Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 84

Văn bản gốc(Tây Tạng)

Trang 11 / 22 (50.000 ký tự/trang)
ན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྷུང་བར་འགྱུར་བའམ། མི་དགེ་བའི་ཆོས་གཞན་གྱིས་
ཡོངས་སུ་ཕྲོགས་པར་གྱུར་ཅིང་དེ་དག་གིས་ཡོངས་སུ་ཕྲོགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མི་འཕེལ་བ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་
ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་དགེ་བའི་རྩ་བ་མང་པོས་རྣམ་པར་མི་འཕེལ་བ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་ན་དགེ་བའི་རྩ་བ་མང་པོས་རྣམ་པར་མི་འཕེལ་བ་དང་། དྲན་པ་ཉེ་བར་གཞག་པ་དང་།
ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ན་དགེ་བའི་རྩ་བ་མང་པོས་རྣམ་པར་མི་འཕེལ་བ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་།
གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ལ་སྤྱོད་ན་དགེ་བའི་རྩ་བ་མང་པོས་

རྣམ་པར་མི་འཕེལ་བ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སྤྱོད་ན་དགེ་བའི་རྩ་བ་མང་པོས་རྣམ་པར་མི་འཕེལ་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་ན་དགེ་བའི་རྩ་བ་མང་པོས་
རྣམ་པར་མི་འཕེལ་བ་དེ་ལྟར་ཉམས་སྨད་པར་མི་ནུས་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་རྩ་བ་རྣམས་ཀྱི་སླད་དུ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བ་རྣམས་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །མི་དགེ་བའི་རྩ་བ་རྣམས་ཀྱི་ཕྱིར་ཡང་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་མ་བྱས། དགེ་བའི་རྩ་བ་རྣམས་ཡོངས་སུ་རྫོགས་པར་མ་བྱས། དགེ་བའི་བཤེས་གཉེན་རྣམས་ཀྱིས་ཡོངས་སུ་མ་བཟུང་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཐོབ་པར་མི་ནུས་སོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱིས་པ་དང་། དགེ་བའི་རྩ་བས་ཡོངས་སུ་བཟུང་བ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད།
སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་དུ་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོག་པ་བརྗོད་

པ་དང་། གཏན་ལ་ཕབ་པ་བསྟན་པ་གང་ཅི་གསུངས་ཀྱང་དེ་དག་ཐམས་ཅད་ཡོངས་སུ་འཛིན་ཏོ། །ཡོངས་སུ་བཟུང་ནས་ཀྱང་ཚིག་གིས་ཡོངས་སུ་འདྲིས་པ་དང་། ཡིད་ཀྱིས་ཤིན་ཏུ་བརྟགས་པ་དང་། ལྟ་བས་རབ་ཏུ་ཁོང་དུ་ཆུད་པར་བྱས་ཤིང་གཟུངས་རབ་ཏུ་ཐོབ་
པར་བྱེད་དོ། །གཟུངས་རབ་ཏུ་ཐོབ་ནས་སོ་སོ་ཡང་དག་པར་རིག་པ་རབ་ཏུ་བསྐྱེད་དོ། །སོ་སོ་ཡང་དག་པར་རིག་པ་བསྐྱེད་པས་དེའི་ཚེ་རྣམ་པར་འཕོས་ཀྱང་ཆོས་དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་གྱི་བར་དུ་ནམ་ཡང་ཆུད་ཟ་བར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་དགེ་བའི་རྩ་བ་བསྐྱེད་ཅིང་། དགེ་བའི་རྩ་བ་དེ་དག་གིས་ཡོངས་སུ་བཟུང་ན་ནམ་ཡང་ངན་སོང་དང་མི་ཁོམ་པར་སྐྱེ་བར་མི་འགྱུར་རོ། །དགེ་བའི་རྩ་བ་དེ་དག་གིས་ཀྱང་ལུས་ཡོངས་སུ་དག་པ་ཡོངས་སུ་འཛིན་ཏེ། ལུས་དེ་དག་གིས་ཀྱང་སངས་
རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དགེ་བའི་རྩ་བ་དེ་དག་གིས་ཡོངས་སུ་བཟུང་བས་དགེ་བའི་བཤེས་གཉེན་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་དང་རང་
སངས་རྒྱས་ཀྱི་ཐེག་པ་པའི་ལེགས་པ་སྟོན་པ་དག་དང་ནམ་དུ་ཡང་འབྲལ་བར་མི་འགྱུར་རོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བར་བྱའོ། །དགེ་བའི་རྩ་བ་
རྣམས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་རྣམས་ལ་བརྟེན་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་
བསྙེན་བཀུར་མི་བགྱིད། དགེ་བའི་རྩ་བ་ཡང་ཡོངས་སུ་རྫོགས་པར་མི་བགྱིད་ལ། དགེ་བའི་བཤེས་གཉེན་གྱིས་ཀྱང་ཡོངས་སུ་བཟུང་བར་མ་གྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་མ་བྱས། དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་མ་བྱས་ལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་བཟུང་བར་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཐོབ་པར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་ཡང་བྱས། དགེ་བའི་རྩ་བ་ཡང་ཡོངས་སུ་རྫོགས་པར་བྱས་དགེ་བའི་བཤེས་གཉེན་ལ་ཡང་བརྟེན་པར་བྱས་ཀྱང་ད་དུང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་ནུས་ན། སངས་
རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་མ་བྱས། དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་མ་བྱས། དགེ་བའི་བཤེས་གཉེན་ལ་མ་བརྟེན་པ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་མིང་བདེན་པ་ལ་གནས་པར་འདོད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱའོ། །དགེ་བའི་རྩ་བ་མང་པོ་
བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱིས། དགེ་བའི་རྩ་བ་བསྐྱེད། དགེ་བའི་བཤེས་གཉེན་ལ་བརྟེན་
པར་བགྱིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་ཐབས་མཁས་པ་དང་མི་ལྡན་པའི་ཕྱིར་ཏེ། དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཐབས་དེ་ཐོབ་པར་མ་གྱུར་པའི་ཕྱིར་དགེ་བའི་རྩ་བ་དེ་ལྟ་བུ་ཡང་མ་
བསྐྱེད། གང་དེ་ལ་ཐབས་སྟོན་པའི་དགེ་བའི་བཤེས་གཉེན་དེ་ལྟ་བུ་དེ་དག་ལའང་མ་བརྟེན་པས་དེ་ལྟར་ཐོབ་པར་མི་འགྱུར་རོ་ཞེས་བྱ་བ་ནི་དགེ་འདུན་དཀོན་མཆོག་ལ་ལོག་པར་རྟོག་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཐབས་མཁས་པ་གང་དང་ལྡན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཐབས་མཁས་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་
ནས་ཉེ་བར་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་སྤྱོད་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། རང་སངས་རྒྱས་དང་། ཉན་ཐོས་དང་། མི་དང་མི་མ་ཡིན་པར་གྱུར་པ་དག་ལ་སྦྱིན་པ་ཡོངས་སུ་གཏོང་བ་དེ་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དེ་དང་ལྡན་པས་སྦྱིན་པ་ལ་ཡང་སྦྱིན་པའི་འདུ་ཤེས་སུ་མི་འགྱུར། ལེན་པ་ལ་ཡང་ལེན་པའི་འདུ་ཤེས་སུ་མི་འགྱུར། གཏོང་བ་ལ་ཡང་གཏོང་བའི་འདུ་ཤེས་སུ་མི་འགྱུར་རོ། །དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་
སྟོང་པར་ཤེས་ཤིང་ཆོས་ཐམས་ཅད་མེད་པ་དང་། མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་གྲུབ་པར་མཐོང་ཞིང་ཆོས་རྣམས་ཀྱི་མཚན་ཉིད་ལ་འཇུག་ན་ཡང་ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མེད་པའོ་ཞེས་བྱ་བར་འདུ་བྱེད་པ་མེད་པའི་མཚན་ཉིད་ཀྱིས་འཇུག་སྟེ། དེ་
ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན་དགེ་བའི་རྩ་བས་རྣམ་པར་འཕེལ་བར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་གཞན་དུ་ན་སེམས་ཅན་
ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར་སྦྱིན་པའི་འབྲས་བུ་གང་འཁོར་བར་ཡོངས་སུ་སྤྱད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚུལ་ཁྲིམས་བསྲུངས་ཏེ། དེ་ལ་འདོད་ཆགས་ཀྱི་སེམས་སྒྲིབ་པར་མི་འགྱུར། ཞེ་སྡང་

