Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 83

Văn bản gốc(Tây Tạng)

Trang 21 / 21 (50.000 ký tự/trang)
བྲེལ་བར་འབྱུང་བ་ཟབ་པོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
རྣམས་ཟབ་པོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་
དང་། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གཟུངས་ཀྱི་སྒོ་ཟབ་པོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་
མ་འདྲེས་པ་རྣམས་ཟབ་པོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་པོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱི་ཟབ་པ་ཉིད་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་

རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་དེ་
བཞིན་ཉིད་དེ་ལ་གཟུགས་ཀྱང་མེད། གཟུགས་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། གཟུགས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ་རྣམ་པར་ཤེས་པ་ཡང་མེད། རྣམ་པར་ཤེས་པ་ལས་གུད་ན་ཡང་དེ་བཞིན་ཉིད་མེད་
དེ། རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་མེད། རྟེན་ཅིང་འབྲེལ་བར་འབྱུང་བ་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །
རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་མེད། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་
ལྟ་བུའོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་དེ་ལ་གཟུགས་མེད་པའི་སྙོམས་པར་འཇུག་པ་ཡང་མེད། གཟུགས་མེད་པའི་སྙོམས་པར་འཇུག་པ་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། གཟུགས་མེད་པའི་སྙོམས་པར་འཇུག་
པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དེ་བཞིན་ཉིད་དེ་ལ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་མེད། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལས་གུད་
ན་ཡང་དེ་བཞིན་ཉིད་མེད་དེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་།

སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་མེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་
ཐབས་ཕྲ་བས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན།
སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་རྣམས་ཀྱི་བར་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་དང་
ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པའི་འཛིན་པ་ཐམས་ཅད་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན་པ་དེ་ནི་ངོ་མཚར་ཆེའོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱི་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་ལས་གྲོལ་བ་ཉིད་ཡིན་ནོ། །དེ་སྐད་ཅེས་གསོལ་
པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་ལྟར་གསུངས་པ་བཞིན་བདག་གིས་འདི་ལྟར་གནས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལས་ཇི་ལྟར་ཉེ་བར་བསྟན་པ་བཞིན་བདག་གིས་འདི་ལྟར་བསླབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་བཤད་པ་བཞིན་བདག་གིས་འདི་ལྟར་བསྒྲུབ་པར་བྱའོ་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གནས་ཟབ་མོ་ཟབ་མོ་འདི་དག་ལ་སེམས་པར་འགྱུར་འཇལ་བར་འགྱུར་ངེས་པར་
རྟོགས་པར་འགྱུར་ན་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱི་མཚན་ཉིད་དོ། །དེ་བཞིན་དུ་སྒྲུབ་པར་བྱེད། དེ་བཞིན་དུ་ངེས་པར་རྟོག་པར་བྱེད། དེ་བཞིན་དུ་ཉེ་བར་རྟོག་པར་བྱེད། དེ་བཞིན་དུ་ཚོར་བ་དང་། དེ་བཞིན་དུ་སྦྱོར་བ་དང་། དེ་བཞིན་དུ་འབད་པར་བྱེད་པ་ན་སེམས་བསྐྱེད་པ་གཅིག་གི་དགེ་བའི་རྩ་བ་གྲངས་མེད་
གཞལ་དུ་མེད་ཚད་མེད་པ་ཡོངས་སུ་འཛིན་ཅིང་བསྐལ་པ་ཚད་མེད་པར་འཁོར་བ་སྤོང་བར་བྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་འདྲེས་པར་སྤྱོད་ཅིང་བྱང་ཆུབ་ཡིད་ལ་བྱ་བ་དང་ལྡན་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་གནས་པ་ལྟ་ཅི་སྨོས་ཞེས་བྱ་བ་ནི་ངེས་པར་འབྱེད་
པའི་ཆ་དང་མཐུན་པ་ལ་སོགས་པའི་བསྒོམ་པའི་ལམ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་འདོད་ཆགས་ལ་སྤྱོད་ཅིང་རྣམ་པར་རྟོག་པ་ཞིག་གིས་བུད་མེད་གཟུགས་བཟང་ཞིང་མཛེས་པ་བལྟ་ན་སྡུག་པ་འགའ་ཞིག་བཏུས་ལ། བུད་མེད་དེ་གཞན་གྱི་ཡོངས་སུ་བཟུང་བ་ཞིག་སྟེ་ཁྱིམ་ནས་ཕྱིར་
འབྱུང་བར་མ་ནུས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ལ་རྣམ་པར་རྟོག་པ་ཇི་ལྟ་བུ་དང་ལྡན་པ་དག་འབྱུང་བར་འགྱུར། གསོལ་པ། བཅོམ་ལྡན་འདས་སྐྱེས་བུ་དེ་ལ་ནི་བུད་མེད་དང་ལྡན་པའི་རྣམ་པར་རྟོག་པ་ཉིད་འབྱུང་བར་འགྱུར་ཏེ། དེ་འོང་བར་འགྱུར་རོ། །འོངས་ནས་ཀྱང་དེ་དང་ལྷན་ཅིག་ཉལ་བར་བགྱིའོ། །
རྩེ་བར་བགྱིའོ། །དགའ་བར་བགྱིའོ། །ཡོངས་སུ་སྤྱད་པར་བགྱིའོ་སྙམ་མོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཉིན་མཚན་འདས་པས་སྐྱེས་བུ་དེའི་རྟོག་པ་ཇི་སྙེད་ཅིག་འབྱུང་བར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་དེ་ནི་མང་ངོ་། །བདེ་བར་གཤེགས་པ་དེ་ནི་མང་ངོ་། །
སྐྱེས་བུ་དེའི་རྣམ་པར་རྟོག་པ་དེ་ཉིན་མཚན་འདས་པས་ཤིན་ཏུ་མང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྐྱེས་བུ་དེའི་རྣམ་པར་རྟོག་པ་ཉིན་མཚན་འདས་པ་ཇི་སྙེད་ཅིག་འབྱུང་བ་དེ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་བ་སྤོང་ཞིང་རྒྱབ་ཀྱིས་བལྟས་པས་

