Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 83
Văn bản gốc(Tây Tạng)
Trang 7 / 21 (50.000 ký tự/trang)
སངས་རྒྱས་རྣམས་ལ་མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མངོན་དུ་རིམ་གྲོར་བྱ་བར་འདོད་པ་དང་། བླ་མར་བྱ་བར་འདོད་པ་དང་། བསྟི་སྟང་དུ་བྱ་བར་འདོད་པ་དང་། མཆོད་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ འདི་བྲིས་ཏེ་མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་རིམ་གྲོར་བྱའོ། །བླ་མར་བྱའོ། །བསྟི་སྟང་དུ་བྱའོ། །མཆོད་པར་བྱའོ། །ངས་དོན་གྱི་དབང་འདི་ཉིད་ཡང་དག་པར་མཐོང་སྟེ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་འདི་ལྟ་སྟེ། ཆོས་གང་ཞིག་ལ་བདག་རིམ་གྲོ་དང་། བླ་མ་དང་། བསྟི་སྟང་དང་། མཆོད་པ་བྱས་ཏེ། རྟེན་ཅིང་རྣམ་པར་སྤྱད་པར་བྱ་སྙམ་ན། ཀཽ་ཤི་ཀ་དེ་ལ་ངས་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེ་དང་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་ནང་དུ་ང་དང་འདྲ་བའམ། ལྷག་པར་ཡང་དག་པར་རྗེས་སུ་མ་མཐོང་ན། དེ་ལ་ངས་འདི་སྙམ་དུ་བསམས་ཏེ། དེ་ལྟ་ཡིན་ན་བདག་གིས་ཆོས་ཞི་བ་བཟང་པོ་གང་བདག་ཉིད་ཀྱིས་ མངོན་པར་སངས་རྒྱས་པ་དེ་ཉིད་ལ་རིམ་གྲོ་དང་། བླ་མ་དང་། བསྟི་སྟང་དང་། མཆོད་པར་བྱ་སྟེ། རྟེན་ཅིང་རྣམ་པར་སྤྱད་པར་བྱའོ་སྙམ་དུ་བསམས་སོ། །ཀཽ་ཤི་ཀ་ཆོས་འདི་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ང་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་རིམ་གྲོར་བྱེད། བླ་མར་ བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད་དེ། དེ་ལྟར་རིམ་གྲོ་དང་། བླ་མ་དང་། བསྟི་སྟང་དང་། མཆོད་པར་བྱས་ཤིང་རྣམ་པར་སྤྱོད་ན། ཀཽ་ཤི་ཀ་ཅི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་རིམ་གྲོར་མི་བྱ་བ་དང་། བླ་མར་མི་བྱ་བ་དང་། བསྟི་སྟང་དུ་མི་བྱ་བ་དང་། མཆོད་པར་མི་བྱ་བ་ཡིན་ནམ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ ཀྱིས་རིམ་གྲོར་བྱ་བ་དང་། བླ་མར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱ་བ་ཡིན་པས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་བྱུང་བ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་སོ། །ཀཽ་ཤི་ཀ་དེ་ལྟ་བས་ན་ཐེག་པ་ཆེན་པོའམ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའི་ རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་རིམ་གྲོར་བྱའོ། །བླ་མར་བྱའོ། །བསྟི་ སྟང་དུ་བྱའོ། །མཆོད་པར་བྱའོ། །གང་ལ་སློབ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ནི་བསྟོད་པ་ཙམ་ གཉིས་པ་ཡིན་ནོ། །ཀཽ་ཤི་ཀ་སེམས་ཅན་གཅིག་ཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཞག་ན་དེའི་བསོད་ནམས་མང་དུ་འཕེལ་གྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དགེ་བ་བཅུའི་ལས་ཀྱི་ལམ་ལ་ བཀོད་པའི་སེམས་ཅན་རྣམས་ལ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལས་ཡོངས་སུ་གྲོལ་བ་མ་ཡིན་ནོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པས་ནི་ངན་འགྲོ་ཐམས་ཅད་ལས་ཡོངས་སུ་གྲོལ་བའི་ཕྱིར་རོ་ཞེས་བྱ་བ་ནི་བསྟོད་པ་ཙམ་གསུམ་པ་ཡིན་ནོ། ། དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སེམས་ཅན་གཅིག་ཅིག་བཞག་ན་དེའི་བསོད་ནམས་མང་དུ་འཕེལ་གྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བསྟོད་པ་ཙམ་བཞི་པ་ཡིན་ནོ། །དེ་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་ལ་སེམས་ ཅན་གཅིག་ཅིག་བཞག་ན་དེའི་བསོད་ནམས་མང་དུ་འཕེལ་གྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བསྟོད་པ་ཙམ་ལྔ་པ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་གཅིག་ཅིག་དགྲ་བཅོམ་པ་ཉིད་ལ་བཞག་ན་དེའི་བསོད་ནམས་མང་དུ་འཕེལ་ གྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བསྟོད་པ་ཙམ་དྲུག་པ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་གཅིག་ཅིག་རང་བྱང་ཆུབ་ལ་བཞག་ན་དེའི་བསོད་ནམས་མང་དུ་འཕེལ་གྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ ལམ་ལ་བཀོད་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བསྟོད་པ་ཙམ་བདུན་པ་ཡིན་ནོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་ལ་ལ་ཞིག་གིས་སེམས་ཅན་གཅིག་ ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན་དེས་བསོད་ནམས་ཆེས་མང་དུ་འཕེལ་ལོ། དེ་ཅིའི་ཕྱིར་ཞེ་ན། །དེ་ནི་འདི་ལྟར་སངས་རྒྱས་ཀྱི་ཚུལ་རྒྱུན་མི་གཅོད་པའི་དོན་དུ་ཞུགས་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྟོད་པ་ཙམ་བརྒྱད་པ་ཡིན་ནོ། །དེ་བཞིན་དུ་ལ་ལ་ཞིག་གིས་འཛམ་ བུའི་གླིང་གི་སེམས་ཅན་ཐམས་ཅད་ལན་ཅིག་ཕྱིར་འོང་པའི་འབྲས་བུ་ལ་བཀོད་པ་བས། གཞན་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བ་ནི་བསྟོད་པ་ཙམ་དགུ་པ་ཡིན་ནོ། །འདི་དག་ གིས་ནི་བསྟོད་པ་གསུངས་སོ། །དེ་བཞིན་དུ་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པ་བས། གཞན་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན་དེའི་བསོད་ནམས་ཆེས་མང་དུ་ འཕེལ་ལོ་ཞེས་བྱ་བ་ནི་བཀུར་བ་ཙམ་དང་པོ་ཡིན་ནོ། །དེ་བཞིན་དུ་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་བས། གཞན་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན་དེའི་བསོད་ནམས་ ཆེས་མང་དུ་འཕེལ་ལོ་ཞེས་བྱ་བ་ནི་བཀུར་བ་ཙམ་གཉིས་པ་ཡིན་ནོ། །དེ་བཞིན་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རང་བྱང་ཆུབ་ལ་བཀོད་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གཅིག་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇོག་པ་དེ་ནི་སངས་རྒྱས་ཀྱི་གདུང་མི་གཅོད་པའི་དོན་དུ་ཞུགས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་རྣམས་ཡིན་པའི་ཕྱིར་རོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ན་འདི་ལྟར་རིག་པར་བྱ་སྟེ། འཇིག་རྟེན་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པས་བྱང་ཆུབ་ སེམས་དཔའ་རྣམས་མཆོད་པར་བྱའོ་ཞེས་བྱ་བ་ནི་བཀུར་བ་ཙམ་གསུམ་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ནས། རང་སངས་རྒྱས་ཀྱི་བར་ལ་བཀོད་པར་གྱུར་ན། ཀཽ་ཤི་ཀ་དེ་ཇི་ སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། ཆུང་ངུ་ན་བྲི་བའམ། བཀླགས་པའི་ཕྱིར་གཞན་ལ་བྱིན་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་པའི་ཕྱིར་རོ། །གང་ལ་ བསླབས་ཤིང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ལ་ཡང་དག་པར་སྐྱོན་མེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་པོ། །འཐོབ་པོ། །འཐོབ་པར་འགྱུར་རོ། །རང་བྱང་ཆུབ་ཐོབ་པོ། །འཐོབ་པོ། །འཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་སྐྱོན་མེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། ཀཽ་ཤི་ཀ་ཟག་པ་མེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་བཞི་དང་། ཚད་མེད་པ་བཞི་དང་། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སངས་རྒྱས་ཀྱི་ཆོས་གཞལ་དུ་མེད་པའི་བར་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། བྲི་བ་དང་། བཀླག་པའི་ཕྱིར་གཞན་ལ་བྱིན་ན་དེའི་བསོད་ནམས་ ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས་རྒྱལ་རིགས་སཱ་ཆེན་པོ་རྣམས་དང་། བྲམ་ཟེའི་རིགས་སཱ་ལ་ཆེན་པོ་རྣམས་དང་། ཁྱིམ་བདག་གི་རིགས་སཱ་ལ་ཆེན་པོ་རྣམས་ཡོད་དོ། ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་འཁོར་དང་། ཚངས་པ་མདུན་ན་འདོན་དང་། ཚངས་པ་ཆེན་པོ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ལྷ་རྣམས་ ཡོད་དོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོད་དོ། །འཕགས་པའི་བདེན་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དྲུག་ཡོད་དོ། །སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོད་དོ། ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་དུ་ཞུགས་པ་ཡོད་དོ། །ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་རྣམས་རང་བྱང་ཆུབ་ཀྱི་བར་ལ་བཀོད་པ་ལྟ་ཞོག་གི །ཀཽ་ཤི་ཀ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་དགེ་བ་བཅུའི་ལས་ ཀྱི་ལམ་དང་། རང་བྱང་ཆུབ་ཀྱི་བར་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། ཆུང་ངུ་ན་བྲི་བ་དང་། བཀླག་པར་བྱ་བའི་ཕྱིར་གཞན་ལ་བྱིན་ན་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་དོ། །ཀཽ་ཤི་ཀ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་དང་། རང་བྱང་ཆུབ་ཉིད་ཀྱི་བར་ལས་ བཀོད་པ་ལྟ་ཞོག་གི །ཀཽ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་ བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་རབ་ཏུ་བཀོད་པ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ནས་ཆུང་ངུ་ན་བྲི་བ་དང་། བཀླག་པའི་ཕྱིར་གཞན་ལ་བྱིན་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། ། ཀཽ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་རང་བྱང་ཆུབ་ཀྱི་བར་ལ་བཀོད་པ་ལྟ་ཞོག་གི །ཀཽ་ཤི་ཀ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་དགེ་བ་བཅུའི་ལས་ཀྱི་ལམ་དང་། རང་བྱང་ཆུབ་ཀྱི་ བར་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་ རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། ཆུང་ངུ་ན་བྲི་བ་དང་། བཀླག་པའི་ཕྱིར་གཞན་ལ་བྱིན་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་རང་བྱང་ཆུབ་ ཀྱི་བར་ལ་བཀོད་པ་ལྟ་ཞོག་གི །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལས་དགེ་བ་བཅུའི་ལས་ཀྱི་ལམ་དང་། རང་བྱང་ཆུབ་ཀྱི་བར་ལ་རབ་ཏུ་བཀོད་པ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། ཆུང་ངུ་ན་བྲི་བ་དང་། བཀླག་པའི་ཕྱིར་གཞན་ལ་བྱིན་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་རང་བྱང་ཆུབ་ཀྱི་བར་ལ་བཀོད་པ་ལྟ་ཞོག་གི །ཀཽ་ཤི་ཀ་ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་། རང་བྱང་ཆུབ་ཀྱི་བར་ལ་རབ་ཏུ་བཀོད་པ་བས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ནས་ཆུང་ངུ་ན་བྲི་བ་དང་། བཀླག་པའི་ཕྱིར་གཞན་ལ་བྱིན་ན། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འདིའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མེད་པའི་ཆོས་རྣམས་རྒྱ་ ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཡང་དག་པའི་སྐྱོན་མེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་པར་གྱུར་ཏོ། །འཐོབ་པོ། །འཐོབ་པར་འགྱུར་རོ། །རང་བྱང་ཆུབ་ཐོབ་པར་ གྱུར་ཏོ། །འཐོབ་པོ། །འཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ་འཇུག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་ པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་ཟག་པ་མེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་ བདེན་པ་བཞི་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། ཚད་མེད་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་དང་། སངས་རྒྱས་ཀྱི་ཆོས་གཞལ་དུ་མེད་པའི་བར་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་རིགས་ ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ་བྲི་བ་དང་། བཀླག་པའི་ཕྱིར་གཞན་ལ་བྱིན་ན་དེ་བས་དེའི་བསོད་ནམས་མང་དུ་འཕེལ་པར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ ཐམས་ཅད་རྒྱ་ཆེར་བསྟན་པའི་ཕྱིར་ཏེ། དེ་དག་ཡོད་པས་རྒྱལ་རིགས་སཱ་ལ་ཆེན་པོ་དང་། བྲམ་ཟེའི་རིགས་སཱ་ལ་ཆེན་པོ་དང་། ཁྱིམ་བདག་གི་རིགས་སཱ་ལ་ཆེན་པོ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ལྷ་རྣམས་ཡོད་དོ། ། ཕ་རོལ་ཏུ་ཕྱིན་པ་རྣམས་ཡོད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་ཡོད་ དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་བསམ་གཏན་བཞི་ལ་བཀོད། ཚད་མེད་པ་བཞི་དང་། གཟུགས་ མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་ཆུད་པར་བྱས་ཏེ། ཆུང་ངུ་ན་བྲི་བ་དང་། བཀླག་པའི་ཕྱིར་གཞན་ལ་བྱིན་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་པའི་ཕྱིར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར་བ་དང་། འཆང་བར་འགྱུར་བ་དང་། ཀློག་པར་འགྱུར་བ་ དང་། ཀུན་ཆུབ་པར་བྱེད་པར་འགྱུར་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བ་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་གྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས་དང་། གླིང་བཞི་པ་རྣམས་དང་། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ ཀྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པ་དང་། མངོན་པར་ཤེས་པ་རྣམས་ལ་བཀོད་པས་ནི་མ་ཡིན་ནོ། །དེ་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ནི་འདི་ཡིན་ཏེ། གཉིས་ལ་སྤྱོད་པ་མ་ཡིན་པའི་བློས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཏུ་ཕྱིན་པ་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བའོ། །གཉིས་ལ་སྤྱོད་པ་མ་ཡིན་པའི་བློས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གཉིས་ལ་སྤྱོད་པ་མ་ཡིན་པའི་བློས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བའོ། །གཉིས་ལ་སྤྱོད་པ་མ་ ཡིན་པའི་བློས་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བའོ།། །།བམ་པོ་སུམ་ཅུ་བཞི་པ། གཉིས་ལ་སྤྱོད་པ་མ་ཡིན་པའི་བློས་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བའོ། །གཉིས་ལ་སྤྱོད་པ་མ་ཡིན་པའི་བློས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བའོ་ཞེས་བྱ་བ་ནི་བཀུར་པ་ཙམ་བཞི་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གཞན་ལ་རྣམ་གྲངས་དུ་མས་རྒྱ་ཆེར་སྟོན་པར་བྱེད། འཆད་པར་བྱེད། རྣམ་པར་འབྱེད། གསལ་ བར་བྱེད་ན། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་མེད་པར་མཐོང་གི་གཉིས་སུ་ནི་མ་ཡིན་པ་སྟེ། མཚན་མར་མ་ཡིན། མཚན་མ་མེད་པར་མ་ཡིན། འོང་བར་མ་ཡིན། འགྲོ་བར་མ་ཡིན། དབྲི་བར་མ་ཡིན། བསྣན་པར་མ་ཡིན། ཀུན་ནས་ཉོན་མོངས་པར་མ་ཡིན། རྣམ་པར་བྱང་བར་མ་ཡིན། སྐྱེ་བར་མ་ཡིན། འགག་པར་མ་ཡིན། ལེན་པར་མ་ཡིན། དོར་བར་མ་ཡིན། གནས་པར་མ་ཡིན། མི་གནས་པར་མ་ཡིན། ཡང་དག་པར་མ་ཡིན། ཡང་དག་པ་མ་ཡིན་པར་མ་ཡིན། ལྡན་པར་མ་ཡིན། མི་ལྡན་པར་མ་ ཡིན། བག་ཙམ་མ་ཡིན། བག་ཙམ་མ་ཡིན་པར་མ་ཡིན། ཆ་སོ་སོ་བར་མ་ཡིན། ཆ་སོ་སོ་བ་མ་ཡིན་པར་མ་ཡིན། ཆོས་ཉིད་མ་ཡིན། ཆོས་ཉིད་མ་ཡིན་པར་མ་ཡིན། དེ་བཞིན་ཉིད་མ་ཡིན། དེ་བཞིན་ཉིད་མ་ཡིན་པར་མ་ཡིན། ཡང་དག་པའི་མཐའ་མ་ཡིན། ཡང་ དག་པའི་མཐའ་མ་ཡིན་པར་མ་ཡིན་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་དོན་གཞན་ལ་རྒྱ་ཆེར་སྟོན་པར་བྱེད། འཆད་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་ན་འདི་ཉིད་བསོད་ནམས་མང་དུ་འཕེལ་གྱི། བདག་འབའ་ ཞིག་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བཀུར་བ་ཙམ་ལྔ་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་བདག་ཉིད་ཀྱང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཞིང་། གཞན་ལ་ཡང་རྒྱ་ཆེར་སྟོན་པར་བྱེད། འཆད་པར་བྱེད། རྣམ་པར་འབྱེད་པར་བྱེད། གསལ་བར་བྱེད་ན་འདི་ཉིད་དེ་ བས་བསོད་ནམས་ཤིན་ཏུ་མང་དུ་འཕེལ་ལོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟར་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལྟར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ ལྟར་དོན་དང་ལྡན་ལ་ཡི་གེ་དང་ལྡན་པར་བསྟན་པར་བྱ་སྟེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་གྲངས་མེད། གཞལ་དུ་མེད་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནི་བཀུར་བ་ཙམ་དྲུག་པ་ཡིན་ནོ། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་ བུའམ། རིགས་ཀྱི་བུ་མོ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་ཚད་མེད་པ་རྣམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་གྲངས་མེད། གཞལ་དུ་མེད་པ་དག་ལ་ནམ་འཚོའི་བར་དུ་མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་དང་། བདེ་བའི་ཡོ་བྱད་རྣམས་ཀྱིས་རིམ་གྲོར་བྱ་བ་དང་། བླ་མར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱས་པ་བས་ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་ གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་གོ་བར་བྱས། ཡང་དག་པར་རབ་ཏུ་གསལ་བར་བྱས། རྣམ་པར་བསྒོམས་པར་བྱས། རྣམ་པར་གྲོལ་བར་བྱས་ཡང་དག་པར་བསྟན་པར་བྱས་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འདི་ཉིད་ ཀྱི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ནི་བཀུར་བ་ཙམ་བདུན་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་བསྐལ་པ་གྲངས་མེད་གཞལ་དུ་ མེད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པའི་ཚུལ་གྱིས་སྤྱོད་པ་བས། མི་དམིགས་པའི་ཚུལ་ གྱིས་གཞན་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་གསལ་བར་བྱེད། རྗོད་པར་བྱེད། མཚོན་པར་བྱེད་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་དེ་ལ་དམིགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་དམིགས་པའི་ཚུལ་གྱིས་སྦྱིན་པ་གཏོང་ཞིང་འདི་སྙམ་དུ་སྦྱིན་པ་གཏོང་ངོ་། །སྦྱིན་པ་ནི་འདི་གཏོང་ ངོ་། །འདི་ལ་སྦྱིན་པར་བྱའོ་སྙམ་ན་དེས་སྦྱིན་པ་དེ་ལྟར་བཏང་བས་སྦྱིན་པ་ཉིད་དུ་འགྱུར་གྱི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ། །འདི་ནི་ཚུལ་ཁྲིམས་སོ། །བདག་ནི་ཚུལ་ཁྲིམས་དང་ལྡན་པའོ། །སེམས་ཅན་འདི་རྣམས་ལ་བསྲུང་བར་བྱའོ་སྙམ་ན། འདི་ནི་ཚུལ་ཁྲིམས་ཉིད་དུ་འགྱུར་གྱི། ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ། །བདག་ནི་བཟོད་པ་སྒོམ་པའོ། །བཟོད་པ་ནི་འདིའོ། །ཕ་རོལ་ལ་བཟོད་པར་བྱའོ་སྙམ་ན་འདི་ནི་བཟོད་པ་ཉིད་དུ་འགྱུར་གྱི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ། །བདག་ནི་བརྩོན་འགྲུས་རྩོམ་མོ། །འདི་ནི་བརྩོན་འགྲུས་སོ། །འདི་རྣམས་ཀྱི་དོན་དུའོ་ སྙམ་ན། འདི་ནི་བརྩོན་འགྲུས་ཉིད་དུ་འགྱུར་གྱི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ། །བདག་ནི་བསམ་གཏན་ལ་སྙོམས་པར་འཇུག་གོ། །བསམ་གཏན་འདིའོ། །འདི་ལ་ནི་མཉམ་པར་གཞག་གོ་སྙམ་ན། འདི་ནི་བསམ་གཏན་ཉིད་དུ་འགྱུར་གྱི། བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་ནི་མ་ཡིན་ནོ། །བདག་ནི་ཤེས་རབ་སྒོམ་མོ། །ཤེས་རབ་ནི་འདིའོ། །འདི་རྣམས་ཀྱི་དོན་དུའོ་སྙམ་ན་ཤེས་རབ་ཉིད་དུ་འགྱུར་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལྟར་དམིགས་པ་ལ་སྤྱོད་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་རྫོགས་པར་མི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་འགྱུར་རོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། ཇི་ལྟར་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྦྱིན་པ་གཏོང་བའི་ཚེ། ཡོངས་སུ་གཏོང་བ་མི་དམིགས། སྦྱིན་པ་མི་དམིགས། ལེན་པ་མི་དམིགས་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ། །ཚུལ་ཁྲིམས་མི་དམིགས། ཚུལ་ཁྲིམས་དང་ལྡན་པ་མི་དམིགས། སེམས་ཅན་མི་དམིགས་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ། །བཟོད་པ་མི་དམིགས། བཟོད་པར་བྱ་བ་མི་དམིགས། བཟོད་པ་པོ་མི་དམིགས་པ་འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ། །བརྩོན་འགྲུས་མི་དམིགས། བརྩོན་པར་བྱ་བ་མི་དམིགས། ལུས་དང་སེམས་མི་དམིགས་པ་འདི་ནི་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ། །བསམ་གཏན་མི་དམིགས། བསམ་གཏན་བསྒོམ་པ་མི་དམིགས། བསྒོམ་པར་བྱ་བ་མི་དམིགས་པ་འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ། །ཤེས་རབ་མི་དམིགས། ཤེས་རབ་དང་ལྡན་པ་མི་དམིགས། སེམས་ཅན་མི་ དམིགས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ། །ཀཽ་ཤི་ཀ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་རྫོགས་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ ལྟར་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་མ་འོངས་པའི་དུས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་འབྱུང་བའི་ཕྱིར་ཏེ། དེར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་དེ་ཐོས་ནས་ཆུད་ཟོས་པར་འགྱུར་ཏེ། དེ་དག་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་ཏོ་སྙམ་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པར་བྱེད་དོ། །དེ་ལ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་གཟུགས་བརྙན་ཏེ། གཟུགས་ནི་མི་རྟག་གོ་ཞེས་བྱ་བར་སྟོན་པར་འགྱུར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་གོ་ཞེས་བྱ་བར་སྟོན་པར་འགྱུར་ཞིང་གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ རྣམས་ལ་སྟོན་པར་འགྱུར་ཏེ། དེ་དག་ཀྱང་གཟུགས་མི་རྟག་ཅེས་བྱ་བར་སྟོན་པར་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་གོ་ཞེས་བྱ་བར་སྟོན་པར་འགྱུར་ཞིང་། དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པར་འགྱུར་རོ། ། དེ་དག་མིག་མི་རྟག་གོ་ཞེས་བྱ་བར་སྟོན་པར་འགྱུར། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མི་རྟག་གོ་ཞེས་བྱ་བར་སྟོན་པར་འགྱུར། གཟུགས་མི་རྟག་གོ་ཞེས་བྱ་བར་སྟོན་པར་འགྱུར། དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་མི་རྟག་གོ་ཞེས་བྱ་བར་སྟོན་པར་འགྱུར། སའི་ཁམས་མི་རྟག་གོ་ཞེས་བྱ་བར་སྟོན་པར་འགྱུར། དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་མི་རྟག་གོ་ཞེས་བྱ་བར་སྟོན་པར་འགྱུར། མིག་གི་ཁམས་མི་རྟག་གོ་ཞེས་བྱ་བར་སྟོན་པར་འགྱུར། རྣ་བའི་ཁམས་དང་། སྣའི་ཁམས་དང་། ལྕེའི་ཁམས་དང་། ལུས་ཀྱི་ཁམས་དང་། ཡིད་ཀྱི་ཁམས་མི་རྟག་གོ་ཞེས་བྱ་བར་སྟོན་པར་འགྱུར། གཟུགས་ཀྱི་ཁམས་མི་རྟག་ཅེས་བྱ་བར་སྟོན་པར་འགྱུར། སྒྲའི་ཁམས་དང་། དྲིའི་ཁམས་དང་། རོའི་ཁམས་དང་། རེག་གི་ཁམས་དང་། ཆོས་ཀྱི་ཁམས་མི་རྟག་ཅེས་བྱ་བར་སྟོན་ པར་འགྱུར། མིག་གི་རྣམ་པར་ཤེས་པའི་ཁམས་མི་རྟག་ཅེས་བྱ་བར་སྟོན་པར་འགྱུར། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མི་རྟག་ ཅེས་བྱ་བར་སྟོན་པར་འགྱུར། མིག་གི་འདུས་ཏེ་རེག་པའི་ཁམས་མི་རྟག་ཅེས་བྱ་བར་སྟོན་པར་འགྱུར། རྣ་བའི་འདུས་ཏེ་རེག་པའི་ཁམས་དང་། སྣའི་འདུས་ཏེ་རེག་པའི་ཁམས་དང་། ལྕེའི་འདུས་ཏེ་རེག་པའི་ཁམས་དང་། ལུས་ཀྱི་འདུས་ཏེ་རེག་པའི་ཁམས་དང་། ཡིད་ཀྱི་ འདུས་ཏེ་རེག་པའི་ཁམས་མི་རྟག་ཅེས་བྱ་བར་སྟོན་པར་འགྱུར། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་རྟག་ཅེས་བྱ་བར་སྟོན་པར་འགྱུར། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་རྟག་ཅེས་བྱ་བར་སྟོན་པར་འགྱུར། གཟུགས་ སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་གོ་ཞེས་བྱ་བར་ཆོས་སྟོན་པར་འགྱུར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་སྟོན་པར་འགྱུར། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་སྟོན་པར་འགྱུར། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་ པའོ་ཞེས་བྱ་བར་སྟོན་པར་འགྱུར། མིག་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་སྟོན་པར་འགྱུར། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་སྟོན་པར་འགྱུར། གཟུགས་ཀྱི་ཁམས་དང་། སྒྲའི་ཁམས་དང་། དྲིའི་ཁམས་དང་། རོའི་ཁམས་དང་། རེག་གི་ཁམས་དང་། ཆོས་ཀྱི་ཁམས་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་སྟོན་པར་འགྱུར། མིག་གི་ཁམས་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་སྟོན་པར་འགྱུར། རྣ་བའི་ཁམས་དང་། སྣའི་ཁམས་དང་། ལྕེའི་ཁམས་དང་། ལུས་ཀྱི་ཁམས་དང་། ཡིད་ཀྱི་ཁམས་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་སྟོན་པར་འགྱུར། མིག་གི་རྣམ་པར་ཤེས་པའི་ཁམས་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་ སྟོན་པར་འགྱུར། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་ སྟོན་པར་འགྱུར། མིག་གི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་སྟོན་པར་འགྱུར། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་སྟོན་པར་འགྱུར་ཏེ། དེ་ལྟར་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པར་འགྱུར་རོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ གཟུགས་བརྙན་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པར་འགྱུར་རོ། །དེ་ལྟར་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་སྟོན་པར་འགྱུར། མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་ སྡུག་པའོ་ཞེས་བྱ་བར་སྟོན་པར་འགྱུར། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་སྟོན་པར་འགྱུར། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་སྟོན་པར་འགྱུར། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་སྟོན་པར་འགྱུར། དེ་བཞིན་དུ་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་ སྟོན་པར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དེ་ལྟར་སྟོན་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་སྟོན་པར་འགྱུར། དེ་བཞིན་དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་ པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་སྟོན་པར་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་བྱ་བར་སྟོན་པར་འགྱུར་ཏེ། གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་དེ་ལྟར་བརྗོད་པ་འདི་ནི་ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ན་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག །ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ན་ས་དང་པོ་ལ་གནས་པར་འགྱུར་རོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ན་ས་དང་པོ་ལ་གནས་པར་འགྱུར་རོ། །ས་བཅུ་པའི་བར་ལ་གནས་པར་འགྱུར་རོ་ཞེས་དེ་ཡང་མཚན་མའི་ཚུལ་དང་དམིགས་པའི་ཚུལ་གྱིས་སྟོན་ཏེ། དེ་དུས་ཀྱི་འདུ་ཤེས་ཀྱིས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་འགྱུར་རོ། །ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་འདི་ལྟར་སྟོན་ཏོ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག །ཁྱོད་ཀྱིས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ན་ཉན་ཐོས་ཀྱི་ས་ལས་འདའ་བར་འགྱུར་རོ། །རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར་རོ་ཞེས་སྟོན་ཏེ། ཀཽ་ཤི་ཀ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཐེག་པ་ཆེན་པོ་པའི་རིགས་ཀྱི་ བུའམ། རིགས་ཀྱི་བུ་མོ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ན་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག །ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ན་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་ རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ན་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག །ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །ཁྱོད་ཀྱིས་དེ་ལྟར་མི་སྐྱེ་བའི་ ཆོས་ལ་བཟོད་པ་ཐོབ་པ་དང་། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལ་གནས་པར་འགྱུར་ཏེ། ཁྱོད་དེ་ལྟར་མངོན་པར་ཤེས་པ་ལ་གནས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་། བླ་མ་དང་། བསྟི་སྟང་དང་། མཆོད་པ་དང་། རྗེད་པ་དང་། བཀུར་སྟིའི་ཕྱིར་སངས་རྒྱས་ཀྱི་ ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ་ཞེས་དེ་ལྟར་སྟོན་པར་འགྱུར་ཏེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་ཏོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་ དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་འདི་ལྟར་སྟོན་ཏེ། རིགས་ཀྱི་བུ་དག་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བ་དེའི་བསོད་ནམས་ཀྱི་ཕུང་པོ་ཚད་ མེད་གྲངས་མེད་གཞལ་དུ་མེད་པར་འཕེལ་བར་འགྱུར་རོ་ཞེས་ཟེར་ཏེ། ཀཽ་ཤི་ཀ་དེ་ལྟར་སྟོན་པར་འགྱུར་བའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་ཏོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐུགས་དང་པོ་བསྐྱེད་པ་ནས་ ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་རྗེས་སུ་ཡི་རང་བར་བགྱིས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག་ཅེས་ཟེར་ཏེ། དེ་ལྟར་སྟོན་པར་འགྱུར་ བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་ཏོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་ཇི་ལྟར་སྟོན་ན་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་མི་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་ཏུ་ཞུགས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག །གཟུགས་མི་རྟག་ཅེས་བྱ་བར་མ་ལྟ་ཞིག །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་རང་བཞིན་གྱིས་སྟོང་པ་སྟེ། གཟུགས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་ཉིད་ཀྱང་མེད་ན་རྟག་པའམ། མི་རྟག་པར་ལྟ་ག་ལ་འགྱུར་ཞེས་སྟོན་པའི་ཕྱིར་ཏེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་མི་སྟོན་ཏོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་མ་ལྟ་ཞིག །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པའི་རང་བཞིན་ གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི་རྣམ་པར་ཤེས་པ་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་རྣམ་པར་ཤེས་པ་ཉིད་ཀྱང་ མེད་ན་རྟག་པའམ། མི་རྟག་པར་ལྟ་ག་ལ་འགྱུར་ཞེས་སྟོན་པའི་ཕྱིར་ཏེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་མི་སྟོན་ཏོ། །དེ་བཞིན་དུ་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་ འཇུག་པ་དགུ་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དྲུག་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་བྱའོ། །ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་རྟག་ཅེས་བྱ་བར་མ་ལྟ་ཞིག །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མེད་ན་རྟག་པའམ། མི་རྟག་པ་ལྟ་ག་ལ་ཡོད་ཅེས་སྟོན་པའི་ཕྱིར་ཏེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་མི་ སྟོན་ཏོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག ། ཆོས་གང་ལ་ཡང་ལྟ་བར་མ་བྱེད་ཅིག །ཆོས་གང་ལ་ཡང་གནས་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་གང་ལ་ཡང་བལྟ་བར་བྱ་བའམ། གང་ལ་ཡང་གནས་པར་བྱ་བའི་ཆོས་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། རང་བཞིན་གྱིས་སྟོང་པའི་ཆོས་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི་བླང་བའམ། དོར་བའམ། སྐྱེ་བའམ། འགག་ པའམ། ཆད་པའམ། རྟག་པའམ། དོན་གཅིག་པའམ། དོན་དུ་མ་ཡོད་པའམ། འོང་བའམ། འགྲོ་བའི་ཆོས་གང་ཡང་མེད་དོ་ཞེས་སྟོན་ཏེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་མི་སྟོན་ཏོ། །ཀཽ་ཤི་ཀ་དེ་ བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྟན་པར་བྱ་སྟེ། དེ་ལྟར་སྟོན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ནི་ཆེས་མང་དུ་འཕེལ་བར་འགྱུར་གྱི། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་སྔ་མ་དག་ནི་མ་ཡིན་ནོ་ཞེས་བྱ་བ་ ནི་བཀུར་བ་ཙམ་བརྒྱད་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་མང་དུ་ འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན་པ་ཡི་གེ་དང་ལྡན་པར་རྣམ་གྲངས་དུ་ མས་གཞན་ལ་རྒྱ་ཆེར་བརྗོད་པར་འགྱུར། སྟོན་པར་འགྱུར། རྣམ་པར་འགྲེལ་པར་འགྱུར། ཡང་དག་པར་སྟོན་པར་བྱེད་པར་འགྱུར། ཡང་དག་པར་རབ་ཏུ་གསལ་བར་བྱེད་པར་འགྱུར་ཞིང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག ། ཆོངས་ཤིག །ལྷོགས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །ཇི་སྐད་དུ་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག་ཅེས་བསྒོ་ན་ཆེས་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྒྱུན་དུ་ཞུགས་པ་རྣམས་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་རྣམས་ཡོད་པར་འགྱུར་བའི་ཕྱིར་རོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་ལྟ་ཞོག་གི །གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་ལྟ་ཞོག་གི །སྟོང་ གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་ལྟ་ཡང་ཞོག །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་ལྟ་ཡང་ཞོག །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ སེམས་ཅན་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་ལྟ་ཡང་ཞོག །ཀཽ་ཤི་ཀ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པར་བྱས་པ་དང་། དེ་ བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། ཕྱོགས་མཚམས་རྣམས་དང་། སྟེང་དང་། འོག་གི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་ སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན། ཡི་གེ་དང་ལྡན་པར་གཞན་ལ་རྒྱ་ཆེར་བརྗོད་དེ་བསྟན་པ་དང་། དོན་ཡང་དག་པར་རབ་ཏུ་གསལ་བར་བྱས་པ་དང་། རྣམ་པར་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བར་བྱས། ཡང་དག་པར་བསྟན་པར་བྱས་པ་དང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །ཆོངས་ཤིག །ལྷོགས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག་ཅེས་བསྒོ་ན། ཆེས་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྒྱུན་དུ་ཞུགས་པ་རྣམས་ཡོད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་བཀུར་བ་ཙམ་དགུ་པ་ཡིན་ནོ། །འདི་དག་གིས་ནི་བཀུར་བ་ཙམ་གསུངས་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ་རིགས་ ཀྱི་བུ་མོ་ལ་ལ་ཞིག་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་ཞེས་བྱ་བ་ནི་བསྔགས་པ་ཙམ་དང་པོ་ཡིན་ནོ། །ཇི་སྙེད་པ་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་ཅེས་བྱ་བ་ནི་བསྔགས་པ་ཙམ་གཉིས་པ་ཡིན་ནོ། །ཇི་སྙེད་པ་དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་དོན་དང་ལྡན། ཡི་གེ་དང་ལྡན་པར་གཞན་ལ་རྒྱ་ཆེར་བརྗོད་དེ་བསྟན་པ་དང་། ཡང་དག་པར་རབ་ཏུ་གསལ་བར་བྱས་པ་དང་། རྣམ་པར་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པར་བྱས་པ་དང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་ཤིག ། ཀུན་ཆུབ་པར་གྱིས་ཤིག །ཆོངས་ཤིག །ལྷོགས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག་ཅེས་བསྒོ་ན། ཆེས་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ལན་ཅིག་ ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཡོད་པར་འགྱུར་བའི་ཕྱིར་རོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་བཀོད་པ་ལྟ་ཡང་ཞོག་གི །རིགས་ཀྱི་ བུའམ། རིགས་ཀྱི་བུ་མོ་གང་ལ་ལས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ལ་བཀོད་པ་དང་། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ལ་བཀོད་པ་དང་། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ལ་བཀོད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ལ་བཀོད་པ་དང་། ཀཽ་ཤི་ཀ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རིགས་ཀྱི་ བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགྲ་བཅོམ་པ་ཉིད་ཀྱི་བར་ལ་བཀོད་པ་དང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་དང་མཚམས་རྣམས་དང་། སྟེང་དང་། འོག་རྣམས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དགྲ་བཅོམ་པ་ཉིད་ཀྱི་བར་ལ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན། ཡི་གེ་དང་ལྡན་པར་གཞན་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་གསལ་བར་བྱེད་ཅིང་བརྗོད་དེ་བསྟན་པ་དང་། རྣམ་པར་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་ བསྟན་པར་བྱས་པ་དང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །ཆོངས་ཤིག །ལྷོགས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག་ཅེས་བསྒོ་ན། ཆེས་ དེ་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་རྣམས་ཡོད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་བསྔགས་པ་ཙམ་གསུམ་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་ཕྱོགས་ བཅུའི་ཕྱོགས་རེ་རེ་ཞིང་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རང་སངས་རྒྱས་ཉིད་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་ བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན། ཡི་གེ་ དང་ལྡན་པར་གཞན་ལ་རྒྱ་ཆེར་བརྗོད་དེ་བསྟན་པ་དང་། ཡང་དག་པར་རབ་ཏུ་གསལ་བར་བྱེད་ལ་རྣམ་པར་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པར་བྱས་པ་དང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །ཆོངས་ ཤིག །ལྷོགས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག །ཅེས་གཞན་ལ་བྱིན་ན་འདི་ནི་དེ་དག་པས་བསོད་ནམས་མང་དུ་འཕེལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རང་སངས་ རྒྱས་རྣམས་རབ་ཏུ་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་བསྔགས་པ་ཙམ་བཞི་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་བྱས་ན། ཀཽ་ཤི་ཀ་དེ་ཇི་ སྙམ་བུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན། ཡི་གེ་དང་ལྡན་པར་གཞན་ལ་རྒྱ་ཆེར་བརྗོད་དེ། བསྟན་པ་དང་ཡང་དག་པར་རབ་ཏུ་གསལ་བར་བྱེད་ལ་རྣམ་པར་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་ཡང་དག་པར་བསྟན་པར་བྱས་པ་དང་། འདི་སྐད་དུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་ཤིག ། ཀུན་ཆུབ་པར་གྱིས་ཤིག །ཆོངས་ཤིག །ལྷོགས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནན་ཏན་དུ་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་སྐད་དུ་བསྟན་པ་ལ་ནན་ཏན་དུ་བྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ རིགས་ཀྱི་བུ་ཁྱོད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཆེར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་བསྒོམས་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བསྒོ་ན། ཆེས་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་བྱུང་བ་ནི་སེམས་དང་པོ་བསྐྱེད་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡིན་པའི་ཕྱིར་རོ། །ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པའི་ས་ལ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་ཉིད་ལས་ངེས་པར་འབྱུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྔགས་པ་ཙམ་ལྔ་པ་ཡིན་ནོ། །གླིང་བཞི་པའི་སེམས་ཅན་ཇི་སྙེད་པ་དང་ཞེས་བྱ་བ་ནི་བསྔགས་པ་ཙམ་དྲུག་པ་ཡིན་ནོ། །སྟོང་སྤྱི་ཕུད་ཀྱི་སེམས་ཅན་ཇི་སྙེད་པ་དང་ཞེས་བྱ་བ་ནི་བསྔགས་པ་ཙམ་བདུན་པ་ཡིན་ནོ། །སྟོང་གཉིས་ པ་བར་མ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་ཇི་སྙེད་པ་དང་། ཀཽ་ཤི་ཀ་གཞན་ཡང་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བར་བྱས་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན། ཡི་གེ་དང་ལྡན་པར་གཞན་ལ་རྒྱ་ཆེར་བསྟན་པ་དང་། ཡང་དག་པར་བསྟན་པར་བྱས་པའི་བར་དང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །ཆོངས་ཤིག །ལྷོགས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཇི་ལྟ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་སྐད་བསྟན་པ་ལ་ནན་ཏན་དུ་བྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ རིགས་ཀྱི་བུ་ཁྱོད་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཆེར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ཡོངས་ སུ་རྫོགས་པར་བྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བསྒོ་ན། ཆེས་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་བྱུང་བ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཡིན་པའི་ཕྱིར་རོ། །ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པའི་ས་ལ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་ངེས་པར་འབྱུང་བ་ཡིན་པའི་ ཕྱིར་རོ་ཞེས་བྱ་བ་ནི་བསྔགས་པ་ཙམ་བརྒྱད་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ཕྱིར་མི་ལྡོག་པའི་ས་ལ་བཀོད་པ་བས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན། ཡི་གེ་དང་ལྡན་པར་གཞན་ལ་རྒྱ་ཆེར་བསྟན་པ་དང་། ཡང་དག་པར་བསྟན་པར་བྱས་པའི་བར་དང་། འདི་སྐད་དུ་ཚུར་རིགས་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །ཆོངས་ཤིག །ལྷོགས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །ཇི་ལྟར་བསྟན་པའི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག །ཇི་ལྟ་ཇི་ལྟར་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་བྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པར་གྱུར་ན་ཕྱིར་མི་ལྡོག་པ་ལ་གནས་པར་འགྱུར་ཏེ། མཐར་གྱིས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བསྒོ་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འདི་ཉིད་ཆེས་བསོད་ནམས་མང་དུ་འཕེལ་ལོ། །གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དང་། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ པ་དང་། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དང་། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རིགས་ ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱིར་མི་ལྡོག་པའི་ས་ལ་བཀོད་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན། ཡི་གེ་དང་ལྡན་པར་གཞན་ལ་རྒྱ་ཆེར་བསྟན་པ་དང་། ཡང་དག་པར་བསྟན་པའི་བར་དང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །ཆོངས་ཤིག །ལྷོགས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག །ཁྱོད་ཀྱིས་འདི་ལ་ནན་ཏན་དུ་བྱས་ན་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་ཏེ། མཐར་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བསྒོ་ན། འདི་ཉིད་དེ་བས་ཆེས་བསོད་ནམས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་རབ་ཏུ་བཀོད་དེ། དེ་དག་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པ་དང་། ཡང་དག་པར་རབ་ཏུ་གསལ་བར་བྱེད་པ་དང་། རྣམ་པར་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་ ཡང་དག་པར་བསྟན་པ་བས་དེ་རྣམས