Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 84

Văn bản gốc(Tây Tạng)

Trang 10 / 22 (50.000 ký tự/trang)
ྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བཤད། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་ཞེས་བྱ་བ་དེ་དག་ཐམས་ཅད་ཀྱང་འདུས་མ་བྱས་ཀྱི་བར་དུ་ཕྱེ་བའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། འདུས་མ་བགྱིས་པ་དེ་ནི་རྒྱུན་དུ་ཞུགས་པ་དང་། འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །
འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བགྱི་བར་རབ་ཏུ་འབྱེད་པ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདུས་མ་བྱས་ནི་རབ་ཏུ་འབྱེད་པ་མེད་མོད་
ཀྱི། འོན་ཀྱང་ཚིག་ཚད་མར་བྱས་ཤིང་བརྗོད་དེ། དོན་དམ་པར་ནི་རབ་ཏུ་དབྱེ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་ཚིག་གི་ལམ་གྱི་གདགས་པ་མེད་དོ། །འོན་ཀྱང་གང་དང་གང་གིས་མཐའ་མ་ཆོད་པ་དེ་དང་དེ་དག་ལ་ཕྱི་མའི་མཐའ་གདགས་པ་ཡིན་ཏེ། རབ་འབྱོར་ཆོས་
ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་སྔོན་གྱི་མཐའ་ཡང་མི་དམིགས་ན། ཕྱི་མའི་མཐའ་དམིགས་པར་འགྱུར་བ་ལྟ་ག་ལ་ཡོད་དེ་གནས་མེད་དོ། །རབ་འབྱོར་སེམས་ཅན་དེ་དག་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་མི་ཤས་པས་དེ་དག་ལ་འདི་སྐད་དུ་འདི་ནི་སྔོན་གྱི་མཐའ་
ཞེས་བྱའོ། །འདི་ནི་ཕྱི་མའི་མཐའ་ཞེས་བསྟན་ཏེ། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་སྔོན་གྱི་མཐའ་འམ། ཕྱི་མའི་མཐའ་དམིགས་སུ་མེད་དོ། །རབ་འབྱོར་དེ་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་
སྟེ། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་སྤྱད་ན། ནང་ངམ་ཕྱིའི་ཆོས་སམ། འདུས་བྱས་སམ། འདུས་མ་བྱས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། སངས་རྒྱས་ཀྱི་ཆོས་གང་ལ་ཡང་མངོན་པར་ཆགས་པར་མི་འགྱུར་རོ། །

དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་པ་ཐོབ་པ་ཡིན་ཏེ་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར། ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པར་འགྱུར་བས། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་གཞན་
ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཆོས་ཐམས་ཅད་ཀྱི་མཆོག་གི་ཚུལ་དུ་ཕྱེད་དེ། ཆོས་དེ་དག་ཀུན་ལ་ཡང་འཁོར་བ་མ་དམིགས་པས་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བྱ་བ་ནི་ལམ་ལ་ཀུན་དུ་རྨོངས་པའི་རྣམ་པར་རྟོག་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་དེ་བཞིན་ཉིད་ཀྱང་ཆུད། ཡང་དག་པའི་མཐའ་ཡང་ཆུད། ཆོས་ཀྱི་དབྱིངས་ཀྱང་ཆུད་དེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གིས་ཀྱང་ལྡན་པའམ། མི་ལྡན་
པའམ། བསྟན་དུ་ཡོད་པའམ། བསྟན་དུ་མེད་པའམ། ཐོགས་པ་དང་བཅས་པའམ། ཐོགས་པ་མེད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཟུགས་མེད་པ་བསྟན་དུ་མེད་པ་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ་ཞེས་བྱ་བ་ནི་དེ་
བཞིན་ཉིད་ལ་སོགས་པ་དང་ལྡན་པ་དང་མི་ལྡན་པ་ལ་ཀུན་དུ་རྨོངས་པའི་རྣམ་པར་རྟོག་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་ཀྱི་སྤོབས་པ་ཐམས་ཅད་དང་སྣང་བ་ཐམས་ཅད་བསྐྱེད་པ་སྟེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་

བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་སམ། གང་ཟག་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ནས་མུ་སྟེགས་ཅན་གཞན་གྱི་བར་དང་། སྡིག་པའི་གྲོགས་པོ་རྣམས་ཀྱིས་མི་ཆོད་མི་འཕྲོགས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་
གཅད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་དོན་ལ་
སྤྱད་པར་བྱའོ་ཞེས་བྱ་བ་ནི་མི་མཉམ་པ་ཉིད་ལ་རྨོངས་པའི་རྣམ་པར་རྟོག་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་དོན་ལ་སྤྱོད་པས་མི་རྟག་པའི་དོན་ལ་སྤྱད་པར་བྱའོ། །སྡུག་བསྔལ་གྱི་དོན་ལ་སྤྱད་
པར་བྱའོ། །བདག་མེད་པའི་དོན་ལ་སྤྱད་པར་བྱའོ། །སྡུག་བསྔལ་ཤེས་པའི་དོན་ལ་སྤྱད་པར་བྱའོ། །ཀུན་འབྱུང་ཤེས་པའི་དོན་དང་། འགོག་པ་ཤེས་པའི་དོན་དང་། ལམ་ཤེས་པའི་དོན་ལ་སྤྱད་པར་བྱའོ། །ཟག་པ་ཤེས་པའི་དོན་དང་། མི་སྐྱེ་བ་ཤེས་པའི་དོན་དང་། ཆོས་
ཤེས་པའི་དོན་དང་། རྗེས་སུ་འགྲོ་བ་ཤེས་པའི་དོན་དང་། ཀུན་རྫོབ་ཤེས་པའི་དོན་དང་། ཡོངས་སུ་རྟོག་པ་ཤེས་པའི་དོན་དང་། སྒྲ་ཇི་བཞིན་ཤེས་པའི་དོན་ལ་སྤྱད་པར་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་
ལ་སྤྱད་པར་བྱའོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་ལ་ཀུན་དུ་རྨོངས་པའི་རྣམ་པར་རྟོག་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དོན་དང་དོན་མ་ལགས་པ་མི་དམིགས་ན། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་དོན་ལ་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་ལ་སྤྱོད་པས་འདི་ལྟར་སྤྱད་པར་བྱ་སྟེ། འདོད་ཆགས་བདག་

