི་ཕྱིར་ཐེག་པ་གཞན་དང་ལྷན་ཅིག་ཏུ་འགལ་བ་བརྗོད་པར་མི་བྱའོ། །དེ་བཞིན་དུ་འདི་ལྟ་བུའི་རིགས་ཅན་གྱི་དོན་གཞན་དག་ཏུ་ཡང་འདི་ཉིད་ལན་དུ་གཟུང་བར་བྱའོ། །སེམས་ཅན་རྣམས་ཀྱི་དོན་མཛད་དེ། །ཞེས་བྱ་བ་ནི་ཁ་ཅིག་ ལ་སྦྱིན་པ་ལ་སོགས་པས་མངོན་པར་མཐོ་བའི་ཆོས་རྫོགས་པར་མཛད་ནས་སོ། །ཡོངས་སུ་མྱ་ངན་ལས་འདས་ནས་ཞེས་བྱ་བ་ནི་ཁ་ཅིག་ཉན་ཐོས་ཀྱི་མྱ་ངན་ལས་འདའ་བ་ལ་སོགས་པ་དེས་ངེས་པར་ལེགས་པའི་ཆོས་ལ་བཀོད་ནས་སོ། །ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་ རྫོགས་པའི་སངས་རྒྱས་སུ་ངེས་པར་མཛད་ཅིང་ཞེས་བྱ་བ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པའི་དགེ་བ་གང་ཞིག་རྟོགས་པས་གདོན་མི་ཟ་བར་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཆོས་དག་འཐོབ་པར་འགྱུར་བའི་རྒྱུ་དེ་ལ་གཞན་འཇོག་པའི་ཕྱིར་ན་ངེས་པར་ཏེ། རིགས་ངེས་པ་ལ་གནས་པར་མཛད་ཅིང་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ས་ཞེས་བྱ་བ་འདིས་ནི་ཀུན་ཏུ་འོད་ཅེས་པ་ས་བཅུ་པ་ནི་སངས་རྒྱས་ཀྱི་ས་ཡིན་པར་བཤད་དོ། །སངས་རྒྱས་ཀྱི་མཛད་པ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་ བས་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཡོངས་སུ་མྱ་ངན་ལས་འདའ་བས་སོ། །མྱ་ངན་ལས་འདས་པ་འདི་ནི་སྤྲུལ་པའི་སྐུ་ཡིན་པར་འདོད་དོ། །འདི་ག་ལས་ཤེ་ན། ལུང་དང་རིགས་པ་ལས་སོ། །འདི་ལྟར་གནས་པའི་རྒྱུ་མ་ཚང་བ་མེད་པ་ཅན་གང་ཡིན་པ་དེ་ནི་རྟག་ཏུ་ གནས་པ་རྒྱུན་ཆད་པའི་རང་བཞིན་ཅན་མ་ཡིན་ཏེ། དཔེར་ན་མེ་དང་ཤིང་ལ་སོགས་པ་གནས་པའི་རྒྱུ་ནུས་པ་ཅན་ཡོངས་སུ་རྫོགས་པར་ཡོད་པ་ཅན་གྱི་དུ་བ་ལ་སོགས་པ་ལྟ་བུའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱང་གནས་པའི་རྒྱུ་མ་ཚང་བ་མེད་པ་ཅན་ཡིན་ནོ། །གནས་པ་ རྒྱུན་ཆད་པའི་ཁྱབ་པར་བྱེད་པ་གནས་པའི་རྒྱུ་མ་ཚང་བ་མེད་པ་དང་འགལ་བ་གནས་པའི་རྒྱུ་མ་ཚང་བ་ཉིད་འདིར་བསྒྲུབ་པའི་ཕྱིར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ཆོས་མི་མཐུན་པ་ནི་དུ་བ་ལ་སོགས་པའི་རྒྱུན་ཆད་པ་ལ་སོགས་པ་དང་འདྲའོ། །རྒྱུ་མ་ཚང་བ་མེད་པར་ཡོད་པ་ལས་འབྲས་བུ་མི་ འབྱུང་བའི་སྦྱོར་བ་ནི་འགལ་བ་ཡིན་ནོ། །གཏན་ཚིགས་འདི་ཇི་ལྟར་འགྲུབ་ཅེ་ན། བརྗོད་པ། གནས་པའི་རྒྱུ་མ་ཚང་བ་ནི་སེམས་ཅན་གྱི་དོན་སྒྲུབ་པའི་ནུས་པ་ཡོངས་སུ་ཟད་པས་སམ། ཐུགས་རྗེ་ཆེན་པོ་དང་བྲལ་བས་སམ། ཚེའི་འདུ་བྱེད་གནས་པ་ལ་མངའ་བརྙེས་པ་ལས་ཉམས་པས་སམ། སྲོག་ གི་དབང་པོ་གནས་པའི་ལས་ཀྱི་རྣམ་པར་སྨིན་པ་མཐར་གཏུགས་པས་སམ། སངས་རྒྱས་ཀྱིས་འདུལ་བའི་གདུལ་བྱ་རྣམས་མེད་པ་ལས་ཡིན་གྲང་། དེ་ལ་རྟོག་པ་དང་པོ་ནི་མེད་དེ། སྟོན་པའི་མཁྱེན་པ་ནུས་པ་ཐོགས་པ་མེད་པ་ཅན་དུ་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འདི་བསེ་རུ་ ལ་སོགས་པ་རྣམས་ལས་ཁྱད་པར་ཅི་ཞིག་ཡོད་པར་འགྱུར། དུས་ཡུན་རིང་པོར་གོམས་པས་གཙང་སྦྲ་ཅན་ཐོད་པ་ཅན་ལ་ཞེ་མི་བཙོག་པ་ལྟར་བརྩེ་བ་ཆེན་པོའི་བདག་ཉིད་དུ་གྱུར་པར་མཛད་པའི་ཕྱིར་འབད་པ་མེད་པར་ཉམས་པ་མི་མངའ་ཞིང་རྣམ་པར་འཕེལ་བ་དེའི་རོ་མྱང་བ་ལྷུར་མཛད་པ་ནི་དེ་ཉིད་ཕྱོགས་ སུ་ལྷུང་བས་ན། སྐྱོན་མ་མཐོང་བའི་ཕྱིར་འབད་པ་ཡང་མེད་པའི་ཕྱིར་རྣམ་པར་རྟོག་པ་གཉིས་པ་ཡང་མེད་དོ། །རྫུ་འཕྲུལ་གྱི་རྐང་པ་གོམས་པ་རབ་ཀྱི་མཐར་ཕྱིན་ན་རྣམ་པར་རྟོག་པ་གསུམ་པ་ཡང་རིགས་པ་དང་འབྲེལ་པ་མ་ཡིན་ནོ། །དེ་སྐད་དུ་ཡང་། འདི་ལྟར་ཀུན་དགའ་བོ་གང་ལ་ལ་ཞིག་ རྫུ་འཕྲུལ་གྱི་རྐང་པ་བཞི་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པ་དེ་ནི་འདོད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པར་གནས་པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པས་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྟེན་ཅིང་བསྒོམས་ལ་ལན་མང་དུ་མཛད་པས་དེ་བཞེད་ན་བསྐལ་པ་འམ་བསྐལ་ པ་ལས་ལྷག་པར་བཞུགས་སོ་ཞེས་གསུངས་པའི་ཕྱིར་རོ། །སྲོག་གི་འབྲས་བུ་ཅན་གྱི་ཟད་པ་ཡང་སྲོག་གཅོད་པ་སྤངས་པ་དང་། ཐབས་དཔག་ཏུ་མེད་པས་གོམས་པར་བྱས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྐལ་བ་མི་ཉུང་བར་བསགས་པའི་བླ་མ་ལ་སྲིད་པ་མ་ཡིན་ནོ། །རྒྱུ་དང་འབྲས་བུ་དག་གི་ ཆོས་ཉིད་ནི་འདི་ཡིན་ཏེ། རྒྱུ་མཆོག་ཏུ་གྱུར་པ་ལས་ནི་འབྲས་བུ་མཆོག་ཏུ་གྱུར་པ་འབྱུང་ལ་མཆོག་མ་ཡིན་པ་ལས་ནི་མཆོག་ཡིན་པ་ཞེས་བྱ་བ་གང་ཡིན་པའོ། །དེ་ལྟ་མ་ཡིན་ན་རྒྱུ་ཕུལ་དུ་བྱུང་བ་དང་ཕུལ་དུ་བྱུང་བ་མ་ཡིན་པ་དག་ལ་འབྲས་བུ་ལ་དེ་མི་འབྱུང་བའི་ཕྱིར་ན། ཕན་གདགས་པར་བྱ་བ་ དང་ཕན་འདོགས་པར་བྱེད་པའི་དངོས་པོར་མི་འགྱུར་ཏེ། དེ་ལ་བརྟེན་པའི་ཐ་དད་པ་ལ་མི་ལྟོས་པའི་ཕྱིར་རོ། །སྟོན་པ་ལ་ནི་དཔག་ཏུ་མེད་པར་འཚོ་བའི་རྒྱུ་གཞན་གསོད་པ་སྤངས་པ་ལ་སོགས་པ་ཁ་ན་མ་ཐོ་བ་མེད་པ་དཔག་ཏུ་མེད་པ་ཡོད་པ་ཡིན་ཏེ། དེས་ན་ལོ་བརྒྱ་ཡང་ཇི་སྟེ་མི་བཞུགས། འདི་དག་ ཐམས་ཅད་ཀྱི་འབྲས་བུ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ་ཞེ་ན་མ་ཡིན་ཏེ། གཙོར་ཡུན་རིང་པོར་འཚོ་བ་འབྲས་བུའི་བརྗོད་པའི་ཕྱིར་ཏེ། སྲོག་གཅོད་པ་ལས་ལྡོག་པ་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀྱི་འབྲས་བུས་ནི་ཚེ་རིང་བར་རྗེས་སུ་འགྲོ་བ་དང་། ལྡོག་པའི་སྒོ་ནས་གསུངས་པ་ཡིན་ ནོ། །གང་ཞིག་གང་གིས་གཙོ་བོའི་རྒྱུ་ཡིན་པར་བརྗོད་པ་དེ་ནི་ཡོངས་སུ་རྒྱས་པར་བྱེད་པའི་རྟེན་ཉེ་བར་གནས་པས་དེ་སྐྱེད་པ་ཉིད་ན་གལ་ཏེ་གཞན་གྱི་ཡང་རྒྱུ་མཚན་དུ་འགྱུར་བ་ནི་ཉེས་པ་ཡོད་པ་མ་ཡིན་ནོ། །ལན་ཅིག་མ་ཡིན་པར་རྣམ་པར་ངེས་པའི་འབྲས་བུ་བོར་ནས་གཞན་སྐྱེད་པར་བྱེད་པ་ནི་མ་ ཡིན་ཏེ། ལན་ཅིག་ཀྱང་དེ་སྐྱེད་པར་བྱེད་པ་ཉིད་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །གཞན་ཡང་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ལ་གོམས་པར་མཛད་པའི་དབང་ཉིད་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བ་ཡིན་ལ། བསོད་ནམས་ཀྱི་ཚོགས་ནི་དེའི་རྟེན་ཁྱད་དུ་འཕགས་པ་བསྐྱེད་པས་ན་ རྗེས་སུ་མཐུན་པར་གྱུར་པ་ཡིན་ནོ། །དེ་བས་ན་བསོད་ནམས་ཡོངས་སུ་ཟད་པས་བཅོམ་ལྡན་འདས་འཆི་བར་བརྗོད་པ་ནི་བབ་ཅོལ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པས་གདུལ་བར་བྱ་བའི་སེམས་ཅན་མེད་པས་མྱ་ངན་ལས་འདའ་བ་ཡིན་ནོ་ཞེས་འདོད་ན་དེ་འདིར་དཔྱད་པར་བྱ་སྟེ། ཅི་སངས་ རྒྱས་ཀྱི་སྐུས་འདུལ་བའི་སེམས་ཅན་ཉིད་མེད་དམ། འོན་ཏེ་ཅི་གཟུགས་གཞན་དག་གིས་འདུལ་བ་རྣམས་ཀྱང་མེད། གལ་ཏེ་ཕྱོགས་སྔ་མ་ལྟར་ཡིན་ན་དེའི་ཚེ་བརྒྱ་བྱིན་ལ་སོགས་པའི་གཟུགས་སུ་བསྟན་པས་འདུལ་བའི་སྐྱེ་བོ་རྣམས་སྲིད་པས་དེའི་གཟུགས་ཅི་སྟེ་མི་ བཞུགས། ཐུགས་བརྩེ་བའི་དབང་དུ་གྱུར་པའི་ཐུགས་དང་ལྡན་པ་དེ་དག་ནི་སྐྱེ་བོ་རྣམས་ལ་ཕན་པ་བསྒྲུབ་པར་བྱ་བའི་ཕྱིར་ཆ་ལུགས་གཞན་དག་གིས་ཀྱང་གནས་པར་མཛད་དེ། དཔེར་ན་བཅོམ་ལྡན་འདས་ཉིད་འཁོར་ལོས་སྒྱུར་བའི་གཟུགས་སུ་བཞུགས་པ་ལྟ་བུའོ། །བརྒྱ་བྱིན་ལ་སོགས་ པའི་གཟུགས་ཀྱིས་འདུལ་བ་ཡང་མེད་པ་ནི་མ་ཡིན་ཏེ། ཤེས་པར་བྱེད་པ་མེད་པའི་ཕྱིར་ཏེ། བརྒྱ་བྱིན་ལ་སོགས་པས་གཞན་ལ་ཕན་འདོགས་པ་མེད་པར་ཐལ་བའི་ཕྱིར་རོ། །གཞན་ཡང་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་ཀྱི་གཟུགས་ཀྱིས་འདུལ་བའི་སྐྱེ་བོ་རྣམས་མེད་ཀྱང་འཇིག་ རྟེན་གྱི་ཁམས་དཔག་ཏུ་མེད་པ་གཞན་རྣམས་ན་དེ་ཡོད་པའི་ཕྱིར་འདི་ཇི་སྟེ་ཡོངས་སུ་མྱ་ངན་ལས་འདའ། འཇིག་རྟེན་གྱི་ཁམས་གཞན་ན་ཡང་དེ་མེད་དོ་ཞེ་ན་དེ་ལ་དེ་ལྟར་ཤེས་པར་བྱེད་པ་མེད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སངས་རྒྱས་ཀྱི་སྐུས་གདུལ་བའི་སེམས་ཅན་རྣམས་མེད་དོ་ཞེས་ བྱ་བ་འདི་ནི་གང་ནས་ཀྱང་མ་གསུངས་སོ། །འོན་ཏེ་ངེས་པ་མེད་པ་ཡིན་ཏེ། ཡོད་ན་གཞན་གྱི་དོན་ལ་འཇུག་པ་ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་ཞེས་བྱ་བར་འདོད་ན། ཡོངས་སུ་མྱ་ངན་ལས་འདའོ་ཞེས་བརྗོད་ན་འདི་ཉིད་ཀྱང་གྲུབ་པ་མ་ཡིན་ཏེ། གང་གི་ཕྱིར་འཇིག་རྟེན་གྱི་ཁམས་གཅིག་ ནས་སངས་རྒྱས་ཀྱི་སྐུ་བསྟན་པས་འདུལ་བ་མེད་པ་ན་མྱ་ངན་ལས་འདའ་བ་ཉེ་བར་བསྟན་པས་འདུལ་བའི་སྐྱེ་བོ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བ་བསྟན་ཀྱང་གཞན་དག་ཏུ་བལྟམས་པ་དང་། མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་མ་ ཚང་བ་མེད་པ་ཉེ་བར་སྟོན་པ་མཛད་པ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །དེ་སྐད་དུ་ཡང་། སངས་རྒྱས་མྱ་ངན་ཡོང་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ནི་སྨིན་མཛད་ཕྱིར། །མྱ་ངན་འདའ་བར་སྟོན་པ་མཛད། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། ། གཞན་ཡང་རེ་ཞིག་སྲིད་པར་རྒྱུ་བའི་དམ་པ་གཞན་དག་སྙིང་བརྩེ་བས་དབུལ་བར་གྱུར་ཀྱང་ངོ་ཚ་ཤེས་པ་དང་བདེན་པའི་ནོར་ཡོངས་སུ་བསྐྱང་བར་བྱ་བའི་ཕྱིར་ནུས་པ་ཐམས་ཅད་ཟད་ཀྱང་ངེས་པ་ཁོ་ནར་དམ་བཅས་པའི་དོན་གྱི་སྒྲུབ་པ་རྫོགས་པར་བྱེད་པ་མཐོང་ན། སྐྱེ་བོ་དམ་པ་མཐའ་དག་གི་ གཙུག་གི་ནོར་བུ། སྲིད་པའི་འཇིག་པ་ལས་ཡང་དག་པར་བརྒལ་བ། ངོ་ཚ་ཤེས་པ་དང་བདེན་པ་དང་བརྩེ་བའི་བདག་ཉིད་དུ་མཛད་པའི་ཆོས་ཅན་ཡེ་ཤེས་ཀྱི་མཐུ་ཐོགས་པ་མེད་པའི་དེ་བཞིན་གཤེགས་པ་རྣམས་དེ་རྫོགས་པར་མི་མཛད་དོ་ཞེས་བྱ་བ་ལ་སེམས་དང་ལྡན་པ་སུ་ཞིག་དད་ པར་འགྱུར། །དེ་དག་གིས་དམ་བཅས་པ་ཡང་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཤིན་ཏུ་ངེས་པར་འགྲོལ་བ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་སྔོན་སྨོན་ལམ་བཏབ་པ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །རྒ་ ནད་འཆི་བའི་དབའ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །ཅེས་བྱ་བ་ཡིན་ནོ། །འགྲོ་བ་ཞེས་བྱ་བའི་སྒྲས་སེམས་ཅན་ཉུང་ཟད་གཅིག་གཟུང་བར་ཡང་རིགས་པ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་དམིགས་པའི་ཐུགས་རྗེ་ཆེན་པོར་མི་འགྱུར་བའི་ཕྱིར་རོ། ། དེ་བས་ན་ཇི་སྲིད་དུ་སེམས་ཅན་གཅིག་ཡོད་པ་དེ་སྲིད་དུ་ནི་ཐུགས་རྗེའི་དགོངས་པ་ཅན་རྣམས་མྱ་ངན་ལས་འདའ་བར་རིགས་པ་མ་ཡིན་ནོ། །མཐའ་ཡས་པ་ཡིན་པས་ན་སེམས་ཅན་ཐམས་ཅད་འཁོར་བ་ལས་ངེས་པར་འདོན་པ་མི་སྲིད་དོ། །དེ་ཉིད་ཀྱིས་ན་ཐུགས་རྗེའི་རང་བཞིན་ཅན་དེའི་དགོངས་པ་ དང་ལྡན་པ་རྣམས་ཀྱི་གནས་པ་ནི་མཐའ་ཡས་པ་ཉིད་ཡིན་ཏེ། གཞན་དུ་ན་དམ་བཅས་པ་དང་རྗེས་སུ་སྒྲུབ་པར་མི་འགྱུར་རོ། །ཐུགས་རྗེ་ཆེན་པོ་དང་རྗེས་སུ་མཐུན་པར་ཡང་མི་འགྱུར་ཏེ། འདི་ལྟར་ཐུགས་རྗེ་ཆེན་པོ་ནི་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡོངས་སུ་སྐྱོབ་ པར་བཞེད་པའི་རྣམ་པ་ཅན་ནོ། །དེས་ན་ལེགས་པར་བསྒོམས་པ་དེ་གནས་མ་ཡིན་པར་གློ་བུར་དུ་རྒྱུན་ཆད་པར་ག་ལ་འགྱུར། གལ་ཏེ་རྒྱུན་ཆད་པ་ནི་མ་ཡིན་ཏེ། འོན་ཀྱང་དུས་དེའི་ཚེ་བྱུང་བའི་སངས་རྒྱས་ཀྱི་གདུལ་བྱ་རབ་བཟང་གི་མཐར་ཐུག་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་བཏུལ་ཟིན་ལ། གཞན་གང་དག་དུས་གཞན་དག་ཏུ་རྒྱུད་ཡོངས་སུ་སྨིན་པར་འགྱུར་བ་དེའི་དོན་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་གཞན་རྣམས་ཁོ་ན་རིམ་གྱིས་འབྱུང་བར་འགྱུར་བ་དེས་ན་དེ་རྣམས་ལ་ཕན་པ་བསྒྲུབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་གཞན་འགའ་ཞིག་ལ་དབང་བསྐུར་ནས་ཡོངས་ སུ་མྱ་ངན་ལས་འདའ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་བར་དུ་གཞན་གྱི་དོན་དུ་བཞུགས་པའི་ཕྱིར་གནས་པ་དོན་མེད་པར་འགྱུར་རོ་ཞེ་ན་དེ་ནི་རིགས་པ་མ་ཡིན་ཏེ། སངས་རྒྱས་ཀྱི་གདུལ་བྱའི་སེམས་ཅན་མེད་པ་ཉིད་མ་གྲུབ་པའི་ཕྱིར་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བྱ་བ་གཞན་གྱི་གདུལ་བྱ་དག་སྲིད་པའི་ ཕྱིར་ཏེ། སྔར་ཇི་སྐད་དུ་བཤད་པ་བཞིན་ནོ། །བཞུགས་པ་དོན་མེད་པ་ཡང་མ་ཡིན་ཏེ། དེའི་དོན་མཛད་པའི་ཆེད་དུ་བཞུགས་པའི་ཕྱིར་རོ། །ཇི་ལྟར་ཤཱཀྱའི་རྒྱལ་པོ་ཉིད་རབ་བཟང་ལ་སྡོད་པས་དུས་ཅུང་ཟད་བཞུགས་པར་གྱུར་པ་བཞིན་ནོ། །དུས་དེ་ནི་ཤིན་ཏུ་ཐུང་བ་ཡིན་ནོ་ཞེས་བྱ་བ་ཡང་དག་ པ་མ་ཡིན་ཏེ། གང་གི་ཕྱིར་མངོན་པར་བཞེད་པའི་འབྲས་བུ་སྒྲུབ་པའི་ཐུགས་དང་ལྡན་པ་དེ་དག་དུས་ཡུན་རིང་བའམ་ཡུན་ཐུང་བ་བརྩི་བར་མི་མཛད་དོ། །དུས་གཞན་དུ་རྒྱུད་ཡོངས་སུ་སྨིན་པ་རྣམས་ལ་ནི་ནུས་པ་དང་ལྡན་པ་གཞན་དག་འབྱུང་བར་འགྱུར་རོ་ཞེས་བྱ་བ་ཡང་ལན་མ་ཡིན་ཏེ། གང་གི་ཕྱིར་ དེ་ལྟ་ན་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་ཡང་འབད་པ་མེད་པ་ཁོ་ནར་འགྱུར་ཏེ། འཇིག་རྟེན་གདོན་པའི་བསམ་པ་ཅན་མང་པོའི་བྱ་བ་མཐོང་བས་དེ་དག་གིས་བྱས་ཟིན་ན་འདིར་བདག་གིས་ཅི་ཞིག་བྱ་སྙམ་དུ་སེམས་པར་འགྱུར་བའི་ཕྱིར་རོ། །ཐུགས་རྗེ་ཆེན་པོ་དང་ལྡན་པས་དེ་ལྟར་བརྩི་བར་མི་མཛད་པར་ འཇུག་གོ་ཞེ་ན། མཆོག་ཏུ་གྱུར་པའི་གནས་སྐབས་སུ་ཅིའི་ཕྱིར་དེ་ལྟར་བརྩི་བ་མི་རྩོམ། གནས་སྐབས་དེར་བརྩི་བར་མི་མཛད་པ་ནི་རིགས་པ་ཡིན་ཏེ། འཇུག་པའི་རྒྱུ་ཐུགས་རྗེ་ཆེན་པོ་བདག་ཉིད་དུ་མཛད་པའི་ཕྱིར་རོ། །དེ་བས་ན། བསྐལ་པ་གྲངས་མེད་མང་པོར་ནི། །བསྒོམ་པ་ཡོངས་སུ་ རྫོགས་བྱུང་བའི། །གང་དག་བརྩེ་བ་ཆེན་པོ་ལ། །གཞན་གྱི་ངོར་ནི་བཞུགས་པ་ཡིན། །ཞེས་བཤད་དོ། །བཅོམ་ལྡན་འདས་ཡོན་ཏན་གྱི་རང་བཞིན་གྱི་སྐུ་ཅན་ཡང་ཤིན་ཏུ་རྒྱུན་ཆད་པའི་མཚན་ཉིད་ཅན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་ན། དེ་ནི་ད་ལྟ་བ་རྣམས་ཀྱི་སྐྱབས་ཀྱི་དོན་དུ་ཡང་མི་ འཐད་དེ། སྐྱབས་ཀྱི་དོན་ནི་སྐྱོབ་པའི་དོན་ཡིན་པར་བརྗོད་དོ། །གང་ཞིག་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བ་དེ་ནི་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ལ་སྐྱབས་སུ་འགྲོ་བ་ཡིན་ན། སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པའི་ཆོས་ཀྱི་བདག་ཉིད་ཅན་རྒྱལ་བ་རྣམས་མར་མེའི་ རྒྱུན་ལྟ་བུར་ཤིན་ཏུ་ཡང་སོ་སོར་ནུབ་པར་གྱུར་ན། དེ་རྣམས་སྐྱོབ་པའི་ནུས་པ་ག་ལ་ཡོད། ནུས་པ་ཡོད་ན་ནི་མྱ་ངན་ལས་མི་འདའ་བར་ཐལ་བར་འགྱུར་ཏེ། དངོས་པོ་རྣམས་ནི་ནུས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །འདས་པའི་དུས་ན་བཞུགས་པའི་ནུས་པ་ཉམས་པ་མ་ཡིན་ནོ་ཞེ་ན། མ་ཡིན་ ཏེ། འདས་པ་དེའི་ངོ་བོས་ཡོད་པ་ཡིན་ན་ནི་ད་ལྟར་བྱུང་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ཡང་དེ་ཉིད་མི་གནས་པའི་མྱ་ངན་ལས་འདས་པར་གྲུབ་པ་འམ། ནུས་པའི་དོན་འགགས་ན་ཡང་ནུས་པའི་དོན་གང་ཞིག་ཡོད་པར་འགྱུར། འོན་ཏེ་དེས་བསྟན་པའི་གསུང་རབ་རིན་པོ་ཆེ་ལ་སྐྱོབ་པའི་ནུས་པ་ད་དུང་ ཡང་ཡོད་པས་དེ་ཡང་ནུས་པ་ཡིན་པར་བརྗོད་དོ་ཞེས་འདོད་ན། གལ་ཏེ་དེ་ལྟ་ན་ནི་འོ་ན་སྐྱབས་དེ་གཙོ་བོར་མི་འགྱུར་ཏེ། རང་བཞིན་ཐ་དད་པའི་ཕྱིར་དེའི་འབྲས་བུའི་ནུས་པ་དེའི་ཡིན་པར་མི་འགྱུར་རོ། །དེའི་ནུས་པ་དང་ལྷན་ཅིག་ཏུ་ཉམས་པར་འདོད་པའི་ཕྱིར་དེ་ལ་གཙོ་བོ་ཡིན་པའི་སྐྱབས་ཀྱི་དོན་ཡོད་པ་ མ་ཡིན་ནོ། །རྒྱུ་མཚན་མེད་པར་དགྲར་གྱུར་པ་འདི་དག་རིགས་པ་དང་ལུང་གཞན་དང་ལྡན་པ་ཡིན་ཡང་ལུང་གི་དོན་དགོངས་པ་ཅན་ཡིན་པ་ལས་འདས་ནས། བཅོམ་ལྡན་འདས་མྱ་ངན་ལས་འདས་པར་སྒྲུབ་པའི་དོན་དུ་སྤྲོ་བ་དང་བཅས་པར་གནས་པ་ལུང་འཛིན་པ་རྣམས་ཀྱི་གནས་མ་ཡིན་པ་ལ་མངོན་པར་ཞེན་པ་ འདིར་ཡང་ཅི་ཞིག་ཡིན། བཅོམ་ལྡན་འདས་ལ་མྱ་ངན་ལས་འདས་པ་མི་མངའ་ན་སྐུ་གདུང་ཇི་ལྟར་སྣང་བར་འགྱུར་ཞེ་ན། སྐུ་གདུང་མི་འཐད་པ་ཡང་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་བདག་པོ་ཉིད་ལས་དེའི་སྐལ་བ་ཅན་རྣམས་ཀྱི་རབ་ཏུ་དང་བའི་སྐྱེ་མཆེད་ལ་སྐུ་གདུང་སྣང་བའི་ཕྱིར་རོ། །དེ་ཁོ་ནར་ནི་སྐུ་ གདུང་མི་འདོད་པ་ཁོ་ན་སྟེ། ཐུབ་པ་སྒྲིབ་པ་མི་མངའ་བའི་བློ་ཅན་རྣམས་ཀྱི་སྐུ་ནི་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་། འཁོར་བ་ཇི་སྲིད་དུ་བཞུགས་པའི་ཕྱིར་རོ། །དེ་སྐད་དུ། གསེར་འོད་དམ་པའི་མདོ་ལས། མཐོ་རིས་སུ་ནི་འཛེག་པའི་ཕྱིར། །ནམ་ཞིག་རི་བོང་རྭ་རྣམས་ལས། ། སྐས་ནི་ལེགས་པར་བྱས་གྱུར་ན། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །སྐུ་ལ་རུས་པ་ཁྲག་མེད་ན། །རིང་བསྲེལ་ཡོད་པར་ག་ལ་འགྱུར། །ཞེས་བྱ་བ་ལྟ་བུའོ། །དེ་ལྟ་ན་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡོད་པས་འགལ་བ་ཡང་མ་ ཡིན་ནོ། །རྒྱུ་མ་ཚང་བ་མེད་པ་ཡོད་ན་འབྲས་བུ་མི་འབྱུང་བ་མི་འཐད་པས་གནོད་པར་བྱེད་པ་ཡིན་པའི་ཕྱིར་བཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་ཡོད་པས་མ་ངེས་པ་ཡང་མ་ཡིན་ནོ། །གལ་ཏེ་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པའི་ཐུབ་པ་ཆེན་པོ་འཁོར་བ་ཇི་སྲིད་པར་གནས་ན། དེ་བཞིན་ གཤེགས་པ་དང་གཞན་འབྱུང་བ་དོན་མེད་པར་འགྱུར་རོ་ཞེས་བྱ་བའི་ཉེས་པ་ཡང་མེད་དེ། གང་གི་ཕྱིར་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པ་ཉིད་ཡིན་ཡང་རྒྱུ་མཚུངས་པར་སྤྱད་པའི་ཕྱིར་ན་སངས་རྒྱས་མང་པོས་གདུལ་བའི་སེམས་ཅན་རྣམས་ཀྱི་དོན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ རྣམས་ཅིག་ཅར་ཡང་འབྱུང་བར་འགྱུར་རོ། །ཕ་བོང་གིས་མནན་པའི་སྦལ་པ་གདོན་པའི་ཕྱིར་སོ་སོའི་སྐྱེ་བོའི་ས་ལ་གནས་པའི་བརྩེ་བ་ཅན་རྣམས་བཞིན་ནོ། །དེ་བཞིན་གཤེགས་པ་གཞན་བྱུང་བ་ན་དེ་བཞིན་གཤེགས་པའི་སྔ་མའི་ཡེ་ཤེས་ཀྱི་ནུས་པ་ཉམས་པ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ བྱ་སྟེ། གཅིག་ཏུ་འདུས་པས་ཀྱང་རང་བཞིན་དེས་འདུལ་བའི་སྐྱེ་བོ་ཡོད་ན་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ། །འདི་ལྟར་ཡེ་ཤེས་ཀྱི་ནུས་པ་ཐོགས་པ་མེད་པ་ཅན་ཅིག་ཡོད་ན་རྒྱུ་མཚུངས་པ་གཞན་དེ་ལྟར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བར་ནི་མི་རིགས་ཏེ། ཅིག་མཁས་པར་འགྱུར་ཞེས་ཏེ་དེ་དང་ རྒྱུ་མཚན་མཚུངས་པ་གཞན་མི་འགྱུར་བ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་གཅིག་གི་གདུལ་བྱ་མ་ཡིན་ན་ཐམས་ཅད་ཀྱི་གདུལ་བྱ་མ་ཡིན་ནོ། །ཞེས་འདོད་ན་དེ་ལྟར་མ་ཡིན་ཏེ། གང་གི་ཕྱིར་ཚོགས་མཚུངས་པའི་ཕྱིར་ན་བཅོམ་ལྡན་འདས་གཅིག་གིས་གདུལ་བྱར་མ་གྱུར་པ་ཉིད་ཀྱིས། དེ་བཞིན་ གཤེགས་པ་མང་པོ་རྣམས་ཀྱི་ཡང་སོ་སོའི་གཟུགས་རེ་རེས་གདུལ་བྱར་མ་གྱུར་པ་ཡིན་ཡང་སྤྲུལ་པ་མ་ཡིན་པའི་སངས་རྒྱས་མང་པོའི་གཟུགས་ཀྱི་གདུལ་བར་གྱུར་ཅིག་ཅེས་རྣམ་པ་དེ་ལྟ་བུའི་སྨོན་ལམ་ལ་སོགས་པའི་རྒྱུའི་འཕེན་པ་ལས་ཅིག་ཅར་བྱུང་བས་མང་པོ་རྣམས་ཀྱི་གདུལ་བྱར་འགྱུར་རོ། །དེ་ ཉིད་ཀྱི་ཕྱིར་ཉན་ཐོས་རྣམས་དང་མཚུངས་པར་བརྟག་པར་བྱ་བ་ཡང་མ་ཡིན་ཏེ། རང་གིས་ཡོངས་སུ་སྨིན་པར་བྱས་པའི་གདུལ་བྱའི་སེམས་ཅན་མེད་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་རང་བཞིན་དེ་ལྟ་བུ་འདུས་པས་འདུལ་བར་བྱ་བའི་སྐྱེ་བོ་མི་སྲིད་པའི་ཕྱིར་ན་གཅིག་ཏུ་མངོན་དུ་གནས་པ་མ་ཡིན་ནོ། ། དེ་ཉིད་ཀྱི་ཕྱིར་ན་འཇིག་རྟེན་གྱི་ཁམས་གཅིག་ཏུ་ཅིག་ཅར་དེ་བཞིན་གཤེགས་པ་མང་པོ་རྣམས་འབྱུང་བ་ཡང་མ་ཡིན་ནོ། །སྲིད་ན་ནི་སེར་སྣ་དང་ཕྲག་དོག་ལ་སོགས་པའི་དྲི་མ་དང་བྲལ་བ་རྣམས་འགལ་བ་མ་ཡིན་ནོ། །དེ་དག་གིས་ནི་སྨོན་ལམ་འདི་ལྟར་བཏབ་སྟེ། ཇི་ལྟ་ཇི་ལྟར་གདུལ་བྱ་ཡི། །དོན་ རྣམས་རྫོགས་པར་འབྱུང་གྱུར་པ། །དེ་ལྟ་དེ་ལྟར་སྣང་བ་ཡང་། །བདག་ལ་བརྟེན་དེ་འབྱུང་གྱུར་ཅིག །ཅེས་སོ། །ཤིན་ཏུ་སྤྲོས་པས་ཆོག་གོ། །རིགས་པས་འཐད་པའི་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་མི་གནས་ན། རྣམ་པ་ཐམས་ཅད་དུ་གནས་ པ་འཐད་པ་མ་ཡིན་ནོ་སྙམ་པའི་བསམ་པ་དང་ལྡན་པས། གལ་ཏེ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་རྗེས་སུ་བརྗོད་པ་སྔོན་དུ་འགྲོ་བས་བརྗོད་པ་ནི་དེས་ཇི་ལྟར་གནས་པར་བྱ་བ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་དེ་ལྟར་གནས་པར་མི་བྱ་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེས་ཇི་ལྟར་ཏེ་རྣམ་པ་ གང་གིས་གནས་པར་བྱ་ཞིང་རྟོགས་པར་བྱ། ཇི་ལྟར་བསླབ་པར་བྱ་སྟེ་བསྒྲུབས་པས་ཡོངས་སུ་རྫོགས་པར་བྱ། ཅི་ཞེས་བྱ་བའི་སྒྲ་ནི་སྤང་བ་བརྗོད་པ་ཉིད་ཡིན་པའི་ཕྱིར་རྣམ་པ་གང་གིས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ལན་གདབ་པའི་དོན་དུ་བརྗོད་པ་ནི། ཚེ་དང་ལྡན་པ་ ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པའི་གནས་པ་གང་ཡིན་པ་དེ་ལ་ཁྱོད་ཇི་སྙམ་དུ་སེམས་ཤིང་རྟོགས། གལ་ཏེ་ཤེས་ན་སྨྲོས་ཤིག་ཅེས་བརྗོད་པ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པའོ། །འོན་ཀྱང་ཁྱེད་ཉིད་ལ་ཀླན་ཀ་བཙལ་བར་བྱ་སྟེ་ ཞེས་ལེའུ་དང་པོར་བརྗོད་པ་གང་ཡིན་པ་དེ་འདིས་བསྒྲུབས་པ་ཡིན་ནོ་ཞེས་གཟུང་བར་བྱའོ། །གནས་པའི་སྒྲ་ཇི་ལྟ་བ་བཞིན་ཡིན་ན་སྐྱོན་དུ་འགྱུར་རོ་སྙམ་པའི་བསམ་པས་ལན་སྨྲས་པ་ནི་ཚེ་དང་ལྡན་པ་རབ་འབྱོར་ཅེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་ལ་སོགས་པར་ བཞུགས་པ་མ་ཡིན་ནམ། ཇི་ལྟར་ན་གང་དུ་ཡང་གནས་པ་མ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐུགས་ནི་མི་གནས་པ་སྟེ་ཞེས་བྱ་བ་ནི་གང་གི་ཕྱིར་བྱང་ཆུབ་མངོན་པར་ རྫོགས་པར་སངས་རྒྱས་ནས་ཆོས་རྣམས་དེ་ཁོ་ན་ཉིད་དུ་མ་གཟིགས་པས་འདི་ལ་གནས་པའི་ཐུགས་སེམས་ཉིད་མི་མངའ་བས་དེ་བཞིན་གཤེགས་པའི་ཐུགས་ནི་མི་གནས་པ་ཡིན་པ་དེའི་ཕྱིར་དམིགས་པའི་ཚུལ་གྱིས་ཅི་ལ་ཡང་གནས་པ་མ་ཡིན་ནོ་ཞེས་སྔ་མ་དང་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར་ དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདུས་བྱས་ཞེས་བྱ་བ་ནི་འདོད་པའི་ཁམས་ལ་སོགས་པར་རོ། །འདུས་མ་བྱས་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་སོགས་པར་རོ། །དེ་ལ་མི་གནས་པ་ནི་དེ་ཁོ་ན་ཉིད་དུ་དངོས་པོ་མ་དམིགས་པའི་ཕྱིར་རོ། །དེ་ལས་བཞེངས་པ་ཡང་མ་ཡིན་ ནོ་ཞེས་བྱ་བ་ནི་དེར་མི་གནས་པ་ཡང་ཡིན་ཏེ། ཡུལ་མེད་པ་ལ་དགག་པ་མེད་པའི་ཕྱིར་རོ། །ཀུན་རྫོབ་ཏུ་ནི་བཅོམ་ལྡན་འདས་བཞུགས་པའམ་མི་བཞུགས་པར་བཏགས་པ་ཡིན་ནོ་ཞེས་འདོད་དོ། །དེ་ལྟར་ན་ཁོ་བོ་ཅག་གིས་ཀྱང་དོན་དམ་པར་མངོན་པར་ཞེན་པ་བཀག་ནས་ཀུན་རྫོབ་ཏུ་ནི་ཇི་ ལྟར་ཁྱོད་ཀྱིས་བརྗོད་པ་ལྟར་དེ་ལ་གནས་པ་ཐམས་ཅད་བརྗོད་པར་བྱ་བ་ཡིན་པ་དེས་ན་རྣམ་པ་ཐམས་ཅད་དུ་གནས་པར་མི་འཐད་པ་མ་ཡིན་ནོ། །ཞེས་ལན་སྨྲས་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་བཤད་མ་ཐག་པའི་རིམ་པས་ཞེས་བྱ་བའི་ཐ་ཚིག་ གོ། །དེ་ཉིད་རྣམ་པར་དབྱེ་བའི་ཕྱིར་ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གནས་པ་མ་ཡིན་པ་ནི་སྐད་ཅིག་མའི་མི་རྟག་པའི་དངོས་པོ་མེད་པའི་ཕྱིར་རོ། །མི་གནས་པ་ཡང་མ་ཡིན་པ་ནི་ཡུལ་མེད་པ་ལ་དགག་པ་མེད་པའི་ཕྱིར་རོ། །མི་མཐུན་པར་གནས་པ་ནི་རྒྱུན་གྱི་མི་རྟག་པའི་དངོས་ པོ་མེད་པའི་ཕྱིར་མི་འདྲ་བར་གནས་པ་རྗེས་སུ་ཐོབ་པ་མ་ཡིན་པའོ། །མི་མཐུན་པར་མི་གནས་པ་མ་ཡིན་པ་ནི་དེ་བཞིན་དུ་དགག་བྱ་མེད་པའི་ཕྱིར་རོ། །འདིས་དེ་ལྟར་བསླབ་པར་བྱ་སྟེ་ཞེས་བྱ་བ་ནི་སྦྱོར་བའི་གནས་སྐབས་སུའོ། །དེ་བཞིན་དུ་གནས་པར་བྱའོ་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བ་ནི་ དངོས་གཞིའི་སྐབས་སུ་སྟེ། འདིས་དེ་ལྟར་བསླབ་པར་བྱའོ་ཞེས་སྔ་མ་དང་འབྲེལ་ཏོ། །མི་གནས་པའི་ཚུལ་གྱིས་ལེགས་པར་གནས་པར་བྱའོ་ཞེས་བྱ་བ་ནི་སྒྱུ་མའི་སྐྱེས་བུ་བཞིན་དུ་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཁྱད་པར་ཅན་གྱི་རྟོགས་པ་ཐོབ་པར་ལེགས་པར་གནས་པ་ཡིན་པ་སྟེ་ འདིས་དེ་ལྟར་བསླབ་པར་བྱའོ་ཞེས་དེ་འདིར་ཡང་འབྲེལ་པ་ནི་མཇུག་གི་གནས་སྐབས་སུ་ཡིན་ནོ། །དེ་ལྟར་རྟོགས་པ་རྒྱ་ཆེར་བསྟན་ནས་མཇུག་བསྡུ་བ་བརྗོད་པ་ནི་འདི་ལ་ཞེས་བྱ་བ་ལ་སོགས་པའོ། །དེས་ཅིར་འགྱུར་ཞེ་ན། དེ་ལྟར་སློབ་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལྟར་བསྒོམས་ པས་རྟོགས་པའི་ཆོས་ཀྱི་མཆོག་གི་བདག་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པས་གནས་པ་ཡིན་ལ། དེ་ཉིད་ཀྱིས་ན་ཡིད་ལ་བྱེད་པ་འདི་དང་མི་འབྲལ་བར་འགྱུར་བའོ། །ཡིན་ནོ་ཞེས་བྱ་བ་ནི་རབ་ཏུ་བྱེད་པ་རྫོགས་པའི་དོན་ཏོ། །ངག་གི་དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་ དེ་བཞིན་གཤེགས་པས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་ཁོ་ན་ཉིད་དུ་ན་ཆོས་གང་ཡང་མ་དམིགས་པ་དེའི་ཕྱིར་དངོས་པོ་འདི་དག་སྒྱུ་མའི་རང་བཞིན་ཁོ་ན་སྣང་བ་ཡིན་ནོ་ཞེས་ཚད་མར་གྱུར་པའི་སྐྱེས་བུས་མ་གཟིགས་པའི་གཏན་ཚིགས་ཀྱིས་འཐད་པའི་མི་དམིགས་པ་བསྒོམས་ པས་རྒྱས་པ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ཞུགས་པ་ལ་སོགས་པ་བཅུ་ལ་མངོན་པར་ཞེན་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་དེ་ལྟར་བསྒོམ་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་སྐད་དུ་ཡང་། ས་བཅུ་དག་ལས་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་ མཆོག་ཏུ་འགྱུར་བཤད་དེ། །ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་གསུངས་པ་ཡིན་ནོ། །ཉན་ཐོས་ཀྱི་ལམ་གྱི་འོག་ཏུ་རང་སངས་རྒྱས་ཀྱི་ལམ་བརྗོད་པར་རིགས་པ་ཡིན་ན་ཡང་། གང་གིས་དེ་དག་གི་ལམ་གཞན་དུ་འགྱུར་བ་ཉན་ཐོས་རྣམས་ ལས་དེ་དག་ཅི་ལྟར་ཁྱད་པར་དུ་འཕགས་སྙམ་པའི་དོགས་པ་བསུ་ནས། རེ་ཞིག་ཁྱད་པར་དུ་འཕགས་པར་སྒྲུབ་པའི་དོན་དུ་བརྗོད་པ་ནི། དེ་ནས་འཁོར་དེའི་ནང་ནས་ཞེས་བྱ་བ་ལ་སོགས་པའོ། །གང་ཡིན་པ་དེ་དག་ཅེས་བྱ་བ་ནི་ཚིག་ཕྲད་བསྡུས་པ་ཉིད་ཀྱིས་ན་སྔོན་ཐོས་པ་གང་ཡང་རུང་ བ་ཞེས་བྱ་བའི་ཐ་ཚིག་གོ། །གནོད་སྦྱིན་གྱི་སྒྲ་ཞེས་བྱ་བ་ནི་གནོད་སྦྱིན་དེ་རྣམས་ཀྱི་རང་གི་བརྡར་གྲགས་པའི་སྒྲའོ། །ཚིག་ནི་སྒྲ་བསྡུས་པའོ། །གཏམ་དུ་བྱས་པ་ནི་ཇི་ཙམ་གྱིས་བརྗོད་པར་འདོད་པའི་དོན་ཡོངས་སུ་རྫོགས་པ་སྟེ། ངག་ཆེན་པོ་ཞེས་བྱ་བའི་ ཐ་ཚིག་གོ། །རབ་ཏུ་བརྗོད་པ་ནི་གཏམ་གྱི་སྒོ་དེ་དང་དེ་ནས་དྲིས་པ་དང་ལན་གྱི་ཚིག་ཏུ་སྨྲ་བའོ། །དེ་དག་སྨྲ་བ་ནི་ཤེས་པར་རུང་གི་ཞེས་བྱ་བ་ནི་བརྡའི་དབང་གིས་བརྗོད་པ་ན་དེ་དག་དོན་དང་བཅས་པར་རྟོགས་པའོ། །གནས་བརྟན་ཚེ་དང་ལྡན་པ་རབ་འབྱོར་གང་ཅི་སྨྲ་ཞིང་བརྗོད་པ་དང་ཞེས་བྱ་བ་ ལ་སོགས་པ་ལ། ལུང་ལས་ཉན་ཐོས་རྣམས་ནི་གཞན་གྱིས་བསྟན་པ་ལ་ལྟོས་ནས་རང་གི་བྱང་ཆུབ་རྟོགས་པ་དེ་ཞེས་བྱ་བ་ཡིན་ལ། རང་སངས་རྒྱས་ནི་སྔོན་ཐོས་པ་ལ་སོགས་པ་མངོན་པར་འདུས་བྱས་པས་གཞན་གྱིས་བསྟན་པ་ལ་མི་ལྟོས་པར་རང་གི་བྱང་ཆུབ་མངོན་པར་རྟོགས་པར་འགྱུར་ ཏེ། དེའི་ཕྱིར་དེ་དག་ལ་སངས་རྒྱས་ལ་སོགས་པས་བསྟན་མི་དགོས་སོ་ཞེས་བྱ་བ་ནི་ཁྱད་ཞུགས་པ་ཉིད་ཅིག་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པའི་རྒྱུ་དེས་ན་རང་སངས་རྒྱས་ཀྱི་དབང་དུ་བྱས་ནས་བཤད་པ་ལ་སོགས་པ་གང་ཡིན་པ་དེ་ནི་དོན་དང་བཅས་པར་མི་ཤེས་སོ་ཞེས་བྱ་བ་ནི་ངག་གི་དོན་ ཡིན་ནོ། །འཆད་ཅིང་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཡང་ན་གསོལ་བ་བཏབ་ནས་སྟོན་པ་ནི་འཆད་པའོ། །དྲིས་ནས་ལན་དུ་སྨྲ་བ་ནི་རབ་ཏུ་བརྗོད་པའོ། །དེ་གཉི་ག་གདུལ་བྱ་རྨོངས་པ་རྣམས་ཀྱི་དབང་དུ་བྱས་ནས་འཆད་པ་ནི་སྟོན་པའོ། །བག་མེད་པ་རྣམས་ཀྱི་དབང་དུ་ བྱས་ནས་སོང་སྟེ་ཆེད་དུ་བརྗོད་པ་ནི་ཉེ་བར་སྟོན་པའོ། །ལྷའི་བུ་རྣམས་ནི་རྟོག་པ་འདི་ནི་དེ་བཞིན་གཤེགས་པའི་མཐུ་ལས་གྱུར་པ་ཡིན་པར་ཤེས་པར་བྱ་སྟེ། གཞན་དུ་ན་རང་སངས་རྒྱས་ལས་བརྩམས་ཏེ། འཕགས་པ་རབ་འབྱོར་ཅི་ཡང་མི་སྨྲ་ན་དེ་རྣམས་རྟོག་པ་སྐྱེ་བར་ཇི་ལྟར་འགྱུར། ཚུལ་བཞིན་དུ་རྟོགས་པ་ཡིན་ནོ་ཞེས་རྗེས་སུ་གནང་བའི་དོན་དུ་ལྷའི་བུ་དག་ཤེས་པར་མི་རུང་ངོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཤེས་པར་མི་རུང་ངོ་ཞེས་གང་སྨྲས་པ་ནི་ལེགས་པར་སྨྲས་སོ་ཞེས་བྱ་བ་ནི་ལྷག་མའོ། །ལན་གཉིས་སྨོས་པ་ནི། ངོ་མཚར་དང་ནི་རྩོད་པ་དང་། །ཁྲོ་དང་ཞུམ་དང་ངེས་གཟུང་ དང་། །དད་དང་དགའ་བ་དག་ལ་ནི། །ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་བརྗོད་པས་ཅི་རིགས་པར་ངོ་མཚར་དང་ངེས་པར་གཟུང་བ་ལ་སོགས་པ་ཡིན་པར་གཟུང་ངོ་། །ཇི་ལྟར་ན་ལེགས་པར་སྨྲས་པ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཉན་པ་ པོ་འབྱང་བ་མེད་པའི་ངག་སྨྲ་ན་ཇི་ལྟར་སྨྱོན་པ་མ་ཡིན། ཞེས་བྱ་བའི་ཚུལ་གྱིས་ནི། རང་རྟོགས་པའི་ཆོས་རྣམས་ཀྱི་དོན་དུ་བརྗོད་པ་ལ་སོགས་པ་ཅུང་ཟད་ཀྱང་འདིར་ཐོས་པ་མེད་དོ། །དེ་བས་ན་དེ་དག་གི་དོན་དུ་བཤད་པ་ལ་སོགས་པ་གང་ཡིན་པ་དེ་ནི་དོན་དང་བཅས་པར་མ་ཤེས་སོ་ཞེས་བྱ་བ་དེ་ལེགས་པར་བརྗོད་ པ་ཡིན་ནོ། །ཉན་ཐོས་རྣམས་ནི་ཚིག་ཏུ་སྨྲ་བ་དང་བཅས་པའི་ཆོས་སྟོན་པས་གཞན་དག་དགེ་བ་ལ་འཇུག་པར་བྱེད་པ་ཡིན་པས་ཉན་པ་པོ་རྣམས་ཀྱིས་སྒྲས་བརྗོད་པའི་སྒོ་ནས་འཆད་པ་པོའི་རྩལ་རྟོགས་པར་བྱེད་པ་ཡིན་ན་རང་སངས་རྒྱས་རྣམས་ནི་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་གཟུང་བའི་རྣམ་པར་རྟོག་ པ་སྤངས་པས་རང་གིས་འཐོབ་པའི་ཡེ་ཤེས་ལ་སོགས་པའི་མཐུས་སྒྲར་བརྗོད་པ་མེད་པར་ཆོས་སྟོན་པས་གཞན་དག་དགེ་བ་བཅུ་ལ་སོགས་པ་ལ་འཇུག་པར་བྱེད་དོ། །དེའི་ཕྱིར་དེ་དག་གི་ཡེ་ཤེས་གཞན་གྱིས་མི་རྟོགས་པ་ཉིད་ཀྱིས་ཟབ་པས་ཁྱད་ཞུགས་པ་གཉིས་པ་ཡིན་ནོ། །དེ་ལྟར་བྱས་པས་ འདི་ལ་དེའི་ཡེ་ཤེས་ཀྱི་རང་བཞིན་བསྟན་པར་བྱ་བའི་ཕྱིར་ཚིག་གི་བདག་ཉིད་ཅན་འབྲས་བུའི་རྟགས་བཤད་པ་ལ་སོགས་པ་ཡང་འདིར་ཅུང་ཟད་ཀྱང་སྨོས་པ་སྟེ། དེ་མིན་རང་བཞིན་ལས་ལྡོག་པའི། །དངོས་པོ་ཙམ་ཞིག་རབ་བསྒྲུབ་ཕྱིར། །བཤད་པ་མེད་དོ། །གང་གི་ཕྱིར་དེ་ལྟ་ཡིན་པའི་ གཏན་ཚིགས་དེའི་ཕྱིར་ན་ཡང་ཤེས་པར་མི་ནུས་སོ་ཞེས་བྱ་བ་ལེགས་པར་སྨྲས་པ་ཡིན་ནོ། །རང་སངས་རྒྱས་རང་བྱུང་རྣམས་ནི་བདག་ཉིད་རྟོགས་པའི་ཕྱིར་གཞན་གྱིས་བསྟན་པ་དོན་མེད་དོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་གྱི་རྣམ་པར་རྟོག་པའི་ལན་བཏབ་པའི་སྒོ་ནས་འཕགས་པ་རབ་འབྱོར་འདིས་ སྤོང་བ་ཉིད་དོ་སྙམ་དུ་ཁོ་བོ་ཅག་སེམས་པ་ཡིན་ན། འདི་ལྟར་དེ་མ་བསལ་བར་གཞན་ཡེ་ཤེས་ཟབ་པ་ཉིད་རྗོད་པར་བྱེད་དོ་སྙམ་དུ་ལྷའི་བུ་རྣམས་བརྗོད་པ་ནི་ཀྱེ་མ་འཕགས་པ་རབ་འབྱོར་འདིས་གསལ་བར་བྱེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །ཨེ་མའི་སྒྲ་ནི་ངེས་པར་གཟུང་བ་ལའོ། ། གང་ཟག་ལ་བདག་མེད་པར་རྟོགས་པ་ལས་བྱུང་བ་ཉིད་ཀྱིས་ན་མུ་སྟེགས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཉན་ཐོས་ཀྱི་ཤེས་རབ་ནི་རིང་བ་ཞེས་བྱའོ། །དེ་ལས་ཆེས་རིང་དུ་ཞེས་བྱ་བ་ནི་དབང་པོ་རྟུལ་པོ་ཉིད་ཡིན་པས་ན་ཉན་ཐོས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རང་ སངས་རྒྱས་ཀྱི་ཡེ་ཤེས་སོ། །ཕྲ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་འབྲས་བུ་ཉིད་ཀྱིས་ན་ཉན་ཐོས་ཀྱི་ཤེས་པའོ། །དེ་ལས་ཀྱང་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་གཟུང་བའི་རྣམ་པར་རྟོག་པ་སྤངས་པས་རང་སངས་རྒྱས་ཀྱི་ཡེ་ཤེས་ནི་ཆེས་ཕྲ་བའོ། །གཞན་གྱིས་བསྟན་པའི་རྣམ་ པ་བཅུ་དྲུག་གིས་རབ་ཏུ་ཕྱེ་བ་ཉིད་ཀྱིས་ན་ཉན་ཐོས་ཀྱི་ཤེས་པ་ནི་ཟབ་པའོ། །དེ་བས་ཀྱང་ཆེས་ཟབ་པ་ནི་རང་གིས་རྟོགས་པའི་རྐྱེན་ཉིད་འདི་པ་ཙམ་གྱིས་རབ་ཏུ་ཕྱེ་བ་འདི་པ་རང་སངས་རྒྱས་ཀྱི་ཡེ་ཤེས་སོ། །མདོ་སྡེ་གཞན་དག་ལས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉིད་རང་གིས་མངོན་པར་རྟོགས་པ་ དང་། རྐྱེན་ཉིད་འདི་པ་ཟབ་མོ་ཁོང་དུ་ཆུད་པས་རང་སངས་རྒྱས་ཀྱི་ཡེ་ཤེས་འགྲུབ་པར་བྱེད་པ་ཡིན་ནོ་ཞེས་གསུངས་སོ། །ཕྱོགས་དེ་ལ་གནས་པའི་ཕྱིར་འཇུག་པ་ཡིན་ནོ། །དེ་ཉིད་བརྗོད་པ་ནི་སྟོན་ཅིང་འཆད་དོ་སྙམ་མོ་ཞེས་བྱ་བའོ། །དེ་སྐད་དུ་ཡང་། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། ། གཞན་གྱིས་བསྟན་ཡང་མི་དགོས་ལ། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་བྱ་བ་གསུངས་སོ། །འབྲས་བུའི་རྟགས་ཚིག་མེད་པས་གང་གིས་ཡེ་ཤེས་ཟབ་མོ་འགྲུབ་པར་འགྱུར་བ། ཆོས་སྟོན་པར་འགྱུར་བ་ཡང་ཡིན་ལ་མི་སྨྲ་བ་ཡང་ཡིན་པར་ཇི་ལྟར་འགྱུར་ ཞེས་ཀྱང་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་རྣམ་པར་མ་བརྟགས་རྣམ་པར་མ་དཔྱད་པར་ཚིག་ཏུ་མི་སྨྲ་བས་བརྗོད་པ་ནི་རྣམ་པར་གཡེང་བ་ཡིན་ནོ། །དེ་བས་ན་ཆོས་སྟོན་པ་སྨྲ་བ་ཡང་གཡེང་བ་སྒྲུབ་པར་བྱེད་པ་ཡིན་ལ། རྣམ་པར་གཡེང་བས་ཀྱང་རྒྱུད་ཤས་ཆེར་འཁྲུག་པར་བྱེད་དོ་སྙམ་དུ་ དགོངས་པས། སངས་རྒྱས་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་འདི་ལྟར་བདག་གིས་སངས་རྒྱས་ཉིད་ཐོབ་ནས་ཡིད་བཞིན་གྱི་ནོར་བུ་ལྟར་ཚིག་ཏུ་སྨྲ་བ་མེད་པར་ཡང་སེམས་ཅན་གྱི་དོན་བྱེད་པར་ནུས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ཡིན་ལ། སངས་རྒྱས་དང་ མཚུངས་པར་ཡང་རང་སངས་རྒྱས་རྣམས་ཀྱིས་ཀྱང་དེ་ལྟར་བཏབ་པ་ཡིན་ནོ། །དེས་ན་དེ་རྣམས་ཀྱང་རང་གི་བྱང་ཆུབ་རྟོགས་པའི་གནས་སྐབས་ན་སྔོན་གྱི་སྨོན་ལམ་ལ་སོགས་པའི་མཐུས་དོན་གང་ལ་རྣམ་པ་གང་ལྟར་གང་གིས་ཉན་པར་འདོད་པ་དེའི་རྣམ་པར་ཤེས་པ་ལ་རྣམ་པ་དེ་ཉིད་ཀྱིས་སྒྲ་ མེད་པར་ཡང་དོན་དེ་སྣང་བར་འགྱུར་བས་སྒྲ་མེད་པར་ཆོས་སྟོན་པ་ཞེས་བྱའོ། །མདོ་སྡེ་གཞན་དག་ལས་ཀྱང་རང་སངས་རྒྱས་རྣམས་ལུས་ཀྱིས་ཆོས་སྟོན་པ་དང་། དེ་བཞིན་དུ་བརྒྱ་བྱིན་ལ་ཡང་ཡིད་ཀྱིས་ཚིགས་སུ་བཅད་པས་ལན་བཏབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ ནོ། །དེ་སྐད་དུ་ཡང་། གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དང་དེ་ལ་སྒྲ་མེད་ཀྱང་། །དོན་དེ་དེ་ལྟ་དེ་ལྟར་སྣང་། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟར་ཁྱད་པར་བསྟན་ནས་གཞན་དུ་ན་རྒྱུ་ཁྱད་པར་ཅན་མ་ཡིན་ན་འབྲས་བུ་ཁྱད་པར་ཅན་མི་འཐད་ པས་ན། ཁྱད་པར་དུ་འཕགས་པ་རྣམས་ཀྱི་ལམ་ནི་ཁྱད་པར་དུ་འཕགས་པ་ཁོ་ན་ཡིན་ནོ་ཞེས་རང་སངས་རྒྱས་ཀྱི་ལམ་རྣལ་མ་ཉིད་བརྗོད་པ་ལ་ནི། ལྷའི་བུ་དག་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་ལྷའི་བུ་ཁྱེད་ཉིད་ཀྱིས་རིང་བ་ལས་ཀྱང་ཆེས་རིང་དུ་འཇུག་གོ་ཞེས་བྱ་ བ་ལ་སོགས་པ་སྨྲས་པའི་གཏན་ཚིགས་དེ་ཉིད་ཀྱི་ཕྱིར་གཞན་པ་འདི་དག་ཀྱང་ཤེས་པར་གྱིས་ཤིག་ཅེས་བྱ་བ་ནི་ལྷག་མ་སྟེ། དེ་ལྟར་ན་ཁོ་བོ་ཤིན་ཏུ་རིང་བས་ཀྱང་རིང་བ་ལ་སོགས་པར་འཇུག་པར་འགྱུར་རོ་ཞེས་བྱ་བར་འདོད་པ་ཡིན་ནོ། །ཐོབ་པར་འདོད་པ་ནི་མངོན་སུམ་དུ་བྱེད་པར་འདོད་ པའོ། །གནས་པར་འདོད་པ་ནི་མི་གཡེང་བར་གྱུར་པར་འདོད་པའོ། །དེས་བཟོད་པ་འདི་ལ་མ་བརྟེན་པར་ཞེས་བྱ་བ་ནི་གང་ཟག་དེས་ཆོས་ལ་ངེས་པར་རྟོགས་པའི་བཟོད་པའི་ཡུལ་ཅན་ལམ་ཤེས་པ་འདི་ལ་མ་བརྟེན་པར་སྲིད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྟོགས་པ་མི་འཐད་པའི་ཕྱིར་ རོ། །འདིས་ཀྱང་ལམ་ཤེས་པ་ཉིད་ལམ་ཐམས་ཅད་ཀྱི་ཡུལ་ཅན་དུ་བརྗོད་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ལམ་གྱི་སྐབས་ཡིན་པ་ལས་ཁྱད་པར་སྟོན་པ་ནི་འདི་སྐད་ཅེས་རང་སངས་རྒྱས་རྣམས་ཀྱི་ཁྱད་པར་དུ་འཕགས་པའི་ལམ་གང་ཡིན་པ་དེ་ནི་གཟུང་བའི་རྣམ་པར་རྟོག་པ་ཉིད་ སྤངས་པས་དེའི་རང་བཞིན་ཅན་ལམ་ཤེས་པ་ཡིན་པར་ནི་མ་ཟད་ཀྱི་འོན་ཀྱང་ཉན་ཐོས་ལ་སོགས་པའི་ལམ་གྱི་རང་བཞིན་ཡང་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་བཞིན་དུ་སྦྱར་རོ་ཞེས་བྱ་བ་ནི། དེས་བཟོད་པ་འདི་ལ་མ་བརྟེན་པར་མི་འགྲུབ་པོ་ཞེས་བྱ་བའི་ཚིག་ལན་ ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འདོད་པ་ལ་སོགས་པའི་ཚིག་གསུམ་ལ་བསྒྲེ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུང་བའི་རྣམ་པར་རྟོག་པ་ཁོ་ན་སྤངས་པ་ཞེས་བརྗོད་པས་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པར་བསྟན་པ་ཡིན་ལ་དེ་ཡང་། གཟུང་བ་མེད་ན་དེར་འཛིན་མེད། ། ཅེས་བྱ་བའི་ཚུལ་གྱིས་རིགས་པ་མ་ཡིན་ནོ་སྙམ་དུ་རྟོགས་པ་ལ། གནས་བརྟན་རབ་འབྱོར་འདི་ལ་ཆོས་ཉན་པ་ཇི་ལྟ་བུ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཇི་ལྟ་བུ་ཞེས་པའི་སྒྲ་ནི་རྣམ་པར་རྟོག་པ་སྟེ། ཇི་ལྟ་བུའི་འཛིན་པའི་རྣམ་པར་རྟོག་པ་དང་ལྡན་པ་ཞིག་རང་སངས་ རྒྱས་ཀྱི་ཐེག་པའི་ཆོས་ཀྱི་སྣོད་དུ་གྱུར་པའི་ཆོས་ཉན་པ་པོ་ཡིན་ཏེ། རང་བཞིན་ཇི་ལྟ་བུ་ཞིག་རང་སངས་རྒྱས་སུ་གཟུང་བར་བྱ་ཞེས་བྱ་བའི་དོན་ཏོ། །ལན་གདབ་པའི་ཕྱིར་ལྷའི་བུ་དག་ཁོ་བོ་ལ་ཆོས་ཉན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །བསམ་པ་ནི་འདི་ཡིན་ཏེ། རང་གི་ མཚན་ཉིད་ཀྱི་དངོས་པོ་ཡོད་ན་དེ་འཛིན་པར་བྱེད་པ་རྣམ་པར་རྟོག་པ་མེད་པའི་ཤེས་པ་རང་གི་མཚན་ཉིད་སྐྱེ་ཞིང་དེ་མེད་པར་མ་ཡིན་པ་ཞེས་བྱ་བ་གང་ཡིན་པ་འདི་ནི་དངོས་པོའི་ཆོས་ཉིད་ཡིན་ན། ཐོག་མ་མེད་པའི་དུས་ཅན་གྱི་གཟུགས་ལ་སོགས་པ་འཛིན་པར་བྱེད་པའི་རྣམ་པར་རྟོག་པའི་ ཤེས་པ་འགགས་བཞིན་པས་འཕངས་པའི་རང་གི་རྒྱུད་ཀྱི་བག་ཆགས་སད་པ་ལས་སྐྱེ་བའི་ཕྱིར། འཛིན་པའི་རྣམ་པར་རྟོག་པ་ལ་ནི་གཟུང་བའི་རྣམ་པར་རྟོག་པ་ཡོད་པ་ཁོ་ན་ལ་སྐྱེ་བ་ཡིན་ནོ་ཞེས་བྱ་བའི་ངེས་པ་འདི་ཡོད་པ་མ་ཡིན་ནོ། །དེ་བས་ན་སྒྱུ་མའི་རང་བཞིན་དང་སྤྲུལ་པའི་དངོས་ པོ་དང་མཚུངས་པ་ཉིད་དུ་གྱུར་པ་དེ་དག་ནི་ཕྱིན་ཅི་ལོག་ཏུ་སྣང་བའི་རང་བཞིན། འཛིན་པའི་རྣམ་པར་རྟོག་པ་དང་འབྲེལ་བ་ཡིན་པའི་ཕྱིར་རང་སངས་རྒྱས་འཛིན་པར་བྱེད་པ་ཉིད་དུ་འདོད་པར་བྱ་བ་ཡིན་ནོ། །འདི་ལྟ་བུའི་རྣམ་པར་རྟོག་པས་བཟུང་བའི་ཡུལ་འཛིན་པ་ཡིན་བཞིན་དུ་ཡང་ཇི་ ལྟར་བརྫུན་པ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བས་བསུ་ནས། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རང་སངས་རྒྱས་དེ་དག་ནི་མཉམ་པར་མ་བཞག་པ་དང་མཉམ་པར་གཞག་པའི་གནས་སྐབས་སུ་གོ་རིམས་བཞིན་དུ་ཉམས་པར་མི་འགྱུར་མངོན་དུ་བྱེད་པར་ མི་འགྱུར་རོ། །རྣ་འཛིན་པའི་རྣམ་པར་རྟོག་པའི་རྣམ་པས་ཞེས་བྱ་བ་ནི་ལྷག་མ་སྟེ། རྣམ་རྟོག་དངོས་མི་སྣང་ཕྱིར་དང་། །ཉེ་བར་བསླད་པས་སླུ་བའི་ཕྱིར། །ཞེས་བསམས་པའོ། །ཚུལ་འདིས་ནི་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་སུ་ཟིན་ཀྱང་རང་སངས་རྒྱས་རྣམས་ཀྱི་ལམ་གྱི་ངོ་བོ་ཡིན་ པར་བཤད་དོ། །སྒྱུ་མ་དང་སྤྲུལ་པ་ལྟ་བུ་ཞེས་བྱ་བས་རྣམ་པ་འགའ་ཞིག་གིས་འདྲ་བ་ཙམ་དུ་བརྗོད་པའི་ཕྱིར་ན་སེམས་ཅན་རྣམས་སྒྱུ་མའི་རང་བཞིན་ཉིད་ཡིན་པ་བསལ་བ་ཡིན་ནོ་ཞེས་ཞར་ལ་བྱུང་བའི་རྣམ་པར་རྟོག་པའི་དོན་སྨྲས་པ་ནི། འཕགས་པ་རབ་འབྱོར་ཡང་ཅི་ཞེས་བྱ་བ་ལ་ སོགས་པའོ། །ཅི་སེམས་ཅན་དེ་དག་སྒྱུ་མ་ལྟ་བུ་ཡིན་གྱི། དེ་དག་ཕྱིན་ཅི་ལོག་གི་རང་བཞིན་སྒྱུ་མ་མ་ཡིན་ནམ། དེ་བས་ན་སེམས་ཅན་ཡང་དག་པར་ཡོད་པར་བཤད་པས་ལེགས་པར་བསྟན་པ་མ་ཡིན་ནོ་སྙམ་པ་ལ། ལྷའི་བུ་དག་སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུ་ཞེས་བྱ་བ་ ལ་སོགས་པས་ལན་བརྗོད་དོ། །འདི་སྙམ་དུ་སྒྱུ་མ་ནི་གླང་པོ་ཆེ་ལ་སོགས་པའི་གཟུགས་ཇི་ལྟ་བ་བཞིན་འཇིམ་པའི་དུམ་བུ་ལ་སོགས་པ་ལས་ཐ་དད་པར་མ་དམིགས་པ་ཡིན་པའི་ཕྱིར་གཞན་མ་ཡིན་ནོ། །གཞན་མ་ཡིན་པ་ཡང་མ་ཡིན་ཏེ། སྔགས་ལ་སོགས་པས་མ་བསླད་པའི་ མིག་ཅན་རྣམས་ཀྱིས་འཇིམ་པའི་དུམ་བུ་ལ་སོགས་པ་རྣམས་དེ་ལྟ་བུར་མ་དམིགས་པའི་ཕྱིར་རོ། །དེས་ན་དེ་ཉིད་དང་གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་དངོས་པོའི་ཆོས་ལས་འདས་པའི་ཕྱིར་གང་ཟག་ལ་སོགས་པ་དང་འདྲ་བར་ཡང་དག་པར་ཡོད་དོ་ཞེས་སྨྲ་བར་ནུས་པ་མ་ཡིན་ ནོ། །བྱིས་པའི་བར་ལ་མངོན་སུམ་དུ་གྲུབ་པས་ཉམས་སུ་མྱོང་བའི་ཡུལ་དུ་གྱུར་པའི་ཕྱིར་རྣམ་པར་རྟོག་པ་ལ་སོགས་པ་དང་འདྲ་བར་ཀུན་རྫོབ་ཏུ་མེད་དོ་ཞེས་བྱ་བར་ངེས་པར་བྱ་བར་ནུས་པ་ཡང་མ་ཡིན་ནོ། །དེ་བས་ན་གང་དང་གང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་དེ་ནི་དོན་དམ་པར་ཡོད་པ་དང་མེད་ པའི་ཐ་སྙད་ལས་འདས་པའི་རང་བཞིན་ཡིན་ཏེ། དཔེར་ན་སྒྱུ་མ་ལྟ་བུའོ། །སེམས་ཅན་ལ་སོགས་པའི་དངོས་པོ་འདི་དག་ཀྱང་དེ་ལྟ་བུ་ཉིད་ཡིན་ནོ་ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་ཀྱིས་རབ་ཏུ་གྲགས་པའི་དོན་འགའ་ཞིག་ལ་བརྟེན་ནས། མ་གྲགས་པའི་ དོན་ལ་བསྒྲུབ་པར་བྱ་བ་ཡིན་པས་སྒྱུ་མའི་དཔེ་དང་འདྲ་བར་བྱས་སོ། །རིགས་པ་ནི་སེམས་ཅན་དེ་དག་ཀྱང་སྒྱུ་མའི་རང་བཞིན་ཅན་ཁོ་ན་ཡིན་ཏེ། དེ་བས་ན་ཡང་དག་པར་ན་སེམས་ཡོད་པར་བཤད་པ་ཅི་ཡང་མེད་དོ། །སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་བྱ་བའི་ཚིག་གཉིས་ནི་སད་པ་ དང་མ་སད་པའི་གནས་སྐབས་ཀྱི་ཡུལ་གྱི་དབྱེ་བས་གསུངས་པ་ཡིན་ནོ། །གཉིས་སུ་མེད་དེ་ཞེས་བྱ་བ་ནི་ངོ་བོ་ཉིད་གཅིག་པའོ། །དེ་ཉིད་ཅི་ལྟར་ཡིན་ཞེ་ན། གཉིས་སུ་བྱར་མེད་དོ་ཞེས་བྱ་བ་གསུངས་ཏེ། གཉིས་སུ་བྱ་བ་དུ་མ་ཉིད་གང་ལ་ཡོད་པ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དེ། ཐམས་ཅད་ཉེ་བར་བསྡུས་པས་ཁྱབ་པ་འཇུག་པའི་ཕྱིར་རོ། །ཞེས་འདོད་དོ། །དེའི་ངག་གི་དོན་འདི་ཡིན་ཏེ། གང་གི་ཕྱིར་བརྫུན་པའི་ངོ་བོ་ཉིད་ཡིན་པས་སེམས་ཅན་དེ་དག་སྒྱུ་མ་ལྟ་བུ་ཡིན་པ་དེས་ན་སྒྱུ་མ་དང་སེམས་ཅན་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དེ་བཞིན་དུ་གང་གི་ ཕྱིར་རྨི་ལམ་ལྟ་བུ་ཡིན་པ་དེའི་ཕྱིར། རྨི་ལམ་དང་སེམས་ཅན་དེ་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཁྱབ་པ་དེ་ཉིད་བསྟན་པའི་ཕྱིར། ལྷའི་བུ་དག་ཆོས་ཐམས་ཅད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་བསྡུས་པའི་ངག་ཡིན་ནོ། །རྣམ་པར་དབྱེ་བའི་ཕྱིར་སྨྲས་པ་ནི་ རྒྱུན་དུ་ཞུགས་པ་ཡང་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཁྱབ་པ་བསྟན་པ་ན་བཅོམ་ལྡན་འདས་སྒྱུ་མ་ལྟ་བུ་ཡིན་ན་ཡོན་ཏན་གྱི་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པའི་རྒྱུ་ཇི་ལྟར་ཡིན་ཞེས་སྨྲས་པ་ནི། འཕགས་པ་རབ་འབྱོར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཞེས་བྱ་བ་ལ་ སོགས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྐུའི་དེ་བཞིན་གཤེགས་པའོ། །ལན་སྨྲས་པ་ནི། ལྷའི་བུ་དག་མྱ་ངན་ལས་འདས་པ་ཡང་ཞེས་བྱ་བ་ལ་སོགས་པའོ། །གང་དུ་མྱ་ངན་ལས་འདས་པ་ཡང་ཞེས་བྱ་བ་ཁྱད་པར་དུ་འཕགས་པའི་ཆོས་ཀྱི་སྐུ་གཉིས་སུ་མེད་པའི་ ཡེ་ཤེས་ཀྱི་རང་བཞིན་ཡང་སྒྱུ་མ་དང་རྨི་ལམ་ལྟ་བུ་ཡིན་ནོ་ཞེས་སྨྲ་བ་དེར་ཆོས་གཞན་པ་གཟུགས་ཀྱི་སྐུ་ལ་སོགས་པ་མི་སྨྲ་འམ་ཅི། འོན་ཀྱང་སྨྲ་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏེ། དགག་པ་གཉིས་ཀྱིས་རྣལ་མའི་དོན་སྟོན་པའི་ཕྱིར་རོ། །གང་གི་ཕྱིར་ཇི་སྐད་དུ་བཤད་པའི་རང་བཞིན་ཅན་ གྱི་བཅོམ་ལྡན་འདས་ཁོ་ན་མངོན་དུ་ཕྱོགས་པར་བྱས་ན་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པའི་རྒྱུ་ཡིན་གྱི། གཞན་དུ་ན་ཚད་མ་དང་འགལ་བའི་རང་བཞིན་ཡིན་པའི་ཕྱིར་ཕྱིན་ཅི་ལོག་ཡིན་ནོ་ཞེས་བྱ་བར་བསམས་པའོ། །དངོས་པོ་ལ་མངོན་པར་ཞེན་པ་ཤིན་ཏུ་ཚབས་ཆེ་བའི་ཕྱིར་བདེན་ པའི་ཆོས་ལ་མ་རྟོགས་སོ་ཞེས་སླར་ཡང་སྨྲས་པ་ནི། འཕགས་པ་རབ་འབྱོར་མྱ་ངན་ལས་འདས་པ་ཡང་ཞེས་བྱ་བ་ལ་སོགས་པའོ། །གཞན་དུ་ན་མུ་སྟེགས་ཅན་དང་འདྲ་བར་ཕྱོགས་གཅིག་པའི་སྟོང་པ་ཉིད་ཡོད་པས་དངོས་པོར་ཁས་བླངས་པའི་ཕྱིར་གྲོལ་བ་མི་འཐད་དོ་ཞེས་བྱ་བའི་བསམ་ པ་དང་ལྡན་པས་ལན་སྨྲས་པ་ནི་ལྷའི་བུ་དག་ཁོ་བོ་ནི་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ཞེས་བྱ་བ་ནི་ཁས་ལེན་པའོ། །དེ་ཞེས་བྱ་བའི་སྒྲ་ནི་ཚིག་གི་ཕྲད་དོ། །འདི་སྐད་སྟོན་ཏོ། །མྱ་ངན་ལས་འདས་པ་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་མི་སྲིད་མོད་ཀྱི། དེ་ལྟ་ན་ཡང་ཁས་ བླངས་ཏེ་སྨྲ་བ་ནི། གལ་ཏེ་མྱ་ངན་ལས་འདས་པ་ལས་ཁྱད་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ཀྱང་དེའི་ཚེ་ཆོས་དེ་ཡང་སྒྱུ་མ་ལ་སོགས་པ་དང་འདྲའོ་ཞེས་སྨྲའོ། །དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། །དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་ སྡང་མི་བཟད་འབྱུང་། །ལྟ་བ་མ་རུངས་ཡོངས་སུ་འཛིན། །དེ་ལས་བྱུང་བའི་རྩོད་པར་གྱུར། །དེ་ནི་ལྟ་བ་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་སྐྱེ་སྟེ། །དེ་བས་དེ་ནི་ཡོངས་ཤེས་ནས། །ལྟ་དང་ཉོན་མོངས་ཡོངས་སུ་འབྱང་། །གང་གིས་དེ་ཤེས་འགྱུར་ཞེ་ན། །རྟེན་ཅིང་ འབྲེལ་འབྱུང་མཐོང་བ་སྟེ། །རྟེན་ནས་སྐྱེ་བ་མ་སྐྱེས་ཞེས། །ཡང་དག་མཁྱེན་པའི་མཆོག་གིས་གསུངས། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་མཇུག་བསྡུ་བ་ནི་དོན་གོ་བས་མ་བྲིས་སོ། །ཞར་ལ་འོངས་པ་བསྟན་ནས། ད་ནི་རྟེན་གྱི་སྒོ་ནས་ཀྱང་རང་ སངས་རྒྱས་ཀྱི་ལམ་ཁྱད་པར་དུ་འཕགས་པར་བསྟན་པར་བྱ་བའི་ཕྱིར་འདྲི་བ་ནི། ཚེ་དང་ལྡན་པ་རབ་འབྱོར་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དག་གོ་རིམས་བཞིན་དུ་སྤངས་པ་དང་མ་སྤངས་པ་དེ་ལྟ་བུའི་ ཚུལ་གྱིས་རང་སངས་རྒྱས་ཀྱི་ལམ་གྱི་བདག་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་བསྟན་པ་འདི་དག་ལ་རིགས་ཇི་ལྟ་བུ་དང་ལྡན་པའི་གང་ཟག་སུ་དག་ཡང་དག་པར་འཛིན་པར་འགྱུར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་དོན་རིག་པས་ན། །འཕགས་པ་ཀུན་དགའ་ བོ་འཆད་པར་བྱེད་པས་སྨྲས་པ་ནི། ཚེ་དང་ལྡན་པ་དག་ཅེས་བྱ་བ་ལ་སོགས་པའོ། །ཕྱིར་མི་ལྡོག་པ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་རྟོགས་པས་རང་བྱང་ཆུབ་ལས་ཕྱིར་མི་ལྡོག་པའོ། །དེ་ཉིད་ནི་རང་གི་བྱང་ཆུབ་མངོན་པར་འདོད་པ་ཡིན་པས་ན་བྱང་ཆུབ་སེམས་དཔའོ། །ལུས་ ཀྱིས་ཆོས་སྟོན་པས་སངས་རྒྱས་མི་འབྱུང་བའི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་རྣམས་ཀྱི་དོན་བྱེད་པའི་བསམ་པ་དང་ལྡན་པས་ན་སེམས་དཔའ་ཆེན་པོའོ། །ལྟ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ལྟ་བ་བར་མ་དང་ཡང་དག་པར་ལྡན་པའོ། །དགྲ་བཅོམ་པ་ཟག་པ་ཟད་པ་ ཞེས་བྱ་བ་ནི་རང་གི་མཐོང་བའི་ལམ་གྱི་སྒྲིབ་པ་སྤངས་པ་ཉིད་ཀྱིས་ན་མཆོད་པར་འོས་པའོ། །ཚིག་འདི་གསུམ་གྱིས་ནི་བྱང་ཆུབ་ལ་གོ་རིམས་བཞིན་དུ་ཡང་དག་པར་བསྒྲུབས་པའི་རིགས་དང་། ཆོས་ཉིད་ཀྱིས་ཐོབ་པའི་རིགས་དང་། །དེ་ཉིད་ལ་ངེས་པའི་རིགས་ཀྱི་གང་ཟག་ཅེས་བཤད་པ་ཡིན་ ནོ། །སམ་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་དུ་རྣམ་པར་རྟོག་པ་ཕན་ཚུན་དུ་ལྟོས་པ་ཡིན་པར་བལྟའོ། །ཡང་འཕགས་པ་རབ་འབྱོར་གྱིས་རྣམ་པ་གཞན་དག་ཏུ་བསྟན་པར་བྱ་བའི་ཕྱིར་ཚེ་དང་ལྡན་པ་དག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །རང་སངས་རྒྱས་སོ་སོར་བྱང་ཆུབ་རྟོགས་པ་ནི་རང་ གི་ལམ་ཉེ་བར་བསྟན་པ་སྔོན་དུ་འགྲོ་བ་ཅན་ཡིན་ན་ཡང་འཛིན་པ་སུ་ཡང་མི་འབྱུང་བ་ཇི་ལྟར་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། སྨྲས་པ་ནི་འདི་ལ་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་ལམ་རྟོགས་པའི་དུས་སུ་སྟེ། གཞན་གྱིས་བསྟན་ མི་དགོས་པའི་ཕྱིར་རང་ཉིད་ཀྱིས་རྟོགས་པའི་རང་སངས་རྒྱས་ཀྱི་ཞེས་བྱ་བར་དགོངས་པའོ། །མདོར་བསྡུས་ཏེ་བརྗོད་པས་དོན་རྒྱ་ཆེན་པོ་བསྟན་པའི་སྒོ་ནས་དོན་གང་ཡང་མ་སྨོས་པའོ། །རྒྱ་ཆེར་བརྗོད་པས་དོན་བསྡུས་པ་གསལ་བར་བྱས་པའི་སྒོ་ནས་ཡོངས་སུ་སྣང་བར་མ་བྱས་པའོ། །ཇི་ལྟར་ གནས་པའི་རང་བཞིན་བསྟན་པའི་སྒོ་ནས་རབ་ཏུ་མ་བཞག་པའོ། །ཉེ་བར་བསྡུ་བར་བྱ་བའི་ཕྱིར་དེ་བས་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། །དེའི་ཕྱིར་དོན་མེད་པའི་རྒྱུ་གང་ཁོ་ནས་སྨོས་པ་ལ་སོགས་པ་མ་བྱས་པ་རྒྱུ་དེ་ཁོ་ནས་ཡང་དག་པར་འཛིན་པ་སུ་ཡང་མི་འབྱུང་སྟེ། བསྟན་བྱ་ཉིད་མེད་པའི་ཕྱིར་རོ་ ཞེས་བྱ་བར་བསམས་པའོ། །ཇི་ལྟར་སྤྲུལ་པའི་མེ་ཏོག་རྣམས་རང་བཞིན་མེད་དུ་ཟིན་ཀྱང་ཡུལ་ངེས་པ་ལ་སོགས་པའི་རང་བཞིན་མ་བརྟགས་ན་ཉམས་དགའ་བ་ཉིད་སོང་བ་དེ་བཞིན་དུ་དངོས་པོར་གྱུར་པའི་གཞི་མེད་ན་ཡང་རྟོགས་པའི་ཆོས་སོ་སོར་ངེས་པ་ཐོབ་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་གཞིའི་ དབང་དུ་བྱས་པ་སྤྲུལ་པའི་མེ་ཏོག་གི་རྣམ་པ་ཉེ་བར་དགོད་པར་བྱ་བའི་ཕྱིར། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ལ་ཞེས་བྱ་བ་ནི། རང་སངས་རྒྱས་ཀྱི་ལམ་དགེ་བ་བཅུ་ལ་སོགས་པའི་ཆོས་ཀྱི་རང་བཞིན་ཅན་གྱི་རང་སངས་རྒྱས་ཀྱི་ ཆོས་ཀྱི་རྣམ་གྲངས་འདིའོ། །བདག་གིས་ཀྱང་ཞེས་བྱ་བ་ནི་ངེས་པར་བཟུང་བ་སྟེ། མཆོད་པའི་དོན་ཁོ་ནར་ཞེས་བྱ་བའི་ཐ་ཚིག་གོ། །མངོན་པར་སྤྲུལ་ཏེ་ཞེས་བྱ་བ་ནི་སྒོམ་པའི་སྟོབས་ཀྱིས་བསྐྱེད་པའོ། །སེམས་བསྐྱེད་པའི་རྗེས་ཐོགས་ཁོ་ན་ལ་དེ་བཞིན་དུ་བྱས་པར་གྱུར་ཏོ་ཞེས་བྱ་བ་ནི། དེ་ནས་ ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ལ་སོགས་པའོ། །མངོན་པར་གཏོར་ཏོ་ཞེས་བྱ་བ་ནི་མངོན་པར་ཕྱོགས་པས་གཏོར་བར་གྱུར་པའོ། །ལྷའི་དབང་པོ་བརྒྱ་བྱིན་ལ་རྗེས་སུ་བརྗོད་པའི་ཕྱིར་ཞེས་བྱ་བ་ལ། རྗེས་སུ་ཞེས་བྱ་བའི་སྒྲ་ནི་མཚོན་པའི་དོན་ཏེ། དེ་དང་འབྱོར་པས་དབང་པོའི་སྒྲ་ལ་ལས་ཀྱི་ བྱེད་པའི་ཚིག་ཏུ་བྱས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། བརྒྱ་བྱིན་གྱིས་སྨྲས་པའི་དུས་ཀྱི་རྗེས་ལ་སྤྲུལ་པའི་མེ་ཏོག་གི་དེ་ཁོ་ན་ཉིད་བཤད་པའི་ཟུར་གྱི་རྟེན་གྱི་ངོ་བོ་བསྟན་པར་བྱ་བའི་ཕྱིར། འཆད་པར་འགྱུར་བའི་དོན་གྱི་རྗེས་སུ་བྱེད་པས་འདི་སྙམ་དུ་སེམས་པར་གྱུར་ཏོ། །འདི་དག་ནི་ཞེས་བྱ་བ་ནི་ད་ ལྟར་ཉམས་སུ་མྱོང་བར་གྱུར་པའོ། །སུམ་ཅུ་རྩ་གསུམ་སྨོས་པ་ནི་རང་གི་གནས་ཡིན་པའི་ཕྱིར་ཏེ། དེ་ཡང་རང་གི་དམིགས་པ་རུང་བའི་ཡུལ་ཉེ་བར་མཚོན་པ་ཡིན་ནོ། །སྔོན་མཐོང་བ་ནི་སྔོན་ཉམས་སུ་མྱོང་བའོ། །ཅི་མེ་ཏོག་འདི་དག་ཐམས་ཅད་སྔོན་ཆད་ཡོད་པར་མ་མཐོང་ ངམ་ཞེ་ན། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་མངོན་པར་གཏོར་བའི་ཞེས་བྱ་བ་ལ་སོགས་པས་སོ། །གལ་ཏེ་དེ་ལྟ་ཡིན་ན་འོ་ན་རང་བཞིན་ཅི་ཞིག་ཡིན་ཞེ་ན། མེ་ཏོག་འདི་དག་ནི་སྤྲུལ་པའོ་ཞེས་བྱ་བ་སྨྲས་སོ། །འདི་དག་སྟོན་ཏེ་ངས་དམིགས་པར་རུང་བའི་ཡུལ་རྣམས་ན་ཡོད་པར་སྔོན་ཆད་ མཐོང་བར་གྱུར་པ་མ་ཡིན་ནོ། །མཐོང་བའི་ལམ་ལས་འདས་པའི་ཡུལ་ནས་ཀྱང་ཁྱེར་ཏེ་འོངས་པ་ཡང་མ་ཡིན་ཏེ། དེ་ལྟ་བུའི་ནུས་པ་མེད་པའི་ཕྱིར་རོ། །དེ་བས་ན་མེ་ཏོག་འདི་དག་ནི་ཡིད་ཀྱིས་སྤྲུལ་པའི་རང་བཞིན་ནོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་ སྨྲས་ཏེ། དེ་ལ་ཤིང་ཞེས་བྱ་བ་ནི་མེ་ཏོག་དང་འབྲས་བུ་དང་ལྡན་པའོ། །གེལ་པ་ནི་མ་ལི་ཀ་ལ་སོགས་པའོ། །འཁྲི་ཤིང་ནི་ཨ་ཏི་མུག་ཏ་ཀ་ལ་སོགས་པའོ། །སངས་རྒྱས་ཀྱི་མཐུས་རྟོགས་པ་སྐྱེས་པ་ཤེས་པའི་ཕྱིར་ལན་སྨྲས་པ་ནི། འཕགས་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་ པའོ། །ཡིད་ལ་སྣང་བར་གྱུར་ཞིང་དུ་ཡང་ཅི་ལྟར་ན་མ་སྐྱེས་པ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཡིད་ལ་སྐྱེས་པ་ཞེས་བྱ་བ་ལ་སོགས་པས། གང་གི་ཕྱིར་དེ་ཁོ་ན་ཉིད་དུ་ན་ཡིད་ལས་སྐྱེས་པའི་མེ་ཏོག་གང་ཡང་མེད་དེ། གཟུང་བ་དང་འཛིན་པའི་དངོས་པོ་ནི་ བརྫུན་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ནི་ཚིག་ལྷག་མའོ། །ཤིང་ལ་སོགས་པ་ལས་སྐྱེས་པར་གྱུར་པ་མ་ཡིན་ཏེ། ཁྱེད་ཉིད་ཀྱིས་བཀག་པའི་ཕྱིར་རོ། །མེ་ཏོག་འདི་དག་ནི་མ་སྐྱེས་པ་སྟེ་ཞེས་བྱ་བའི་ཚིག་གིས་ནི་མེ་ཏོག་རྣམས་ཀྱི་རང་གི་ངོ་བོ་ནི་མ་བཀག་གི །སྐྱེ་བ་བཀག་པ་ཡིན་པས་དེ་ལྟ་ ན་ནི་རྟག་པ་ཉིད་དུ་ཁས་བླངས་པ་ཡིན་ལ། དེ་ཡང་རིགས་པ་མ་ཡིན་ནོ་ཞེ་ན། ཀཽ་ཤི་ཀ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འཁྲི་ཤིང་ལས་སྐྱེས་པ་ཞེས་བརྗོད་ཀྱང་བརྗོད་པར་མི་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་གང་མ་སྐྱེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་གང་མ་སྐྱེས་པ་དེ་ནི་མེ་ཏོག་ཀྱང་མ་ཡིན་ཏེ། རྟག་པ་ནི་རིམ་གྱིས་སམ་ཅིག་ཅར་དག་གིས་དོན་གྱི་བྱ་བ་དང་བྲལ་བའི་ཕྱིར་རང་གི་ངོ་བོ་མི་སྲིད་དོ་ཞེས་བྱ་བར་འདོད་དོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པ་སྤངས་པས་ནི་རང་སངས་རྒྱས་ཀྱི་རྟོགས་པ་ཉན་ཐོས་ལས་ཁྱད་པར་བྱས་པ་ཡིན་ནོ། ། འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པས་ནི་རང་སངས་རྒྱས་རྣམས་ལས་བླ་ན་མེད་པའི་སངས་རྒྱས་ཁྱད་པར་དུ་བྱས་པ་ཡིན་ནོ། །རྟེན་གྱིས་ཀྱང་རྟོགས་པའི་རྒྱུ་ཡིན་པས་ན་ཁྱད་པར་དུ་འཕགས་པའི་རང་སངས་རྒྱས་ཀྱི་ལམ་ན་ཇི་སྐད་དུ་བཤད་པའི་ཉན་ཐོས་ཀྱི་བདེན་པ་བཞིའི་རྣམ་པ་མི་ དམིགས་པར་བསྒོམས་པས་དངོས་པོ་ཇི་ལྟ་བ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་རྗེས་སུ་མཐུན་པར་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ནོ། །དེ་སྐད་དུ་ཡང་། གཟུང་བའི་རྟོག་པ་ཉམས་ཕྱིར་དང་། །འཛིན་པ་མ་སྤངས་ཕྱིར་དང་ནི། །རྟན་གྱིས་བསེ་རུ་ ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྟོགས་ནས་ཇི་སྐད་དུ་བཤད་པའི་རང་སངས་རྒྱས་ཀྱི་ལམ་སྐྱེ་བས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྟན་པའི་ཕྱིར། ཨེ་མའོ་འཕགས་པ་རབ་ འབྱོར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟེན་གྱི་དེ་ཁོ་ན་ཉིད་བསྟན་པས་དྲོ་བའི་དོན་སྟོན་པའི་ཕྱིར་ཤེས་རབ་ཟབ་པའོ། །མིང་དང་ཚིག་ཏུ་བཏགས་པ་ནི་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོར་བཏགས་པའོ། །ཐོས་པ་ལས་བྱུང་བའི་ཤེས་པའི་དོན་དུ་གཞུང་དང་དོན་བརྗོད་པས་ ན་སྟོན་པའོ། །ཀུན་རྫོབ་ཏུ་ཁས་བླངས་པ་དང་མི་འགལ་བས་ཆོས་ཉིད་དང་ཡང་འགལ་བར་མི་བྱེད་དོ། །བསམ་པའི་རང་བཞིན་གྱི་ཤེས་པའི་དོན་དུ་རིགས་པས་བརྟན་པར་བྱེད་པས་ན་གསལ་བར་བྱེད་པའོ། །སྒོམ་པའི་རང་བཞིན་གྱི་ཤེས་པའི་དོན་དུ་བསམ་གཏན་གྱི་རིམ་པ་ཉེ་བར་ སྟོན་པའི་ཕྱིར་ཉེ་བར་སྟོན་པའོ། །འདི་སྐད་དུ་གཟུགས་ལ་སོགས་པ་བརྡ་ལས་བྱུང་བའི་ཆོས་བཏགས་པ་དང་མི་འགལ་བར་ཆོས་ཉིད་རྟོགས་པའི་ཕྱིར་ན། དེ་ལྟར་ཆོས་ཐམས་ཅད་ལ་དམིགས་པར་གྱུར་ན་དྲོ་བར་གྱུར་པ་སྐྱེ་བོ་ཞེས་སྤྲུལ་པའི་མེ་ཏོག་གི་རང་བཞིན་བཤད་པ་ཉིད་ཀྱིས་སྟོན་པར་བྱེད་ པའི་ཕྱིར་ཤེས་རབ་ཟབ་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང་། བཏགས་པའི་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོ་གྱུར་པ། །ཞེས་གསུངས་པ་ཡིན་ནོ། །རང་གི་རྣམ་པར་རྟོག་པ་རང་ཉིད་ཀྱིས་ངེས་པར་བྱས་ནས་ཁས་བླངས་པ་དེ་ནི་འཕགས་པ་ རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། དེ་བཞིན་དུ་འདི་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་སྤྲུལ་པ་ལས་སྐྱེས་པའི་མེ་ཏོག་དང་འདྲ་བར་རང་སངས་རྒྱས་ཀྱི་ལམ་ལ་བསླབ་པར་བྱའོ། །ལེགས་པར་སྨྲས་པ་ཉིད་ཀྱིས་རྗེས་སུ་འདོད་པར་བྱ་བའི་དོན་དུ། ཀཽ་ཤི་ཀ་དེ་དེ་ བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལས་ཅིར་འགྱུར་ཞེ་ན། ཀཽ་ཤི་ཀ་དེ་ལྟར་སློབ་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དམིགས་པའི་ཚུལ་གྱིས་གང་དུ་ཡང་མི་སློབ་བོ་ཞེས་བྱ་བ་ནི་སྤྱིའི་དོན་ཡིན་ནོ། །གངས་འདི་དག་ལ་ཞེས་པ་ནི་བརྒྱད་པ་ལ་སོགས་པའི་རྣམས་ལའོ། ། སངས་རྒྱས་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་དབྱེ་བས་ཚིག་གཉིས་སྨོས་པ་ཡིན་ཏེ། དེ་ལ་སློབ་པ་ནི་ཕྱིན་ཅི་མ་ལོག་པས་སློབ་ན་ངེས་པར་དེ་བཞིན་གཤེགས་པ་ཉིད་ཐོབ་པའི་ཕྱིར་རོ། །སངས་རྒྱས་ཉིད་ལ་སློབ་པ་ཡང་ཆོས་ཐམས་ཅད་ ཡོངས་སུ་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས། གང་སངས་རྒྱས་ཉིད་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཞར་ལ་འོངས་པ་བརྗོད་ནས། དྲོ་བའི་འོག་ཏུ་རྩེ་མོའི་དོན་ལ་སློབ་པ་ཡིན་ནོ་ཞེས་བརྗོད་པ་ནི། གང་སངས་རྒྱས་ཀྱི་ཆོས་གཞལ་དུ་མེད་པ་ལ་ཞེས་བྱ་བ་ལ་སོགས་ པའོ། །འཕེལ་བར་ནི་ཉེ་བར་སོགས་པའོ། །འགྲིབ་པ་ནི་བྲི་བའོ། །འདི་སྐད་དུ། གཟུགས་ལ་སོགས་པ་ལ་དོན་དམ་པར་འགྲིབ་པ་དང་འཕེལ་བ་མེད་པ་ལ་སོགས་པའི་དོན་དུ་སློབ་པའི་ཕྱིར་དེ་བཞིན་དུ་ཆོས་ཐམས་ཅད་ལ་དམིགས་ན་རྩེ་མོར་གཏོགས་པ་སྐྱེ་བར་འགྱུར་རོ་ཞེས་བརྗོད་པ་ ཡིན་ནོ། །དེ་སྐད་དུ་ཡང་། རྩེ་མོར་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་ལ་སོགས་པས་ཕྱེ། །ཞེས་གསུངས་པ་ཡིན་ནོ། །རྩེ་མོའི་འོག་ཏུ་བཟོད་པའི་དོན་དུ་བསླབ་པར་བྱ་བ་ཡིན་པས། གང་གཟུགས་འཕེལ་བར་བྱ་བ་དང་འགྲིབ་པ་ཞེས་བྱ་བ་ལ་སོགས་པས་སྨྲས་པ་ཡིན་ ཏེ། ཡོངས་སུ་གཟུང་བ་ནི་བདག་གིར་བྱས་པའོ། །དོར་བ་ནི་སྤངས་པའོ། །དེའི་དོན་དུ་ནང་ལ་སོགས་པའི་སྟོང་པ་ཉིད་ཀྱི་སྟོབས་ཀྱིས་མི་སློབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ཀྱང་། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ནང་སྟོང་པ་ཉིད་ནས་དངོས་པོ་མེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡིན་པའི་ཕྱིར་ཡོངས་སུ་མི་གཟུང་བ་ཉིད་དོ་ཞེས་གསུངས་པ་ཡིན་ནོ། །དེ་སྐད་དུ་གཟུགས་ལ་སོགས་པ་ནང་དང་ཕྱི་ལ་སོགས་པའི་སྟོང་པ་ཉིད་ཡིན་པའི་ཕྱིར་ཡོངས་སུ་མི་འཛིན་པ་ལ་སོགས་པའོ་ཞེས་དེ་ལྟར་ཆོས་ཐམས་ཅད་ལ་དམིགས་ན་བཟོད་པ་སྐྱེ་བར་ འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང་། ནང་སྟོང་ཉིད་ལ་སོགས་པ་ཡིས། །གཟུགས་སོགས་མི་འཛིན་ཕྱིར་བཟོད་པ། །ཞེས་གསུངས་པ་ཡིན་ནོ། །བཟོད་པའི་འོག་ཏུ་ཆོས་ཀྱི་མཆོག་གི་དོན་དུ་སློབ་པ་ཡིན་པས། །ཆོས་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨྲས་ པ་ཡིན་ཏེ། ཡོངས་སུ་གཟུང་བ་ཞེས་བྱ་བ་ནི་འདིས་ཡོངས་སུ་འཛིན་པས་ན་ཡོངས་སུ་གཟུང་བ་སྟེ། སྒྲུབ་པ་དང་དགག་པའོ། །དེ་ཉིད་བསྟན་པ་ནི་སྐྱེ་བ་དང་ནུབ་པར་བྱ་བའི་ཕྱིར་ཞེས་གསུངས་པ་ཡིན་ནོ། །ཆོས་འགའ་ཞིག་ཅེས་བྱ་བ་ནི་སྤྱིར་བརྗོད་དུ་ཟིན་ཀྱང་སྐྱེ་བ་སྤང་བར་བྱ་བའི་ རང་བཞིན་ཁོ་ན་འཛིན་པ་ཡིན་ནོ་སྙམ་དུ་སྐྱེ་