Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 83

Văn bản gốc(Tây Tạng)

Trang 20 / 21 (50.000 ký tự/trang)
་པོ་གང་གི་ལུས་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་གནས་ཤིང་ལུས་ལ་ཟ་བ་ཡོད་པ་དེ་
དག་ཀྱང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཐམས་ཅད་ནས་ཐམས་ཅད་དུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་སྟེ། དེའི་ཕྱིར་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ལུས་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་པོ་དེ་དག་མེད་དེ། རབ་འབྱོར་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་རྣམ་པར་འཕེལ་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཡོངས་སུ་དག་པ་
དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་འཛིན་ཏོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཡན་ལག་ལ་གནས་པའི་ཕྱིར་
མི་ལྡོག་པའི་རྟགས་བཅུ་གཉིས་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཡོངས་སུ་དག་པ་ལགས། ངག་ཡོངས་སུ་དག་པ་
ལགས། སེམས་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་རྣམ་པར་འཕེལ་བ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་དེ་དག་གིས་ལུས་མི་དྲང་བ་ཉིད་དང་། ངག་མི་དྲང་བ་ཉིད་དང་། སེམས་མི་དྲང་

བ་ཉིད་དེ་ལུས་དང་ངག་དང་སེམས་ཀྱི་གྱ་གྱུ་ཡོངས་སུ་སྦྱོང་བར་བྱེད་དོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པའོ། །དེ་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་
དག་པ་དེས་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་འདའོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་སྟེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་
དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཡན་ལག་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་བཅུ་གསུམ་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཁེ་དང་བཀུར་
སྟི་ལྷུར་ལེན་པ་མ་ཡིན་ནོ། །ཆོས་གོས་གསུམ་པའི་བར་དུ་ལྷུར་ལེན་པ་མ་ཡིན་ཞིང་དེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱང་ཡང་དག་པར་བླངས་ཏེ་སྤྱོད་དོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་
ལྡོག་པར་རིག་པར་བྱའོ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཡན་ལག་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་བཅུ་བཞི་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སེར་སྣའི་སེམས་སྐྱེ་བ་མེད་དོ། །ཚུལ་ཁྲིམས་ངན་པའི་སེམས་སྐྱེ་བ་མེད་དོ། །
འཁྲུག་པའི་སེམས་སྐྱེ་བ་མེད་དོ། །ལེ་ལོའི་སེམས་སྐྱེ་བ་མེད་དོ། །མཉམ་པར་མ་བཞག་པའི་སེམས་སྐྱེ་བ་མེད་དོ། །ཤེས་རབ་འཆལ་བའི་སེམས་སྐྱེ་བ་མེད་དོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཡན་ལག་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་བཅོ་ལྔ་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ནི་བློ་བརྟན་པ་ཡིན། གུས་པས་གཞན་ལ་ཆོས་ཉན་པ་ཡིན། གཞན་ལས་ཆོས་

གང་ཐོས་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པར་སྦྱོར་བ་ཡིན། འཇིག་རྟེན་པའི་བྱ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཆོས་ཉིད་དང་ཡང་དག་པར་སྦྱོར་བར་བྱེད་དེ། ཆོས་གང་ཆོས་ཀྱི་དབྱིངས་དང་མི་
སྦྱོར་བ་དེ་ལྟ་བུ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱོར་བར་ཡང་དག་པར་རྗེས་སུ་མཐོང་བ་ཡིན་ནོ། །རབ་འབྱོར་དེ་དག་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ནི་
ངེས་པར་འབྱེད་པའི་ཡན་ལག་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་བཅུ་དྲུག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་བདུད་སྡིག་ཏོ་ཅན་གྱིས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་མངོན་པར་སྤྲུལ་ནས་སེམས་ཅན་དམྱལ་བ་ཆེན་པོ་
དེ་རེ་རེར་ཡང་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དང་། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་སྲེག་ཅིང་བཙོ་བ་དང་། སྡུག་བསྔལ་མི་བཟད་པ་དང་། རྩུབ་པ་དང་།
ཚ་བའི་ཚོར་བ་མྱོང་བར་མངོན་པར་སྤྲུལ་ནས་བསྟན་ཏེ། འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་ཕྱིར་མི་ལྡོག་པར་དེ་བཞིན་གཤེགས་པས་ལུང་བསྟན་པ་ཡིན་ཏེ། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་འདིར་སྐྱེས་སོ། །ཁྱོད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཕྱིར་མི་ལྡོག་པར་ལུང་བསྟན་པ་ནི་སེམས་ཅན་དམྱལ་བར་ལུང་བསྟན་ཏེ། ད་དུང་ཡང་ཁྱོད་ཀྱིས་བྱང་ཆུབ་ཀྱི་སེམས་འདི་ཐོང་ཞིག་དང་ཁྱོད་སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར་ཏེ། དེ་ལྟར་བྱས་ན་ཁྱོད་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་ཟེར་ཡང་།
རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་མི་འཁྲུག་ཅིང་དོགས་པ་མེད་ཐེ་ཚོམ་མེད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ལུང་བསྟན་པར་རིག་པར་བྱའོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ངེས་པ་ཡིན་ཏེ། ཕྱིར་མི་ལྡོག་པའི་ཁམས་སུ་གནས་པའོ། །རབ་འབྱོར་འདི་ནི་གནས་མ་ཡིན་ཞིང་སྐབས་མེད་པ་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དམྱལ་བ་པའམ། བྱོལ་སོང་གི་སྐྱེ་
གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ལྷ་མ་ཡིན་དུ་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བ་ནི་རྩེ་མོར་
གཏོགས་པའི་གནས་སྐབས་ལས་ཕྱིར་མི་ལྡོག་པའི་རྟགས་བཅུ་བདུན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཏོ་ཅན་དགེ་སྦྱོང་གི་ཆ་བྱད་དུ་འོངས་ཏེ། འདི་སྐད་དུ་གང་ཁྱོད་ཀྱིས་སྔོན་འདི་ལྟར་བདག་གིས་སྦྱིན་པའི་ཕ་
རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །
འདི་ལྟར་བདག་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་བྱ་
བ་དེ་དག་ཐམས་ཅད་ཤོགས་ཤིག །གང་ཁྱོད་ཀྱིས་འདས་པ་དང་། མ་བྱོན་པ་དང་། དེ་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་དང་བཅས་པ་རྣམས་ཀྱི་ཐུགས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དམ་པའི་ཆོས་གནས་པའི་བར་
གྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དེ་དག་སོ་སོར་ཤོགས་ཤིག་ཐོང་ཤིག །གང་ཁྱོད་ཀྱིས་ཐོས་པ་དེ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། དེ་ནི་རང་བཟོར་བྱས་པའོ། །གང་ངས་བཤད་པ་