གི་དོན་ཅེའམ་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །ཞེ་སྡང་བདག་གི་དོན་ཅེའམ་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །གཏི་མུག་བདག་གི་དོན་ཅེའམ་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བདག་གི་དོན་ཅེའམ་དོན་
མ་ཡིན་ཞེས་སྤྱད་པར་མི་བྱའོ། །ལོག་པར་ལྟ་བ་བདག་གི་དོན་ཅེའམ་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །ལྟ་བར་གྱུར་པ་ཐམས་ཅད་བདག་གི་དོན་ཅེའམ་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དེ་བཞིན་ཉིད་ནི་
གང་ལ་ཡང་དོན་དུ་མི་བྱེད་དོན་མ་ཡིན་པར་མི་བྱེད་དོ། །ལྟ་བའི་རྣམ་པ་གང་གི་དེ་བཞིན་ཉིད་ནི་གང་ལའང་དོན་དུ་མི་བྱེད་དོན་མ་ཡིན་པར་མི་བྱེད་དོ། །གཟུགས་བདག་གི་དོན་ཞེས་སྤྱད་པར་མི་བྱའོ། །གཟུགས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་
པར་ཤེས་པ་བདག་གི་དོན་ཞེས་སྤྱད་པར་མི་བྱའོ། །རྣམ་པར་ཤེས་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བདག་གི་དོན་ཞེས་སྤྱད་པར་མི་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །ཕ་རོལ་ཏུ་ཕྱིན་པ་ཐམས་
ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བདག་གི་དོན་ཞེས་སྤྱད་པར་མི་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་
མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་
བདག་གི་དོན་ཞེས་སྤྱད་པར་མི་བྱའོ། །གཟུངས་ཀྱི་སྒོ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བདག་གི་དོན་ཞེས་སྤྱད་པར་མི་བྱའོ། །

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བདག་གི་དོན་ཞེས་སྤྱད་པར་མི་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་
བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་གང་དོན་དུ་བྱ་བའམ། དོན་མེད་པར་བྱ་བ་དེ་ལྟ་
བུ་གང་ཡང་མ་དམིགས་སོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་རྣམས་སྐྱེས་ཀྱང་རུང་། དེ་བཞིན་གཤེགས་པ་རྣམས་མ་སྐྱེས་ཀྱང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དང་ཆོས་ཀྱི་གནས་ནི་གནས་པ་ཆོས་ཀྱི་དབྱིངས་ནི་གནས་ཏེ། དེ་ནི་གང་ལ་དོན་ཡང་མི་བྱེད། དོན་
མ་ཡིན་པ་ཡང་མི་བྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་དང་དོན་མ་ཡིན་པ་སྤངས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་ཡང་དོན་ཡང་མི་བགྱིད། དོན་
མ་ལགས་པའང་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཉིད་གང་ཡང་མི་བྱེད་དེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་ཡང་དོན་དུ་བྱེད་པ་ཡང་མ་ཡིན།
དོན་མ་ཡིན་པར་བྱེད་པ་ཡང་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་འདུས་མ་བགྱིས་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་འཕགས་པ་ཐམས་ཅད་ཀྱི་དོན་ནི་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་མ་བྱས་ནི་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་
འཕགས་པ་ཐམས་ཅད་ཀྱི་དོན་ཀྱང་ཡིན་ཏེ། ཕན་པའམ་གནོད་པར་ཉེ་བར་གནས་པ་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའི་དེ་བཞིན་ཉིད་ནི་གང་ལ་ཡང་ཕན་པའམ་གནོད་པར་ཉེ་བར་གནས་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་གང་ལ་ཡང་ཕན་པའམ་གནོད་པར་ཉེ་བར་གནས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདུས་མ་བྱས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་
ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་མི་བགྱིད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཐོབ་པར་བྱེད་དེ། གཉིས་ཀྱི་ཚུལ་གྱིས་མ་ཡིན་ནོ་ཞེས་བྱ་བ་ནི་ཉོན་མོངས་པའི་རང་བཞིན་ལ་ཀུན་དུ་རྨོངས་པའི་རྣམ་པར་རྟོག་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་ཅི་ལགས། གཉིས་སུ་མ་མཆིས་པའི་ཆོས་ཀྱིས་གཉིས་སུ་མ་མཆིས་པའི་ཆོས་ཐོབ་པར་བགྱིད་དམ། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ། འོ་ན་གཉིས་ཀྱི་ཆོས་ཤིག་གཉིས་ཀྱི་ཆོས་ཐོབ་པར་བགྱིད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ། འོ་ན་ཇི་ལྟར་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ནམ་གཉིས་ཀྱི་ཆོས་སམ་གཉིས་སུ་མེད་པའི་ཆོས་ཀྱང་མི་དམིགས་པ་ན་ཐོབ་པར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་གཉིས་ཀྱི་ཆོས་སམ། གཉིས་སུ་མེད་པའི་ཆོས་མི་དམིགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། དམིགས་སུ་མེད་པ་ལ་གཟུགས་དམིགས་སུ་མེད་ཅིང་ཐོབ་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་སུ་མེད་ཅིང་ཐོབ་པ་མེད་དོ་ཞེས་བྱ་བ་ནི་གཉིས་སུ་མེད་པ་ལ་ཀུན་དུ་རྨོངས་པའི་རྣམ་པར་རྟོག་པ་ཡིན་ཏེ། འདི་དག་གིས་ནི་
འཛིན་པའི་རྟོག་པ་གཉིས་པ་དགུ་གསུངས་པ་ཡིན་ནོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་བོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མེད་