སྒྲིབ་པར་མི་འགྱུར། གཏི་མུག་སྒྲིབ་པར་མི་འགྱུར་རོ། །བག་ལ་ཉལ་བ་སྒྲིབ་པར་མི་འགྱུར། ཀུན་ནས་ལྡང་བ་སྒྲིབ་པར་མི་འགྱུར་ཏེ། མི་དགེ་བའི་ཆོས་གཞན་བྱང་ཆུབ་ཀྱི་གེགས་སུ་གྱུར་པ་འདི་ལྟ་སྟེ། སེར་སྣའམ། ཚུལ་ཁྲིམས་ངན་པའམ། འཁྲུགས་པའི་སེམས་སམ། ལེ་
ལོའི་སེམས་སམ། བརྩོན་འགྲུས་ཆུང་བའི་སེམས་སམ། གཡེང་བའི་སེམས་སམ། ཤེས་རབ་འཆལ་པའི་སེམས་སམ། ང་རྒྱལ་ལམ། བརྙས་པའམ། ཆེ་བའི་ང་རྒྱལ་ལམ། ངའི་ང་རྒྱལ་ལམ། ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་དག་ཀྱང་སྒྲིབ་པར་མི་འགྱུར་
རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་ཆོས་ཐམས་ཅད་མེད་པ་དང་། མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་གྲུབ་པར་མཐོང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལ་འཇུག་ན་ཡང་ཆོས་
ཐམས་ཅད་ནི་ནུས་པ་གང་མེད་པའོ་ཞེས་བྱ་བར་འདུ་བྱེད་པ་མེད་པའི་མཚན་ཉིད་ཀྱིས་འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན་དགེ་བའི་རྩ་བས་རྣམ་པར་འཕེལ་བར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་
ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར་ཚུལ་ཁྲིམས་ཀྱི་འབྲས་བུ་གང་
འཁོར་བར་ཡོངས་སུ་སྤྱད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་
ཡིད་ལ་བྱ་བས་བཟོད་པ་སྒོམ་སྟེ། དེ་ལ་འདོད་ཆགས་ཀྱི་སེམས་སྒྲིབ་པར་མི་འགྱུར། ཞེ་སྡང་སྒྲིབ་པར་མི་འགྱུར། གཏི་མུག་སྒྲིབ་པར་མི་འགྱུར། བག་ལ་ཉལ་བ་སྒྲིབ་པར་མི་འགྱུར། ཀུན་ནས་ལྡང་བ་སྒྲིབ་པར་མི་འགྱུར། མི་དགེ་བའི་ཆོས་གཞན་བྱང་ཆུབ་ཀྱི་གེགས་སུ་འགྱུར་བ་

འདི་ལྟ་སྟེ། སེར་སྣའམ། ཚུལ་ཁྲིམས་ངན་པའམ། འཁྲུགས་པའི་སེམས་སམ། ལེ་ལོའི་སེམས་སམ། བརྩོན་འགྲུས་ཆུང་བའི་སེམས་སམ། གཡེང་བའི་སེམས་སམ། ཤེས་རབ་འཆལ་པའི་སེམས་སམ། ང་རྒྱལ་ལམ། བརྙས་པའམ། ཆེ་བའི་
ང་རྒྱལ་ལམ། ངའི་ང་རྒྱལ་ལམ། ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་དེ་དག་ཀྱང་སྒྲིབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་། ཆོས་ཐམས་ཅད་མེད་པ་དང་། མ་བྱུང་བ་དང་།
ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་གྲུབ་པར་མཐོང་སྟེ། ཆོས་རྣམས་ཀྱི་མཚན་ཉིད་ལ་འཇུག་ན་ཡང་ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མེད་པའོ་ཞེས་བྱ་བར་འདུ་བྱེད་མེད་པའི་མཚན་ཉིད་ཀྱིས་འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན་དགེ་བའི་རྩ་བས་རྣམ་པར་
འཕེལ་བར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་
བྱ་བའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར་བཟོད་པའི་འབྲས་བུ་གང་འཁོར་བར་ཡོངས་སུ་སྤྱད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བརྩོན་འགྲུས་རྩོམ་སྟེ། གོ་ཆ་བརྟན་ཞིང་ཕ་རོལ་གནོན་པ་བརྟན་པས་ལེ་ལོ་དང་སྙོམ་ལས་ཀྱི་སེམས་མི་བྱེད་དེ། དེ་བྱང་ཆུབ་ཀྱི་དོན་དུ་སྡུག་བསྔལ་ཡང་རྩི་བར་མི་བྱེད་དོ། །
དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་ཆོས་ཐམས་ཅད་མེད་པ་དང་། མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་གྲུབ་པར་མཐོང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལ་འཇུག་ན་ཡང་

ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མེད་པའོ་ཞེས་བྱ་བར་འདུ་བྱེད་པ་མེད་པའི་མཚན་ཉིད་ཀྱིས་འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན་དགེ་བའི་རྩ་བས་རྣམ་པར་འཕེལ་བར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་
ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར་བརྩོན་འགྲུས་ཀྱི་འབྲས་བུ་གང་འཁོར་བར་
ཡོངས་སུ་སྤྱད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་
ལ་བྱ་བས་བསམ་གཏན་རྣམས་ལ་སྙོམས་པར་འཇུག་སྟེ། མིག་གིས་གཟུགས་མཐོང་ན་མཚན་མར་འཛིན་པར་མི་འགྱུར། མངོན་རྟགས་སུ་འཛིན་པར་མི་འགྱུར་ཞིང་། གཞི་ཇི་ལྟ་བ་བཞིན་དུ་མིག་གི་དབང་པོ་སྡོམ་པས་མ་བསྡམས་པར་གནས་པས་ན་སེམས་ལ་གནས་པའི་བརྣབ་སེམས་
དང་། ཡིད་མི་བདེ་བ་དང་། སྡིག་པ་མི་དགེ་བའི་ཆོས་སེམས་ལ་བརྟེན་པ་དེ་དག་བསྡམ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་ཅིང་མིག་གི་དབང་པོ་སྲུང་བར་བྱེད་དོ། །དེ་བཞིན་དུ་རྣ་བས་སྒྲ་ཐོས་པ་དང་། སྣས་དྲི་བསྣམས་པ་དང་། ལྕེས་རོ་མྱངས་པ་དང་། ལུས་ཀྱིས་རེག་བྱ་ལ་རེག་པ་དང་། ཡིད་
གྱིས་ཆོས་ཤེས་ནས་མཚན་མར་འཛིན་པར་མི་འགྱུར། མངོན་རྟགས་སུ་འཛིན་པར་མི་འགྱུར་ཞིང་། གཞི་ཇི་ལྟ་བ་བཞིན་དུ་ཡིད་ཀྱི་དབང་པོ་སྡོམ་པས་མ་བསྡམས་པར་གནས་པ་ན་བརྣབ་སེམས་དང་། ཡིད་མི་བདེ་བ་དང་། སྡིག་པ་མི་དགེ་བ་སེམས་ལ་བརྟེན་པར་གྱུར་པ་དེ་དག་སྡོམ་པའི་
ཕྱིར་སྒྲུབ་པར་བྱེད་ཅིང་ཡིད་ཀྱི་དབང་པོ་སྲུང་བར་བྱེད་དོ། །དེ་འགྲོ་བའམ། འགྲེང་བའམ། འདུག་པའམ། ཉལ་བ་དང་མི་སྨྲ་བར་གྱུར་པ་ན་ཡང་མཉམ་པར་གཞག་པའི་གནས་སྐབས་མི་སྤོང་རྣམ་པར་མི་སྤོང་ཞིང་དེ་ལག་པ་མི་རྒོད་པར་འགྱུར། རྐང་པ་མི་རྒོད་པར་འགྱུར། ཁ་མི་རྩུབ་པར་