ནི་སངས་རྒྱས་ཀྱི་བཀའ་སྟེ། དེ་བཞིན་གཤེགས་པས་གསུངས་པའོ་ཞེས་ཟེར་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁྲུག་ཅིང་དོགས་པར་བྱེད་དམ། ཐེ་ཚོམ་ཟ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ལུང་མ་བསྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ནི་མ་ངེས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ཕྱིར་མི་ལྡོག་པའི་ཁམས་སུ་གནས་པ་མ་ཡིན། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མི་འཁྲུག་ཅིང་
དོགས་པར་མི་བྱེད་ཐེ་ཚོམ་མི་ཟ་ལ་ཆོས་ཉིད་ལ་བརྟེན་ཅིང་མངོན་པར་འདུས་མ་བྱས་པ་དང་མ་སྐྱེས་པ་ལ་བརྟེན་ཏེ། གཞན་ལ་ཡིད་ཆེས་པས་མི་འགྲོ་ལ་གཞན་གྱི་དྲིང་མི་འཇོག་ཅིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་གཞན་གྱི་དྲིང་མི་འཇོག་ཅིང་འདི་ལྟ་སྟེ་དཔེར་ན་དགྲ་བཅོམ་པ་ཟག་པ་ཟད་པས་གཞན་ལ་ཡིད་ཆེས་པས་མི་འགྲོ་ཞིང་ཆོས་ཉིད་
མངོན་སུམ་དུ་འགྱུར་བས་བདུད་སྡིག་ཏོ་ཅན་གྱིས་མི་འཕྲོགས་པ་དེ་བཞིན་དུ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་མི་བརྫི་ཞིང་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ།
སངས་རྒྱས་ཀྱི་ཐེག་པ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆོས་ལས་ཕྱིར་མི་ལྡོག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ངེས་པ་ཡིན་ཏེ། ཕྱིར་མི་ལྡོག་པའི་ཁམས་སུ་གནས་ཤིང་གཞན་གྱི་དྲིང་མི་འཇོག་པ་ཡིན་ནོ། །དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡིད་ཆེས་པས་ཀྱང་མི་འགྲོ་ན། ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། སངས་རྒྱས་ཀྱི་ཐེག་པ་པའམ། བདུད་སྡིག་ཅན་ནམ། མུ་སྟེགས་ཅན་ནམ། ཀུན་དུ་རྒྱུ་བ་གཞན་དག་ལ་ཡིད་ཆེས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ།

དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་གང་ལ་ཡིད་ཆེས་པས་འགྲོ་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་ཏེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་
པའམ། གཟུགས་ཀྱི་དེ་བཞིན་ཉིད་དམ། ཚོར་བའི་དེ་བཞིན་ཉིད་དམ། འདུ་ཤེས་ཀྱི་དེ་བཞིན་ཉིད་དམ། འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་དམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་དམ། དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་
འབྲེལ་བར་འབྱུང་བའི་ཡན་ལག་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། གཟུངས་ཀྱི་སྒོ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་
སྙོམས་པར་འཇུག་པ་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་རྣམས་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་
དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཡན་ལག་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་བཅོ་བརྒྱད་པ་ཡིན་ནོ།། །།བམ་པོ་ལྔ་བཅུ་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོའི་དྲུང་དུ་བདུད་སྡིག་ཏོ་ཅན་དགེ་སྦྱོང་གི་ཆ་བྱད་དུ་འོངས་ནས་འདི་སྐད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པ་འདི་ནི་འཁོར་བར་སྤྱོད་པ་ཡིན་གྱི། འདི་ཉིད་དུ་ཁྱོད་ཀྱིས་སྡུག་བསྔལ་མཐར་ཕྱིན་པར་གྱིས་ཤིག་ཅེས་ཟེར་ཞིང་བདུད་སྡིག་ཏོ་ཅན་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལམ་

གྱི་གཟུགས་བརྙན་སྟོན་ཏེ། གང་འཁོར་བར་སྤྱོད་པའི་འཇིག་རྟེན་པའི་རྣམ་པས་ལམ་གྱི་གཟུགས་བརྙན་ཡང་ན་རུས་པར་འདུ་ཤེས་པ་དང་། ཡང་ན་བསམ་གཏན་དང་པོ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་སྟོན་ཅིང་། ཚེ་དང་ལྡན་པ་ལམ་གང་དང་
ནན་ཏན་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུ་དང་། ལམ་གང་གིས་དགྲ་བཅོམ་པ་ཉིད་འཐོབ་པར་འགྱུར་བའི་ལམ་འདི་དག་དང་ནན་ཏན་འདིས་འདི་ཉིད་དུ་ཁྱོད་ཀྱིས་སྡུག་བསྔལ་གྱི་མཐར་ཕྱུང་ཤིག་
དང་། ཕྱིན་ཆད་ཁྱོད་ཀྱིས་འཁོར་བ་ན་སྤྱོད་པའི་སྡུག་བསྔལ་དེ་དག་མྱོང་བར་མི་འགྱུར་རོ། །ཀྱེ་མ་བདག་གི་ལུས་འདི་ཉིད་དུ་མངོན་པར་མ་གྲུབ་ན་ཁྱོད་ལུས་གཞན་ཡང་ཇི་ལྟར་ཡོངས་སུ་གཟུང་བར་སེམས་ཞེས་ཟེར་ཡང་། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་
སེམས་མི་འཁྲུགས་མི་གཡོ་ཞིང་གོང་དུ་ཡང་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་ལ་ལམ་གྱི་གཟུགས་བརྙན་སྟོན་པ་ནི་དགེ་སློང་འདི་ནི་བདག་ལ་ཕན་འདོགས་པར་སྟོན་པ་སྟེ། ལམ་གྱི་གཟུགས་བརྙན་དེས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱེད་པར་ཡང་མི་འགྱུར། ལན་ཅིག་
ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱེད་པར་ཡང་མི་འགྱུར། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱེད་པར་ཡང་མི་འགྱུར། དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་ཡང་མི་འགྱུར། རང་བྱང་ཆུབ་མངོན་དུ་བྱེད་པར་ཡང་མི་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་པར་ཡང་
མི་འགྱུར་རོ་སྙམ་སྟེ། དེ་ལས་ཀྱང་གོང་དུ་གང་བདག་ལ་ཡན་ལག་འདི་དག་སྟོན་པའི་དགེ་སློང་འདི་ནི་བདག་ལ་ཕན་འདོགས་པ་ཡིན་གྱི། བདག་གིས་དེ་དག་ཤེས་པར་བྱ་སྟེ་ཐེག་པ་གསུམ་པོ་ཀུན་ལ་བསླབ་པར་བྱའོ་ཞེས་དགའ་བ་བསྐྱེད་ལ། བདུད་སྡིག་ཏོ་ཅན་དེས་ཀྱང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་དགའ་བར་གྱུར་པར་ཤེས་པས་དེ་ལ་འདི་སྐད་དུ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་དང་། ཡོ་བྱད་ཀྱིས་རིམ་གྲོར་