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་ཡང་དཀའ་བ་བགྱིད་པ་སྟེ། སེམས་ཅན་ཞེས་བགྱི་བའམ། སེམས་ཅན་དུ་གདགས་པ་གང་ཡང་མི་དམིགས་ན། དེ་དག་ནི་སེམས་ཅན་རྣམས་ཀྱི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །
བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་ནམ་མཁའ་གཞི་མ་མཆིས་པ་ལ་ལྗང་བུ་བསྐྱེད་པར་འཚལ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་སེམས་ཅན་རྣམས་ཀྱི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འཚལ་ལོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་རྣམས་ཀྱི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་
རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་སེམས་ཅན་དུ་འཛིན་པ་ལས་ཡོངས་སུ་འགྲེལ་པ་ནི་དཀའ་བ་བྱེད་པའོ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལ་དམིགས་པའི་ཡེ་ཤེས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ།། །།རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་ནི་ལྗང་བུ་བསྐྱེད་
པར་འདོད་ལ། སྐྱེས་བུ་དེས་ལྗང་བུ་དེའི་རྩ་བ་མ་དམིགས། ཡལ་ག་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་མ་དམིགས་པར་ལྗང་བུ་དེའི་སྡོང་བུ་སྐྱེད་དེ། དུས་དུས་སུ་ཆུས་བྲན་ཞིང་དེའི་སྡོང་བུ་དེ་རིམ་གྱིས་ཡལ་ག་ཕུན་སུམ་ཚོགས་པར་གྱུར། ལོ་མ་ཕུན་སུམ་
ཚོགས་པར་གྱུར། མེ་ཏོག་ཕུན་སུམ་ཚོགས་པར་གྱུར། འབྲས་བུ་ཕུན་སུམ་ཚོགས་པར་གྱུར་པ་དང་། དེ་ལྗང་བུ་དེའི་འདབ་མ་ལ་སྤྱོད་པ་དང་། མེ་ཏོག་ལ་སྤྱོད་པ་དང་། འབྲས་བུ་ལ་སྤྱོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་སེམས་ཅན་རྣམས་
ཀྱི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་སྟེ། དེ་དག་རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དེ། དེ་དག་ལོ་མ་དང་མེ་ཏོག་དང་འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་རོ། །རབ་

འབྱོར་དེ་ལ་ལོ་མ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ཞིང་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་སྒྲོལ་བའོ། །མེ་ཏོག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ཞིང་རྒྱལ་རིགས་ཆེ་ཞིང་མཐོ་བ་དང་།
བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དང་། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བར་སྐྱེ་བ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བ་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པའི་
མདུན་ན་འདོན་དང་། ཚངས་འཁོར་དང་། ཚངས་ཆེན་དང་། འོད་ཆུང་དང་། འོད་གསལ་དང་། ཚད་མེད་འོད་དང་། དགེ་ཆུང་དང་། དགེ་རྒྱས་དང་། ཚད་མེད་དགེ་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། མི་སྤོང་
བ་དང་། མི་གདུང་བ་དང་། ལེགས་མཐོང་དང་། རབ་ལྟ་དང་། འོག་མིན་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའོ། །འབྲས་བུ་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་སེམས་ཅན་དེ་དག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་འགོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་རབ་ཏུ་
འགོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཉིད་ལ་བརྟེན་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་སེམས་ཅན་ཐམས་ཅད་ལ་འབྲས་བུས་བརྗིད་པར་འགྱུར་བ་དང་། དེ་ལ་གང་གིས་ཡོན་ཕུལ་བ་དེ་
དག་ཀྱང་རིམ་གྱིས་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ། ཐེག་པ་གསུམ་པོ་དེ་དག་གིས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་

འགྱུར་ཡང་དེ་ལ་སེམས་ཅན་དུའང་མི་འདོགས། སེམས་ཅན་དུ་གདགས་པའང་མེད་པར་སེམས་ཅན་དེ་དག་ཀྱང་སེམས་ཅན་དུ་འཛིན་པ་ལས་ཡོངས་སུ་འགྲེལ་པ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་གང་གི་དོན་དུ་བདག་གིས་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་ཞེས་བྱ་བའི་སེམས་ཅན་ནམ་སེམས་ཅན་དུ་གདགས་པ་གང་ཡང་མི་དམིགས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །དེ་ཅིའི་སླད་དུ་ཞེ་ན།
བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་ཐམས་ཅད་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །མི་ཁོམ་པ་དང་། ངན་སོང་
ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །དབུལ་པོ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ལམ་གྱི་རྒྱུད་དམའ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །འདོད་པའི་ཁམས་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །གཟུགས་ཀྱི་ཁམས་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །གཟུགས་
མེད་པའི་ཁམས་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་དུ་རིག་པར་འགྱུར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་མེད་ན་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོད་པར་མི་འགྱུར། རང་སངས་རྒྱས་རྣམས་ཀྱང་འཇིག་རྟེན་དུ་འབྱུང་བར་མི་འགྱུར། དགྲ་བཅོམ་
པ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། རྒྱུན་དུ་ཞུགས་པ་རྣམས་ཀྱང་འཇིག་རྟེན་དུ་འབྱུང་བར་མི་འགྱུར། སེམས་ཅན་དམྱལ་བ་ཐམས་ཅད་ཀྱང་རྒྱུན་ཆད་པར་མི་འགྱུར། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་

ཀྱང་རྒྱུན་ཆད་པར་མི་འགྱུར། མི་ཁོམ་པ་ཐམས་ཅད་དང་དབུལ་པོ་ཐམས་ཅད་ཀྱང་རྒྱུན་ཆད་པར་མི་འགྱུར། འགྲོ་བ་དམན་པ་ཐམས་ཅད་རྒྱུན་ཆད་པར་མི་འགྱུར། འདོད་པའི་ཁམས་ཐམས་ཅད་ཀྱང་རྒྱུན་ཆད་པར་མི་འགྱུར། གཟུགས་ཀྱི་ཁམས་ཐམས་
ཅད་དང་། གཟུགས་མེད་པའི་ཁམས་ཐམས་ཅད་ཀྱང་རྒྱུན་ཆད་པར་མི་འགྱུར་རོ། །རབ་འབྱོར་དེ་བས་ན་གང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ་ཞེས་ཟེར་བ་ནི། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་རང་སངས་རྒྱས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་འཕགས་པ་
ཐམས་ཅད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་གཟུགས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་
བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་
མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་
སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་