འགྱུར། ངག་མི་མང་བར་འགྱུར་ཏེ། མིག་མི་གཡེང་ཞིང་དབང་པོ་མི་གཡེང་བ་དང་། མི་རྒོད་པ་དང་། སེམས་མི་གཡོ་བ་དང་། ལུས་མ་འཁྲུལ་པ་དང་། སེམས་མ་འཁྲུལ་པ་དང་། ལུས་ཞི་བ་དང་། ངག་ཞི་བ་དང་། སེམས་ཞི་བ་དང་། ངོ་ལྐོག་མེད་པར་སྤྱོད་ལམ་
མ་བཅོས་པ་དང་། ཟས་དང་། སྐོམ་དང་། མལ་སྟན་དང་། ན་བའི་རྐྱེན་སྨན་དང་། ཡོ་བྱད་ཅི་འདྲ་འདྲས་ཆོག་ཤེས་པ་དང་། དགང་སླ་བ་དང་། གསོ་སླ་བ་དང་། ཆོ་ག་དང་། སྤྱོད་ཡུལ་དགེ་བ་དང་། འདུ་འཛི་ཡང་དབེན་པའི་སྤྱོད་ཡུལ་ཅན་ཉིད་དང་། རྙེད་པ་དང་མ་རྙེད་པ་ལ་ཡང་མཉམ་ཞིང་
རྣམ་པར་མི་འགྱུར་ལ་མཐོ་དམན་མེད་པ་དང་། བདེ་བ་དང་སྡུག་བསྔལ་བ་དང་། བསྟོད་པ་དང་། སྨད་པ་དང་། གྲགས་པ་དང་མ་གྲགས་པ་དང་། གསོན་པ་དང་། ཤི་བ་ལ་ཡང་སྙོམས་ཤིང་རྣམ་པར་མི་འགྱུར་ལ། མཐོ་དམན་མེད་པ་དང་། དགྲ་དང་བཤེས་དང་། ལེགས་པ་དང་། མི་ལེགས་
པ་དང་། ཡིད་དུ་འོང་བར་གནས་པ་དང་། ཡིད་དུ་མི་འོང་བར་གནས་པ་དང་། སྒྲ་སྙན་པ་དང་། སྒྲ་མི་སྙན་པ་དང་། འདྲེས་པ་དང་། མ་འདྲེས་པ་རྣམས་ལ་ཡང་སྙོམས་ཤིང་རྣམ་པར་མི་འགྱུར་ལ་མཐོ་དམན་མེད་པ་དང་། གཟུགས་སྡུག་པ་དང་མི་སྡུག་པ་རྣམས་ལ་རྗེས་སུ་མཐུན་པ་
དང་མི་མཐུན་པ་དང་བྲལ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་ཆོས་ཐམས་ཅད་མེད་པ་དང་། མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་གྲུབ་པར་མཐོང་སྟེ། ཆོས་རྣམས་ཀྱི་མཚན་ཉིད་ལ་
འཇུག་ན་ཡང་ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མེད་པའོ་ཞེས་བྱ་བར་འདུ་བྱེད་པ་མེད་པའི་མཚན་ཉིད་ཀྱིས་འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན། དགེ་བའི་རྩ་བས་རྣམ་པར་འཕེལ་བར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་ཅིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར་བསམ་

གཏན་གྱི་འབྲས་བུ་གང་འཁོར་བ་ཡོངས་སུ་སྤྱད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
དང་ལྡན་པའི་ཡིད་ལ་བྱ་བས་ཤེས་རབ་བསྒོམ་སྟེ། ཤེས་རབ་འཆལ་པར་མི་འགྱུར། གཞན་གྱིས་བཀྲི་བར་མི་འགྱུར་ཞིང་ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་བྲལ་བ་དང་། བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་།
ཤེད་བུ་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོར་འཛིན་པ་དང་བྲལ་བ་དང་། སྟོང་པ་ཉིད་ཐམས་ཅད་དུ་འཛིན་པ་དང་བྲལ་བ་དང་། རྣམ་པར་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་
མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་། ཆོས་ཐམས་ཅད་མེད་པ་དང་། མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་གྲུབ་པར་མཐོང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལ་འཇུག་པ་ན་ཡང་ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མེད་པའོ་ཞེས་བྱ་བར་འདུ་བྱེད་པ་མེད་པའི་
མཚན་ཉིད་ཀྱིས་འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན་དགེ་བའི་རྩ་བས་རྣམ་པར་འཕེལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་
ཀྱང་། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར་ཤེས་རབ་ཀྱི་འབྲས་བུ་གང་འཁོར་བར་ཡོངས་སུ་སྤྱད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མེད་དོ། །རབ་འབྱོར་
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དང་། ཚད་

མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་ཀྱང་། དེ་དག་གི་རྣམ་པར་སྨིན་པ་ཡོངས་སུ་མི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཐབས་མཁས་པ་དང་ལྡན་པ་ཡིན་ཏེ། ཐབས་མཁས་པ་དེས་བསམ་གཏན་དང་། ཚད་མེད་པ་
དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། །མེད་པ་དང་། མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་གྲུབ་པར་ཤེས་སོ། །ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལ་ཡང་འཇུག་སྟེ། ཆོས་ཐམས་ཅད་ཀྱི་འདུ་བྱེད་ཀྱི་
མཚན་ཉིད་ཅུང་ཟད་ནུས་པ་མེད་པ་ཉིད་ལ་ཡང་འཇུག་པར་བྱེད་དོ། །དེ་ཐབས་མཁས་པ་དེ་དང་ལྡན་པས་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་ཏེ། དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བ་ན་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ། །
རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཐབས་མཁས་པ་དང་ལྡན་པས་མཐོང་བ་དང་བསྒོམ་པས་སྤང་བའི་ལམ་ལ་སྤྱོད་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་མི་བྱེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་།
ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་མི་བྱེད། རང་བྱང་ཆུབ་ཐོབ་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་ཆོས་ཐམས་ཅད་མེད་པ་དང་། མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་
མ་གྲུབ་པར་ཤེས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་དག་ལ་སྤྱོད་ཅིང་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་ཡོངས་སུ་འདའ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་འཇུག །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག །འཕགས་པའི་བདེན་པ་བཞི་སྒོམ་པར་བྱེད། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།