བྱས་པ་དང་། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དྲུང་དུ་གང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། བཟོད་པའི་ཕ་རོལ་ཏུ་
ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། སངས་རྒྱས་བཅོམ་ལྡན་འདས་
གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གནས་པར་བགྱི་བ་དང་། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་
ལག་རྣམས་དང་། ལམ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། གཟུངས་ཀྱི་སྒོ་རྣམས་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་
འཇུག་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་བར་ལ་སྤྱོད་པའི་ཚེ་གནས་པར་བགྱིའོ་ཞེས་བྱང་ཆུབ་སེམས་དཔའི་ཐེག་པ་པ་འདི་ཉིད་ཀྱི་དོན་དུ་ཀུན་དྲིས་
ཤིང་ཡོངས་སུ་ཞུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ལྟ་བར་འདོད་དམ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བཤད་པ་ལ་དེ་ལྟར་གནས། དེ་ལྟར་སྤྱོད་དེ་ལྟར་བརྩོན་པར་བྱས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུ་དག་གིས་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཏེ། དེ་ལྟར་གདམས་པ་དང་། དེ་ལྟར་ཡོངས་སུ་བསྟན་པ་དང་། དེ་ལྟར་གནས་པ་དང་། དེ་ལྟར་སློབ་པ་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ན། ཁྱོད་ཀྱིས་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་རེ་སྐན་ཞེས་བརྗོད་དེ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཕྱིར་བཟློག་ཏུ་ཟིན་ཀྱང་དེའི་སེམས་གཞན་དུ་མི་འགྱུར་ལ་མི་དངང་། ཀུན་དུ་མི་སྐྲག །ཀུན་དུ་སྐྲག་པས་ཟིན་པར་མི་འགྱུར་ཞིང་གང་དུ་ཡང་དགེ་སློང་འདི་ནི་དེ་ལྟར་བདག་
ལ་ཆགས་པ་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོབ་པར་མི་འགྱུར་བའི་ཆགས་པ་སྟོན་པ་ནི་བདག་ལ་ཕན་འདོགས་པའོ་ཞེས་
དགའ་བ་སྐྱེད་པས་བདུད་སྡིག་ཏོ་ཅན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་སེམས་ལ་ཞུམ་པ་མེད་པར་རིག་ནས་སའི་ཕྱོགས་དེ་ཉིད་དུ་དགེ་སློང་མང་པོ་མངོན་པར་སྤྲུལ་ནས་འདི་སྐད་དུ་དགྲ་བཅོམ་པ་ཟག་པ་ཟད་པ་འདི་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
འཇུག་འཇུག་པ་ཤ་སྟག་སྟེ། དེ་དག་ཀྱང་དགྲ་བཅོམ་པ་ཉིད་ལ་གནས་པར་འགྱུར་ན། ཁྱོད་ལྟས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རེ་སྐན་ཞེས་ཟེར་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་སྟེ། འདི་ནི་བདུད་
སྡིག་ཏོ་ཅན་ཏེ་ལམ་གྱི་གཟུགས་བརྙན་སྟོན་པའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ལ་དེ་ལས་ཀྱང་གོང་དུ་འདི་
སྙམ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

པ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་།
བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ལ་སྤྱོད་པ་དང་། རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང་། འཕགས་
པའི་བདེན་པ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམས་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བ་དེ་ནི་གནས་མ་ཡིན་ནོ་ཞེས་བྱ་བ་ནི་བཟོད་པར་གཏོགས་པའི་གནས་སྐབས་ཏེ་ཕྱིར་མི་ལྡོག་པའི་རྟགས་བཅུ་དགུ་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པའི་ཚེ། འདི་སྙམ་དུ་གལ་ཏེ་དེ་བཞིན་གཤེགས་པས་ཇི་སྐད་དུ་བསྟན་པ་དེ་ལྟར་བསླབ་པ་ལ་སྤྱོད་པ་དེ་དང་མ་བྲལ་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་དེ་དག་གིས་སྤྱོད་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མི་ཉམས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་
ཡོངས་སུ་མི་ཉམས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མི་ཉམས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མི་ཉམས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མི་ཉམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མི་ཉམས། ནང་སྟོང་པ་ཉིད་དང་། ཕྱི་
སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལས་ཡོངས་སུ་མི་ཉམས། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ལས་ཡོངས་སུ་མི་ཉམས། ཚད་མེད་པ་དང་།

བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལས་ཡོངས་སུ་མི་ཉམས། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ལས་ཡོངས་སུ་མི་ཉམས། རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་།
སྙོམས་པར་འཇུག་པ་དང་། གཟུངས་ཀྱི་སྒོ་རྣམས་ལས་ཡོངས་སུ་མི་ཉམས། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་མི་ཉམས་སོ་སྙམ་ལ། རབ་འབྱོར་
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སུས་བདུད་ཀྱི་ལས་སུ་རིག་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་མི་ཉམས་སོ་སྙམ་ན། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་ཏུ་གཏོགས་པའི་གནས་སྐབས་ཏེ་ཕྱིར་མི་ལྡོག་པའི་རྟགས་ཉི་ཤུ་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་
ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་ལས་སླར་མི་ལྡོག་པའི་སླད་དུ་ཕྱིར་མི་ལྡོག་པ་ཞེས་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་གཟུགས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ཚོར་བའི་འདུ་ཤེས་དང་། འདུ་ཤེས་ཀྱི་
འདུ་ཤེས་དང་། འདུ་བྱེད་རྣམས་ཀྱི་འདུ་ཤེས་དང་། རྣམ་པར་ཤེས་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ཁམས་ཀྱི་འདུ་ཤེས་དང་། སྐྱེ་མཆེད་ཀྱི་འདུ་ཤེས་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་འདུ་ཤེས་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་གི་འདུ་ཤེས་དང་། འདོད་ཆགས་ཀྱི་
འདུ་ཤེས་དང་། ཞེ་སྡང་གི་འདུ་ཤེས་དང་། གཏི་མུག་གི་འདུ་ཤེས་དང་། ལྟ་བའི་འདུ་ཤེས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་དང་།

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་འདུ་ཤེས་དང་། དྲན་པ་ཉེ་བར་གཞག་པའི་འདུ་ཤེས་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་
དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་འདུ་ཤེས་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་།
གཟུངས་ཀྱི་སྒོའི་འདུ་ཤེས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་འདུ་ཤེས་དང་། མངོན་པར་ཤེས་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སྟོབས་བཅུ་དང་། མི་འཇིགས་པའི་འདུ་ཤེས་དང་། སོ་སོ་ཡང་དག་པར་རིག་པའི་འདུ་ཤེས་དང་། སངས་རྒྱས་ཀྱི་ཆོས་མ་
འདྲེས་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །རྣམ་པ་ཐམས་ཅད་མཁྱེན་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །བྱང་ཆུབ་སེམས་དཔའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སངས་རྒྱས་གྱི་བར་གྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །
དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་སྟེ། དེས་རྡུལ་ཙམ་ཡང་དམིགས་པ་མེད་དོ། །དམིགས་པ་མེད་པས་མངོན་པར་འདུ་མི་བྱེད་དོ། །
མངོན་པར་འདུ་མི་བྱེད་པས་སྐྱེ་བ་མེད་དེ། དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་མི་སྐྱེ་བ་ལ་བཟོད་པ་ཞེས་བྱ་སྟེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་
བ་ནི་མཐོང་བའི་ལམ་གྱི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཏོ་ཅན་ཉེ་བར་འོངས་ཏེ། མོས་པ་བཟློག་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདི་ནི་ནམ་མཁའ་དང་མཚུངས་པ་དངོས་པོ་མེད་པའི་

ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་སྟོང་པའོ། །ཆོས་འདི་དག་ཀྱང་ནམ་མཁའ་དང་མཚུངས་པ་དངོས་པོ་མེད་པའི་ངོ་བོ་ཉིད་དེ་རང་གི་མཚན་ཉིད་ཀྱིས་སྟོང་པའོ། །དེ་ལྟར་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ལ་གང་མངོན་
པར་རྫོགས་པར་འཚང་རྒྱ་བ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་དེ་དག་གང་ཡང་མི་དམིགས་ཏེ། ཆོས་འདི་དག་ཐམས་ཅད་ནམ་མཁའ་དང་མཚུངས་པ་དངོས་པོ་མེད་པའི་ངོ་བོ་ཉིད་དེ་རང་གི་མཚན་ཉིད་ཀྱིས་སྟོང་པས་
འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་པ་འདི་ནི་ཁྱོད་ཉོན་མོངས་པ་དོན་མེད་པར་འགྱུར་བ་སྟེ། འདི་ནི་བདུད་ཀྱིས་བསྟན་པའོ། །འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཤད་པ་མ་ཡིན་ནོ། །དེས་ན་རིགས་
ཀྱི་བུ་ཡིད་ལ་བྱེད་པ་དེ་དག་ཐོང་ལ་ཁྱོད་ཡུན་རིང་པོར་གནོད་པ་མེད་པ་དང་དོན་མེད་པར་མ་སྤྱོད་ཅིག །སྡུག་བསྔལ་དང་ལོག་པར་ལྟུང་ངོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེས་ཚིག་དེ་དག་ཐོས་ནས་འདི་སྙམ་དུ་བརྟག་པར་བྱ་སྟེ། དེ་ལྟར་བདག་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཟློག་པ་དེ་ནི་བདུད་ཀྱི་ལས་ཏེ། ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་པ་དངོས་པོ་མེད་པའི་ངོ་བོ་ཉིད་དེ་རང་གི་མཚན་ཉིད་ཀྱིས་སྟོང་མོད་ཀྱི། དེ་དག་སེམས་ཅན་རྣམས་ཀྱིས་མ་ཤེས་མ་མཐོང་ཁོང་དུ་མ་ཆུད་ཀྱི་དེའི་ཕྱིར་བདག་གིས་
ནམ་མཁའ་དང་མཚུངས་པ་དངོས་པོ་མེད་པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་སྟོང་པའི་གོ་ཆ་བགོས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ལ་སེམས་ཅན་ཐམས་ཅད་ལ་ཆོས་བསྟན་ཏོ། །སེམས་ཅན་ཚད་མེད་པ་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་
རབ་ཏུ་དགོད་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་དགོད་པར་བྱའོ། །རང་བྱང་ཆུབ་ལ་རབ་ཏུ་དགོད་པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་དགོད་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཆོས་དེ་དག་ཐོས་ནས་སེམས་བརྟན་པར་བྱའོ། །སེམས་མི་གཡོ་བར་བྱའོ། །སེམས་མི་འཕྲོགས་པར་བྱའོ། །སེམས་བརྟན་པ་དང་། སེམས་མི་གཡོ་བ་དང་། སེམས་མི་འཕྲོགས་པ་དང་ལྡན་པས་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་ན་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་འགྱུར་རོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕྱིར་མི་ལྡོག་པ་ཞེས་
བགྱི་བའམ། འོན་ཏམ་སླར་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕྱིར་མི་ལྡོག་པའོ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པ་ཞེས་བྱའོ། །རབ་འབྱོར་གྱིས་གསོལ་པ།
བཅོམ་ལྡན་འདས་ཅིའི་སླད་དུ་སླར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕྱིར་མི་ལྡོག་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་ས་ལས་ཕྱིར་ཕྱོགས་པ་དེ་ནི། རབ་
འབྱོར་སླར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལས་ཕྱིར་མི་ལྡོག་པ་དེ་ནི་རབ་འབྱོར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་ལྡོག་པ་ཞེས་བྱའོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་།
མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་སྡིག་ཏོ་ཅན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པར་མི་ནུས་སོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ནི་འདོད་ན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། །བསམ་གཏན་བཞི་པའི་བར་ལ་སྙོམས་པར་འཇུག་གོ། །འགོག་པའི་བར་ལ་སྙོམས་པར་འཇུག་གོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་ན་དྲན་པ་ཉེ་
བར་གཞག་པ་བཞི་ལ་སྙོམས་པར་འཇུག་གོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ལ་སྙོམས་པར་འཇུག་གོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་བར་ལ་སྙོམས་
པར་འཇུག་གོ། །མངོན་པར་ཤེས་པ་ལྔའི་བར་མངོན་པར་བསྒྲུབ་པོ། །དེ་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་རྣམས་ལ་འདྲིས་པར་བྱེད། དྲན་པ་ཉེ་བར་གཞག་པ་རྣམས་གོམས་པར་བྱེད། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་
པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། །བསམ་གཏན་གྱི་འབྲས་བུ་ཡོངས་སུ་མི་འཛིན་ཏོ། །འགོག་པའི་
བར་གྱི་སྙོམས་པར་འཇུག་པའི་འབྲས་བུ་ཡོངས་སུ་མི་འཛིན་ཏོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཡོངས་སུ་མི་འཛིན་ཏོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཡོངས་སུ་མི་འཛིན་ཏོ། །རང་བྱང་ཆུབ་ཡོངས་སུ་འཛིན་པར་མི་བྱེད་དོ། །དེ་འདོད་
ན་ཆེད་དུ་བསམས་ཤིང་ལུས་ཡོངས་སུ་འཛིན་ཏེ། ལུས་གང་གིས་སེམས་ཅན་རྣམས་ཀྱི་དོན་བྱ་བར་འགྱུར་བ་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ཏོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་
པར་རིག་པར་བྱའོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་ཡིད་ལ་བྱེད་པ་དང་ལྡན་ཏེ། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་གཟུགས་ལྷུར་ལེན་པ་མ་ཡིན། མཚན་ཉིད་ལྷུར་ལེན་པ་མ་