བར་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་བར་དུ་གདགས་པ་དེ་དག་ཐམས་ཅད་ཀྱང་དེ་ཁོ་ན་བཞིན་ཏེ། དེ་བས་ན་དེ་བཞིན་ཉིད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་ཉིད་དེ་ལ་བསླབས་ཤིང་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པས། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་དེ་བཞིན་ཉིད་ཚད་མར་བྱས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །རབ་འབྱོར་དེ་ལྟར་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་དེ་བཞིན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་སློབ་
བོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་བསླབས་ཤིང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡོངས་སུ་རྫོགས་པར་བྱས་ཤིང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དབང་དུ་གྱུར་པ་ཐོབ་པར་བྱེད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་
ཉིད་ལ་དབང་དུ་གྱུར་པ་ཐོབ་པར་བྱས་ཤིང་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ལ་མཁས་པར་བྱེད་དོ། །དབང་པོ་ལ་མཁས་པར་བྱས་ཤིང་དབང་པོ་ཡོངས་སུ་རྫོགས་པར་བྱ་བ་ལ་མཁས་པ་ཐོབ་པར་བྱེད་དོ། །དབང་པོ་ཡོངས་སུ་རྫོགས་པར་བྱ་བ་ལ་མཁས་པ་ཐོབ་པར་བྱས་ཤིང་སེམས་
ཅན་རྣམས་ཀྱི་ལས་རང་གིས་བྱས་པ་ཤེས་པར་བྱེད་དོ། །སེམས་ཅན་རྣམས་ཀྱི་རང་གི་ལས་ཤེས་པར་བྱས་ཤིང་སྨོན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་དོ། །སྨོན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱས་ཤིང་དུས་གསུམ་དུ་ཡེ་ཤེས་རྣམ་པར་དག་པར་བྱེད་དོ། །དུས་གསུམ་དུ་ཡེ་
ཤེས་རྣམ་པར་དག་པར་བྱས་ཤིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ཞིང་སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་འགོད་དོ། །སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་བཀོད་ནས་ཕུང་པོ་ལྷག་མ་མ་
ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོན་ཏན་དང་ལེགས་པ་ཐམས་ཅད་མཐོང་ནས་བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་
པར་བྱའོ། །གཞན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་སྤྱོད་པ་
དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བར་འོས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་
ལ་སྤྱོད་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བར་འོས་པའོ་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་བསྒོམ་པའི་ལམ་གྱི་ཡེ་ཤེས་དང་ལྡན་པ་ནི་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ནོ།། །།གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེའི་བསོད་ནམས་ཇི་ཙམ་ཞིག་ཏུ་འཕེལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཉན་ཐོས་ཀྱི་ས་ལ་གནས་པར་འགྱུར། རང་སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་ན་སེམས་ཅན་དེ་དག་གི་བསོད་ནམས་མང་དུ་འཕེལ་ལམ། གསོལ་པ་བཅོམ་

ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཚད་མ་མཆིས་སོ། །བདེ་བར་གཤེགས་པ་ཚད་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་
ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པར་འགྱུར་བའི་བསོད་ནམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་དང་ལྡན་པའི་བསོད་ནམས་ལས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དང་ལྡན་པའི་བསོད་ནམས་ཀྱི་ཚོགས་དེ་ལ་ནི་
སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་པར་གྱུར་པ་དེ་དག་གི་བསོད་ནམས་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་
ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་གང་ཟག་ཉན་ཐོས་དང་
རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཏེ། ཉན་ཐོས་དང་རང་སངས་རྒྱས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་
ཀྱི་ཐེག་པ་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཉན་ཐོས་ཀྱི་ཡོན་ཏན་དང་ལྡན་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་
ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྱི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་

རྣམས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་ཡོན་ཏན་དང་ལྡན་པར་གྱུར་པ་
འམ། རང་སངས་རྒྱས་ཀྱི་ཡོན་ཏན་དང་ལྡན་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དཀར་པོ་རྣམ་པར་མཐོང་བའི་ས་ལ་གནས་པར་གྱུར་ཀྱང་དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་
དཔའ་ལས་བྱུང་བ་ནི་དཀར་པོ་རྣམ་པར་མཐོང་བའི་ས་ལ་གནས་པ་རྣམས་ཏེ། དཀར་པོ་རྣམ་པར་མཐོང་བའི་ས་འབྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དཀར་པོ་རྣམ་
པར་མཐོང་བའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་རིགས་ཀྱི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་
བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་རིགས་ཀྱི་ས་ལ་གནས་པ་
རྣམས་ཏེ། རིགས་ཀྱི་ས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རིགས་ཀྱི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་

འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བརྒྱད་པའི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་
ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་བརྒྱད་པའི་ས་རྣམས་ཏེ། བརྒྱད་པའི་ས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བརྒྱད་པའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་མཐོང་བའི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་
ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན།
བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་མཐོང་བའི་ས་རྣམས་ཏེ། མཐོང་བའི་ས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་མཐོང་བའི་ས་ལ་གནས་པར་གྱུར་པ་
ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བསྲབས་པའི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་
དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་བསྲབས་པའི་ས་ལ་གནས་པ་རྣམས་ཏེ། བསྲབས་པའི་ས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བསྲབས་པའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་
འདོད་ཆགས་དང་བྲལ་བའི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་
ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་འདོད་ཆགས་དང་བྲལ་བའི་ས་ལ་གནས་པ་རྣམས་ཏེ། འདོད་ཆགས་དང་བྲལ་བའི་ས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་
ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་འདོད་ཆགས་དང་བྲལ་བའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བྱས་པ་རྟོགས་པའི་ས་ལ་གནས་པར་གྱུར་
ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་
དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་བྱས་པ་རྟོགས་པའི་ས་ལ་གནས་པ་རྣམས་ཏེ། བྱས་པ་རྟོགས་པའི་ས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་
ཐམས་ཅད་བྱས་པ་རྟོགས་པའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་རང་སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་

པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་རང་སངས་རྒྱས་རྣམས་
ཏེ། རང་སངས་རྒྱས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་
སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་ཞུགས་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་
ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པ་རྣམས་ཏེ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པ་ལས་བྱུང་བ་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པར་གྱུར་པར་ལྟ་ཞོག་གི་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་
དེ་དག་ཐམས་ཅད་བྱང་ཆུབ་ཏུ་ཞུགས་པར་གྱུར་ཀྱང་དེ་དག་གི་བསོད་ནམས་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་
སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་སུ་ཡང་མི་བཟོད། ཆར་ཡང་མི་བཟོད། བགྲང་བར་ཡང་མི་བཟོད། དཔེར་ཡང་མི་བཟོད། རྒྱུར་ཡང་མི་བཟོད་དོ་ཞེས་བྱ་བ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་ཡིན་ནོ།། །།གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་སེམས་དང་པོ་བསྐྱེད་པས་ཅི་ཡིད་ལ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱའོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་སངས་རྒྱས་ཉིད་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དངོས་པོ་ཇི་ལྟ་བུ་ཞིག་མཆིས། དམིགས་པ་ཇི་ལྟ་བུ་ཞིག་མཆིས། དབང་སྒྱུར་བ་ཇི་ལྟ་བུ་ཞིག་མཆིས། རྣམ་པ་ཇི་ལྟ་བུ་ཞིག་མཆིས། མཚན་ཉིད་ཇི་ལྟ་བུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཅེས་བྱ་བ་ནི་དངོས་པོ་མེད་པ། མཚན་ཉིད་མེད་པ། མཚན་མ་མེད་པ། བྱེད་པ་མེད་པ། སྐྱེ་བ་མེད་པ། འབྱུང་བ་མེད་པ་སྟེ། རབ་འབྱོར་གང་ཡང་འདི་སྐད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་ཇི་ལྟ་བུ། དབང་སྒྱུར་བ་ནི་ཇི་ལྟ་བུ། རྣམ་པ་ནི་ཇི་ལྟ་བུ།
མཚན་ཉིད་ནི་ཇི་ལྟ་བུ་ཞེས་ཟེར་བ་ནི། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པ། བདག་པོ་ནི་དྲན་པ། རྣམ་པ་ནི་ཞི་བ། མཚན་ཉིད་ནི་མཚན་ཉིད་མེད་པ་ཡིན་ཏེ། རབ་འབྱོར་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པའོ། །འདི་ནི་
དབང་སྒྱུར་བའོ། །འདི་ནི་རྣམ་པའོ། །འདི་ནི་མཚན་ཉིད་དོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་དང་། བདག་པོ་དང་རྣམ་པ་ཡིན་ཏེ། འདི་དག་གིས་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་གསུངས་པའོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་དངོས་པོ་མ་མཆིས་པ་ལགས་སམ། འོན་ཏེ་གཟུགས་ཀྱང་དངོས་པོ་མ་མཆིས་པ་ལགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས། སྐྱེ་མཆེད་དང་། ཁམས་དང་། རྟེན་
ཅིང་འབྲེལ་པར་འབྱུང་བ་ཡང་དངོས་པོ་མ་མཆིས་པ་ལགས། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དངོས་པོ་མ་མཆིས་པ་ལགས། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་

དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་
གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ཡང་དངོས་པོ་མ་མཆིས་པ་
ལགས། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་མེད་པའོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་
རྣམས་དང་། རྣམ་པར་ཤེས་པ་ཡང་དངོས་པོ་མེད་པའོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དངོས་པོ་མེད་པའོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དངོས་པོ་མེད་པའོ། །
འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་
པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་དངོས་པོ་མེད་པའོ། །བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་
སྙོམས་ཆེན་པོ་ཡང་དངོས་པོ་མེད་པའོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཀྱང་དངོས་པོ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ངོ་བོ་ཉིད་མེད་དེ། རབ་འབྱོར་གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའོ། །གསོལ་པ།

བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ངོ་བོ་ཉིད་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྦྱོར་བ་ལས་བྱུང་བ་ནི་ངོ་བོ་ཉིད་མེད་དེ། གང་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་
པའོ། །རབ་འབྱོར་རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ་ཞེས་བྱ་བ་ནི་དམིགས་པ་འཐད་པ་ལ་ལོག་པར་རྟོག་པ་ཡིན་ནོ།། །།རབ་འབྱོར་འདི་ལྟར་ཡང་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པའི་ངོ་བོ་ཉིད་དོ། །
ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་ངོ་བོ་ཉིད་དོ། །རབ་འབྱོར་འདི་ལྟར་ཡང་ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་ཡང་དག་པའི་མཐའི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་འདི་ལྟར་ཆོས་ཐམས་ཅད་
ནི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ཐབས་གང་དང་ལྡན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་ལ་སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་
སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། ནམ་མཁའ་མཐའ་ཡས་

སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་
ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་།
དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་།
གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་
པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡོངས་སུ་འདྲིས་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་དེ་
དག་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པ་དེ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་

རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་
ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གྱི་བར་ལ་སྤྱོད་ཅིང་བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་
པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ཅིང་བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་
དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་ཅིང་བྱང་ཆུབ་ཀྱི་ལམ་ལ་
ཡོངས་སུ་འདྲིས་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ཅིང་བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བྱང་ཆུབ་ཀྱི་ལམ་དེ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རབ་ཏུ་ཤེས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ནམ་དེ་བཞིན་
གཤེགས་པའི་སྟོབས་བཅུ་དང་ལྡན་པར་མ་གྱུར་པ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པར་མ་གྱུར་པ་དེའི་བར་དུ་བྱང་ཆུབ་
ཀྱི་ལམ་དེ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའི་ལམ་སྟེ། ལམ་དེ་ལ་གནས་ཤིང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །དེའི་ཚེ་དེའི་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཀྱང་མི་སྐྱེ་བར་སྤངས་པས་ཡོངས་སུ་སྤོང་བར་འགྱུར་ཏེ་ཞེས་བྱ་བ་ནི་དམིགས་པའི་ངོ་བོ་ཉིད་ལ་ལོག་པར་རྟོག་པ་ཡིན་ནོ།། །།དེས་སངས་རྒྱས་ཀྱི་སྤྱན་གྱིས་སྟོང་གསུམ་གྱི་སྟོང་ཆེན་
པོའི་འཇིག་རྟེན་གྱི་ཁམས་ལ་རྣམ་པར་ལྟ་བ་ན་དངོས་པོ་མེད་པར་ཡང་མི་དམིགས་ན། དངོས་པོ་ཡོད་པར་ལྟ་སྨོས་ཀྱང་ཅི་དགོས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་ཡོངས་སུ་གཏོང་སྟེ། དེ་ལྟར་སྦྱིན་པ་ཡོངས་སུ་
གཏོང་ཡང་མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པའམ་དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །ལེན་པ་ལ་ཡང་མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པའམ་དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །གཏོང་བ་ལ་ཡང་མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པའམ་
དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །བྱང་ཆུབ་ཀྱི་སེམས་དེ་ཡང་མི་དམིགས་ཏེ། མཚན་མར་མི་བྱེད་ཡུལ་དུ་མི་བྱེད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་སྲུང་། བཟོད་པ་སྒོམ། བརྩོན་འགྲུས་རྩོམ། བསམ་གཏན་གོམས་
པར་བྱེད། ཤེས་རབ་སྒོམ་སྟེ། དེ་ལྟར་ཤེས་རབ་སྒོམ་ཡང་མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པའམ་དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །གང་ཤེས་རབ་དེ་ལ་སྒོམ་པ་དེ་ཡང་མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པའམ་དངོས་པོ་མེད་པ་ཡང་ཡིད་ལ་མི་བྱེད་དོ། །
སེམས་ཅན་གང་གི་དོན་དུ་ཤེས་རབ་དེ་ལ་སྒོམ་པ་དེ་དག་ལའང་མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པའམ་དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་
དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་

དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་
དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པའམ་དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཀྱི་བར་ཡང་མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པའམ་དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དེ་ལ་ཡང་མི་རྟོག་མཚན་
མར་མི་བྱེད་དེ། དངོས་པོ་ཡོད་པའམ་དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ་དེ་དག་སངས་རྒྱས་རྣམས་ཀྱིས་ཀྱང་མ་མཛད། རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱིས་ཀྱང་མ་བྱས་ཏེ། ཆོས་ཐམས་ཅད་ནི་བྱེད་
པ་པོ་མེད་པ་བྱེད་པ་པོ་དང་བྲལ་བའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ལགས་ན། ཆོས་རྣམས་ནི་ཆོས་རྣམས་ཉིད་དང་བྲལ་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་རྣམས་ནི་ཆོས་རྣམས་ཉིད་
དང་བྲལ་བའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་རྣམས་ཆོས་རྣམས་ཉིད་དང་བྲལ་བ་ལགས་ན། ཇི་ལྟར་ཆོས་ཀྱིས་ཆོས་ལ་དངོས་པོ་མཆིས་ཞེས་བགྱི་བའམ། དངོས་པོ་མ་མཆིས་ཞེས་བགྱི་བར་ཡོངས་སུ་འཚལ་བར་འགྱུར། བཅོམ་ལྡན་འདས་དངོས་པོ་མ་
མཆིས་པའི་ཆོས་ཀྱིས་དངོས་པོ་མ་མཆིས་པའི་ཆོས་ཡོངས་སུ་འཚལ་བར་མི་རུང་སྟེ། དངོས་པོ་མཆིས་པའི་ཆོས་ཀྱིས་ཀྱང་དངོས་པོ་མཆིས་པའི་ཆོས་ཡོངས་སུ་འཚལ་བར་མི་རུང་ངོ་། །དངོས་པོ་མ་མཆིས་པའི་ཆོས་ཀྱིས་ཀྱང་དངོས་པོ་མཆིས་པའི་ཆོས་འཚལ་བར་མི་རུང་ངོ་། །དངོས་པོ་