སྨོན་པ་མེད་པ་རྣམས་ལ་སྙོམས་པར་འཇུག་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་མི་བྱེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཐོབ་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཆོས་ཐམས་ཅད་རང་གི་མཚན་
ཉིད་ཀྱིས་སྟོང་པར་ཤེས་སོ། །ཆོས་ཐམས་ཅད་མེད་པ་དང་། མ་བྱུང་བར་ཤེས་སོ། །ཆོས་ཐམས་ཅད་ཡོངས་སུ་མ་རྫོགས་པར་ཤེས་སོ། །ཆོས་ཐམས་ཅད་མངོན་པར་མ་གྲུབ་པར་ཤེས་སོ། །ཆོས་ཐམས་ཅད་ཀྱི་ཆོས་ཀྱི་མཚན་ཉིད་ལ་ཡང་འཇུག་སྟེ། ཆོས་ཐམས་ཅད་ཀྱི་འདུ་བྱེད་ཀྱི་མཚན་
ཉིད་ཅུང་ཟད་མི་བྱེད་པ་ཉིད་ལ་ཡང་འཇུག་པར་བྱེད་དོ། །དེ་ཐབས་མཁས་པ་དེ་དང་ལྡན་པས་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་ཏེ། དེ་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བ་ནི་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། འཕགས་པའི་བདེན་པ་དང་། སྟོང་པ་
ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ལ་སྤྱོད་པར་བྱེད་དོ། །དེ་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། འཕགས་པའི་བདེན་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ལ་སྤྱོད་པ་ན། ཉན་ཐོས་དང་། རང་
སངས་རྒྱས་ཀྱི་ས་ལས་འདའ་བར་བྱེད་དོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་ལ་ལུང་བསྟན་པའི་བཟོད་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡོངས་སུ་འདྲིས་པར་བྱེད།
མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡོངས་སུ་འདྲིས་པར་བྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡོངས་སུ་འདྲིས་པར་བྱེད། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ནམ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་
གྱུར་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་གྱུར་གྱི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། །ཆོས་ཐམས་ཅད་མེད་པ་དང་། མ་བྱུང་བ་དང་། མངོན་པར་མ་གྲུབ་

པར་མཐོང་ངོ་། །ཆོས་ཐམས་ཅད་ཀྱི་མཚན་ཉིད་དེ་ལ་ཡང་འཇུག་པར་བྱེད་དེ། ཆོས་ཐམས་ཅད་ཀྱི་འདུ་ཤེས་ཀྱི་མཚན་ཉིད་ཅུང་ཟད་མི་བྱེད་པ་ཉིད་ལ་ཡང་འཇུག་པར་བྱེད་དོ། །དེ་ཐབས་མཁས་པ་དང་ལྡན་པས་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་ཏེ།
དེ་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བ་ན་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ལ་སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད། སེམས་ཅན་རྣམས་
ཀྱང་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་ཆོས་ཟབ་མོ་དག་ལ་སྤྱོད་ཀྱང་རྣམ་པར་སྨིན་
པ་ཡོངས་སུ་མི་འཛིན་པ་ནི་བློ་དམ་པ་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟ་བུའི་ཆོས་ཟབ་མོ་དག་ལ་སྤྱོད་ཅིང་རྣམ་པར་སྨིན་པ་ཡོངས་སུ་མི་འཛིན་པ་ནི་བློ་དམ་པ་
དང་ལྡན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངོ་བོ་ཉིད་ལ་མི་གཡོའོ། །གསོལ་པ། བཅོམ་ལྡན་འདས་ངོ་བོ་ཉིད་གང་ལས་མི་གཡོ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་པོ་མེད་པ་ལས་མི་གཡོ་བ་ཡིན་ཏེ། རབ་
འབྱོར་གང་ཡང་འདི་སྐད་དུ་ངོ་བོ་ཉིད་གང་ལས་མི་གཡོ་ཞེས་ཟེར་བ་ནི་གཟུགས་ཀྱི་ངོ་བོ་ཉིད་ལས་མི་གཡོའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ངོ་བོ་ཉིད་ལས་མི་གཡོའོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་
ལས་མི་གཡོའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལས་མི་གཡོའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལས་

མི་གཡོའོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལས་མི་གཡོའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ངོ་བོ་ཉིད་ལས་མི་གཡོའོ། །བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའི་ངོ་བོ་ཉིད་ལས་མི་
གཡོའོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ལས་མི་གཡོའོ། །འཕགས་པའི་བདེན་པའི་ངོ་བོ་ཉིད་ལས་མི་གཡོའོ། །སྟོང་
པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ལས་མི་གཡོའོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོའི་ངོ་བོ་
ཉིད་ལས་མི་གཡོའོ། །བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་ལས་མི་གཡོའོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ངོ་བོ་ཉིད་ལས་མི་གཡོའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་
ནི་འདི་ལྟར་ཆོས་འདི་དག་གི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །རབ་འབྱོར་དངོས་པོ་མེད་པས་ནི་དངོས་པོ་མེད་པ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བར་མི་ནུས་སོ་ཞེས་བྱ་བ་ནི་ཐབས་ལ་མཁས་པ་ལ་ལོག་པར་རྟོག་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་ཅི་ལགས།
དངོས་པོ་མ་མཆིས་པས་དངོས་པོ་མ་མཆིས་པ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བར་ནུས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། འོ་ན་དངོས་པོས་དངོས་པོ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བར་ནུས་སམ། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་དངོས་པོས་དངོས་པོ་མ་མཆིས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བར་ནུས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་

ལྡན་འདས་འོ་ན་དངོས་པོ་མ་མཆིས་པས་དངོས་པོ་མ་མཆིས་པ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བར་ནུས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་གལ་ཏེ་དེ་ལྟར་དངོས་པོ་མ་མཆིས་པས་དངོས་པོ་མ་
མཆིས་པ་མངོན་པར་རྟོགས་པར་མི་འགྱུར། དངོས་པོས་ཀྱང་དངོས་པོ་མངོན་པར་རྟོགས་པར་མི་འགྱུར། དངོས་པོས་ཀྱང་དངོས་པོ་མ་མཆིས་པ་མངོན་པར་རྟོགས་པར་མི་འགྱུར། དངོས་པོ་མ་མཆིས་པས་ཀྱང་དངོས་པོ་མངོན་པར་རྟོགས་པར་མི་འགྱུར་ན།
བཅོམ་ལྡན་འདས་དེའི་སླད་དུ་ཐོབ་པ་མ་མཆིས་ཤིང་མངོན་པར་རྟོགས་པ་མ་མཆིས་པའམ་གཅིག་ཏུ་མི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མངོན་པར་རྟོགས་པ་ནི་ཡོད་མོད་ཀྱི། རྣམ་པ་བཞིར་མངོན་པར་སྒྲུབ་པ་དེ་ལྟ་བུས་ནི་མ་ཡིན་ནོ། །གསོལ་པ། བཅོམ་
ལྡན་འདས་འོ་ན་ད་མངོན་པར་རྟོགས་པར་འགྱུར་བ་ཇི་ལྟ་བུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་དངོས་པོ་ཡང་མེད་དངོས་པོ་མེད་པ་ཡང་མ་ཡིན་པ་དེ་ལྟ་བུ་ནི་མངོན་པར་རྟོགས་པ་སྟེ། དེ་ལ་སྤྲོས་པ་དེ་དག་མེད་པས་སྤྲོས་པ་མེད་ཅིང་སྤྲོས་པ་དང་བྲལ་བ་ནི་
མངོན་པར་རྟོགས་པའོ་ཞེས་བྱ་བ་ནི་མངོན་པར་རྟོགས་པ་ལ་ལོག་པར་རྟོག་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་
བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །གཟུགས་བདེ་ཞེས་བྱ་བའམ། སྡུག་བསྔལ་
ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །གཟུགས་བདག་ཅེས་བྱ་བའམ་བདག་

མེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་ཅེས་བྱ་བ་འམ། བདག་མེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །གཟུགས་ཞི་ཞེས་བྱ་བའམ། མ་ཞི་ཞེས་
བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །གཟུགས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་
ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོའི་སྤྲོས་པའོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བ་དང་། བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་
ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཀུན་འབྱུང་བ་སྤང་བར་བྱའོ་ཞེས་བྱ་བ་དང་། འགོག་པ་མངོན་དུ་བྱའོ་ཞེས་བྱ་བ་དང་།
ལམ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པ་ལ་སྤྱད་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ནང་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོའི་སྤྲོས་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་དང་། སྟོབས་དང་།

བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་
པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོའི་སྤྲས་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་དང་མཐོང་བས་བལྟས་ཏེ་དེ་ལས་འདའ་བར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་
དང་། རང་བྱང་ཆུབ་ཤེས་པ་དང་། མཐོང་བ་བལྟས་ཏེ་དེ་ལས་འདའ་བར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །བྱང་ཆུབ་སེམས་དཔའི་ས་བཅུ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །བྱང་ཆུབ་
སེམས་དཔའི་སྐྱོན་མེད་པར་འཇུག་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ་ཞེས་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །
དེ་བཞིན་གཤེགས་པའི་སྟོབས་བཅུ་བསྐྱེད་པར་བྱའོ་ཞེས་བྱ་བ་དང་། མི་འཇིགས་པ་བཞི་བསྐྱེད་པར་བྱའོ་ཞེས་བྱ་བ་དང་། སོ་སོ་ཡང་དག་པར་རིག་པ་བཞི་བསྐྱེད་པར་བྱའོ་ཞེས་བྱ་བ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་
བསྐྱེད་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱའོ་

ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རྟག་པ་དང་མི་རྟག་པར་སྤྲོ་བ་འཕྲོ་བར་མི་བྱེད་དོ། །བདེ་བ་དང་སྡུག་བསྔལ་ཞེས་བྱ་བ་དང་། བདག་དང་
བདག་མེད་ཅེས་བྱ་བ་དང་། ཞི་བ་དང་མ་ཞི་ཞེས་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་སྤྲོ་བ་འཕྲོ་བར་མི་བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བར་སྤྲོ་བ་འཕྲོ་བར་མི་
བྱེད་དོ། །བདེ་བ་དང་སྡུག་བསྔལ་ཞེས་བྱ་བ་དང་། བདག་དང་བདག་མེད་ཅེས་བྱ་བ་དང་། ཞི་བ་དང་མ་ཞི་ཞེས་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་སྤྲོ་བ་འཕྲོ་བར་མི་བྱེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྟག་པ་དང་མི་
རྟག་ཅེས་བྱ་བ་དང་། བདེ་བ་དང་སྡུག་བསྔལ་ཞེས་བྱ་བ་དང་། བདག་དང་བདག་མེད་ཅེས་བྱ་བ་དང་། ཞི་བ་དང་མ་ཞི་ཞེས་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་སྤྲོ་བ་འཕྲོ་བར་མི་བྱེད་དོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་
དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྟག་པ་དང་མི་རྟག་པ་ཞེས་བྱ་བ་དང་། བདེ་བ་དང་སྡུག་བསྔལ་ཞེས་བྱ་བ་དང་། བདག་དང་བདག་མེད་ཅེས་བྱ་བ་དང་། ཞི་བ་དང་མ་ཞི་ཞེས་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་
སྤྲོ་བ་འཕྲོ་བར་མི་བྱེད་དོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་
དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ལ་བསྒོམ་པར་བྱའོ་ཞེས་བྱ་བར་སྤྲོ་བ་འཕྲོ་བར་མི་བྱེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཤེས་

པ་དང་མཐོང་བས་བལྟས་ཏེ་དེ་ལས་འདའ་བར་བྱའོ་ཞེས་བྱ་བར་སྤྲོ་བ་འཕྲོ་བར་མི་བྱེད་དོ། །བྱང་ཆུབ་སེམས་དཔའི་ས་བཅུ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བར་སྤྲོ་བ་འཕྲོ་བར་མི་བྱེད་དོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་བྱའོ་ཞེས་བྱ་བར་སྤྲོ་བ་འཕྲོ་
བར་མི་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ་ཞེས་བྱ་བ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་བྱ་བར་སྤྲོ་བ་འཕྲོ་བར་མི་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་བསྐྱེད་པར་བྱའོ་ཞེས་བྱ་བར་སྤྲོ་བ་འཕྲོ་བར་མི་བྱེད་དོ། །མི་འཇིགས་པ་བཞི་བསྐྱེད་པར་བྱའོ་
ཞེས་བྱ་བར་སྤྲོ་བ་འཕྲོ་བར་མི་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་བསྐྱེད་པར་བྱའོ་ཞེས་བྱ་བར་སྤྲོ་བ་འཕྲོ་བར་མི་བྱེད་དོ། །བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ་ཞེས་བྱ་བར་སྤྲོ་བ་འཕྲོ་བར་མི་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྐྱེད་པར་བྱའོ་ཞེས་
བྱ་བར་སྤྲོ་བ་འཕྲོ་བར་མི་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་ཞེས་བྱ་བར་སྤྲོ་བ་འཕྲོ་བར་མི་བྱེད་དོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱའོ་ཞེས་བྱ་བར་སྤྲོ་བ་འཕྲོ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ནི་ངོ་བོ་ཉིད་ལ་འཕྲོ་
བར་མི་བྱེད། དངོས་པོ་མེད་པ་ཡང་དངོས་པོ་མེད་པ་ལ་འཕྲོ་བར་མི་བྱེད་དོ། །ངོ་བོ་ཉིད་དང་དངོས་པོ་མེད་པ་མ་གཏོགས་པ་ཆོས་གཞན་གང་ཡང་འཕྲོ་བར་བྱེད་པའམ། གང་ལ་འཕྲོ་བར་བྱ་བ་དེ་ལྟ་བུ་གང་ཡང་མེད་དོ། །རབ་འབྱོར་དེ་ལྟ་བས་ན་གཟུགས་ནི་སྤྲོར་མེད་པའོ། །ཚོར་བ་དང་། འདུ་
ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྤྲོར་མེད་པའོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་སྤྲོར་མེད་པའོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་སྤྲོར་མེད་པའོ། །
འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་།

ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ནི་སྤྲོར་མེད་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ནི་སྤྲོར་མེད་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ནི་སྤྲོར་མེད་པའོ། །རང་བྱང་ཆུབ་ནི་སྤྲོར་མེད་པའོ། །བྱང་ཆུབ་སེམས་དཔའི་ས་རྣམས་ནི་
སྤྲོར་མེད་པའོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ནི་སྤྲོར་མེད་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་སྤྲོར་མེད་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་སྤྲོར་མེད་པའོ། །མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་།
བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་སྤྲོར་མེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སྤྲོར་མེད་པའོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་ནི་སྤྲོར་མེད་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་སྤྲོར་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་གཟུགས་སྤྲོས་པ་མ་མཆིས་པ་ནས་རྣམ་པར་ཤེས་པའི་བར་དུ་སྤྲོས་པ་མ་མཆིས་པ་ལགས། དེ་བཞིན་དུ་སྦྱར་ཏེ། ཇི་ལྟར་བྱང་ཆུབ་ཀྱི་
བར་དུ་སྤྲོས་པ་མེད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་ཡང་གཟུགས་ལ་ངོ་བོ་ཉིད་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་
འབྱུང་བ་ལ་ངོ་བོ་ཉིད་མེད་དོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་ངོ་བོ་ཉིད་མེད་དོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་
པར་ཐར་བ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ལ་ངོ་བོ་ཉིད་མེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ངོ་བོ་ཉིད་མེད་

དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །རང་བྱང་ཆུབ་ལ་ངོ་བོ་ཉིད་མེད་དོ། །བྱང་ཆུབ་སེམས་དཔའི་ས་རྣམས་ལ་ངོ་བོ་ཉིད་མེད་དོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ངོ་བོ་ཉིད་མེད་
དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ངོ་བོ་ཉིད་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་
པ་རྣམས་ལ་ངོ་བོ་ཉིད་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །གང་ལ་ངོ་བོ་ཉིད་མེད་པ་དེ་ནི་སྤྲོར་མེད་པ་སྟེ། རབ་འབྱོར་དེའི་ཕྱིར་ན་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྤྲོར་མེད་པའོ། །སྐྱེ་མཆེད་དང་། ཁམས་དང་།
རྟེན་ཅིང་འབྲེལ་པར་འབྱུང་བ་ནི་སྤྲོར་མེད་པའོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་སྤྲོར་མེད་དོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་
པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ནི་སྤྲོར་མེད་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་
དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ནི་སྤྲོར་མེད་པའོ། །རང་བྱང་ཆུབ་ནི་སྤྲོར་མེད་པའོ། །བྱང་ཆུབ་སེམས་དཔའི་ས་རྣམས་ནི་སྤྲོར་མེད་པའོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ནི་སྤྲོར་མེད་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སེམས་ཅན་ཡོངས་
སུ་སྨིན་པར་བྱ་བ་ནི་སྤྲོར་མེད་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སྤྲོར་མེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སྤྲོར་

མེད་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་གོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་གང་ལ་ཡང་ངོ་བོ་ཉིད་དམིགས་སུ་མ་མཆིས་ན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་མམ་ལམ་གང་གིས་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་ཀྱི་ལམ་གྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མི་འཇུག །རང་སངས་རྒྱས་ཀྱི་ལམ་གྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མི་འཇུག །རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལམ་ཐམས་
ཅད་ལ་བསླབས་ཤིང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ། །འདི་ལྟ་སྟེ་དཔེར་ན་དགྲ་བཅོམ་པ་ནི་ཆོས་ཐམས་ཅད་ལ་བསླབས་ཤིང་ཡང་དག་པའི་སྐྱོན་མེད་པ་ལ་འཇུག་སྟེ། ནམ་འབྲས་བུའི་ལམ་མ་གྲུབ་ཀྱི་བར་དུ་འབྲས་བུ་ཐོབ་པར་མི་བྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལམ་ཐམས་ཅད་བསྒྲུབས་ཤིང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་སྟེ། ནམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མ་ཐོབ་ཀྱི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་བྱེད་དོ། །དེས་ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་སྐད་ཅིག་གཅིག་དང་ལྡན་པའི་
ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ལ་ལོག་པར་རྟོག་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ཏེ། བྱང་ཆུབ་སེམས་
དཔའི་སྐྱོན་མ་མཆིས་པར་འཇུག་པར་བགྱི་ན། བཅོམ་ལྡན་འདས་འདི་ལྟར་བརྒྱད་པའི་ལམ་ཡང་གཞན། རྒྱུན་དུ་ཞུགས་པའི་ལམ་ཡང་གཞན། ལན་ཅིག་ཕྱིར་འོང་བར་ཞུགས་པའི་ལམ་ཡང་གཞན། ལན་ཅིག་ཕྱིར་འོང་བའི་ལམ་ཡང་གཞན། ཕྱིར་མི་འོང་བར་ཞུགས་པའི་ལམ་ཡང་

གཞན། ཕྱིར་མི་འོང་བའི་ལམ་ཡང་གཞན། དགྲ་བཅོམ་པར་ཞུགས་པའི་ལམ་ཡང་གཞན། དགྲ་བཅོམ་པའི་ལམ་ཡང་གཞན། རང་སངས་རྒྱས་སུ་ཞུགས་པའི་ལམ་ཡང་གཞན། རང་སངས་རྒྱས་ཀྱི་ལམ་ཡང་གཞན། དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡང་གཞན་ཏེ། བཅོམ་ལྡན་འདས་གལ་ཏེ་ལམ་དེ་དག་གཞན་དང་གཞན་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ཏེ། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་
བགྱི། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བརྒྱད་པའི་ལམ་བསྒྲུབས་ཤིང་བརྒྱད་པར་མི་འགྱུར་རམ། མཐོང་བའི་ལམ་བསྒྲུབས་ཤིང་རྒྱུན་དུ་ཞུགས་པར་
མི་འགྱུར་རམ། བསྒོམ་པའི་ལམ་བསྒྲུབས་ཤིང་ལན་ཅིག་ཕྱིར་འོང་བར་ཞུགས་པའམ། ལན་ཅིག་ཕྱིར་འོང་བར་མི་འགྱུར་རམ། ཕྱིར་མི་འོང་བར་ཞུགས་པའམ། ཕྱིར་མི་འོང་བར་མི་འགྱུར་རམ། དགྲ་བཅོམ་པར་ཞུགས་པའམ། དགྲ་བཅོམ་པར་མི་འགྱུར་རམ། རང་སངས་རྒྱས་ཀྱི་ལམ་བསྒྲུབས་
ཤིང་རང་སངས་རྒྱས་སུ་མི་འགྱུར་རམ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བརྒྱད་པར་གྱུར་ནས་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པའི་གནས་དང་སྐབས་མ་མཆིས་ཏེ། དེ་ནི་གནས་མ་ལགས་སོ། །བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་མ་
ཆུད་པར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་གནས་མ་མཆིས། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཐོབ་ནས་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་
འཇུག་པའི་གནས་མ་མཆིས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་མ་ཆུད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་གནས་མ་མཆིས་ན་བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ཤིང་

བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་ཆུད་པར་གྱུར་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་དང་། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་སྤོང་བར་འགྱུར་བ་ཇི་ལྟར་
འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་པར་གྱུར་ཏོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་ཐོབ་
པའམ། དགྲ་བཅོམ་པ་ཉིད་ཐོབ་པའམ། རང་བྱང་ཆུབ་ཐོབ་པར་གྱུར་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པའི་གནས་དང་སྐབས་མེད་དེ། དེ་ནི་གནས་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མ་ཆུད་པར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་གནས་
མེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་འདི་སྙེད་མ་ཐོབ་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཇི་ལྟར་མི་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ཤེས་པ་དང་མཐོང་བས་ས་བརྒྱད་ལས་ཡོངས་སུ་འདའ་སྟེ། བརྒྱད་གང་ཞེ་ན། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་
པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། རང་སངས་རྒྱས་ཀྱི་ས་སྟེ། ས་བསྟན་པ་བརྒྱད་པོ་འདི་དག་ལས་ཤེས་པ་དང་མཐོང་བ་ལས་འདས་ནས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་
པར་ཞུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་རབ་ཏུ་སྤོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ལ་བརྒྱད་པའི་ཡེ་ཤེས་དང་སྤོང་བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །

རྒྱུན་དུ་ཞུགས་པའི་ཡེ་ཤེས་དང་སྤོང་བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ། ལན་ཅིག་ཕྱིར་འོང་བའི་ཡེ་ཤེས་དང་སྤོང་བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ། ཕྱིར་མི་འོང་བའི་ཡེ་ཤེས་དང་
སྤོང་བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ། དགྲ་བཅོམ་པའི་ཡེ་ཤེས་དང་སྤོང་བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ། རང་སངས་རྒྱས་ཀྱི་ཡེ་ཤེས་དང་སྤོང་བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོའི་བཟོད་པ་སྟེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ཡོངས་སུ་རྫོགས་པར་བྱས་ཤིང་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་རབ་ཏུ་སྤོང་ངོ་། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་
པར་རྫོགས་པར་སངས་རྒྱས་ཤིང་འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་འགྱུར་རོ།། །།བམ་པོ་དྲུག་ཅུ་གཉིས་པ། གསོལ་པ། བཅོམ་ལྡན་འདས་གང་ཉན་ཐོས་ཀྱི་ལམ་དང་། རང་སངས་རྒྱས་ཀྱི་ལམ་དང་། སངས་རྒྱས་ཀྱི་ལམ་དེ་དག་ལས་ལམ་གྱི་རྣམ་པ་ཤེས་
པ་ཉིད་ཀྱི་ལམ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པར་བསྒྲུབ་པར་བྱ་སྟེ། དེ་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པ་ནི་འདི་ཡིན་ཏེ། རྣམ་པ་གང་དང་གང་དག་
དང་རྟགས་གང་དང་གང་དག་དང་། མཚན་མ་གང་དང་གང་གིས་ལམ་དུ་བརྗོད་པའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དང་། མངོན་པར་རྫོགས་པར་སངས་རྒྱས་ནས་ཅི་ནས་ཀྱང་