ཡིན། ལུས་ལྷུར་ལེན་པ་མ་ཡིན། སྦྱིན་པ་ལྷུར་ལེན་པ་མ་ཡིན། ཚུལ་ཁྲིམས་ལྷུར་ལེན་པ་མ་ཡིན། བཟོད་པ་ལྷུར་ལེན་པ་མ་ཡིན། བརྩོན་འགྲུས་ལྷུར་ལེན་པ་མ་ཡིན། བསམ་གཏན་ལྷུར་ལེན་པ་མ་ཡིན། ཤེས་རབ་ལྷུར་ལེན་པ་མ་ཡིན། ཚད་མེད་པ་ལྷུར་ལེན་པ་མ་ཡིན། གཟུགས་
མེད་པའི་སྙོམས་པར་འཇུག་པ་ལྷུར་ལེན་པ་མ་ཡིན་ནོ། །མངོན་པར་ཤེས་པ་ལྷུར་ལེན་པ་མ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་ལྷུར་ལེན་པ་མ་ཡིན། རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ལྷུར་ལེན་པ་མ་ཡིན། སྟོང་པ་
ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ལྷུར་ལེན་པ་མ་ཡིན། འཕགས་པའི་བདེན་པ་རྣམས་ལྷུར་ལེན་པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་ལྷུར་ལེན་པ་མ་ཡིན། མི་འཇིགས་པ་ལྷུར་ལེན་པ་མ་ཡིན། སོ་སོ་ཡང་དག་པར་རིག་པ་ལྷུར་ལེན་པ་མ་ཡིན།
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལྷུར་ལེན་པ་མ་ཡིན། ཡང་དག་པར་རྫོགས་པའི་བྱང་ཆུབ་ལྷུར་ལེན་པ་མ་ཡིན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལྷུར་ལེན་པ་མ་ཡིན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལྷུར་ལེན་པ་མ་ཡིན། སངས་རྒྱས་བལྟ་བ་ལྷུར་ལེན་པ་མ་ཡིན།
དགེ་བའི་རྩ་བ་བསྐྱེད་པ་ལྷུར་ལེན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པ་དངོས་པོ་མེད་པའི་ངོ་བོ་ཉིད་དེ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡིད་ལ་བྱེད་
པ་དེ་དང་ལྡན་པས་སྤྱོད་ལམ་བཞིར་འགྲོ་བའམ་འོང་ན་ཡང་ནོར་བའི་སེམས་ཀྱིས་མི་འགྲོ། ནོར་བའི་སེམས་ཀྱིས་མི་འོང་། ནོར་བའི་སེམས་ཀྱིས་མི་སྡོད། ནོར་བའི་སེམས་ཀྱིས་མི་འཆག་མི་འདུག་མི་ཉལ་ཏེ། དྲན་བཞིན་དུ་འགྲོའོ། །འོང་ངོ་། །འཆག་གོ། །སྡོད་དོ། །འདུག་གོ། །
ཉལ་ལོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་གལ་ཏེ་ཕྱིར་མི་ལྡོག་པའི་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཁྱིམ་གྱི་ནང་ན་གནས་ཀྱང་ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ལ་གནས་ནས་སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། ཟས་འདོད་པ་ལ་ཟས། སྐོམ་འདོད་པ་ལ་སྐོམ་ནས་མིའི་
ཡོ་བྱད་གཞན་དང་གཞན་དག་གི་བར་དུ་ཡང་ཡོངས་སུ་གཏོང་སྟེ། དེ་བདག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལ་གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ལོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་དོ། །གཞན་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་
ཡང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་དོ། །དེ་བཞིན་དུ་བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་
ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་དོ། །གཞན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་དོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་ཆོས་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་ཁྱིམ་གྱི་ནང་ན་གནས་ནས་འཛམ་བུའི་གླིང་རིན་པོ་ཆེ་སྣ་བདུན་གྱིས་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང་ངོ་། །དེ་བཞིན་དུ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དང་། སྟོང་གི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་གྱི་
སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཇི་སྙེད་ཡོད་པ་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང་ཡང་འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་མི་སྤྱོད་དོ། །དེ་རྟག་ཏུ་རྒྱུན་མི་ཆད་པར་ཚངས་པར་སྤྱོད་ཅིང་གནོད་པ་གང་གིས་གཞན་མི་དགའ་བར་འགྱུར་བའི་གནོད་པ་དེ་ལྟ་བུ་གང་ཡང་
མི་བསྐྱེད་དོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱི་བཞིན་དུ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བདག་གིས་རྟག་ཏུ་རྒྱུན་མི་འཆད་པར་རྗེས་
སུ་འབྲང་བར་བྱའོ་ཞེས་གནོད་སྦྱིན་ལག་ན་རྡོ་རྗེ་རྟག་ཏུ་རྒྱུན་མི་འཆད་པར་རྗེས་སུ་འབྲང་བར་འགྱུར་རོ། །ཇི་ཙམ་དུ་ལག་ན་རྡོ་རྗེ་རིགས་ལྔ་རྣམས་རྟག་ཏུ་རྒྱུན་མི་འཆད་པར་རྗེས་སུ་འབྲང་བར་འགྱུར་བ་དེ་ཙམ་དུ་དེ་ལ་མིའམ་མི་མ་ཡིན་པ་དག་གིས་གནོད་པར་མི་ནུས་ཏེ། དེ་ལ་འཇིག་རྟེན་ན་ལྷའམ།
བདུད་དམ། ལྷ་མ་ཡིན་ནམ། ཚངས་པའམ། གང་སུས་ཀྱང་ཆོས་དང་མཐུན་པར་རྫི་བ་མེད་དོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ། །དེའི་སེམས་བྱང་ཆུབ་ཡིད་ལ་བྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་
རྣམ་པར་གཡེང་བར་མི་བྱེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་དབང་པོ་འདི་དག་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་དག་མ་ཚང་བར་མི་འགྱུར་རོ། །དེ་ནི་སྐྱེས་བུ་དམ་
པར་འགྱུར་ཏེ། སྐྱེས་བུ་དམའ་བ་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་དམ་པ་ལགས་ཤིང་སྐྱེས་བུ་དམའ་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་གི་ཚེ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དེའི་ཚེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་དམ་པར་འགྱུར་བ་ཡིན་གྱི། སྐྱེས་བུ་དམའ་བ་མ་ཡིན་ནོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་ཡིད་ལ་བྱ་བ་དང་ལྡན་ཞིང་བུད་མེད་དབང་དུ་བྱ་བའི་སྔགས་དང་རིག་པ་དང་སྨན་དང་རྩི་ལ་སོགས་པ་ཐམས་ཅད་རྣམ་པ་

ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྦྱོར་སྦྱོར་དུ་མི་འཇུག་སྟེ། བུད་མེད་དང་སྐྱེས་པ་ཟེ་སློང་བའི་བག་གཞན་དང་གཞན་དག་ཀྱང་མི་བྱེད་དོ། །བུད་མེད་དམ་སྐྱེས་པ་གང་ཡང་རུང་སྟེ། དེ་དག་ལ་བུ་བཙའ་བར་འགྱུར་རོ་ཞེའམ། བུ་མོ་བཙའ་བར་འགྱུར་རོ་ཞེའམ། རིགས་ཀྱི་ལྷ་ལྟ་བུ་
ཡོད་པར་འགྱུར་རོ་ཞེའམ། ཚེ་རིང་བར་འགྱུར་རོ་ཞེས་ཡོངས་སུ་སྟོན་པའི་ཆོ་འཕྲུལ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་མཚན་མ་ཡང་དག་པར་རྗེས་སུ་མ་མཐོང་བའི་ཕྱིར་ཏེ། དེས་མཚན་མ་
ཡང་དག་པར་རྗེས་སུ་མ་མཐོང་བས་འཚོ་བ་ཡོངས་སུ་དག་པས་གནས་པ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཡིན་ནོ། །
རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་རིག་པར་བྱ་བའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་བསྟན་གྱི་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་
གསོལ་ནས་ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཡིད་ལ་བྱེད་པ་དང་མི་འབྲལ་བ་ཡིན་ཏེ།
ཕུང་པོའི་སྦྱོར་བ་དང་རྗེས་སུ་སྦྱོར་བར་མི་གནས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་སྦྱོར་བ་དང་རྗེས་སུ་སྦྱོར་བར་མི་གནས། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་གི་སྦྱོར་བ་དང་རྗེས་སུ་སྦྱོར་བར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ལ་གནས་ནས་ཆོས་གང་ཡང་
དམན་པའམ་མཆོག་ཏུ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །རྐུན་པོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་རང་བཞིན་གྱིས་