མཐར་བྱེད་པར་འགྱུར་རོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཇི་སྐད་དུ་བསྟན་པ་འདི་ལ་སློབ་པ་དང་། ཉེ་བར་རྟོག་པ་དང་། སེམས་པ་དང་། ཉེས་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་
འགྱུར་བའི་ཉེས་པ་དེ་དག་ཅི་ནས་ཀྱང་སྤང་བར་འགྱུར་བ་དེ་ལྟར་བརྩོན་པར་བྱེད་ན། རབ་འབྱོར་དེ་ལྟར་བརྩོན་པས་རྗེས་སུ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་བསྟན་པ་བཞིན་དུ་གནས་པ་དེས་ཉིན་གཅིག་ལ་དགེ་བའི་རྩ་བ་གང་ཡོངས་སུ་གཟུང་བ་
དེས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་ཡོངས་སུ་གང་བར་གྱུར་ཀྱང་དེས་ནི་དགེ་བའི་རྩ་བ་དེའི་ལྷག་མ་ལས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ་ཞེས་
བྱ་བ་ནི་ཕན་ཡོན་རྣམ་པ་གསུམ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་དང་།
དཀོན་མཆོག་གསུམ་ལ་སྦྱིན་པ་བྱིན་ན། རབ་འབྱོར་ཇི་སྙམ་དུ་སེམས། ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་སྟེ། གཞལ་དུ་མ་མཆིས་གྲངས་མ་མཆིས་ཚད་མ་མཆིས། མཚུངས་
པ་མ་མཆིས་སོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཆེན་པོའི་ཆེན་པོ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་བརྩོན་པར་བྱེད་ན། དེའི་བསོད་ནམས་ཆེས་
མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་དེ་ནི་འདི་ཡིན་ནོ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་ཆུང་ངུའི་ཆུང་ངུ་ཡིན་ནོ།། །།