གཞན་གྱིས་ཤེས་པར་འགྱུར་བ་དང་། གཞན་འདུལ་བའི་དོན་དུ་གཞན་ལ་བརྗོད་པ་དང་། བསྟན་པ་དང་། བཤད་པ་དང་། གདགས་པ་དང་། རྣམ་པར་དགོད་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྒྲ་བརྙན་ལྟ་བུར་ཤེས་པར་བྱ་བའི་དོན་དུ་སྒྲ་སྐད་དང་བརྡར་བྱས་པ་གང་གིས་
སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གོ་བར་འགྱུར་བ་དེ་ལྟ་བུའི་སྒྲ་སྐད་དང་། བརྡ་ཐམས་ཅད་བརྗོད་པར་བྱ། ཡོངས་སུ་གཟུང་བར་བྱ་སྟེ། རབ་འབྱོར་རྣམ་གྲངས་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །ལམ་
ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རིག་པར་བྱ་སྟེ། སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་སེམས་ཅན་དམྱལ་བའི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱ་སྟེ། སེམས་ཅན་དམྱལ་བའི་ལམ་དེ་ལས་
བཟློག་པར་བྱ་ཞིང་རྒྱུ་ལས་ཀྱང་བཟློག་པར་བྱའོ། །འབྲས་བུ་ལས་ཀྱང་བཟློག་པར་བྱའོ། །བྱོལ་སོང་གི་སྐྱེ་གནས་ཀྱི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་ཤེས་པར་བྱ། རྒྱུ་ཤེས་པར་བྱ། འབྲས་བུ་ཤེས་པར་བྱ་སྟེ། བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་དེ་ལས་བཟློག་པར་བྱ་ཞིང་རྒྱུ་
ལས་ཀྱང་བཟློག་པར་བྱའོ། །འབྲས་བུ་ལས་ཀྱང་བཟློག་པར་བྱའོ། །གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་རྣམས་ཀྱི་གཤིན་རྗེའི་འཇིག་རྟེན་གྱི་ལམ་ཤེས་པར་བྱ། རྒྱུ་ཤེས་པར་བྱ། འབྲས་བུ་ཤེས་པར་བྱ་སྟེ། གཤིན་རྗེའི་འཇིག་རྟེན་གྱི་ལམ་དེ་ལས་ཀྱང་བཟློག་པར་བྱ་ཞིང་རྒྱུ་ལས་ཀྱང་བཟློག་
པར་བྱའོ། །འབྲས་བུ་ལས་ཀྱང་བཟློག་པར་བྱའོ། །མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། གསང་བ་པ་དང་། རིག་པ་འཛིན་པ་དང་། གྲུབ་པ་དང་། སྒྲུབ་པར་བྱེད་པ་རྣམས་ཀྱི་ལམ་ཤེས་པར་བྱ། རྒྱུ་ཤེས་
པར་བྱ། འབྲས་བུ་ཤེས་པར་བྱའོ། །རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། འཐབ་བྲལ་གྱི་ལྷ་རྣམས་དང་། དགའ་ལྡན་གྱི་ལྷ་རྣམས་དང་། འཕྲུལ་དགའི་ལྷ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱ། རྒྱུ་ཤེས་

པར་བྱ། འབྲས་བུ་ཤེས་པར་བྱ། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་པ་མདུན་ན་འདོན་གྱི་ལྷ་རྣམས་དང་། ཚངས་འཁོར་བའི་ལྷ་རྣམས་དང་། ཚངས་ཆེན་གྱི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱ། རྒྱུ་ཤེས་པར་བྱ། འབྲས་བུ་ཤེས་པར་བྱའོ། །འོད་ཆུང་གི་ལྷ་
རྣམས་དང་། ཚད་མེད་འོད་ཀྱི་ལྷ་རྣམས་དང་། འོད་གསལ་གྱི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱ། རྒྱུ་ཤེས་པར་བྱ། འབྲས་བུ་ཤེས་པར་བྱའོ། །དགེ་ཆུང་གི་ལྷ་རྣམས་དང་། ཚད་མེད་དགེ་བའི་ལྷ་རྣམས་དང་། དགེ་རྒྱས་གྱི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱ། རྒྱུ་ཤེས་པར་བྱ། འབྲས་བུ་
ཤེས་པར་བྱའོ། །སྤྲིན་མེད་ཀྱི་ལྷ་རྣམས་དང་། བསོད་ནམས་སྐྱེས་ཀྱི་ལྷ་རྣམས་དང་། འབྲས་བུ་ཆེ་བའི་ལྷ་རྣམས་དང་། འདུ་ཤེས་མེད་པའི་སེམས་ཅན་གྱི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱ། རྒྱུ་ཤེས་པར་བྱ། འབྲས་བུ་ཤེས་པར་བྱའོ། །མི་སྤོང་བའི་ལྷ་རྣམས་དང་། མི་གདུང་བའི་
ལྷ་རྣམས་དང་། ལེགས་མཐོང་གི་ལྷ་རྣམས་དང་། རབ་ལྟའི་ལྷ་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱ། རྒྱུ་ཤེས་པར་བྱ། འབྲས་བུ་ཤེས་པར་བྱའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་དང་།
ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱ། རྒྱུ་ཤེས་པར་བྱ། འབྲས་བུ་ཤེས་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ཤེས་པར་བྱའོ། །ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་།
དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པར་བྱའོ། །རྣམ་པར་ཐར་པའི་སྒོ་གསུམ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་
ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་

པ་བཅོ་བརྒྱད་ཤེས་པར་བྱའོ། །ལམ་དེ་དག་གིས་ཀྱང་སེམས་ཅན་གང་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱ་བ་དེ་དག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དགོད་པར་བྱ་བ་དེ་དག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དགོད། གང་ཕྱིར་
མི་འོང་བའི་འབྲས་བུ་ལ་དགོད་པར་བྱ་བ་དེ་དག་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་དགོད། གང་དགྲ་བཅོམ་པ་ཉིད་ལ་དགོད་པར་བྱ་བ་དེ་དག་ནི་དགྲ་བཅོམ་པ་ཉིད་ལ་དགོད། གང་རང་བྱང་ཆུབ་ལ་དགོད་པར་བྱ་བ་དེ་དག་ནི་རང་བྱང་ཆུབ་ལ་དགོད་དེ། གང་བྱང་ཆུབ་ལ་དགོད་པར་བྱ་བ་དེ་དག་ནི་བྱང་
ཆུབ་ལ་དགོད་དོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །དེ་དག་ལ་བསླབས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་བསམ་པ་ལ་འཇུག་གོ། །སེམས་ཅན་རྣམས་ཀྱི་བསམ་པ་ལ་ཞུགས་ནས་
དེ་བཞིན་ཉིད་དུ་ཆོས་སྟོན་ཏོ། །དེས་ཆོས་བསྟན་པ་དེ་ཡང་འབྲས་བུ་མེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་སྐྱེས་པའི་དབང་པོ་ཤིན་ཏུ་ཤེས་པར་བྱ་བའི་ཕྱིར་ཏེ། དེ་ནི་སེམས་ཅན་རྣམས་ཀྱི་ལམ་དང་། ལམ་མ་ཡིན་པ་དང་། འཆི་འཕོ་བ་དང་། སྐྱེ་བ་ཡང་
རབ་ཏུ་ཤེས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ནི་བྱང་ཆུབ་ཀྱི་ཕྱོགས་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱ་བའམ། ཉན་ཐོས་
ཀྱིས་བསླབ་པར་བྱ་བའམ། རང་སངས་རྒྱས་ཀྱིས་བསླབ་པར་བྱ་བའི་ཆོས་གང་ཡང་མ་འདུས་པ་མེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་གང་ལགས་པ་དང་། བྱང་ཆུབ་ཀྱི་བར་གང་ལགས་པའི་ཆོས་དེ་དག་ཐམས་ཅད་ལྡན་པའང་མ་ལགས་
མི་ལྡན་པའང་མ་ལགས། གཟུགས་མ་མཆིས། བསྟན་དུ་མ་མཆིས། ཐོགས་པ་མ་མཆིས་པ་སྟེ། འདི་ལྟར་མཚན་ཉིད་མ་མཆིས་པར་མཚན་ཉིད་གཅིག་ན། ཇི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བྱང་ཆུབ་སྒྲུབ་པར་འགྱུར་བ་ལགས། བཅོམ་ལྡན་འདས་ལྡན་པ་ཡང་མ་