སྟོང་པའི་ཆོས་རྣམས་ལ་ཆོས་གང་ཡང་འཕྲོགས་པའམ་མི་འཕྲོགས་པ་ཡང་རྗེས་སུ་མི་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་འགོག་པ་ལ་ཆོས་ཤེས་པ་ཡིན་ནོ། །དམག་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་རང་བཞིན་སྟོང་པ་ཉིད་ལ་གནས་པས་ཆོས་
གང་ཡང་ཉུང་ངུའམ་མང་པོར་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ། །གཡུལ་གྱི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཉིད་ལ་གནས་པས་ཆོས་གང་ཡང་རྗེས་སུ་ཆགས་
པའམ་ཁོང་ཁྲོ་བར་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །གྲོང་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པས་ཆོས་གང་ཡང་ཚོགས་སམ་ཚོགས་མ་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་
རོ། །གྲོང་ཁྱེར་གྱི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ནམ་མཁའ་སྟོང་པ་ཉིད་ལ་གནས་པས་ཆོས་གང་ཡང་བསྡུ་བའམ་མི་བསྡུ་བར་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །གྲོང་རྡལ་གྱི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་མི་གནས་ཏེ།
དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡང་དག་པའི་མཐའ་ལ་གནས་པས་ཆོས་གང་ཡང་འཕེལ་བའམ་འགྲིབ་པ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་བདག་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་ཏེ། དེ་བཞིན་དུ་སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་
བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཞན་དུ་ན་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བར་གནས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་འགོག་པ་ལ་རྗེས་སུ་ཤེས་པ་ཡིན་ནོ། །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེར་སྣའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་མི་

གནས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཚུལ་ཁྲིམས་ངན་པའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་མི་གནས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འཁྲུག་པའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བར་མི་གནས་སོ། །བརྩོན་འགྲུས་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ལེ་ལོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བར་མི་གནས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གཡེང་བའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བར་མི་གནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་འཆལ་བའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་
སྦྱོར་བར་མི་གནས་སོ། །དེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་ཅིང་ཆོས་འདོད་པ་ཡིན་གྱི་ཆོས་མི་འདོད་པ་མ་ཡིན་པ་དང་། དེ་ཆོས་ཀྱི་དབྱིངས་ལ་སྤྱོད་ཅིང་ཆོས་ཐ་མི་དད་པའི་ལེགས་པ་བརྗོད་པ་དང་དེ་བཤེས་གཉེན་འདོད་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐ་དད་དུ་གཤེས་གཉེན་འདོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་གང་ཇི་སྙེད་པ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་དང་། ངེས་པར་འཇུག་པ་དང་རབ་ཏུ་འགོད་དེ།
དེ་འདོད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བལྟ་བའི་ཕྱིར་འཇིག་རྟེན་གྱི་ཁམས་གང་ན་བཞུགས་ཤིང་འཚོ་སྐྱོང་ཞིང་གཞེས་པ་དེར་སྐྱེ་བར་འགྱུར་ཞིང་སངས་རྒྱས་ཡིད་ལ་བྱ་བས་ཉིན་མཚན་དུ་རྣམ་པར་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་
ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཕལ་ཆེར་འདོད་པའི་ཁམས་དང་ལྡན་པའི་ཡིད་ལ་བྱེད་པ་སྐྱེད་ཅིང་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་ནས་གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་གྱུར་པར་
བཞུགས་ཤིང་འཚོ་སྐྱོང་བའི་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེ་བསམ་གཏན་དང་པོ་བསྐྱེད་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་བར་དུ་བསྐྱེད་ཅིང་གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་

དུ་གྱུར་པར་བཞུགས་ཤིང་འཚོ་སྐྱོང་བ་དེར་སྐྱེ་བར་འགྱུར་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །རབ་འབྱོར་
གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ནང་སྟོང་པ་ཉིད་ལ་གནས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་གནས་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་པ་དང་། ཡང་དག་པར་སྤོང་བ་
དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ལ་གནས་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས་པ་དང་། འཕགས་པའི་བདེན་པ་ལ་གནས་པ་དང་།
རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ལ་གནས་པ་དང་། རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་གནས་པ་དང་། མངོན་པར་ཤེས་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་
པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་པ་ནི་འདི་སྙམ་དུ་བདག་ནི་ཕྱིར་ལྡོག་པའམ། ཕྱིར་ལྡོག་པ་མ་ཡིན་ནོ་སྙམ་ཡང་མི་བྱེད་དེ་ཐེ་ཚོམ་མི་སྐྱེ་ཞིང་རང་གི་ས་ལ་དོགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ཕྱིར་ལྡོག་པ་དང་། ཕྱིར་ལྡོག་པ་མ་ཡིན་པའི་ཆོས་རྡུལ་ཙམ་ཡང་ཡང་
དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱུན་དུ་ཞུགས་པའི་འབྲས་བུ་རྒྱུན་དུ་ཞུགས་པའི་འབྲས་བུའི་ས་ལ་གནས་པ་ནི་རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་ས་ལ་གནས་པ་དང་། རང་
སངས་རྒྱས་ཀྱི་ས་ལ་གནས་པ་ནི་རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ། །དེ་ཕྱིར་མི་ལྡོག་པའི་ས་ལ་གནས་ཏེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་ངོ་། །སེམས་ཅན་རྣམས་ཀྱང་ཡོངས་

སུ་སྨིན་པར་བྱེད་དོ། །བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་རྣམས་ཀྱང་ཤེས་ཏེ་བདུད་ཀྱི་ལས་ཀྱི་དབང་དུ་ཡང་མི་འགྲོ། །བདུད་ཀྱི་ལས་དེ་དག་ཐམས་ཅད་ཀྱང་ཤེས་ཏེ་ཤེས་ནས་ཀྱང་རྣམ་པར་འཇོམས་ཤིང་སྲབ་མོར་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མཚམས་མེད་པའི་ལས་བྱེད་པའི་སྐྱེས་བུ་ནི་འཆི་ཀའི་
བར་དུ་ཡང་མཚམས་མེད་པའི་སེམས་དང་མི་བྲལ་ཞིང་མཚམས་མེད་པའི་སེམས་དེའི་རྗེས་སུ་འབྲང་ངོ་། །མཚམས་མེད་པའི་སེམས་དེ་ཐབས་མཁས་པས་ཐམས་ཅད་ཀྱིས་ཀྱང་རྣམ་པར་གཞིལ་བར་མི་ནུས་སོ། །ཀུན་ནས་ལྡང་བ་དེ་འཆི་ཀའི་བར་དུ་ཡང་རྗེས་སུ་འབྲང་ངོ་། །རབ་འབྱོར་དེ་བཞིན་དུ་ཕྱིར་མི་
ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ཕྱིར་མི་ལྡོག་པའི་སེམས་དེ་དག་ཀྱང་ཕྱིར་མི་ལྡོག་པའི་ས་ལ་གནས་ཏེ། སེམས་དེ་མི་སྒུལ་བས་དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱིར་ལྡོག་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་
སེམས་དེས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལས་འདས་ཏེ། ཡང་དག་པའི་སྐྱོན་མེད་པར་ཞུགས་པའི་ཕྱིར་རོ། །དེ་རང་གི་ས་ལ་གནས་ཤིང་མངོན་པར་ཤེས་པ་རྣམས་ལ་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སེམས་ཅན་རྣམས་ཀྱང་
ཡོངས་སུ་སྨིན་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་ཡང་འགྲོ། སངས་རྒྱས་ཀྱི་ཞིང་དེ་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགེ་བའི་རྩ་བ་མང་པོ་བསྐྱེད་ཅིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཀུན་འདྲི་ཞིང་ཡོངས་སུ་ཞུ་བ་བྱེད་བསྙེན་བཀུར་བྱེད་དོ། །རབ་འབྱོར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེ་ལྟར་གནས་པས་བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་རྣམས་ཁོང་དུ་ཆུད་དེ་བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་དེ་དག་གི་དབང་དུ་ཡང་མི་འགྲོའོ། །བདུད་ཀྱི་ལས་དེ་དག་ཀྱང་ཐབས་མཁས་པས་ཡང་དག་པའི་མཐའ་ལ་སྦྱོར་བར་བྱེད་ཅིང་དེ་རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་
ཟའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཡང་དག་པའི་མཐའ་ལ་ནེམ་ནུར་མེད་པས་ཡང་དག་པའི་མཐའ་ལ་གཅིག་གམ་གཉིས་སུ་རྣམ་པར་རྟོག་པར་མི་བྱེད་དེ། ཚེ་འཕོས་ནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་

ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་ལ་ཆོས་ཤེས་པ་ཡིན་ནོ། །རབ་འབྱོར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་ཆོས་གང་ཡང་སྐྱེ་བའམ།
འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཚེ་འཕོས་ནས་ཀྱང་འདི་སྙམ་དུ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མི་འགྱུར་རོ་སྙམ་དུ་མི་བྱེད་དེ།
བདག་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་རོ་སྙམ་དུ་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་རང་གི་ས་ལ་གནས་པ་དང་། རང་གི་ས་ལ་གཞན་གྱི་ཁ་ན་མ་ཐོ་བ་ལས་འདས་པ་དང་། རང་གི་ས་ལ་རྫི་བ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གནས་པ་ནི་མི་འཕྲོགས་པའི་ཡེ་ཤེས་དང་
ལྡན་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་ཉེ་བར་འོངས་ནས་འདི་སྐད་དུ་ཁྱོད་ཀྱིས་འདི་ཉིད་དུ་དགྲ་བཅོམ་པ་ཉིད་ཐོབ་པར་གྱིས་ཤིག །ཁྱོད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཏུ་ལུང་མ་བསྟན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་གང་གིས་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཁྱོད་ཀྱིས་མ་ཐོབ་པོ། །རྣམ་པ་གང་དག་དང་། རྟགས་གང་དག་དང་།
མཚན་མ་གང་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་ཀྱང་ཁྱོད་ལ་མེད་དོ་ཞེས་ཟེར་ཡང་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྒྲ་དེ་

ཐོས་ནས་མི་འཇུམ་མི་དངང་ཀུན་དུ་མི་སྐྲག་ཀུན་དུ་སྐྲག་པས་ཟིན་པར་མི་འགྱུར། དེའི་སེམས་གཞན་དུ་མི་འགྱུར་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཆོས་དེ་དག་བདག་ལ་ཡོད་པའི་ཕྱིར་རོ་ཞེས་བྱ་བར་རིག་པར་བྱའོ་ཞེས་བྱ་བ་ནི་ལམ་
ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ། །རབ་འབྱོར་གལ་ཏེ་བདུད་སྡིག་ཏོ་ཅན་ནམ་བདུད་ཀྱིས་བྱིན་གྱིས་བརླབས་པའི་སྐྱེས་བུ་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་སངས་རྒྱས་ཀྱི་ཆ་བྱད་དུ་ཉེ་བར་འོངས་ནས་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཉན་ཐོས་ཉིད་དུ་ལུང་བསྟན་གྱི་ཁྱོད་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ནི་མ་ཡིན་ན། བླ་ན་མེད་པའི་བྱང་ཆུབ་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ཡང་། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་ཡང་དག་པར་བསྐུལ་བར་མི་མཛད་དེ། ཀྱེ་མ་འདི་ནི་བདུད་སྡིག་ཏོ་ཅན་གྱིས་བྱིན་གྱིས་བརླབས་པའི་སྐྱེས་བུ་ཞིག་སངས་རྒྱས་ཀྱི་ཆ་བྱད་དུ་ཉེ་བར་འོངས་སོ་སྙམ་དུ་སེམས་པ་དང་། གལ་ཏེ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་
དུ་བདུད་སྡིག་ཏོ་ཅན་གྱིས་སངས་རྒྱས་ཀྱི་ཆ་བྱད་དུ་ཉེ་བར་འོངས་ནས་དེ་ལ་འདི་སྐད་དུ་གང་ལ་ཁྱོད་སྤྱོད་པའི་མདོ་སྡེ་འདི་དག་ནི་བདུད་ཀྱིས་བཤད་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉན་ཐོས་རྣམས་ཀྱིས་བཤད་པ་མ་ཡིན་ནོ་ཞེས་ཟེར་ན། རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་ཀྱེ་མ་གང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་འབྲལ་བར་བྱེད་པ་འདི་ནི་བདུད་སྡིག་ཏོ་ཅན་ནམ་བདུད་ཀྱིས་བྱིན་གྱིས་བརླབས་པའི་སྐྱེས་བུའོ་ཞེས་བྱ་བར་རིག་པར་བྱེད་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྣམས་ཀྱི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་ནི་དེ་ལ་ཡོད་པའི་ཕྱིར་རོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་
ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཡོངས་སུ་གཏོང་བར་བྱེད། སྲོག་ཡོངས་སུ་གཏོང་བར་ཡང་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་
དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་འདི་ལྟར་བརྩོན་པར་བྱེད་དོ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཡོངས་སུ་འཛིན་པར་བྱེད་དོ། །དེ་ལ་ཆོས་གང་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཡོངས་སུ་གཏོང་བར་ཡང་
བྱེད། སྲོག་ཡོངས་སུ་གཏོང་བར་ཡང་བྱེད་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་སྟོང་ངོ་ཞེས་བསྟན་ཏོ། །དེ་ལ་སྐྱེས་བུ་བླུན་པ་ལ་ལས་འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པས་བསྟན་པ་མ་ཡིན་ནོ་
ཞེས་ཕྱིར་རྒོལ་ཞིང་ངན་དུ་བརྗོད་དོ། །རབ་འབྱོར་ཆོས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཡོངས་སུ་གཏོང་བར་ཡང་བྱེད་སྲོག་ཡོངས་སུ་གཏོང་བར་ཡང་བྱེད་དོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་བརྟག་པར་བྱ་སྟེ། གང་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་འབྱུང་བར་འགྱུར་བ་དེར་བདག་ཀྱང་འགྲང་ངོ་བདག་ཀྱང་དེར་ལུང་བསྟན་ཏེ། ཆོས་གང་གི་ཕྱིར་བདག་ཡོངས་སུ་གཏོང་བར་ཡང་བྱེད་པ་དང་། སྲོག་ཡོངས་སུ་གཏོང་བར་ཡང་བྱེད་པ་དེ་ཡང་བདག་གིས་ཆོས་སོ་ཞེས་ཡོངས་སུ་བརྟག་

པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་གྱི་དབང་འདི་མཐོང་ནས་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཡོངས་སུ་གཏོང་བར་བྱེད། སྲོག་ཡོངས་སུ་གཏོང་བར་ཡང་བྱེད་དོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་།
མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྟོན་པ་ལ་ནེམ་ནུར་མེད།
ཐེ་ཚོམ་མི་ཟ་ཞིང་གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གསུང་པ་དེ་ཐམས་ཅད་ཡོངས་སུ་འཛིན་ཏོ། །འདི་ལྟར་བཟུང་ནས་ཀྱང་ཆུད་ཟ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུངས་རབ་ཏུ་ཐོབ་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་
ཏོ། །བཅོམ་ལྡན་འདས་གཟུངས་གང་ཐོབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དེ་བཞིན་གཤེགས་པས་གསུངས་པའི་མདོ་རྣམས་འཆབ་མི་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པས་གསུངས་པའི་མདོ་རྣམས་འཛིན་པའི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཟུངས་རབ་ཏུ་ཐོབ་པས་ཆུད་མི་ཟའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་འབའ་ཞིག་གིས་འཆབ་མི་འཚལ་དུ་བས་ཀྱི་ཉན་ཐོས་ཀྱིས་བཤད་པ་མ་
ལགས་སམ། ལྷས་བཤད་པ་མ་ལགས་སམ། ཀླུས་བཤད་པ་མ་ལགས་སམ། གནོད་སྦྱིན་གྱིས་བཤད་པ་མ་ལགས་སམ། དྲི་ཟས་བཤད་པ་མ་ལགས་སམ། ལྷ་མ་ཡིན་གྱིས་བཤད་པ་མ་ལགས་སམ། ནམ་མཁའ་ལྡིང་གིས་བཤད་པ་མ་ལགས་སམ། མིའམ་ཅིས་བཤད་པ་མ་
ལགས་སམ། ལྟོ་འཕྱེ་ཆེན་པོས་བཤད་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྐད་དང་བརྡ་དང་སྒྲ་གང་ཡང་རུང་སྟེ། དེ་དག་ཐམས་ཅད་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་འཛིན་པའི་

གཟུངས་ཞེས་བྱ་བ་རབ་ཏུ་ཐོབ་པའི་ཕྱིར་རོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཡོན་ཏན་ཆེན་པོ་དང་ལྡན་པའོ། །བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་གཞལ་དུ་མ་མཆིས་པ་དང་ལྡན་པའོ། །བཅོམ་ལྡན་
འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཡོན་ཏན་དཔག་ཏུ་མ་མཆིས་པ་དང་ལྡན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་
ཏན་ཆེན་པོ་དང་ལྡན་པའོ། །རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་གཞལ་དུ་མ་མཆིས་པ་དང་ལྡན་པའོ། །རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་
འདི་ལྟར་དེས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། ཐུན་མོང་མ་ཡིན་པའི་ཡེ་ཤེས་མཐའ་ཡས་མུ་མེད་པ་རབ་ཏུ་འཐོབ་པའི་ཕྱིར་རོ། །ཡེ་ཤེས་དེ་ལ་གནས་ཤིང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སོ་སོ་ཡང་དག་པར་རིག་པ་མངོན་པར་བསྒྲུབ་པ་གང་གིས་ལྷ་དང་མི་དང་
ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་དྲིས་ཀྱང་ལན་ཟད་པར་མི་འགྱུར་བའི་སོ་སོ་ཡང་དག་པར་རིག་པ་མངོན་པར་བསྒྲུབ་པོ་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པ་ཡིན་ནོ། །འདི་དག་གིས་ནི་མཐོང་བའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་བསྟན་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་
འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་

དབྱེ་བར་བགྱི་བ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་དང་། རྟགས་དང་། མཚན་མ་རྣམས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྟོན་པར་སྤྱོད་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་
ལ་སྤྱོད་པའི་ཚེ། གང་ལ་གནས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བགྱིད་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་དང་། ནང་སྟོང་པ་ཉིད་
དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བགྱིད་པ་དང་། འཕགས་པའི་བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཡོངས་སུ་རྫོགས་པར་བགྱིད་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།
སྨོན་པ་མེད་པ་དང་། མངོན་པར་ཤེས་པ་ཡོངས་སུ་རྫོགས་པར་བགྱིད་པ་དང་། རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་
དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བགྱིད་པའི་གནས་ཟབ་མོ་ཟབ་མོ་རྣམས་ལེགས་པར་བསྟན་དུ་གསོལ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ཟབ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་དེ་ལྟར་ཁྱོད་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་ལ་གནས་ཟབ་མོ་ཟབ་མོ་རྣམས་ཞུ་བར་སེམས་པ་ལེགས་སོ། །ལེགས་སོ། །རབ་འབྱོར་ཟབ་མོ་ཟབ་མོ་ཞེས་བྱ་བ་འདི་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ། །འདི་ནི་
མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགག་པ་དང་། མྱ་ངན་ལས་འདས་པ་དང་། ཞི་བ་དང་། དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའི་ཚིག་བླ་དགས་སོ། །རབ་འབྱོར་གནས་ཟབ་

མོ་ཟབ་མོ་གང་དག་ཡིན་པ་འདི་དག་ནི་མྱ་ངན་ལས་འདས་པའི་ཚིག་བླ་དགས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ཟབ་མོ་ཞེས་བགྱི་བ་འདི་མྱ་ངན་ལས་འདས་པ་འབའ་ཞིག་གི་ཚིག་བླ་དགས་ལགས་སམ། འོན་ཏེ་ཆོས་ཐམས་ཅད་ཀྱི་ཡང་ལགས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རབ་འབྱོར་ཟབ་མོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ཚིག་བླ་དགས་ཀྱང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཟབ་པོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཟབ་པོ། །རབ་འབྱོར་མིག་ཟབ་པོ། །རབ་འབྱོར་དེ་བཞིན་དུ་རྣ་
བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཟབ་པོ། །རབ་འབྱོར་གཟུགས་ཟབ་པོ། །སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ཟབ་པོ། །རབ་འབྱོར་མིག་གི་རྣམ་པར་ཤེས་པ་ཟབ་པོ། །རབ་འབྱོར་མིག་གི་འདུས་ཏེ་རེག་པ་དང་། རབ་འབྱོར་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཟབ་པོ། །
རབ་འབྱོར་དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཟབ་པོ། །ཡིད་ཀྱི་འདུས་ཏེ་རེག་པ་ཟབ་པོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཟབ་པོ། །རབ་འབྱོར་སའི་ཁམས་ཟབ་པོ། །ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་
མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཟབ་པོ། །རབ་འབྱོར་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་པོ། །རབ་འབྱོར་མ་རིག་པ་ཟབ་པོ། །རབ་འབྱོར་དེ་བཞིན་དུ་འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲིད་པ་དང་། ལེན་པ་དང་།
སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་ཟབ་པོ། །རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཟབ་པོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་
པ་ཐམས་ཅད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། ཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཟབ་པོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་

དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཟབ་པོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཟབ་པོ། །རབ་འབྱོར་ཇི་ལྟར་ན་གཟུགས་ཟབ། ཇི་ལྟར་ན་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཟབ། ཇི་ལྟར་
ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཟབ། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཟབ་ཅེ་ན། གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གཟུགས་ཟབ་པོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པ་ཟབ་
པོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྟེན་ཅིང་འ