Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 84
Văn bản gốc(Tây Tạng)
Trang 7 / 22 (50.000 ký tự/trang)
་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉན་ཐོས་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ཏེ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །ཡོངས་སུ་མྱ་ངན་ལས་འདའོ། །ཡོངས་སུ་མྱ་ངན་ལས་ འདའ་བར་འགྱུར་རོ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཏད་པ་ཡིན་ནོ། །ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ཉན་ཐོས་ཀྱི་ས་ལས་བརྩམས་ཏེ་ཆོས་སྟོན་པའི་ཆོས་བསྟན་པ་དེས་སྟོང་གསུམ་གྱི་ སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་གྱུར་ཀྱང་ད་དུང་ཉན་ཐོས་ཀྱིས་ངའི་ཉན་ཐོས་ཀྱི་བྱ་བ་བྱས་པར་མི་འགྱུར་གྱི། ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིག་འགའ་ཞིག་བརྗོད་པ་དེ་བསྟན་ཀྱང་ཉན་ཐོས་ཀྱིས་ང་དགྱེས་པར་བྱས་པ་མ་ཡིན་ཏེ། ཉན་ཐོས་ཀྱིས་ཉན་ཐོས་ཀྱི་བྱ་བ་བྱས་པར་འགྱུར་རོ། །ཀུན་དགའ་བོ་དེ་ཇི་སྙམ་དུ་སེམས། ཆོས་བསྟན་པ་སྔ་མ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། མིའི་ལུས་ཐོབ་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་དུ་བྱས་པར་གྱུར་ན། དགྲ་བཅོམ་པ་དེ་དག་གིས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དེ་དག་མང་ངམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བས་གང་ཟག་ཉན་ཐོས་ ཀྱི་ཐེག་པ་པ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཆུང་ངུ་ན་ཉི་མ་གཅིག་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་རོ། །ཀུན་དགའ་བོ་ཉིན་གཅིག་ལྟ་ཞོག་གི་གལ་ཏེ་ཉི་མ་ཕྱེད་དམ། ཀུན་ དགའ་བོ་ཉི་མ་ཕྱེད་ལྟ་ཞོག་གི །གལ་ཏེ་སྔ་དྲོ་གཅིག་གམ། ཀུན་དགའ་བོ་སྔ་དྲོ་གཅིག་ལྟ་ཞོག་གི །གལ་ཏེ་ཆུ་ཚོད་གཅིག་ཙམ་མམ། ཀུན་དགའ་བོ་ཆུ་ཚོད་གཅིག་ཙམ་ལྟ་ཞོག་གི །གལ་ཏེ་སྐད་ཅིག་གམ། ཐང་ཅིག་གམ། ཡུད་ཙམ་མམ། ཐ་ན་མིག་འཛུམས་ པ་ཙམ་གྱི་ཚོད་དུ་ཡང་གང་ཟག་ཉན་ཐོས་ཀྱི་ཐེག་པ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་ན། ཀུན་དགའ་བོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་དེས་ཟིལ་གྱིས་ནོན་པར་འགྱུར་རོ། །ཀུན་དགའ་བོ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ལ་ཆུང་ངུ་ན་ཉི་མ་གཅིག་གམ། ཉི་མ་ཕྱེད་དམ། སྔ་དྲོ་གཅིག་གམ། ཆུ་ཚོད་གཅིག་ཙམ་མམ། སྐད་འགའ། ཡུད་འགའ། ཐང་འགའ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟིལ་གྱིས་ནོན་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ལ། གཞན་ཡང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་དགའ་བར་བྱེད་པ་ཡིན། གཟེངས་བསྟོད། ཡང་དག་པར་འཛིན་དུ་འཇུག །ཡང་དག་པར་འགོད་པར་བྱེད། ཡང་དག་པར་རབ་ཏུ་གནས་པར་བྱེད་པའི་ཕྱིར་ཏེ། ཀུན་དགའ་བོ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་ རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སྤྱོད་པ་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་ པ་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་ བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པ་དེ་དག་དགེ་བའི་རྩ་བ་མང་པོས་རྣམ་པར་འཕེལ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པའི་གནས་མེད་སྐབས་མེད་དེ་ དེ་ནི་གནས་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་བཞི་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་ལྟར་འཁོད་པ་ རྣམས་ཀྱི་མདུན་དུ་རྫུ་འཕྲུལ་མངོན་པར་འདུ་མཛད་པ་གང་མངོན་པར་འདུ་མཛད་པས། ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་འཁོར་རྒྱ་མཚོ་ལྟ་བུ་འཁྲུགས་པ་མེད་པ། ཀུན་ཀྱང་དགྲ་བཅོམ་པ། ཟག་པ་ ཟད་པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་སྦྱོར་བ། ཡོངས་སུ་ཟད་པ་དང་། ཡང་དག་པར་ ཀུན་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཅན་ཐམས་ཅད་ལ་དབང་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ཤ་སྟག་གི་དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་གིས་ཀུན་ནས་བསྐོར་ཞིང་མདུན་དུ་བདར་བ་མཐོང་བར་འགྱུར་བ་དེ་ལྟ་ བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་ཕྱིར་བརྟུལ་བར་གྱུར་ཏོ། རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་ཕྱིར་བརྟུལ་བར་གྱུར་ནས། འཁོར་བཞི་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡང་མ་མཐོང་། གང་ཟག་ཉན་ཐོས་སམ། བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་དག་ཀྱང་མ་མཐོང་ངོ་། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ ཞིང་དེ་ཡང་མ་མཐོང་ངོ་། །སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཡང་མིག་ལམ་དུ་མི་སྣང་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་ཕྱིར་བརྟུལ་བར་མཛད་ པས་དེའི་ཕྱིར་དེ་དག་གིས་མ་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དང་། དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དེ་ཡང་མ་མཐོང་། དེ་བཞིན་གཤེགས་པ་དེ་ཡང་མ་མཐོང་། དགེ་སློང་གི་དགེ་འདུན་དེ་ ཡང་མ་མཐོང་། བྱང་ཆུབ་སེམས་དཔའི་དགེ་འདུན་དེ་ཡང་མ་མཐོང་སྟེ། མིག་ལམ་དུ་ཡང་མི་གདའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མིག་ལམ་དུ་སྣང་བ་མ་ཡིན་ཏེ། ཆོས་ལ་ཆོས་སྣང་བར་མི་འགྱུར། ཆོས་ ཀྱིས་ཆོས་མི་མཐོང་། ཆོས་ཀྱིས་ཆོས་མི་ཤེས་སོ། །ཀུན་དགའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དང་། ཉན་ཐོས་དེ་དག་དང་། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་དག་དང་། སངས་རྒྱས་ཀྱི་ཞིང་ དེ་མིག་ལམ་དུ་སྣང་བར་མ་གྱུར་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མིག་ལམ་དུ་སྣང་བ་མ་ཡིན་ཏེ། ཆོས་ལ་ཆོས་སྣང་བར་མི་འགྱུར། ཆོས་ཀྱིས་ཆོས་མི་མཐོང་། ཆོས་ཀྱིས་ཆོས་མི་ཤེས་སོ། །ཀུན་དགའ་བོ་ཆོས་ཐམས་ཅད་ནི་ཤེས་པ་མེད་པ། མཐོང་བ་མེད་པ། བྱེད་པ་ མེད་པ། བྱ་བ་ལ་མཐུ་མེད་པ་ཤ་སྟག་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཐམས་ཅད་ནི་ནམ་མཁའ་ལྟར་གཡོ་བ་མེད་པ་འཛིན་པ་མེད་པས་བྱེད་པ་མེད་ཅིང་འཛིན་པ་མེད་པའོ། །ཀུན་དགའ་བོ་ཆོས་ཐམས་ཅད་ནི་སྒྱུ་མའི་སྐྱེས་བུ་ལྟ་བུ་སྟེ་བསམ་གྱིས་མི་ཁྱབ་ པའོ། །ཀུན་དགའ་བོ་ཆོས་ཐམས་ཅད་ནི་སེམས་དང་བྲལ་ཞིང་རྣམ་པར་བསྒྲུབ་པ་ལ་སོ་སོར་གནས་པའི་མཚན་ཉིད་དེ་སྙིང་པོ་མེད་པའི་ཕྱིར་ཚོར་བ་མེད་པའོ། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ། ཆོས་གང་ལ་ ཡང་མངོན་པར་ཆགས་པ་མེད་དོ། །ཀུན་དགའ་བོ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བར་འདོད་པས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་བྱའོ། །དེ་ལྟར་སློབ་པ་ནི་རབ་ཅེས་བྱའོ། །གཙོ་བོ་ཞེས་བྱའོ། །མཆོག་ཅེས་བྱའོ། །དམ་པ་ཞེས་བྱའོ། །ཕུལ་ཞེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མེད་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ། །མཉམ་པ་མེད་ པ་ཞེས་བྱའོ། །མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །འཇིག་རྟེན་ཐམས་ཅད་ལ་ཕན་པ་དང་། འཇིག་རྟེན་ཐམས་ཅད་ལ་བདེ་བ། མགོན་མེད་པ་རྣམས་ལ་མགོན་དུ་གྱུར་པ། སངས་རྒྱས་ཀྱི་སྣང་བ། སངས་རྒྱས་ཀྱིས་བསྔགས་པ་སྟེ། དེ་ལ་གནས་ཤིང་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཕྱག་གཡས་པས་གྱེན་དུ་བཏེག་ཅིང་ཕྱིར་གཞོག་ཀྱང་སེམས་ཅན་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ བཏེག་གོ་ཞེས་བྱ་བ་དང་གཞོག་གོ་ཞེས་བྱ་བར་མི་ཤེས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་པས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ལ་ཐོགས་པ་ མི་མངའ་བའི་ཡེ་ཤེས་ཀྱི་གཟིགས་པ་གྲུབ་པ་ཡིན་ཏེ། ཀུན་དགའ་བོ་བསླབ་པ་གང་ཇི་སྙེད་ཅིག་ཡོད་པའི་བསླབ་པ་ཐམས་ཅད་ཀྱི་ནང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནི་རབ་ཅེས་བྱའོ། །གཙོ་བོ་ཞེས་བྱའོ། །མཆོག་ཅེས་བྱའོ། །དམ་པ་ཞེས་བྱའོ། །ཕུལ་ ཞེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མེད་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ། །མཉམ་པ་མེད་པ་ཞེས་བྱའོ། །མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །ཀུན་དགའ་བོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚད་གཟུང་བའམ། མཐའ་བཙལ་བར་འདོད་པ་ ནི་ནམ་མཁའ་ཚད་གཟུང་བའམ། མཐའ་བཙལ་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མེད་པ་སྟེ། ཀུན་དགའ་བོ་ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚད་མ་བསྟན་པ་མེད་དོ། །མིང་མང་པོ་དང་། ཚིག་མང་ པོ་དང་འབྲུ་མང་པོ་ལ་ནི་ཚད་མ་དང་འབྲེལ་པ་ཡོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཚད་མ་དང་འབྲེལ་པ་མེད་དོ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པའི་རྒྱུ་གསུམ་པ་སྟེ། འདི་དག་གིས་ནི་རྒྱུ་གསུངས་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་ཅིའི་ སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚད་མ་དང་འབྲེལ་པ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་མི་ཟད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚད་མ་དང་འབྲེལ་པ་མེད་དོ། །ཀུན་དགའ་བོ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་ཚད་མ་དང་འབྲེལ་པ་མེད་དོ། །ཀུན་དགའ་བོ་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་བྱུང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟད་ པར་མ་གྱུར་ཏོ། །ཀུན་དགའ་བོ་མ་འོངས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་བྱུང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟད་པར་འགྱུར་བ་ མེད་དོ། །ཀུན་དགའ་བོ་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་ དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་བྱུང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟད་པར་བྱ་བར་སེམས་པ་དེ་ནི་ནམ་མཁའ་ཟད་པར་བྱ་བར་སེམས་སུ་ཟད་དེ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཟད་མི་ཟད་ཟད་པར་མི་ འགྱུར་རོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་ རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །དེ་བཞིན་གཤེགས་ པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །ཆོས་ དེ་དག་ལ་ནི་སྐྱེ་བའང་མེད་ན་དེ་དག་ཟད་པར་འགྱུར་བ་ལྟ་ག་ལ་ཡོད་ཅེས་བྱ་བ་ནི་ཟད་པ་དང་སྐྱེ་བ་མེད་པའི་བྱང་ཆུབ་ཆེན་པོ་ཡིན་ནོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལྗགས་ཀྱི་དབང་པོ་བཀྲམ་སྟེ། ཞལ་གྱི་དཀྱིལ་འཁོར་ཐམས་ཅད་ལྗགས་ཀྱི་དབང་པོས་ཡོངས་སུ་བཀབ་ ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་ཇི་སྙམ་དུ་སེམས། ལྕེའི་དབང་པོ་འདི་ལྟ་བུ་དང་ལྡན་པ་ལོག་པར་སྨྲའམ། གཞན་དུ་སྨྲ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བདེ་བར་གཤེགས་པ་མ་ལགས་ སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཁོར་བཞི་ལ་རྒྱ་ཆེར་སྟོན་ཅིག །བརྗོད་ཅིག །སྒྲོགས་ཤིག །ཤོད་ཅིག །ཁོད་ཅིག །རབ་ཏུ་ཁོད་ཅིག །ཁྲོལ་ཅིག །རྣམ་པར་ཕྱེ་ཤིག །གསལ་ བར་བྱོས་ཤིག །ཡང་དག་པར་སྟོན་ཅིག །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་གང་ལ་ཉན་ཐོས་ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དང་། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པས་བསླབ་པར་བྱ་བ་དང་། གང་ལ་ཇི་ལྟར་བསྟན་ པ་བཞིན་དུ་བསླབས་པས་རང་རང་གི་ས་ལ་གནས་པར་འགྱུར་བའི་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ཡི་གེ་ཐམས་ཅད་ལ་འཇུག་པའོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་གཟུངས་ཀྱི་སྒོ་ གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱ་བའི་གཟུངས་ཐམས་ཅད་ཀྱི་སྒོ་ཡིན་ཏེ། གཟུངས་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་སྤོབས་པ་དང་སོ་སོ་ཡང་དག་པའི་རིག་པའི་སྒོ་ཐམས་ཅད་མངོན་དུ་འགྱུར་ རོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་མི་ཟད་པའི་མཛོད་ཡིན་པར་ངས་བཤད་པའོ། །ཀུན་དགའ་བོ་དེ་བས་ན་ཁྱོད་མོས་པར་བྱ། ཁོང་དུ་ ཆུད་པར་བྱ་སྟེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་འཛིན་པ་ཡིན་ཏེ། ཀུན་དགའ་བོ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུངས་གང་བཟུང་བས་ཆོས་ཐམས་ཅད་གཟུང་བར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུངས་ངས་བསྟན་པ་འདི་ཡིན་ནོ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོ་ལ་ཡིད་ཆེས་པའི་རྒྱུ་གསུངས་པ་ཡིན་ནོ།། །།བམ་ པོ་ལྔ་བཅུ་བདུན་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་འདི་སྙམ་དུ་སེམས་པར་གྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཟབ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱང་ཟབ་ན། བདག་གིས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དེ་འདྲིའོ་སྙམ་སྟེ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་བས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། རབ་འབྱོར་ནམ་མཁའ་མི་ཟད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་མི་ཟད་པས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་ འབྲེལ་པར་འབྱུང་བ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ནང་སྟོང་པ་ཉིད་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། ། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ ངེ་འཛིན་དང་། གཟུངས་ཀྱི་སྒོ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་གཞན་ཡང་གཟུགས་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ཚོར་བ་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འདུ་ཤེས་ནམ་མཁའ་ལྟར་ཟད་མི་ཤེས་ པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འདུ་བྱེད་རྣམས་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ བསྒྲུབ་པར་བྱའོ། །རྣམ་པར་ཤེས་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྐྱེ་མཆེད་རྣམས་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཁམས་རྣམས་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་ བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་ པར་བསྒྲུབ་པར་བྱའོ། །རབ་འབྱོར་ནང་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ནམ་མཁའ་ལྟར་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་ པརོ་བྱའོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་ པའི་ལམ་ཡན་ལག་བརྒྱད་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ནམ་མཁའ་ལྟར་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་ འབྱོར་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ དུ་ནམ་མཁའ་ལྟར་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་གཞན་ཡང་མ་རིག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་ འབྱོར་འདུ་བྱེད་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རྣམ་པར་ཤེས་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་མིང་དང་གཟུགས་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྐྱེ་མཆེད་དྲུག་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རེག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ཚོར་བ་ནམ་ མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྲེད་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ལེན་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྲིད་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྐྱེ་བ་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རྒ་ཤི་དང་། མྱ་ངན་དང་། སྨྲེ་ སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ་སྟེ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་བལྟ་བ་དང་། ཐོག་མ་དང་ཐ་མ་རྣམ་པར་སྤངས་པར་བལྟ་བ་སྟེ། གང་དེ་ལྟར་རྟེན་ཅིང་འབྲེལ་བར་ འབྱུང་བ་ལ་རྣམ་པར་ལྟ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྙིང་པོ་བྱང་ཆུབ་ལ་འདུག་པའི་མ་འདྲེས་པའི་ཆོས་ཏེ། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བ་དེས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་རོ། །རབ་འབྱོར་གང་ལ་ལ་ ནམ་མཁའ་ལྟར་ཟད་མི་ཤེས་པས་མངོན་པར་བསྒྲུབ་པ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བ་དེ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་མི་འགྱུར་ཏེ། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ གནས་པར་འགྱུར་རོ། །རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་ཕྱིར་ལྡོག་པ་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་འདི་ལ་མ་བརྟེན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་ཇི་ལྟར་ནམ་མཁའ་ལྟར་ཟད་མི་ཤེས་པས་མངོན་པར་བསྒྲུབ་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་བལྟ་བར་བྱ་བ་དང་། མངོན་པར་བསྒྲུབ་པར་བྱ་བ་མི་ཤེས་པས་ཕྱིར་ལྡོག་གོ །རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཕྱིར་ལྡོག་པ་དེ་དག་ཐམས་ཅད་ནི་ཐབས་ མཁས་པ་འདི་ལ་མ་བརྟེན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་གོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་སྟེ། དེ་ལྟར་ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནམ་མཁའ་ལྟར་ཟད་མི་ཤེས་པས་མངོན་པར་བསྒྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་རྣམ་པར་བལྟ་བར་བྱ་སྟེ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་བལྟ་བས་ནི་ཆོས་གང་ཡང་རྒྱུ་མེད་པ་ལས་བྱུང་བར་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་གང་ཡང་སྐྱེ་བར་ཡང་དག་ པར་རྗེས་སུ་མི་མཐོང་། ཆོས་གང་ཡང་འགག་པར་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་གང་ཡང་བདག་དང་། སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་དང་། བྱེད་ དུ་འཇུག་པ་པོ་དང་། སློང་བ་པོ་དང་། ཡོངས་སུ་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་དུ་འཇུག་པ་པོ་དང་། ཤེས་པ་པོ་དང་། ལྟ་བ་པོར་ཡང་དག་པར་རྗེས་སུ་མི་མཐོང་། རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བདག་དང་། བདག་ མེད་པ་དང་། ཞི་བ་དང་། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་བལྟ་བར་བྱའོ། །རབ་འབྱོར་གང་ གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་ མཐོང་ངོ་། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་ པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་བར་དུ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་ དག་པར་རྗེས་སུ་མི་མཐོང་ངོ་། །ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་ མཐོང་སྟེ། ཆོས་གང་གིས་དངོས་པོ་མེད་པོའི་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་དང་། སྟོབས་ དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པར་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འཕགས་པའི་ བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་གཟུངས་ཀྱི་སྒོ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་གང་གིས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤང་བར་བྱ་བ་དེ་ཡང་ ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདུད་སྡིག་ཅན་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཞིག་ཕ་མ་འཆི་བའི་དུས་བྱས་པར་གྱུར་ན་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་ཏེ། མྱ་ངན་གྱི་ཟུག་རྔུ་མི་བཟད་པ་དང་ལྡན་པར་ འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདུད་སྡིག་ཅན་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་ཏེ། མྱ་ངན་གྱི་ཟུག་རྔུ་མི་བཟད་པས་ཟུག་པར་འགྱུར་རོ། །རབ་ འབྱོར་གྱིས་གསོལ་པ། ཅི་ལགས་བཅོམ་ལྡན་འདས་བདུད་སྡིག་ཅན་གཅིག་འབའ་ཞིག་མྱ་ངན་གྱི་ཟུག་རྔུ་མི་བཟད་པས་ཟུག་པར་འགྱུར་རམ། འོན་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ན་བདུད་སྡིག་ཅན་གང་ཇི་སྙེད་ཅིག་མཆིས་པ་དེ་དག་ཐམས་ཅད་མྱ་ངན་གྱི་ཟུག་རྔུ་མི་ བཟད་པས་ཟུག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་པའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདུད་ སྡིག་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མྱ་ངན་གྱི་ཟུག་རྔུ་མི་བཟད་པས་ཟུག་པར་འགྱུར་ཏེ། རང་རང་གི་སྟན་ལ་འདུག་པར་མི་འདོད་དོ། །དེ་ལྟར་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་གང་ གི་ཕྱིར་དེ་བཟུང་ཞིང་ཕྱིར་ཟློག་པའི་གླགས་མི་རྙེད་གཏིང་མི་རྙེད་དོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པས་ རྣམ་པར་སྤྱད་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ནི་ཟད་པ་མེད་པའི་རྣམ་པ་ནི་ཟད་པ་ཤེས་པའོ། །སྐྱེ་བ་མེད་པའི་རྣམ་པ་ནི་མི་སྐྱེ་བ་ཤེས་པ་ཡིན་ནོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ ཡོངས་སུ་གཏོང་བའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་སྦྱིན་པ་དེ་དག་ཡོངས་སུ་གཏོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་འདི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་བསྲུང་བའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་ཚུལ་ཁྲིམས་དེ་དག་བསྲུང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ རོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་སྒྲུབ་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་བཟོད་པ་དེ་སྒོམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་ རྫོགས་པར་འགྱུར་རོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་རྩོམ་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་བརྩོན་འགྲུས་དེ་རྩོམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ལ་སྙོམས་པར་འཇུག་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་བསམ་གཏན་དེ་དག་ལ་སྙོམས་པར་འཇུག་སྟེ། རབ་འབྱོར་ དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་ ཤེས་རབ་དེ་སྒོམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་ཞིང་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་ཡོངས་སུ་བསྔོ་བའི་ཚེ། སེམས་ཅན་རྣམས་ལ་བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཉེ་བར་གནས་པར་འགྱུར་ཏེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་སུ་མི་བསྔོའི། སེམས་ཅན་ཐམས་ཅད་ དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། དེ་ཇི་ལྟར་གང་གིས་ཡོངས་སུ་བསྔོ་བ་དང་། གང་ཡོངས་སུ་བསྔོ་བ་དང་། གང་དུ་ཡོངས་སུ་བསྔོ་བའི་འདུ་ཤེས་གསུམ་མི་འཇུག་པ་དེ་ལྟར་ཡོངས་སུ་བསྔོའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་གཏོང་བའི་ཚེ་ལེན་པ་པོ་དེ་དག་གཤེ་ཞིང་མཚང་འདྲུ་ལ་མི་བདེན་པའི་ངག་རྩུབ་པོས་མི་སྙན་པ་བརྗོད་ཀྱང་དེ་དག་ལ་གནོད་པའི་སེམས་མི་བསྐྱེད་དེ། དགེ་ བའི་རྩ་བ་དེ་དག་ཀྱང་ཉན་ཐོས་དང་། རང་སངས་རྒྱས་སུ་ཡོངས་སུ་མི་བསྔོའི། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། དེ་ཇི་ལྟར་གང་གིས་ཡོངས་སུ་བསྔོ་བ་དང་། གང་ཡོངས་སུ་བསྔོ་བ་དང་། གང་དུ་ཡོངས་ སུ་བསྔོ་བའི་འདུ་ཤེས་གསུམ་མི་འཇུག་པ་དེ་ལྟར་ཡོངས་སུ་བསྔོའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ གཏོང་བའི་ཚེ། ལེན་པ་དེ་དག་གཤེ་ཞིང་མཚང་འདྲུ་ལ་མི་བདེན་པའི་ངག་རྩུབ་པོས་མི་སྙན་པར་བརྗོད་དེ། དེ་ལྟར་སྤྱོ་བ་དང་། འཁྱལ་པ་དང་། ཚུལ་མ་ཡིན་པའི་ཚིག་རྩུབ་པོས་མི་སྙན་པར་བརྗོད་པ་ལ་སྦྱིན་པའི་བློ་དང་། ཡོངས་སུ་གཏོང་བའི་བློ་ཉིད་དུ་འགྱུར་ཏེ། བདག་གིས་ ནི་སྦྱིན་པ་ཡོངས་སུ་གཏང་བར་བྱ་སྟེ། བདག་གིས་ནི་སྦྱིན་པ་ཡོངས་སུ་མི་གཏོང་བར་མི་བྱའོ། །དེའི་ལུས་སེམས་ཀྱི་བརྩོན་འགྲུས་བསྐྱེད་དེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་དང་། རང་སངས་རྒྱས་སུ་ཡོངས་སུ་མི་བསྔོའི། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། དེ་ཇི་ལྟར་གང་གིས་ཡོངས་སུ་བསྔོ་བ་དང་། གང་ཡོངས་སུ་བསྔོ་བ་དང་། གང་དུ་ཡོངས་སུ་བསྔོ་བའི་འདུ་ཤེས་གསུམ་མི་འཇུག་པ་དེ་ལྟར་ཡོངས་སུ་བསྔོའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ་སེམས་འཇུག་པ་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ ཡོངས་སུ་མི་བསྔོ་སྟེ། དེ་ཇི་ལྟར་གང་གིས་ཡོངས་སུ་བསྔོ་བ་དང་། གང་ཡོངས་སུ་བསྔོ་བ་དང་། གང་དུ་ཡོངས་སུ་བསྔོ་བའི་འདུ་ཤེས་གསུམ་མི་འཇུག་པ་དེ་ལྟར་ཡོངས་སུ་བསྔོའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་ཤིང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་སྦྱིན་པ་ཡོངས་སུ་གཏོང་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་ཞིང་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་དེ་རྟག་ཏུ་སྦྱིན་པ་ལ་སྒྱུ་མའི་བློ་ཉེ་བར་གནས་ཤིང་སྦྱིན་པ་དེས་སེམས་ཅན་གང་ལ་ཡང་ཕན་པའམ་མི་ཕན་པར་འགྱུར་བ་མི་མཐོང་སྟེ། དགེ་བའི་རྩ་བ་ དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་སུ་ཡོངས་སུ་མི་བསྔོའི། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། དེ་ཇི་ལྟར་གང་གིས་ཡོངས་སུ་བསྔོ་བ་དང་། གང་ཡོངས་སུ་བསྔོ་བ་དང་། གང་དུ་ཡོངས་སུ་བསྔོ་ བའི་འདུ་ཤེས་གསུམ་མི་འཇུག་པ་དེ་ལྟར་ཡོངས་སུ་བསྔོའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི་ལུས་སམ། ངག་གམ། སེམས་ཀྱི་སྡོམ་པ་གང་ཡང་རུང་སྟེ། སྡོམ་པ་དེས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་འཆེལ་བར་མི་བྱེད་དེ། ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་སྲོག་མི་གཅོད་དོ། །མ་བྱིན་པར་མི་ལེན་ཏོ། །འདོད་པས་ལོག་པར་མི་གཡེམ་མོ། །བརྫུན་གྱི་ཚིག་མི་སྨྲའོ། །ཕྲ་མའི་ཚིག་མི་སྨྲའོ། །ཞེ་གཅོད་པའི་ཚིག་རྩུབ་མོ་མི་སྨྲའོ། །ཚིག་འཁྱལ་པ་མི་ སྨྲའོ། །བརྣབ་སེམས་མི་བྱེད་དོ། །གནོད་སེམས་སུ་མི་བྱེད་དོ། །ལོག་པར་མི་ལྟའོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ཤིང་ཟས་འདོད་པ་ལ་ཟས། སྐོམ་འདོད་པ་ལ་སྐོམ། བཞོན་པ་འདོད་པ་ལ་བཞོན་པ། གོས་འདོད་པ་ལ་གོས། མེ་ཏོག་འདོད་ པ་ལ་མེ་ཏོག །ཕྲེང་བ་འདོད་པ་ལ་ཕྲེང་བ། སྤོས་འདོད་པ་ལ་སྤོས། བྱུག་པ་འདོད་པ་ལ་བྱུག་པ། མལ་ཆ་འདོད་པ་ལ་མལ་ཆ། གནས་འདོད་པ་ལ་གནས། འཚོ་བ་འདོད་པ་ལ་འཚོ་བ། ཡོ་བྱད་འདོད་པ་ལ་ཡོ་བྱད་ཡོངས་སུ་གཏོང་བ་ནས་མིའི་ཡོ་བྱད་ཅི་ཡང་རུང་བའི་བར་དུ་འདོད་ པ་རྣམས་ལ་མིའི་ཡོ་བྱད་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ཡོངས་སུ་གཏོང་ཞིང་སྦྱིན་པ་དེ་ལྟར་གཏོང་བའི་ཚེ། སྦྱིན་པ་དེ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ ཡོངས་སུ་བསྔོ་སྟེ། དེ་ཡང་ཇི་ལྟར་གང་གིས་ཡོངས་སུ་བསྔོ་བ་དང་། གང་ཡོངས་སུ་བསྔོ་བ་དང་། གང་དུ་ཡོངས་སུ་བསྔོ་བའི་འདུ་ཤེས་གསུམ་མི་འཇུག་པ་དེ་ལྟར་ཡོངས་སུ་བསྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་དྲུང་དུ་སེམས་ཅན་ཐམས་ཅད་ལྷག་ནས་ཡན་ལག་དང་ཉིང་ལག་རྣམས་བཅད་གཏུབས་ཤིང་དོང་ཡང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་འཁྲུགས་པ་མེད་དེ་གནོད་པའི་སེམས་གཅིག་ཀྱང་མི་བསྐྱེད་དོ། །གཞན་དུ་ན་དེ་འདི་སྙམ་དུ་སེམས་ཏེ། དེ་ལྟར་སེམས་ཅན་ཐམས་ཅད་ཀྱིས་བདག་གི་ཡན་ལག་དང་ཉིང་ལག་བཅད་གཏུབས་ཏེ་དོང་བ་ནི་བདག་གིས་ཐོབ་པར་བྱ་བ་ལེགས་པར་ཐོབ་བོ། །བདག་གི་ལུས་རུལ་པ་ འདི་ཡོངས་སུ་བཏང་བས་དེ་བཞིན་གཤེགས་པའི་སྐུ་ལྷ་རྫས་རྡོ་རྗེ་ལས་བྱུང་བ་ཐོབ་པར་བྱའོ་སྙམ་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་དང་། རང་སངས་རྒྱས་སུ་མི་བསྔོའི། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་ བསྔོ་སྟེ། དེ་ཇི་ལྟར་གང་གིས་ཡོངས་སུ་བསྔོ་བ་དང་། གང་ཡོངས་སུ་བསྔོ་བ་དང་། གང་དུ་ཡོངས་སུ་བསྔོ་བའི་འདུ་ཤེས་གསུམ་མི་འཇུག་པ་དེ་ལྟར་ཡོངས་སུ་བསྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་ཤིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་ཐམས་ཅད་བདག་གིས་འཁོར་བ་ལས་བསྒྲལ་ཏེ་འཆི་བ་མེད་པའི་དབྱིངས་སུ་དགོད་པར་བྱའོ་ཞེས་ལུས་དང་སེམས་ཀྱི་ བརྩོན་འགྲུས་ཉམས་པར་མི་བྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། དེ་ཇི་ལྟར་གང་གིས་ཡོངས་སུ་བསྔོ་བ་དང་། གང་ཡོངས་སུ་བསྔོ་བ་དང་། གང་དུ་ཡོངས་སུ་བསྔོ་བའི་འདུ་ཤེས་གསུམ་མི་འཇུག་པ་དེ་ལྟར་ ཡོངས་སུ་བསྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་ གཏན་དང་པོ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་བར་ལ་སྙོམས་པར་འཇུག་པའི་ཚེ། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སར་དམིགས་ པ་མེད་དེ། གཞན་དུ་ན་དེ་འདི་སྙམ་དུ་བདག་གིས་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཏེ། སེམས་ཅན་ཐམས་ཅད་འཁོར་བ་ལས་ཡོངས་སུ་དགྲོལ་བར་བྱའོ་སྙམ་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་དང་། རང་སངས་རྒྱས་སུ་མི་བསྔོའི། སེམས་ཅན་ཐམས་ཅད་ དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། དེ་ཇི་ལྟར་གང་གིས་ཡོངས་སུ་བསྔོ་བ་དང་། གང་ཡོངས་སུ་བསྔོ་བ་དང་། གང་དུ་ཡོངས་སུ་བསྔོ་བའི་འདུ་ཤེས་གསུམ་མི་འཇུག་པ་དེ་ལྟར་ཡོངས་སུ་བསྔོའོ། །རབ་འབྱོར་དེ་ ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཆོས་གང་ཡང་འདུས་བྱས་སུ་མི་མཐོང་། ཆོས་གང་ ཡང་འདུས་མ་བྱས་སུ་མི་མཐོང་། དངོས་པོ་ཡོད་པ་འདུས་བྱས་སུ་མི་མཐོང་། དངོས་པོ་མེད་པ་འདུས་མ་བྱས་སུ་མི་མཐོང་། མཚན་མ་ཡོད་པ་འདུས་བྱས་སུ་མི་མཐོང་། མཚན་མ་མེད་པ་འདུས་མ་བྱས་སུ་མི་མཐོང་། གཞན་དུ་ན་ཆོས་གང་ཡང་དེ་བཞིན་ཉིད་ལས་འདའ་བར་ མེད་པ་ལས་ཕར་ཆོས་གང་ཡང་ཡོད་པའམ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དེས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྷུང་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་དང་། རང་སངས་རྒྱས་སུ་ཡོངས་ སུ་མི་བསྔོའི། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། དེ་ཇི་ལྟར་གང་གིས་ཡོངས་སུ་བསྔོ་བ་དང་། གང་ཡོངས་སུ་བསྔོ་བ་དང་། གང་དུ་ཡོངས་སུ་བསྔོ་བའི་འདུ་ཤེས་གསུམ་མི་འཇུག་པ་དེ་ལྟར་ ཡོངས་སུ་བསྔོའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ ཆུབ་ལ་འདུག་གི་བར་དུ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། སེམས་ཅན་ཐམས་ཅད་གཤེ་ཞིང་འཁྱལ་ལ་ཡན་ལག་དང་ཉིང་ལག་གཅོད་པར་གྱུར་ཀྱང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་ འདི་དག་ལ་ནི་བདག་གིས་སྦྱིན་པ་ཡོངས་སུ་གཏོང་བར་བྱའི། སྦྱིན་པ་ཡོངས་སུ་མི་གཏོང་བར་བྱ་བ་མ་ཡིན་ནོ་ཞེས་ཏེ། དེ་སེམས་ཅན་དེ་དག་ཟས་འདོད་པ་ལ་ནི་ཟས། སྐོམ་འདོད་པ་ལ་ནི་སྐོམ། བཞོན་པ་འདོད་པ་ལ་ནི་བཞོན་པ། གོས་འདོད་པ་ལ་ནི་གོས། མེ་ཏོག་འདོད་ པ་ལ་ནི་མེ་ཏོག །ཕྲེང་བ་འདོད་པ་ལ་ནི་ཕྲེང་བ། སྤོས་འདོད་པ་ལ་ནི་སྤོས། བྱུག་པ་འདོད་པ་ལ་ནི་བྱུག་པ། མལ་ཆ་འདོད་པ་ལ་ནི་མལ་ཆ། གནས་འདོད་པ་ལ་ནི་གནས། འཚོ་བ་འདོད་པ་ལ་ནི་འཚོ་བ། ཡོ་བྱད་འདོད་པ་ལ་ནི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་ཡོངས་སུ་ གཏོང་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་སྟེ། དེ་ཇི་ལྟར་གང་གིས་ཡོངས་སུ་བསྔོ་བ་དང་། གང་ཡོངས་སུ་བསྔོ་བ་དང་། གང་དུ་ཡོངས་སུ་བསྔོ་བའི་འདུ་ཤེས་གསུམ་མི་འཇུག་པ་དེ་ ལྟར་ཡོངས་སུ་བསྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་ རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་སེམས་ཅན་ ནོ་ཅོག་གི་སྲོག་མི་གཅོད་དོ། །མ་བྱིན་པར་མི་ལེན་ཏོ། །འདོད་པས་ལོག་པར་མི་གཡེམ་མོ། །བརྫུན་གྱི་ཚིག་མི་སྨྲའོ། །ཕྲ་མའི་ཚིག་མི་སྨྲའོ། །ཞེ་གཅོད་པའི་ཚིག་མི་སྨྲའོ། །ཚིག་འཁྱལ་པ་མི་སྨྲའོ། །བརྣབ་སེམས་སུ་མི་བྱེད་དོ། །གནོད་སེམས་སུ་མི་བྱེད་དོ། །ལོག་པར་མི་ལྟའོ། ། དེའི་སེམས་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་མི་འཇུག་སྟེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། དེ་ཇི་ལྟར་གང་གིས་ཡོངས་སུ་བསྔོ་བ་དང་། གང་ཡོངས་སུ་བསྔོ་བ་དང་། གང་ དུ་ཡོངས་སུ་བསྔོ་བའི་འདུ་ཤེས་གསུམ་མི་འཇུག་པ་དེ་ལྟར་ཡོངས་སུ་བསྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྩོན་འགྲུས་ འདི་ལྟ་བུ་ཡོངས་སུ་བསྐྱེད་དེ། བདག་གིས་དཔག་ཚད་དམ། དཔག་ཚད་བརྒྱའམ། དཔག་ཚད་སྟོང་ངམ། དཔག་ཚད་བརྒྱ་ཕྲག་སྟོང་ངམ། དཔག་ཚད་བྱེ་བའམ། དཔག་ཚད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་རམ། འཇིག་རྟེན་གྱི་ཁམས་བརྒྱའམ། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ ཁྲིག་བརྒྱ་ཕྲག་སྟོང་གི་བར་དུ་སོང་སྟེ། དེ་དག་ཏུ་ཆུང་ངུ་ན་སེམས་ཅན་འགའ་ཙམ་ཡང་སྐྱབས་སུ་འགྲོ་བའམ་བསླབ་པའི་གནས་ལ་གཞག་པར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞག་པར་བྱའོ་ཞེས་བརྩོན་འགྲུས་བརྩོམ་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། ཇི་ལྟར་འདི་ལ་བློ་རྣམ་པ་གསུམ་ པོ་སུ་ཞིག་གིས་ཡོངས་སུ་སྔོ་བར་བྱེད། གང་ཡོངས་སུ་སྔོ་བར་བྱེད། གང་དུ་ཡོངས་སུ་སྔོ་བར་བྱེད་ཅེས་བྱ་བ་མི་འཇུག་པ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་འདི་ལྟར་འདོད་པ་ལས་དབེན་པ། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །འགོག་པའི་སྙོམས་པར་འཇུག་པའི་བར་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །སེམས་དང་སེམས་ལས་བྱུང་བའི་ཆོས་ དགེ་བའི་རྩ་བ་དང་ལྡན་པ་གང་དང་གང་སྐྱེས་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོའོ། །དེའང་ཅི་ནས་ཀྱང་དེའི་ཚེ་བསམ་གཏན་དང་བསམ་གཏན་གྱི་ཡན་ལག་རྣམས་མི་དམིགས་པར་དེ་ལྟར་ཡོངས་སུ་བསྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་གང་གི་ཚེ་ཆོས་རྣམས་དབེན་པའི་རྣམ་པའམ། ཞི་བའི་རྣམ་པའམ། མི་ཟད་པའི་རྣམ་པར་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་སྙིང་པོ་བྱང་ཆུབ་ལ་ནམ་ འདུག་གི་བར་དུ་ཆོས་ཉིད་དེ་མངོན་དུ་མི་བྱེད་དེ། སྙིང་པོ་བྱང་ཆུབ་ལ་འདུག་ནས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །དེ་ལས་ལངས་ནས་ཆོས་ཀྱི་འཁོར་ལོ་ཡང་བསྐོར་ཏེ། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། ཇི་ལྟར་དེ་ལ་འདུ་ཤེས་རྣམ་པ་གསུམ་པོ་གང་ཞིག་གིས་ཡོངས་སུ་སྔོ་བར་བྱེད། གང་ཡོངས་སུ་སྔོ་བར་བྱེད། གང་དུ་ཡོངས་སུ་སྔོ་བར་བྱེད་ཅེས་བྱ་བ་མི་འཇུག་པ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ཏེ། ཅི་ནས་ཀྱང་མི་སྤོང་མི་འཛིན་པ་དེ་ལྟར་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ལུས་དང་སེམས་ཀྱི་བརྩོན་པ་མི་འདོར་བ་ཡིན་ཏེ། བདག་ གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་མི་བྱའི། བདག་གིས་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་དེ་སེམས་ཅན་རྣམས་ཀྱི་དོན་དུ་དཔག་ཚད་དམ། དཔག་ཚད་བརྒྱ་འམ། དཔག་ཚད་སྟོང་ངམ། དཔག་ཚད་བརྒྱ་ཕྲག་སྟོང་ངམ། འཇིག་རྟེན་གྱི་ཁམས་སམ། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་དུ་སོང་ཞིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཆུང་ངུ་ན་སེམས་ཅན་འགའ་ཙམ་ཡང་བྱང་ཆུབ་ལ་རབ་ཏུ་འཇོག་གོ། །གལ་ཏེ་གང་ཟག་བྱང་ ཆུབ་སེམས་དཔའི་ཐེག་པ་པ་དང་མ་ཕྲད་ན་ཡང་དེ་དག་ཏུ་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་ནི་ཉན་ཐོས་ཀྱི་ས་ལ་རབ་ཏུ་གཞོག་གོ། །གང་ཟག་རང་སངས་རྒྱས་ཀྱི་ཐེག་པ་པ་ནི་རང་སངས་རྒྱས་ཀྱི་ས་ལ་རབ་ཏུ་གཞོག་སྟེ། ཆུང་ངུ་ན་སེམས་ཅན་འགའ་ཙམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་གཞོག་ གོ། །དེས་ཆོས་ཀྱི་སྦྱིན་པ་དེ་དག་བྱིན་ནས་ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་ཚིམ་པར་བྱེད་དོ། །དགེ་བའི་རྩ་བ་དེ་ཡང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། དེ་ཇི་ལྟར་གང་གིས་ཡོངས་སུ་བསྔོ་བ་དང་། གང་ཡོངས་སུ་བསྔོ་བ་དང་། གང་དུ་ཡོངས་སུ་བསྔོ་བའི་འདུ་ཤེས་གསུམ་མི་འཇུག་པ་དེ་ལྟར་ཡོངས་སུ་བསྔོའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་བདག་གིས་ཀྱང་སྲོག་གཅོད་པ་སྤངས་པ་ཡིན། གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ ཡིན། སྲོག་གཅོད་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་སྲོག་གཅོད་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་མ་བྱིན་པར་ལེན་པ་སྤངས་པ་ཡིན། གཞན་ཡང་མ་བྱིན་པར་ལེན་པ་སྤོང་བ་ ལ་ཡང་དག་པར་བསྐུལ་བ་ཡིན། མ་བྱིན་པར་ལེན་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་མ་བྱིན་པར་ལེན་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་འདོད་པས་ལོག་པར་གཡེམ་པ་སྤངས་པ་ཡིན། གཞན་ ཡང་འདོད་པས་ལོག་པར་གཡེམ་པ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། འདོད་པས་ལོག་པར་གཡེམ་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་འདོད་པས་ལོག་པར་གཡེམ་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ ཀྱང་བརྫུན་དུ་སྨྲ་བ་སྤངས་པ་ཡིན། གཞན་ཡང་བརྫུན་དུ་སྨྲ་བ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། བརྫུན་དུ་སྨྲ་བ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་བརྫུན་དུ་སྨྲ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཕྲ་མ་ སྤངས་པ་ཡིན། གཞན་ཡང་ཕྲ་མ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། ཕྲ་མ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཕྲ་མ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཞེ་གཅོད་པའི་ཚིག་སྤངས་པ་ཡིན། གཞན་ ཡང་ཞེ་གཅོད་པའི་ཚིག་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། ཞེ་གཅོད་པའི་ཚིག་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཞེ་གཅོད་པའི་ཚིག་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཚིག་འཁྱལ་པ་སྤངས་པ་ཡིན། གཞན་ཡང་ཚིག་འཁྱལ་པ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། ཚིག་འཁྱལ་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཚིག་འཁྱལ་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཆགས་སེམས་སྤངས་པ་ཡིན། གཞན་ ཡང་ཆགས་སེམས་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། ཆགས་སེམས་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཆགས་སེམས་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་གནོད་སེམས་སྤངས་པ་ཡིན། གཞན་ ཡང་གནོད་སེམས་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། གནོད་སེམས་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་གནོད་སེམས་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ལོག་པར་ལྟ་བ་སྤངས་པ་ཡིན། གཞན་ཡང་ ལོག་པར་ལྟ་བ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། ལོག་པར་ལྟ་བ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ལོག་པར་ལྟ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་འདོད་པའི་ཁམས་སུ་ གནས་པར་མི་བྱེད། གཟུགས་ཀྱི་ཁམས་སུ་གནས་པར་མི་བྱེད། གཟུགས་མེད་པའི་ཁམས་སུ་གནས་པར་མི་བྱེད། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་ས་ལ་གནས་པར་མི་བྱེད་དེ། གཞན་དུ་ན་དགེ་བའི་རྩ་བ་དེ་དག་ནི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། དེ་ཇི་ལྟར་གང་གིས་ཡོངས་སུ་བསྔོ་བ་དང་། གང་ཡོངས་སུ་བསྔོ་བ་དང་། གང་དུ་ཡོངས་སུ་བསྔོ་བའི་འདུ་ཤེས་གསུམ་མི་འཇུག་པ་དེ་ལྟར་ཡོངས་སུ་བསྔོའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་མིར་གྱུར་པའམ་མི་མ་ཡིན་པར་གྱུར་པས་སེམས་རྣམ་པར་འཁྲུགས་པར་བྱས་པའམ། ཡན་ལག་དང་ཉིང་ལག་ཐམས་ཅད་བཅད་གཏུབས་ཤིང་ཁྱེར་ཏེ་དོར་ཡང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་འདི་སྙམ་དུ་བདག་ལས་ཅི་ཞིག་བཅད་པའམ་གཏུབས་པའམ་ཁྱེར་རོ་ཞེས་བྱ་བར་མི་སེམས་ ཏོ། གཞན་དུ་ན་དེ་འདི་སྙམ་དུ་གང་གི་ཕྱིར་བདག་གི་ལུས་ཡོངས་སུ་བསྒྲུབས་པ་དེ་དག་འདིར་འོང་ཞིང་ཡན་ལག་དང་ཉིང་ལག་བཅད་གཏུབས་ནས་ཁྱེར་ཞིང་དོར་བ་ནི་བད