ལགས། མི་ལྡན་པ་ཡང་མ་ལགས་ལ། གཟུགས་མ་མཆིས་ཤིང་བསྟན་དུ་མ་མཆིས། ཐོགས་པ་མ་མཆིས་པ་འདི་ལྟར་མཚན་ཉིད་མ་མཆིས་པར་མཚན་ཉིད་གཅིག་པ་ནི་ཆོས་གང་ལ་ཡང་སྒྲུབ་པའམ་འཇིག་པར་བགྱིད་པ་མ་མཆིས་སོ། །བཅོམ་ལྡན་
འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ཆོས་གང་ལ་ཡང་སྒྲུབ་པའམ་འཇིག་པར་མི་བགྱིད་དོ། །བཅོམ་ལྡན་འདས་དེ་བཞིན་དུ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ནི་ཆོས་གང་ལ་ཡང་སྒྲུབ་པའམ་འཇིག་པར་བགྱིད་པ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ནི་ཆོས་གང་ལ་ཡང་སྒྲུབ་པའམ་འཇིག་པར་བྱེད་པ་མེད་དོ། །རབ་འབྱོར་སེམས་ཅན་གང་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་མི་ཤེས་པ་དེ་དག་གི་དོན་དུ་འདི་སྐད་དུ་འདི་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
བྱང་ཆུབ་ཐོབ་པར་བྱེད་པའོ་ཞེས་བཤད་དོ་ཞེས་བྱ་བ་ནི་ལམ་ལ་ལོག་པར་རྟོག་པ་ཡིན་ནོ།། །།རབ་འབྱོར་འོན་ཀྱང་འདི་ལྟར་གཟུགས་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་
འབྲེལ་པར་འབྱུང་བ་གང་ཡིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་
པ་དང་། ནང་སྟོང་པ་ཉིད་གང་ཡིན་པ་དང་། ཕྱི་སྟོང་པ་ཉིད་གང་ཡིན་པ་དང་། ཕྱི་ནང་སྟོང་པ་ཉིད་གང་ཡིན་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་གང་ཡིན་པ་དང་། བསམ་གཏན་དང་པོ་གང་ཡིན་པ་དང་། བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་།
བསམ་གཏན་བཞི་པ་གང་ཡིན་པ་དང་། བྱམས་པ་གང་ཡིན་པ་དང་། སྙིང་རྗེ་གང་ཡིན་པ་དང་། དགའ་བ་དང་། བཏང་སྙོམས་ལ་སྙོམས་པར་འཇུག་པ་གང་ཡིན་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་གང་ཡིན་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་

མཆེད་ཀྱི་སྙོམས་པར་འཇུག་པ་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་གང་ཡིན་པ་དང་། དྲན་པ་ཉེ་བར་གཞག་པ་གང་ཡིན་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་
པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཡིན་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་།
ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་གང་ཡིན་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཡིན་པ་དང་།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ཆོས་འདུལ་བ་འདི་ལ་ལྡན་པའང་མ་ཡིན། མི་ལྡན་པའང་མ་ཡིན། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་ཀྱང་དེ་དག་དེ་བཞིན་
གཤེགས་པས་སེམས་ཅན་རྣམས་གཟུད་པར་བྱ་བའི་དོན་དུ་འཇིག་རྟེན་གྱི་ཐ་སྙད་ཀྱིས་དེ་སྐད་དུ་བརྗོད་དེ། དོན་དམ་པར་ནི་མ་ཡིན་ནོ། །དེ་དག་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་པ་དང་མཐོང་བས་བསླབ་པར་བྱ་སྟེ། ཇི་ལྟ་བ་དེ་བཞིན་དུ་ཤེས་པ་དང་མཐོང་
བས་བསླབས་ནས་ཆོས་ལ་ལ་ནི་མངོན་དུ་བྱའི། ལ་ལ་ནི་མངོན་དུ་མི་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་ནི་ཤེས་པ་དང་མཐོང་བས་བསླབས་ཏེ་མངོན་དུ་བྱ། ཆོས་གང་ནི་མངོན་དུ་མི་བྱ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་ནི་ཤེས་པ་
དང་མཐོང་བས་བསླབས་ཏེ་མངོན་དུ་མི་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་དུ་བྱ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཕགས་པའི་ཆོས་དང་འདུལ་བ་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་འཕགས་པའི་ཆོས་དང་འདུལ་བ་འཕགས་པའི་ཆོས་དང་འདུལ་བ་ཞེས་བགྱི་བ་དེ་ཇི་ཙམ་གྱིས་ན་འཕགས་པའི་ཆོས་འདུལ་བ་ཞེས་བགྱི་བ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་
ལ་ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འདོད་ཆགས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཞེ་སྡང་དང་ལྡན་
པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། གཏི་མུག་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། འཇིག་ཆོགས་སུ་ལྟ་བ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཐེ་ཚོམ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་དང་
ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། འདོད་པའི་འདོད་ཆགས་དང་གནོད་སེམས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། གཟུགས་དང་གཟུགས་མེད་པའི་འདོད་ཆགས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། མ་རིག་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་
མ་ཡིན། ང་རྒྱལ་དང་རྒོད་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བསམ་གཏན་དང་པོ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བསམ་གཏན་གཉིས་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བསམ་གཏན་གསུམ་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་
ཡིན། བསམ་གཏན་བཞི་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བྱམས་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། སྙིང་རྗེ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། དགའ་བ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བཏང་སྙོམས་དང་ལྡན་པ་ཡང་མ་
ཡིན། བྲལ་བ་ཡང་མ་ཡིན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་

འཇུག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་།
འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་
དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་
པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། འདུས་བྱས་ཀྱི་ཁམས་དང་འདུས་མ་བྱས་ཀྱི་ཁམས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་པས། དེའི་ཕྱིར་དེ་དག་ནི་འཕགས་
པ་ཞེས་བྱ་སྟེ། འདི་ནི་དེ་དག་གི་ཆོས་འདུལ་བ་ཡིན་པས་དེའི་ཕྱིར་འཕགས་པའི་ཆོས་འདུལ་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་ཐམས་ཅད་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། མཚན་ཉིད་གཅིག་པ། འདི་ལྟར་མཚན་ཉིད་མེད་པ་
སྟེ། དེ་དག་ནི་གཟུགས་མེད་པ། གཟུགས་མེད་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ནོ། །བསྟན་དུ་མེད་པ་དང་། བསྟན་དུ་མེད་པར་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ། །ཐོགས་པ་མེད་པ་དང་། ཐོགས་པ་མེད་པར་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ། །
མཚན་ཉིད་མེད་པ་དང་མཚན་ཉིད་མེད་པར་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ལ་ལོག་པར