མཆིས་པའི་ཆོས་ཀྱིས་ཀྱང་དངོས་པོ་མ་མཆིས་པའི་ཆོས་འཚལ་བར་མི་རུང་ངོ་། །དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་འཚལ་བ་མ་མཆིས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དངོས་པོ་མཆིས་པའམ་དངོས་པོ་མ་མཆིས་པར་སེམས་པར་ཡང་ག་ལ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འཇིག་རྟེན་གྱི་ཀུན་རྫོབ་ཉེ་བར་བཟུང་བས་དངོས་པོ་ཡོད་ཅེས་བྱ་བའམ་དངོས་པོ་མེད་ཅེས་བྱ་བར་སྟོན་ཏེ། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་
ལོག་པར་རྟོག་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་ཅི་ལགས། འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ཞིག་ལ་དོན་དམ་པ་ཡང་གཞན་ཞིག་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ཞིག་ལ་དོན་དམ་པའང་གཞན་
ཞིག་ཡིན་ཞེས་བྱ་བ་ཡང་མེད་དེ། འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་དེ་བཞིན་ཉིད་ཡིན་ཡང་། དེ་ལ་སེམས་ཅན་དེ་དག་ཕྱིན་ཅི་ལོག་ཏུ་གྱུར་པས་དེ་བཞིན་ཉིད་དེ་མི་ཤེས་མི་མཐོང་སྟེ། དེ་དག་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་
རྟེན་གྱི་ཀུན་རྫོབ་ཀྱི་དངོས་པོ་ཡོད་ཅེས་བྱ་བའམ་དངོས་པོ་མེད་ཅེས་བྱ་བར་བརྗོད་དོ། །རབ་འབྱོར་འདི་ལྟར་ཡང་སེམས་ཅན་གང་ཇི་སྙེད་ཅིག་ཕུང་པོ་ལྔ་ལ་དངོས་པོ་ཡོད་པའི་འདུ་ཤེས་སུ་གྱུར་ཏེ། དངོས་པོ་མེད་པར་མི་ཤེས་པ་དེ་དག་གི་དོན་དུ་ཆོས་རྣམས་རབ་ཏུ་དབྱེ་བ་ཉེ་བར་བཟུང་སྟེ། དངོས་པོ་
མེད་པ་ཇི་ལྟར་ཤེས་པར་འགྱུར་ཞེ་ན་དེ་སྐད་དུ་བརྗོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱའོ་ཞེས་བྱ་བ་ནི་བདེན་པ་གཉིས་ལ་ལོག་པར་རྟོག་པ་ཡིན་ནོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་
སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བགྱི་ན། དེ་སྐད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བགྱི་བ་དེ་གང་གི་ཚིག་བླ་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱང་ཆུབ་

སེམས་དཔའི་སྤྱོད་པ་ཞེས་བྱ་བ་ནི་དེ་བྱང་ཆུབ་ཀྱི་དོན་དུ་སྤྱོད་པས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
གཟུགས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མི་འགྱུར་བ་དེ་ལྟར་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ་ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མི་འགྱུར་བ་དེ་ལྟར་སྤྱོད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་
ཅིང་འབྲེལ་པར་འབྱུང་བ་སྟོང་པ་ཞེས་བྱ་བར་སྤྱོད་དོ། །ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མི་འགྱུར་བ་དེ་ལྟར་སྤྱོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་
གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཞེས་བྱ་བར་སྤྱོད། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྟོང་པ་ཞེས་བྱ་བར་སྤྱོད། བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་
གཏན་བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟོང་པ་ཞེས་བྱ་བར་སྤྱོད།
དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཞེས་བྱ་བར་སྤྱོད། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་
དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་།

ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟོང་པ་ཞེས་བྱ་བར་སྤྱོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོང་པ་ཞེས་བྱ་བར་སྤྱོད། སངས་རྒྱས་
ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སྤོབས་པ་དང་། ཡི་གེ་མངོན་པར་སྒྲུབ་པ་སྟོང་པ་ཞེས་བྱ་བར་སྤྱོད། ཡི་གེ་ལ་འཇུག་པ་དང་། ཡི་གེ་མེད་པ་ལ་འཇུག་པ་སྟོང་པ་ཞེས་བྱ་བར་སྤྱོད། ཕྲ་མོ་ལ་འཇུག་པ་སྟོང་པ་ཞེས་བྱ་བར་སྤྱོད། གཟུགས་སྟོང་པ་
ཞེས་བྱ་བར་སྤྱོད། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མི་འགྱུར་བ་དེ་ལྟར་སྤྱོད། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བྱང་ཆུབ་ཏུ་སྤྱོད་པ་
ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ་ཞེས་བྱ་བ་ནི་སྦྱོར་བ་ལ་ལོག་པར་རྟོག་པ་ཡིན་ནོ།། །།བམ་པོ་དྲུག་ཅུ་གཅིག་པ། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་སངས་
རྒྱས་ཞེས་བགྱི་ན་སངས་རྒྱས་ཞེས་བགྱི་བ་དེ་གང་གི་ཚིགས་བླ་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཡང་དག་པའི་དོན་ནི་སངས་རྒྱས་ཞེས་བྱ་སྟེ། རབ་འབྱོར་ཡང་འདི་ལྟར་དེས་ཡང་དག་པའི་ཆོས་མངོན་པར་རྫོགས་པར་སངས་རྒྱས་པས་དེའི་ཕྱིར་སངས་
རྒྱས་ཞེས་བྱའོ། །ཡང་དག་པའི་དོན་རབ་ཏུ་རྟོགས་པས་དེའི་ཕྱིར་སངས་རྒྱས་ཞེས་བྱའོ། །རབ་འབྱོར་ཡང་འདི་ལྟར་དེ་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པས་དེའི་ཕྱིར་སངས་རྒྱས་ཞེས་བྱའོ་ཞེས་བྱ་བ་ནི་སངས་རྒྱས་དཀོན་མཆོག་ལ་ལོག་པར་རྟོག་པ་ཡིན་ནོ།། །།
རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་བྱང་ཆུབ་ཅེས་བགྱི་ན་བྱང་ཆུབ་ཅེས་བགྱི་བ་དེ་གང་གི་ཚིག་བླ་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་ཅེས་བྱ་བ་དེ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ། །དེ་ནི་དེ་བཞིན་ཉིད་ཀྱི་ཚིག་བླ་

དགས་སོ། །དེ་ནི་མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའི་ཚིག་བླ་དགས་སོ། །རབ་འབྱོར་ཡང་འདི་ལྟར་བྱང་ཆུབ་ཅེས་
བྱ་བ་དེ་ནི་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་རྣམ་པ་གཞན་དུ་མི་འགྱུར་བ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་འབྱོར་འདི་ལྟར་ཡང་འདི་ལྟ་སྟེ། བྱང་ཆུབ་ཅེས་བྱ་བ་འདི་ནི་མིང་དང་མཚན་མ་ཙམ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་འབྱོར་ཡང་འདི་ལྟར་
ཡང་དག་པའི་དོན་ནི་བྱང་ཆུབ་ཀྱི་དོན་ཏོ། །རབ་འབྱོར་ཡང་འདི་ལྟར་དེ་ནི་ཆོས་ཐམས་ཅད་མིང་དང་མཚན་མ་ཙམ་དུ་རྟོགས་པར་བྱེད་པ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་འབྱོར་ཡང་འདི་ལྟར་དབྱེར་མེད་པའི་དོན་ནི་བྱང་ཆུབ་ཀྱི་དོན་ཏོ། །རབ་འབྱོར་ཡང་འདི་ལྟར་དེ་ནི་སངས་རྒྱས་
བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་འབྱོར་ཡང་འདི་ལྟར་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མངོན་པར་རྫོགས་པར་སངས་རྒྱས་པས་ན། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ་ཞེས་བྱ་བ་ནི་ཆོས་དཀོན་མཆོག་ལ་ལོག་པར་རྟོག་པ་ཡིན་ནོ།། །།
གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་འདིའི་དོན་དུ་སྤྱོད་པ་དེ་ཅི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། སྟོང་པ་ཉིད་ཐམས་ཅད་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་དང་།
བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་
ཀྱི་སྒོ་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པ་ལགས་སམ། ཆོས་གང་ཞིག་འོང་བའམ། འགྲོ་བའམ། ཉམས་

པའམ། འཕེལ་བའམ། སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ལ་སྤྱོད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་འདི་ལ་སྤྱོད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་
སྤྱོད་པ་དང་། སྟོང་པ་ཉིད་ཐམས་ཅད་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་
སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པ་དེ་ལ་ཆོས་གང་ཡང་ཚོགས་སུ་འགྱུར་བའམ། འགྲིབ་པའམ། འགོང་བའམ། འཕེལ་བའམ། སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་བ་གང་ཡང་མེད་དོ། །
དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་ནི་ཆོས་གང་ཡང་ཚོགས་སུ་འགྱུར་བའམ། འགྲིབ་པར་བྱ་བའམ། འགོང་བར་བྱ་བའམ། འཕེལ་བར་བྱ་བའམ། སྐྱེ་བར་བྱ་བའམ། འགག་པར་བྱ་བའམ། ཀུན་
ནས་ཉོན་མོངས་པར་བྱ་བའམ། རྣམ་པར་བྱང་བར་བྱ་བའི་ཕྱིར་དེ་དམིགས་པའི་ཚུལ་གྱིས་ཉེ་བར་གནས་པར་བྱ་བ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་ནི་ཆོས་གང་
ཡང་ཚོགས་སུ་འགྱུར་བའམ། འགྲིབ་པར་བགྱི་བའམ། འགོང་བར་བགྱི་བའམ། འཕེལ་བར་བགྱི་བའམ། སྐྱེ་བར་བགྱི་བའམ། འགག་པར་བགྱི་བའམ། ཀུན་ནས་ཉོན་མོངས་པར་བགྱི་བའམ། རྣམ་པར་བྱང་བར་བགྱི་བའི་སླད་དུ་དམིགས་པའི་ཚུལ་གྱིས་ཉེ་བར་གནས་

པ་མ་ལགས་ན། བཅོམ་ལྡན་འདས་འོ་ན་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པར་འགྱུར། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པར་འགྱུར། ཇི་ལྟར་ནང་སྟོང་པ་ཉིད་ལ་སྤྱོད་པར་འགྱུར། ཇི་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་
ཀྱི་བར་ལ་སྤྱོད་པར་འགྱུར། ཇི་ལྟར་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པར་འགྱུར། ཇི་ལྟར་འཕགས་པའི་བདེན་པ་དང་།
བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་།
གཟུངས་ཀྱི་སྒོ་ལ་སྤྱོད་པར་འགྱུར། ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པར་འགྱུར། ཇི་ལྟར་བྱང་ཆུབ་སེམས་དཔའི་ས་བཅུ་ལ་སྤྱོད་པར་འགྱུར། ཇི་ལྟར་
ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར། ཇི་ལྟར་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་གཉིས་སུ་སྤྱོད་པའི་བློ་མེད་དེ།
རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཉིས་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གཉིས་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་

དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གཉིས་ཀྱིས་ནང་སྟོང་པ་ཉིད་ལ་མི་སྤྱོད་དོ། །གཉིས་ཀྱིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མི་སྤྱོད་དོ། །གཉིས་ཀྱིས་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་
ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མི་སྤྱོད་དོ། །གཉིས་ཀྱིས་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།
སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ལ་མི་སྤྱོད་དོ། །གཉིས་ཀྱིས་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་མི་སྤྱོད་དོ། །གཉིས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་
ལ་མི་སྤྱོད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་གཉིས་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གཉིས་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་
ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད། གཉིས་ཀྱིས་སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་མི་སྤྱོད། གཉིས་ཀྱིས་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་
སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ལ་མི་སྤྱོད། གཉིས་ཀྱིས་དེ་བཞིན་གཤེགས་
པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་མི་སྤྱོད། གཉིས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མི་སྤྱོད་ན། འོ་ན་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་མང་པོས་རྣམ་

པར་སྤྱོད་པ་དེ་དག་འཕེལ་བར་འགྱུར་བས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སེམས་སླད་མ་བསྐྱེད་པའི་བར་དུ་དགེ་བའི་རྩ་བ་མང་པོས་རྣམ་པར་འཕེལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སུ་གང་གཉིས་ལ་སྤྱོད་པ་དེ་དག་ནི་དགེ་
བའི་རྩ་བ་རྣམ་པར་འཕེལ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་གཉིས་ལ་བརྟེན་པ་སྟེ། དེ་དག་ནི་དགེ་བའི་རྩ་བས་རྣམ་པར་མི་འཕེལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཉིས་ལ་མི་སྤྱོད་དེ། དེ་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་
བར་བཟུང་སྟེ། སེམས་ཕྱི་མ་བསྐྱེད་པའི་བར་དུ་དགེ་བའི་རྩ་བས་རྣམ་པར་འཕེལ་ཏེ། དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་དགེ་བའི་རྩ་བ་གང་གིས་ཉམས་སྨད་པས་ཉ